གཏེར་མའི་ཡིག་ཚང་བསྔོགས་པའི་གཏམ་ཕྲ་མཐོང་ཆུ་ཤེལ།

[ཟླ་ཚེས། 2021-01-02 09:59:18][རྩོམ་པ་པོ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཏེར་མའི་སྐོར།

  བོན་ཆོས་གཉིས་ཀྱི་དཔེ་ཆ་གང་མང་ཞིག་གི་མཇུག་བྱང་དུ་བླ་མ་ག་གེ་མོས་ས་གནས་ག་གེ་མོ་ནས་གཏེར་དུ་དྲངས། ཞེས་བྲིས་ཡོད་པ་ང་ཚོས་མང་བའི་ཚད་དུ་མཐོང་ཐུབ། སྤྱིར་འཛམ་གླིང་གི་ས་སྒང་འདིའི་ཐོག་མི་རིགས་གཞན་རྣམས་ལ་ལྟ་སྒྲུབ་ཡོད་མེད་ཅི་རིགས་ཀྱི་ཆོས་ལུགས་དང་། ཡང་ལྷ་སྒྲུང་དང་འབྲེལ་བའི་གནའ་བོའི་ལོ་རྒྱུས་སོགས་ཀྱིས་མཚོན་པའི་དཔེ་རྙིང་ཇི་སྙད་ཅིག་ཡོད་ནའང་། དེ་ཚོ་རྡོ་ལག་རྒྱུད་དང་ཆུ་ལམ་ཞུགས་ལྟ་བུའི་མི་རབས་གོང་མས་མི་རབས་ཕྱི་མར་རྩིས་སྤྲད་ནས་ཡོང་བ་ལས། མི་ག་གེ་མོ་ཞིག་གིས་ས་རྡོ་རི་བྲག་སོགས་སུ་སྦས་ནས་ཕྱིས་མི་འདི་འདྲ་ཞིག་གིས་ཅ་དངོས་འདི་རྙེད་རྒྱུ་རེད་ལྟ་བུའི་བཤད་སྟངས་དེ་ཡོད་ཚོད་མ་རེད། དེ་བཞིན་ནང་ཆོས་དར་བའི་ཡུལ་རྒྱ་དཀར་ནག་དང་སིངྒ་ལ། ཐ་ལེན་ཌ་དང་འབར་མ་སོགས་སུའང་སངས་རྒྱས་ཀྱི་གསུང་རབ་མི་ཆེ་གེ་མོས་སར་སྦས་ནས་ཕྱིས་སུ་མི་འདིས་བཏོན་ཞེས་པའི་ལོ་རྒྱུས་ཡོད་པའང་ད་བར་མ་མཇལ།

  གཞན་སྡེའི་ལུགས་ལ་གཏེར་མའི་སྐོར་གཙོ་བོ་གལ་ཆེན་དང་ཁུངས་བཙུན་བྱེད་མཁན་གཅིག་ནི། སྔ་འགྱུར་རྙིང་མ་སོགས་ཀྱིས་གཏེར་ཆོས་ཞེས་གཙིགས་པར་བྱེད་ལ། དེའང་སངས་རྒྱས་ཀྱི་བཀའ་ལས་མ་འོངས་ཆོས་ཚན་འདི་དང་དེ་སོགས་རི་ལུང་སོགས་སུ་སྦ་སྟེ་གཏེར་སྟོན་འདི་དང་དེ་སོགས་ཀྱིས་འདོན་པའི་ལུང་ཡོད་ཚུལ་བདུད་འཇོམས་རིན་པོ་ཆེ་ (1904–1987) སོགས་ཀྱིས་གསུངས་པ་དེ་དག་ལ་ང་ཚོས་ཞིབ་དཔྱོད་བྱ་དགོས་པའི་གནད་ཅིག་མཐོང་།

  དེའང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ << བདུད་འཇོམས་ཆོས་འབྱུང་། >> ལེའུ་དྲུག་པ། (ཤིན་ཏུ་ཟབ་པ་ཉེ་རྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བརྗོད་པ།) ཞེས་པ་ལས། “ འཕགས་པ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་གཏེར་རི་དང༌། རིའི་སུལ་ཤིང་གི་ནང་དུ་བཅུག་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །” ཞེས་སོགས་དང་། ཡང་ཆུ་ཀླུང་རོལ་པའི་མདོ་ལས། “ ང་ཡི་བསྟན་པའི་ཆོས་ཀྱི་གཞུང༌། །ཐུགས་ནས་ནགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། ། ” ཅེས་སོགས་གསུངས་པ་དེ་དག་གི་ཁུངས་བཏུག་ས་ནི་འཇམས་མགོན་ཀོང་སྤྲུལ་ (1813-1899) གྱི་གསུང་ཡིན་པར་ཀོང་སྤྲུལ་གྱི་གསུང་འབུམ་ << ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ་ >> (ཀོང་སྤྲུལ་བཀའ་འབུམ་པོད། བཞི་པ། ཞེ་ཆེན་དཔེ་སྐྲུན་ཁང་།) དུ་གང་ཡོད་པ་དེ་རང་ཐད་ཀར་བདུད་འཇོམས་རིན་པོ་ཆེས་དཔེ་བཤུ་མཛད་འདུག་པ་ལས་ཤེས་ནུས།

  འདིར་བཤད་མ་ཐག་པའི་ཆུ་ཀླུང་རོལ་པའི་མདོ་ཞེས་པ་དེ་ཚོ་སངས་རྒྱས་ཀྱི་བཀའ་དངོས་ཡིན་མིན་གང་ལྟར་དེ་སྔོན་ཆོས་པའི་བཀའ་འགྱུར་དུ་བཞག་མེད་པར་སྣང་སྟེ། དཔའ་བོ་གཙུག་ལག་ཕྲེང་བ་ (1503-1566) ཡིས་བརྩམས་པའི་ << ཆོས་འབྱུང་མཁས་པའི་དགའ་སྟོན་ >> ལས། “ འདི་ལས་འོད་ཟེར་རྣམ་བཀོད། ཆུ་ཀླུང་སྣ་ཚོགས། སྣང་བ་རོལ་པ། མཚན་རབ་ཡོངས་སུ་བསྟན་པ་རྣམས་དེང་སང་གི་བཀའ་འགྱུར་ན་མི་སྣང་ལ།” ཞེས་གསུངས་པར་བརྟག་ན་གནད་ཅིག་ཡོད་པ་མཐོང་།

  གཞན་ཡང་འཇམ་མགོན་ཀོང་སྤྲུལ་ཉིད་ཀྱིས་གོང་ཞུས་གསུང་འབུམ་ལས། “ ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང༌། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང༌། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །” གསུངས་པའི་གཏེར་ཆེན་པོ་བཞི་ཞེས་པ་ནི་སྐབས་འདིར་གླེང་བའི་ཆོས་གཏེར་ལ་གོ་བ་ཡོད་མེད་མ་ངེས་ཏེ། དེ་དང་འདྲ་བ་སངས་རྒྱས་ཀྱི་བཀའ་རང་ན་མང་ཞིང་དག་པ་ཡོད་ལ། དཔེར་ན། ཞུ་ཆེན་གྱི་ལོ་ཙྭ་བ་བན་དེ་དཔལ་བརྩེགས་སོགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ << མདོ་འདུལ་བ་གཞི། >> དང་། << འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། >> སོགས་ལས་བྱུང་བའི་དཔེར་ན། “ གང་གི་ནུབ་མོ་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཉིད་ཀྱི་ནུབ་མོ་ངས་དེར་གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀུན་ཏུ་བསྟན་ནས་ང་ཉིད་ཀྱིས་སྒྲ་བསྒྲགས་པ། ཀྱེ་སེམས་ཅན་དག་ཕྱོགས་འདི་ནི་འདི་ལྟ་སྟེ། དབྱིག་དང་། གསེར་དང་། ཆུ་འདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་གཏེར་དག་ཡོད་ཀྱིས། ཀྱེ་སེམས་ཅན་དག་ཁྱེད་ཀྱིས་ལོང་ཤིག” ཅེས་དང་། ཡང་། << ཡང་སྐྱེས་རབས་གླེང་གཞི། >> (ཀུན་གསལ་མེ་ལོང་དཔེ་ཚོགས་ཁང་།) ལས། “ སའི་འོག་ཏུ་གཏེར་དུ་བཅུག་པ་ཉིད་བྱེ་བ་བརྒྱད་བཅུའི་ནོར་རྣམས་སྤེལ་ནས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་ཆེན་པོ་ཕུལ་ཏེ་ཆོས་མཉན་ནས་སྐྱབས་སུ་འགྲོ་བའི་སྡོམ་པ་ལ་གནས་སོ། །” ཞེས་སོགས་ལ་བསམ་གཞིག་བྱ་ཚེ་གོང་དུ་གཏེར་ཆོས་སྐོར་གྱི་བཀའ་ལུང་ཡིན་གསུངས་པ་དེ་ཚོ་ཡང་སྐབས་འདིར་བསྟན་སྔོན་གྱི་རྒྱལ་སྲས་འཕགས་པ་དེ་ཚོས་རིན་པོ་ཆེ་དང་ནོར་རྫས་སོགས་གཏེར་དུ་སྦས་ཏེ། སླར་དགོས་པའི་དུས་སུ་ཕྱིར་འདོན་ནས་ལོངས་སྤྱོད་པའི་ལུགས་དང་རྣམ་ཐར་ཡོད་པ་དེ་དག་གི་རྒྱས་བཤད་ཙམ་སྣང་བ་ལས་ཆོས་དཔེ་གཏེར་དུ་སྦས་ཚུལ་དང་འབྲེལ་བ་དེ་ཙམ་མི་འདུག

  ལར་གོང་ཞུས་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྒྱུད་འཛིན་པའི་མི་རིགས་གཞན་གྱི་ལོ་རྒྱུས་ནང་སངས་རྒྱས་ཀྱི་བཀའ་དང་འཕགས་པའི་གསུང་རབ་རྣམས་ས་རྡོ་རི་བྲག་ཏུ་སྦས་པའི་ལོ་རྒྱུས་ཟུར་ཙམ་ཡང་མེད་པ་དང་། དེ་བཞིན་རྙིང་མའི་ལུགས་ཕུད་པའི་བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་འཛིན་པའི་ཆོས་རྒྱུད་གཞན་གྱིས་གཏེར་དང་གཏེར་སྟོན་སོགས་ལ་དེ་ཙམ་གྱིས་གཙིགས་དང་གལ་ཆེན་མི་བྱེད་པར་སྣང་བས་འདི་དག་ལ་དགོས་པ་རྒྱུ་མཚན་རེ་ལོས་ཡོད་སྙམ།

  གཡུང་དྲུང་བོན་ལུགས་སུ་སྟོན་པ་རྫོགས་པའི་སངས་རྒྱས་ཉིད་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་དང་། བཀའ་ཚད་མ་དེ་དག་ནང་མ་འོངས་རྒྱལ་བའི་བཀའ་རྣམས་རི་བྲག་སོགས་སུ་གཏེར་དུ་འགྲོ་བ་དང་། དེ་དག་སླར་འདོན་མཁན་གཏེར་སྟོན་འདི་དང་དེ་སོགས་འབྱུང་རྒྱུ་ཡིན་པའི་ལུང་གཏན་ནས་མ་མཐོང་། ཡིན་ནའང་དྲན་པའི་ཞལ་བྱང་ཟེར་བ་དང་། སྲིད་རྒྱུད་དང་བསྒྲགས་བྱང་ཟེར་བ་འགའ་ཞིག་བྱུང་བ་དེ་ཚོ་ནི་ཕྱིས་བྱུང་བླ་མ་རྣམས་ཀྱིས་དགོས་པ་སྐབས་བསྟུན་སོགས་ལ་གཞིག་སྟེ་བརྩམས་པ་ཤ་སྟག་ཡིན། འདིའི་སྐོར་ཞིབ་ཕྲ་མཇུག་ནས་གླེང་གི་ཡོང་།

  དེ་མིན་ད་ལྟའི་བཀའ་ཡི་ཁོངས་སུ་བཞུགས་པའི་དཔེ་ཆ་ནང་གཏེར་སྟོན་གྱི་མཚན་འཁོད་པ་ཞིག་བྱུང་བ་དཔེར་ན། << འདུལ་བ་རྒྱུད་དྲུག་ >> (ལྷ་སྲས་པར་མ།) ལས་(འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་)ཅེས་པ་ལས། བོན་གྱི་གཏེར་སྟོན་གཤེན་ཆེན་ཀླུ་དགའི་སྐོར་ཞིག་བྱུང་ཡོད་པ་ནི། “ སྟོན་པ་སྤྲུལ་སྐུ་དུས་ལ་འབྱུང་། །ཡེ་གཤེན་མུ་ཆོ་ཚེ་ལ་བསྙེམས། །དམུ་རིགས་སྒ་རྒྱུད་གཤེན་གྱི་བུ། །རྒྱ་ཚ་ཀླུ་མིང་བསྟན་པའི་འགོ །དེ་བཞིན་དེ་འབྱུང་སྟོན་པ་ཕུན་སུམ་བླ་མེད་ཡིན། ། ” ཞེས་པ་དེ་རེད། སྤྱིར་བཏང་(འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་) ཅེས་པ་འདི་རྩ་བའི་བྱུང་ཁུངས་ནི་འདུལ་བ་རྒྱུད་དྲུག་གི་རྩ་བ་ལྟ་བུ་(འདུལ་བ་ཀུན་འབྱུང་དབྱིངས་དག་)ལས་ཚིག་བཅད་ཞེ་གསུམ་གཞི་ལ་བཞག་སྟེ་འགྲེལ་བཏབ་པ་ལྟ་བུ་ཞིག་ཏུ་མཐོང་། དེའང་(འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་) ཀྱི་དབུར་ཚིག་བཅད་ཞེ་གསུམ་པའི་ནང་ནི་ཉེར་བདུན་པ། “ ཕུན་སུམ་ཚོགས་པ་བདུན་བསྟན་པ། ། ” ཞེས་པའི་ཚིག་དེའི་འགྲེལ་དུ་གོང་གི་གཤེན་ཀླུ་དགའི་སྐོར་དེ་བྱུང་།

  འདིའི་ཐད་དཔྱད་དགོས་པ་ནི། ད་ལྟའི་ཀུན་གྲོལ་ལྷ་སྲས་པར་མའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་འདུལ་བ་རྒྱུད་དྲུག་འདི་བཀའ་དངོས་ཡིན་མིན་དོགས་གཞི་ཡོད་འདུག་སྟེ། འདིའི་སྐོར་སྨྲ་དབང་ ༧ ཡོངས་འཛིན་ཆེན་མོས་ཀྱང་། “ ཀུན་འབྱུང་དབྱིངས་དག་ཅེས་པ་འདི་ཡང་བཀའ་བརྟེན་ཕྱི་བརྩམས་ཞིག་ལས་བཀའ་མ་ཡིན་པ་དང་། བཀའ་བརྟེན་སྔ་བརྩམས་མ་ཡིན་པ་སོགས་ཀྱི་རྒྱུ་མཚན་བཤད་རྒྱུ་མང་ངོ་། །” ཞེས། ཁོང་གི་གསུང་རྩོམ་(འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་རྣམ་བཤད།) ལས་གསུངས་པ་དང་གཅིག དེ་བཞིན་གོང་སྨྲས་འདུལ་བ་རྒྱུད་དྲུག་རང་དུ་མཛད་མདོ་དྲི་མེད་གཟི་བརྗིད་སོགས་མདོ་ཡི་དཔེ་ཆ་མང་པོ་ཞིག་ནས་ལུང་འདྲེན་གནང་འདུག་པ་དང་གཉིས། མ་ཚད་བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་ནང་ཚན་ཞང་ཞུང་སད་ནེ་གའུ་ཡི་གསུང་སོགས་ཀྱང་ལུང་འདྲེན་གནང་འདུག་པར་བསམ་ཚེ། ད་ལྟའི་མཇལ་དུ་ཡོད་པའི་འདུལ་བ་རྒྱུད་དྲུག་ཅེས་པ་འདི་ཕལ་ཆེར་ཕྱིས་བྱུང་བོན་གྱི་མི་སྣ་ཞིག་གིས་(བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད་) ཅེས་ཉོབ་བེའམ་ལེའུ་ཆེན་པོ་ཞེ་བདུན་ཡོད་པའི་གཞུང་འདི་ལ་འགྲེལ་ལྟ་བུ་སྡེ་ཚན་དྲུག་ཏུ་ཕྱེས་ཏེ་མཛད་ཡོད་སྲིད་པ་ཞིག་རེད་སྙམ། དེས་ན་གོང་གི་གཏེར་སྟོན་གཤེན་ཆེན་ཀླུ་དགའི་སྐོར་འཁོད་པ་དེའང་ཕྱིས་སུ་བསྣོན་བསབས་བྱས་པ་ཞིག་ཡིན་པ་ནི་ཐེ་མི་ཚོམ། ལྷག་དོན་འདུལ་བ་རྒྱུད་དྲུག་འདི་བོན་གཞུང་ཁག་ཏུ་གྲངས་བརྩི་ཚུལ་མི་འདྲ་བ་བཞི་ཙམ་བྱུང་བས་འདིའི་སྐོར་ལོགས་སུ་དམིགས་བསལ་ཞིབ་དཔྱད་དགོས་པར་མཐོང་།

  གང་ལྟར་དཔེ་ཆ་གཏེར་དུ་སྦ་དགོས་པའི་རྒྱུ་མཚན་བན་བོན་གཉིས་ཀར་བཤད་ཡོད་པ་ནི། བན་དེའི་གཏེར་ཆོས་འཆད་སྐབས་གོང་དུ་སྨྲས་པའི་ཆུ་ཀླུང་རོལ་པའི་མདོ་ལྟར། “ ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །” ཅེས་སོགས། ནམ་ཞིག་མུ་སྟེགས་དང་རྒྱུད་མ་དུལ་བ། བདུད་ཀྱིས་སེམས་དཀྲུག་པའི་གང་ཟག་མང་པོ་ཞིག་འབྱུང་ནས་སངས་རྒྱས་ཀྱི་བཀའ་ཡི་གདམས་ངག་རྣམ་འཆལ་བ་དང་། བརྒྱུད་པ་མང་པོས་བར་དུ་ཆོད་ནས་བསྟན་པར་སེལ་ཞུགས་པར་ཡོང་བས་དེས་ན་རི་བྲག་སོགས་སུ་གཏེར་དུ་སྦ་དགོས་པར་ལུང་བསྟན་པ་ཡིན་སོགས་སྨྲས་ཡོད།

  བོན་གྱི་ལོ་རྒྱུས་ལྟར་ན་གཤེན་རབ་ཀྱི་བཀའ་རྣམས་གཏེར་དུ་སྦ་དགོས་པའི་རྒྱུ་མཚན་སྔ་ཕྱི་གཉིས་ཏེ། སྔ་མ་ནི་བོད་རྒྱལ་གྲི་གུམ་བཙད་པོ་ (B.C.710-680) དགུང་ལོ་ཉེར་བརྒྱད་ཐོག བོན་གཤེན་གྱི་ཆེ་བ་དང་རྒྱལ་པོའི་ཁེངས་དྲེག་བར་བློན་པོ་འགས་སྙན་ཕྲ་བཅུག་པས། རྒྱལ་པོས་ཀྱང་རྒྱལ་སྲིད་གཤེན་པོ་རྣམས་ལ་ཤོར་དོགས་ཀྱིས་བོན་བསྟན་སྣུབས་པས་བོན་གཤེན་རྣམས་ཀྱིས་བོན་དཔེ་སྲུང་སྐྱོབ་ཆེད་གཡའ་རི་གངས་བྲག་སོགས་ལ་གཏེར་དུ་སྦས་པར་བཤད།

  ཕྱི་མ་ནི་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་ (A.D.718-) གྱིས་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་བཀྲོངས་ཏེ་ཞང་ཞུང་མངའ་དབང་དུ་བསྡུས་པ་དང༌། རྒྱ་གར་ནས་མཁན་སློབ་གདན་དྲངས་ཤིང་རྒྱ་གར་གྱི་ཆོས་ལ་སྤྱད་དེ་ཕ་མེས་བོན་བསྣུབས་སྐབས། བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་བོན་སྡེ་རྣམས་གནས་རི་དང་ལྷ་ཁང་སོགས་སུ་གཏེར་དུ་སྦས་པ་སྨྲ་བཞིན་ཡོད།

  སྤྱིར་བཏང་བོན་ལུགས་སུ་རྒྱལ་བའི་བཀའ་རྣམས་གཏེར་དུ་སོང་བ་དང་མ་སོང་བ་སོགས་ཞིབ་ཕྲ་འཁོད་ཡོད་ལ། གཏེར་དུ་མ་སོང་བའི་བོན་སྡེའི་སྐོར་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ << བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་>> ལས་གསུངས་པའི་མཚན་འགའ་ཙམ་སྨྲོས་ན། འདུལ་བ་རྒྱུད་དྲུག་གི་རྩ་བ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་སོགས་དྲུག་པོ་དང་།གཙུག་ལག་དཔལ་འབུམ་དཀར་པོ།བྱམས་པ་འབུམ་ལྔའི་ཡང་སྙིང་།ཞང་ཞུང་གི་བོན་སྐོར་མེ་རི་བཀའ་མའི་སྐོར།མེ་རི་གསང་བ་འཁོར་ལོའི་རྒྱུད་ལེའུ་བཅུ་དྲུགརིན་ཆེན་ཀུན་འབུམ་ཁྲ་བོའི་རྒྱུད་སོགས།ཡེ་དབང་རིགས་ལྔའི་རྒྱུད་གཟུངས་རྣམས་དང་།སྤྱི་གཙུག་ཨུ་དུ་འབར་བ་རིན་པོ་ཆེ་ཏོག་གི་གཟུངས་ཀྱི་ལེའུ་རྣམས།རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི།སྟོང་གསུམ་འཁྲུགས་པ་ཡོ་བཅོས།མེ་རི་བཀའ་མའི་སྐོར་ལ་ཕྱིས་ཀྱི་ཕྱག་བཞེས་མངོན་རྟོགས་སོགས་མ་རྩིས་པའི་ལེའུ་སུམ་ཅུ་ཡོད་པ་རྣམས།དབལ་གཤེན་རམ་པ་ཁྲག་འཐུང་གློག་དམར་གྱི་སྒྲུབ་སྐོར།མུ་ཆོའི་ཁྲོམ་འདུར་ཆེན་མོའི་སྐོར་སོགས་ཡིན་འདུག

  འདི་དག་གཏེར་དུ་མ་སོང་བའི་རྒྱུ་མཚན་ནི་ཞང་ཞུང་གི་བོན་སྐོར་དང་སྙན་བརྒྱུད་སྐོར་མང་པོ་ཞིག་ནི་ཁྲི་སྲོང་གིས་ཞང་རྒྱལ་བཀྲོངས་ནས་བོན་བསྣུབས་རྐྱེན་གུ་རུབ་སྣང་བཞེར་ལོད་པོས་བོད་རྒྱལ་ལ་གསེར་ཛྭ་འཕངས་ནས་བོད་རྒྱལ་སྙུང་གིས་ཟིན།བོད་རྒྱལ་དང་བློན་འབངས་ཚོས་སྣང་བཞེར་ལོད་པོ་གདན་དྲངས་ནས་བོད་རྒྱལ་སྙུང་དངས་བའི་ལོ་རྒྱུས་ཞིག་དང་འབྲེལ་ནས་ཡོད་ལ།དེའང་<< ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་། >> (གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བསྐྲུན་པའི་ཤར་རྫའི་གསུང་འབུམ། དེབ་ཨང་། ༥ ) ལས། “ འོ་ན་ང་ལ་ཆེད་གསུམ་དགོས་ཏེ། ཞང་ཞུང་རྒྱལ་པོའི་སྐུ་ཚབ་ཏུ་གསེར་གྱི་མཆོད་རྟེན་ཞིག་བཞེངས་པ་དང་། གུ་རིབ་ཀྱི་མི་སྡེ་ལ་ཡུལ་ཡར་ལུང་སོག་ཁ་བྱིན་ནས་བླ་དང་བློན་གྱི་ཁྲལ་མེད་པ་དང་། ངས་སྤྱོད་པའི་ཞང་ཞུང་གི་བོན་སྡེ་སུམ་བརྒྱ་དྲུག་ཅུ་དེ་མི་བསྣུབ་པར་བཞག་པའི་ཆེད་གསུམ་དགོས་གསུངས་པས། དེ་དབང་བློན་གསུམ་གྱིས་ཁས་བླངས་ནས་གདན་དྲངས་སོ། ། ” ཞེས་གསལ་བས་གཏེར་དུ་སྦས་མ་དགོས་པར་བྱུང་བ་དང་། འདུལ་བའི་སྡེ་སྣོད་སྐོར་མང་པོ་ཞིག་མུ་ཟི་སོགས་གཤེན་པོ་རྣམས་ཀྱིས་སྐབས་དེའི་བོད་ཡུལ་ལས་འདས་པའི་ཕྱོགས་མཐར་གཤེགས་སྐབས་མཉམ་དུ་བསྣམས་ནས་ཕེབས་པའི་ལོ་རྒྱུས་ལྟར་གཏེར་དུ་མ་སོང་བ་ཡིན་པར་བཤད་ཡོད།

  ཡང་བོན་སྡེ་འགའ་ཞིག་བོན་གཤེན་དེ་ཚོའི་ཐུགས་དམ་མམ་ཞལ་འདོན་ལྟ་བུར་རྒྱུན་པར་མཉམ་དུ་འཁྱེར་བཞིན་ཡོད་སྟབས། དེ་དང་དེ་འདྲའི་རིགས་གང་མང་ཞིག་བོན་གཤེན་དེ་ཚོ་ཕྱོགས་མེད་དུ་ཉུལ་སྐབས་མཉམ་དུ་འཁྱེར་ནས་སར་སྦས་མ་དགོས་པ་གྱུར་ཡོད་པར་སྣང་། །

གཏེར་ཇི་ལྟར་སྦས་ཚུལ་སྐོར།

  གཏེར་དུ་སྦ་ཚུལ་འདི་ལ་བན་བོན་གྱི་ལོ་རྒྱུས་རྣམས་སུ་སྐྱེས་བུ་གང་ཉིད་ཀྱིས་ལྷ་དང་སྲུང་མ། ཡུལ་ས་གཞི་བདག་རྣམས་ལ་གྲོགས་སྦྲན་ཏེ་རྫུ་འཕྲུལ་གྱི་རྣམ་པས་གཡའ་རི་གངས་བྲག་སོགས་སུ་སྦས་ཚུལ་གྱི་རྣམ་པ་ཆེས་ངོ་མཚར་ཅན་སོ་སོ་སྐྱེས་བུའི་བློ་ངོར་ཤོང་དཀའ་བ་ཤ་སྟག་བྲིས་ཡོད་མོད། དོན་ངོ་མ་ཡིན་རྒྱུ་ནི་གནའ་ནས་ད་བར་འགྲོ་བ་མིའི་རིགས་ཀྱི་འཚོ་སྟངས་ཀྱི་ཆ་ཤས་དང་འབྲེལ་ཏེ། དབང་ཤུགས་ཅན་ཚོས་སོ་སོའི་གོ་གནས་དང་མིང་གྲགས་ཆེད་འབུར་མཐོར་མགོ་འཇོམས་ལྟ་བུའི་གཅིག་གིས་གཅིག་རྩ་མེད་བཟོ་བ་དང་། རང་ཉིད་ཀུན་ལས་རྣམ་པར་རྒྱལ་ཆེད་རྙིང་གཏོར་གསར་འཛུག་ལྟ་བུའི་ཐབས་ལམ་བེད་སྤྱད་དང་སྤྱོད་བཞིན་ཡོད་པས། སྐབས་དེར་བོད་རང་ལ་མཚོན་ན་རྒྱལ་པོ་དང་མི་གྲགས་དཔོན་རིགས་དེ་ཚོའི་བར་རྒྱུག་ཆེ་བའི་བོན་གཤེན་དང་དེ་ཚོས་སྤྱོད་བཞིན་པའི་བོན་སྡེ་རྣམས་ནི་ཕན་ཚུན་དབང་སྒྱུར་བྱེད་སྤྱད་ཀྱི་ལག་ཆ་གཙོ་གནད་ཅན་ཞིག་ཏུ་གྱུར་ཡོད། དེ་ལྟར་གོང་གི་རྒྱལ་བློན་དཔོན་རིགས་རྣམས་ཀྱི་དབང་སྒྱུར་གྱི་དུས་རིམ་རེ་རེའི་ནང་འོག་གི་བོན་སྤྱོད་བྱེད་བཞིན་པའི་གཤེན་པོ་དེ་ཚོར་བོན་སྤྱོད་པར་དཀའ་ཁག་རིམ་པར་འཕྲད་ཀྱིན་ཡོད་པ་ལྟར། བོན་གཤེན་དེ་ཚོས་རྒྱལ་བློན་དང་གཤེན་པོའི་བར་གྱི་འཐབ་རྩོད་ཀྱི་ཉམས་མྱོང་ལ་བརྟེན་ནས་བོན་དཔེ་སྲུང་སྐྱོབ་བྱ་རྒྱུའི་ཐབས་འཚོལ་རིམ་པར་བྱས་པའི་ཁྲོད་ནས་གཅིག་ནི་གཏེར་དུ་སྦས་པའམ་དབེན་པར་སྐུང་རྒྱུ་དེ་རེད།

  ཤོག་དངོས་རིགས་སར་སྦས་དགོས་ན་རླན་བཤེར་སོགས་ཀྱི་གནོད་པ་འགོག་ཐབས་ཤེས་དགོས་པ་ནི་དེ་བས་གལ་ཆེན་ཡིན་རྩང་། སྐབས་དེའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ལག་ཤེས་མྱོང་བ་ཅན་དེ་ཚོས་འབྱུང་བའི་གནོད་པ་འགོག་ཐབས་བེད་སྤྱོད་བཞིན་པའི་ཉམས་མྱོང་དེ་དག་བོན་གཤེན་ཚོས་བཀོལ་ཏེ། བོན་སྡེ་རྣམས་ཡུན་རིང་གནོད་འཚེ་འགོག་ཐུབ་པའི་སྨན་རྫས་སོགས་བྱུག་ནས་ཁྲོ་ཟངས་དང་རྡོ་ཆས། ཐ་ན་པགས་རིགས་སོགས་ཀྱི་ནང་བཅུག་སྟེ་དུས་རིམ་དང་བསྟུན་ཏེ་རི་བྲག་དང་ལྷ་ཁང་སོགས་སུ་ཚོད་ཚོད་དུ་སྦས་ཡོད། འདིའི་སྐོར་དཔེར་སྟོན་ཙམ་ཞིག་གླེང་ན། དེའང་ << གསང་ཐིས་ཐིག་ལེའི་བཀོད་པ་གཡུང་དྲུང་ཐེག་པ་ཆེན་པོའི་རྒྱུད་ >> ལས། “ གྷི་ཧང་གུར་གུམ་སེར་རྩི་བྱུགས། །མི་རུལ་རྩིའི་གསལ་བྱེད་བཏབ། །ཕྱི་རབས་བརྡོལ་བའི་སྨོན་ལམ་བཏབ། ” ཅེས་དང་། << སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་>> ལས། “ དེ་ཕར་བཏོན་ནས་བརྐོས་པ་ལ། རྡོ་ཤེལ་གྱི་ཕྱེ་མ་མང་པོ་བྱུང༌། དེའི་ཞབས་སུ་ཤུག་པའི་སོལ་བ་མང་པོ་འདུག དེ་བཏོན་ནས་མར་བྲུས་པ་ལ། ཆུ་རྡོ་དང་འདམ་པ་ལ་བརྩིགས་པའི་རྡོའི་སྒྲོམ་ཅིག་གདའ། རྡོ་སྒྲོམ་དེའི་ཁ་ཕྱེ་ནས་བལྟས་པ་ལ། ནང་དུ་ཙན་དན་གྱི་ཕྱེ་མ་མང་པོ་ཡིས་བཙངས་ནས་ཡོད། དེ་རྣམས་ཡར་ཕྱུངས་ནས་བསལ་བ་ལ་དེའི་ཞབས་སུ་ཤིང་གི་སྒྲོམ་བུ་གྲུ་བཞི་བ་གཅིག་འདུག ” ཅེས་པ་འདི་དག་བརྟག་ན་སྐབས་དེ་དུས་བོན་དཔེ་སྦས་སྐུང་བྱེད་སྟངས་ཀྱི་རྣམ་པ་ནི་གནའ་བོའི་ཨ་རབ་དང་དཀྱིལ་ཤར་ཡུལ་གྲུའི་དུར་སྦས་བང་སོ་རྩིགས་སྟངས་དང་ཅུང་འདྲ་ཆེ་ཡོད། གང་ལྟར་འདི་དག་གིས་ང་ཚོའི་མེས་པོ་ཚོའི་བློ་གྲོས་དང་ཤེས་རབ་ཀྱི་ཚད་ཀྱང་གང་འཚམས་རྟོགས་ཐུབ་ཀྱིན་འདུག་སྙམ།

  དེ་ཡང་སྐབས་དེར་ཁོང་རྣམ་པར་རེ་སྨོན་གཉིས་ཡོད་པ་ནས་གཅིག་ནི། ཕྱིས་སུ་དུས་བདེ་ཞི་འཇགས་བྱུང་མཚམས་ཁོང་རྣམ་པས་ཕྱིར་འདོན་རྒྱུ་དང་། གཉིས་པ་ནི། ཅི་སྟེ་ཁོང་རྣམ་པའི་སྐུ་ཚེའི་རིང་ཕྱིར་ལེན་མུ་ཐུབ་ཚེ། མ་འོངས་བོན་སྤྱོད་མཁན་གྱི་མི་ཚོས་རྙེད་ཐུབ་པའི་རེ་བ་གནང་རྒྱུ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོན་དཔེ་སྦས་སའི་གཡས་གཡོན་སོགས་སུ་རྟགས་འདྲ་མིན་བརྐོ་ནས་དམིགས་བསལ་མི་ཚོར་དོ་སྣང་ཡོང་ཐབས་བྱེད་བཞིན་ཡོད་པར་འདུག་སྟེ། གོང་ཞུས་སྲིད་རྒྱུད་ལས། “ སའི་གཏིང་དུ་སྦས་པའི་བོན་རྣམས་ནི། ནམ་ཞིག་དུས་མཐའ་ལས་ལྡན་པའི་གཤེན་དང་མཇལ་ནས་གོ་ཞིང་རྟོགས་པར་ཤོག ” ཅེས་དང་། ཡང་། “ ཤེལ་དང་བཀའ་རྟགས་རྒྱ་ཡིས་བཏབ། ཕྱི་རབས་གཤེན་བོན་རྣམས་ཀྱི་དོན་དུ་ནི། རིགས་འཛིན་རྣམས་ཀྱིས་སྨོན་ལམ་བཏབ། ” ཅེས་པ་སོགས་དང་།

  ཡང་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་དཀར་རུ་བྲག་ནས་གཏེར་བླངས་པའི་སྐོར། སྲིད་རྒྱུད་དུ་འཁོད་པ་དཔེར་ན། “ གཏེར་གྱི་ས་ཚོད་བསྟན་པ་ལ་ཡང༌། བྲག་སེང་གེའི་གདོང་བ་འདྲ་བའི་གོང་ན་ལ་བཙས་ཅིག་ཡོད་པའི་དཀྱིལ་དུ། རྡོ་རིང་གྲུ་གང་གཙུགས་པའི་ངོས་ལ། གཏེར་གྱི་ཁ་བྱང་བྲིས་ཡོད་གསུངས། ” ཞེས་དང་། ཡང་ “ དང་པོ་བྲག་དཀར་གྱི་ཕྲག་གོང་ན། བྲག་སེང་གེའི་གདོང་བ་འདྲ་བའི་གོང་ན། ལ་བཙས་ཅིག་འདུག་པ་དེ་བཤིགས་པའི་ནང་དུ། ཡུལ་དེ་ན་མེད་པའི་རྡོ་རིང་སྔོན་པོ་གསུང་རབ་འདྲ་བ། ས་ལ་གྲུ་གང་ནུབ་པ་ཡར་ལ་གྲུ་གང་དཔག་པའི་ངོས། མཛུབ་སོར་གྱིས་སྨར་ཡིག་མང་པོ་བྲིས་ནས་འདུག དུས་མཐའ་ལས་ཅན་གྱི་སྐྱེས་བུ་ཀུན། འདི་ནས་མར་ལ་འཇལ་བའི་ཁྲུ་ལྔའི་ས་ན་གཏེར་ཡོད་ཟེར་བ་བྲིས་ནས་གདའ། ” ཞེས་དང་།

  ཡང་<< བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། >> (མཛད་པ་པོ། སྤ་སྟོན་བསྟན་རྒྱལ་བཟང་པོ། (༡༢༩༠- ༡༣༦༤ ) གངས་ཏི་སེའི་དཔེ་ཚོགས།) ལས། “ ཤེལ་གྱི་ཕུར་པ་སོར་བརྒྱད་པ་འདི་ཁྱེར་ལ། ལོ་སྐོར་གཅིག་ཏུ་གསོངས་ཤིག་གསུངས་ནས། ནམ་མཁའ་ལ་གཤེགས་ཐལ། བལྟས་པས་ཕུར་བ་ལ་བོན་ཐེག་པ་རིམ་དགུ་བྱ་བ་བོན་སྒོ་དྲུག་ཡོད། ཤེལ་གྱི་བཀྲས་རྟགས་དགུ་བབས་པ་ན། སྡོང་པོ་ལ་ཆུན་གཅུས་པ་འདྲ་བ་གཅིག་ཡོད། དེའི་འོག་ཕ་བོང་གྲུ་བཞི། གཉའ་ན་མཚལ་གྱི་གཡུང་དྲུང་གཅིག་ཡོད་པས། གཤམ་ན་ཤེལ་གྱི་གཡུང་དྲུང་ལམ་མེ་བ་ཡོད་བྱ་བ་གདའ། ” སོགས་གསུངས་པ་འདི་དག་ལ་བརྟག་ན་གཏེར་སྦས་སྟངས་སྐོར་ཅུང་ཤེས་ཐུབ།

  དེ་བཞིན་གཏེར་དུ་སྦེད་མཁན་དེ་ཚོས་བོན་དཔེ་རྣམས་སྦས་སྐབས་འབྱུང་བའི་འཇིག་པས་ལས་སླ་པོ་གནོད་མི་ཐུབ་པའི་འབད་བརྩོན་ཡོད་དགུ་གནང་བ་འདི་ཁོ་ནས། ནམ་རྒྱུན་བཤད་བཞིན་པའི་ལྷ་སྲུང་དང་ཡུལ་ས་སོགས་ལ་བཅོལ་ནས་ནམ་ཞིག་ཕྱིར་མ་ཐོན་བར་སྲུང་དུ་བཅུག་པ་སོགས་ཚད་མཐོའི་གླེང་ཕྱོགས་དེ་ལའང་བསམ་གཞིག་དགོས་པ་ཞིག་ཡིན་ཏེ། ཅི་སྟེ་མིས་མིར་ཅ་དངོས་བཅོལ་བ་བཞིན་སྐབས་དེར་གཏེར་སྦེད་མཁན་ཚོས་ལྷ་སྲུང་རྣམས་ལ་བསྐུལ་ཐུབ་ཡོད་ན། ལྷ་སྲུང་དེ་ཚོས་ཀྱང་འབྱུང་བའི་འཇིག་པ་ཙམ་སྲུང་ཐུབ་དགོས་མོད་ཀྱང་། དེ་ལྟར་མིན་པར་གཏེར་ཤོག་མང་པོ་ཞིག་ཟད་རུལ་སོང་ཡོད་པའི་ལོ་རྒྱུས་གང་མང་ཞིག་མཐོང་རྒྱུ་ཡོད་པས་སོ། །གང་ལྟར་རྒྱས་བསྡུས་ཇི་ལྟར་བཤད་ཀྱང་དོན་ངོ་མ་ནི་སྐབས་དེར་དཔེ་ཆ་ནི་ད་ལྟ་ནང་བཞིན་མ་དཔེ་གཅིག་ལ་བསྐྱར་པར་ཡང་པར་བྱས་པ་དེ་འདྲའི་འབེལ་པོ་མེད་སྟབས། གཅིག་རེ་ཙམ་ཡོད་པ་དེའང་བེད་སྤྱོད་མི་ཆོག་པའི་ས་འཚམས་སླེབས་དུས་སྲུང་སྐྱོབ་གང་ལེགས་འོག་སྦས་བསྐུངས་བྱས་པ་ཙམ་ཞིག་རེད། །

གཏེར་སྟོན་སྐོར།

  འདིར་གཏེར་སྟོན་ཞེས་པ་ནི་རྒྱལ་བའི་གསུང་རབ་རྣམས་གོང་སྨྲས་ལྟར་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་རི་བྲག་དང་ལྷ་ཁང་སོགས་ལ་སྦས་བཞག་པ་དེ་ཚོ་ཕྱིར་འདོན་མཁན་གྱི་མི་སྣ་དེ་ཚོ་ལ་གོ། བན་བོན་གཉིས་ཀའི་ལོ་རྒྱུས་ཁྲོད་དེ་འདྲའི་མི་སྣ་མང་རབ་ཅིག་བྱོན་པར་བཤད་ལ། ཆོས་ཕྱོགས་ནས་རྙིང་མའི་ཁོངས་སུ་སྔ་འགྱུར་གཏེར་སྟོན་བརྒྱ་རྩ་ཟེར་བའི་སྐོར་ལ། ཟབ་ལུང་གདན་ས་པ་དབང་གི་རྒྱལ་པོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་ཆོས་འབྱུང༌་དང་། འཇམས་མགོན་ཀོང་སྤྲུལ་ (1813-1899) གྱིས་མཛད་པའི་ << ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ། >> དང་། བདུད་འཇོམས་རིན་པོ་ཆེ་ (1904–1987) ཡིས་མཛད་པའི (ཤིན་ཏུ་ཟབ་པ་ཉེ་རྒྱུད་གཏེར་མའི་ལོ་རྒྱུས་མདོ་ཙམ་བརྗོད་པ།) སོགས་སུ་དུས་རབས་བཅུ་པ་ཙམ་ནང་བྱོན་པའི་གཏེར་སྟོན་སངས་རྒྱས་བླ་མ་ནས་གཏེར་སྟོན་ཕྱི་མ་ཁྲག་ཐུང་བདུད་འཇོམས་གླིང་པ་ (འཁྲུངས་ལོ་1835) བར་གཏེར་སྟོན་བརྒྱ་དང་བཅུ་ཙམ་ལ་དམིགས་བསལ་གཏེར་སྟོན་བརྒྱ་རྩ་ཞེས་མཚན་བགྲངས་སྲོལ་བྱུང་བ་དང་།

  ཡང་བོན་གྱི་ལོ་རྒྱུས་ཁྲོད་ནས་ཀྱང་དེ་དང་འདྲ་བར་རིག་འཛིན་ཀུན་གྲོལ་གྲགས་པ་ (1700-1766) ཡིས་མཛད་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་དང་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སོགས་དང་། བཱཻ་རོ་ཙ་ན་ལ་ཁོད་སྤུངས་དྲན་པས་སྙན་དུ་བརྒྱུད་དེ་ཁྱུང་པོ་བཀྲིས་རྒྱལ་མཚན་གྱིས་གཏེར་ནས་དྲངས་པའི་(དྲན་པའི་ཨ་དཀར་དགོངས་སྒྲུབ།) ཅེས་པ་སོགས་སུ་བོན་གྱི་གཏེར་སྟོན་བརྒྱ་རྩ་ཟེར་བའི་མཚན་དང་གྲངས་བགྲང་ཚུལ་ཞིག་བྱུང་ཡོད། གཅིག་བྱས་ན་གོང་ཞུས་འཇམ་མགོན་ཀོང་སྤྲུལ་འདི་ཉིད་བན་བོན་ཕྱེད་འདྲིས་ཡིན་རྩང་ཐོག་མར་གཏེར་སྟོན་བརྒྱ་རྩ་ཞེས་པའི་མཚན་བགྲང་ཚུལ་འདི་ཡང་བོན་བླ་རིག་འཛིན་ཀུན་གྲོལ་གྲགས་པའི་གསུང་རྩོམ་ལས་ཕར་དྲངས་ཡོད་སྲིད་པ་ཞིག་ཀྱང་རེད།

  ཡང་ཀུན་མཁྱེན་ཉི་མ་བསྟན་འཛིན་ (1813-1870 ) གྱིས་རང་རྣམ་སོགས་སུ་ཨ་ཙ་ར་དཀོན་མཆོག་གྲགས་པ་སོགས་མི་གསུམ་གྱིས་ཕྱི་ལོ་ ༩༡༣ ལོར་བསམ་ཡས་ནས་བོན་སྡེ་བཏོན་པ་ནས་ཕྱིས་བྱུང་གཏེར་སྟོན་རིག་འཛིན་ཀུན་གྲོལ་གྲགས་པ་ (1700-1766) བར་གཏེར་སྟོན་བརྒྱ་ལྷག་ཙམ་གྱི་མཚན་བགྲངས་བ་དང་། ཡང་ཁོང་གིས་མཛད་པའི་(བསམ་པ་མྱུར་འགྲུབ)ལས། “ སྟོང་རྒྱུང་མངོན་བྱོན་གཤེན་ཆེན་ཀླུ་དགའ་ལ། །རིག་འཛིན་རྣམ་སྤྲུལ་གཏེར་སྟོན་བརྒྱ་རྩས་བསྐོར། ། ” སོགས་ཀྱང་གསུངས་ཡོད། སྤྱིར་བཏང་ཀུན་མཁྱེན་གྱིས་ཀུན་གྲོལ་གྲགས་པའི་བཀའ་འགྱུར་དཀར་ཆག་ཐད་ལ་བཀའ་བཀྱོན་ཡང་གང་འཚམས་གནང་ཡོད་མོད། ཡིན་ནའང་གསུང་འདིར་བརྟག་ན་ཁོང་གིས་ཀྱང་གོང་འཁོད་ཀུན་གྲོལ་ལྟར་བོན་གྱི་གཏེར་སྟོན་བརྒྱ་རྩ་ཞེས་པ་བཞེད་ཀྱིན་ཡོད་པ་མིན་ནམ་སྙམ།

  བོན་གྱི་ལོ་རྒྱུས་རྣམས་སུ་གཏེར་སྟོན་དེ་ཚོས་དུས་རིམ་སྔ་ཕྱི་མི་འདྲ་བར་གཏེར་བཏོན་པའི་སྐོར་གསལ་ཡོད་པ་སྟེ། དེའང་གཏེར་སྟོན་སྔ་ཤོས་ནི་གོང་སྨྲས་ཨ་ཙ་ར་མི་གསུམ་གྱིས་ཕྱི་ལོ་ ༩༡༣ ལོར་བསམ་ཡས་དཀོར་མཛོད་ནས་བོན་གྱི་དཔེ་ཆ་མང་པོ་ཞིག་ཕྱིར་བཏོན་པ་དེ་བོན་གཏེར་ཐོག་མ་དང་། བོན་དཔེ་དེ་ཚོ་ཕལ་ཆེར་བོད་རྒྱལ་ཁྲི་སྲོང་སྐབས་སུ་སྦས་པའི་བོན་ཤ་སྟག་ཡིན་པར་བཤད། དེ་ནས་རིམ་བཞིན་ལ་སྟོད་ཀྱི་བན་དེ་མི་གསུམ་དང་། སྙན་བྱེད་གཤེན་ཆེན། ས་སྟོན་འབྲུག་ལྷ། མཐའ་བཞི་འཕྲུལ་གསས། ཡང་སྒོམ་ཐར་མོ། དབུ་མཆོད་ཕུང་འབར་རྣམས་ཀྱིས་བོན་གཏེར་བླངས། དེ་རྗེས་ལྷ་ཡི་དབང་ཕྱུག་དང་། མར་པ་འཕན་བཟང་། ཤུ་བོན་དགེ་བསྙེན། རྗེ་འབྲུག་ཆེན་པོ་དང་བཞི་ཡིས་བོན་གཏེར་རིམ་པར་བཏོན། དེ་རྗེས་མེ་མོ་སྦྲུལ་ལོའི་(ཕྱི་ལོ་ 1017) ལོར་གཏེར་སྟོན་གཤེན་ཆེན་ཀླུ་དགའ་ (996-1035) ཡིས་མཚོ་རྔ་བྲག་དཀར་ནས་བོན་སྡེ་མང་པོ་ཕྱིར་བཏོན། གཤེན་ཆེན་པོས་བཏོན་པའི་བོན་དཔེ་དེ་དག་བོན་གྱི་ལོ་རྒྱུས་ཁྲོད་བོན་བསྟན་ཕྱི་དར་གྱི་ཀ་བ་ལྟ་བུར་གྲགས་པ་དང་གོ་ས་ཡང་ཆེན་པོར་བཟུང་ཡོད། བོན་སྡེ་དེ་དག་ལས་མང་པོ་ཞིག་ནི་སྔོན་གྲི་གུམ་སྐབས་སུ་བོན་གཤེན་ཚོས་སྦས་པའི་དཔེ་ཆ་རྣམས་ཡིན་པར་བཞེད།

  སྤྱིར་གོང་སྨྲས་ལྟར་བོན་གཞུང་རྣམས་སུ་གཏེར་སྟོན་མང་པོ་ཞིག་བྱུང་ཡང་དམིགས་བསལ་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་ཞེས་གཙིགས་སུ་འབུལ་བཞིན་པ་ནི། གཤེན་ལ་གཤེན་ཆེན་ཀླུ་དགའ་གོང་ལྟར་དང་། གྱེར་ལ་དུས་རབས་བཅུ་གཉིས་ནང་བྱོན་པའི་གྱེར་མི་ཉི་མ་འོད་ཟེར་གྱིས་བྱང་དྭང་ར་ཁྱུང་རྫོང་ནས་བོན་གཏེར་བླངས་པ་དང་། རྨ་ལ་རྨ་སྟོན་སྲིད་འཛིན་ (1092-) གྱིས་ཀྱང་དྭང་ར་ཁྱུང་རྫོང་ནས་གཏེར་བཞེས་པ་དང་། དབྱིལ་ལ་དབྱིལ་སྟོན་ཁྱུང་རྒོད་རྩལ་ (1175-) གྱིས་ཞལ་བཟང་བྲག་དང་། ཟང་ཟང་ལྷ་བྲག མང་མཁར་ལྕགས་འཕྲང་། ཏི་སེ་གངས་སོགས་ནས་བོན་གཏེར་དྲངས་བར་གསུངས་པ་རྣམས་ནི་བོན་གྱི་གཏེར་སྟོན་གཙོ་བོའི་གྲལ་ཡིན། གང་ལྟར་བོན་ཕྱོགས་ནས་ཕྱི་ལོའི་དུས་རབས་བཅུ་པ་ནས་དུས་རབས་ཉི་ཤུའི་སྨད་ཙམ་བར་གཏེར་སྟོན་གང་མང་ཞིག་བྱུང་བའི་ལོ་རྒྱུས་ཡོད།

  དེ་ལྟ་བུའི་བན་བོན་གྱི་གཏེར་སྟོན་དེ་ཚོའི་ཡོན་ཚད་དང་རྒྱབ་ལྗོངས་སོགས་ལ་ང་ཚོས་བསམ་གཞིག་བྱ་དགོས་ས་མང་པོ་ཞིག་ཡོད་ལ། དོགས་དཔྱོད་འདི་དག་དད་པ་དང་དམ་ཚིག སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་དང་ཡང་སྤྲུལ་ཟེར་བའི་ཚིག་ལྗིད་ཁོག་ཅན་དེ་ཚོའི་རྒྱ་ལས་བརྒལ་ཏེ། གཏེར་སྟོན་དེ་ཚོ་ས་གོ་ལའི་ཤར་ངོས་ཀྱི་གླིང་ཕྲན་ཆེན་པོ་འདིའི་སྒང་དུ་སྐྱེས་ཞིང་རྣམ་ཤེས་ཚོགས་བརྒྱད་དང་དབང་པོ་རྣམ་ལྔ་ཚང་བའི་མི་ཞིག་སྟེ། དེའང་མང་པོ་ཞིག་ནི་གངས་ལྗོངས་མཐོ་སྒང་དུ་གནས་པའི་སློག་པགས་གྱོན་ཞིང་ཤ་རྩམ་གསོལ་མཁན་གྱི་བོད་མི་གཤའ་མ་འགའ་ཞིག་ཡིན་པ་གཞིར་འཇོག་ནས་དཔྱད་དགོས་པ་གལ་ཆེན་ཞིག་ཏུ་མཐོང་། གོང་ཞུས་ལྟར་བོན་གྱི་ལོ་རྒྱུས་རྣམས་སུ་གཏེར་སྟོན་སྔ་བ་ནི་ཨ་ཙ་ར་དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རདྣ་གསུམ་ཡིན། ཨ་ཙ་མི་གསུམ་དེ་གློ་བལ་གྱི་མི་ཡིན་པ་དང་ཐོག་མར་བོད་དུ་གསེར་འཚོལ་དུ་ཡོང་བ་རེད། གློ་བལ་ཟེར་བ་ནི་གློ་བོ་དང་བལ་པོའི་བསྡུས་མིང་ཡིན་མོད་ཀྱང་། དོན་དུ་ད་ལྟའི་ས་ཆའི་བབ་དང་བསྟུན་ཏེ་བཤད་ན་བོད་སྐད་གོ་བའི་བལ་པོའི་མི་རིགས་འགའ་ཡིན་པར་སྣང་། འགའ་ཞིག་གིས་ཨ་ཙ་ར་ཟེར་དུས་བལ་པོ་དང་རྒྱ་གར་གྱི་ཧིན་དྷིའི་ཆོས་རྒྱུད་འཛིན་པའི་ས་དྷུ་བྷ་བྷ་ལྟ་བུར་བསམ་བཞིན་ཡོད་མོད་ཀྱང་། དེ་ལྟར་མིན་པ་ནི་གཅིག་ནས་ཁོ་ཚོ་ནི་བོད་མིང་ཅན་གྱི་བོད་སྐད་ཤེས་པའི་གློ་བལ་གྱི་མི་ཡིན་པ་དང་། གཉིས་ནས་བོན་ཆོས་ཀྱི་དབྱེ་བ་ཤེས་ཐུབ་མཁན་འབའ་ཞིག་ཡིན་ཏེ། ལོ་རྒྱུས་ལས། “ ཉིན་པར་ནགས་གསེབ་ཏུ་བསྡད། ནུབ་མོ་བྲོས་ཏེ་ཕྱིན། དེ་ནས་ངན་ལམ་གྱི་ལུང་པ་སྲི་བྱ་བར་སླེབ་སྟེ་ཁྲོ་ཆུའི་རྒྱ་བཅག་ནས་བལྟས་པས། སྟག་སྒྲོ། གཟིག་སྒྲོ། དོམ་སྒྲོ་གསུམ་བྱུང་ངོ་། །ཁ་ཕྱེས་པས་ཐམས་ཅད་བོན་དུ་འདུག་གོ ” ཞེས་པ་འདི་དག་ལ་དཔྱད་ན་ཁོ་ཚོ་ནི་རོང་ཆས་སྤྲས་པའི་ས་དྷུ་བྷ་བྷ་མིན་པར་ཤེས་ནུས།

  ཁོ་ཚོ་བོད་དུ་སླེབས་རྗེས་གསེར་འཚོལ་ཆོག་ཆོག་དང་བརྐོ་ཆོག་ཆོག་ལྟ་བུ་མེད་པ་ཧ་གོས་དུས། སྐབས་དེར་གསེར་དངུལ་གྱི་རྒྱན་སྤྲོས་ཆེ་ཤོས་བོད་པའི་དགོན་སྡེ་ཁག་གི་ལྷ་རྟེན་དང་མཆོད་ཆ་རྣམས་ཡིན་པ་ཤེས་ནས། ཁོ་ཚོས་དགོན་སྡེ་ཁག་གི་དཀོན་གཉེར་རམ་ལས་སྣེ་བ་ཚོར་དད་པ་ཡོད་མདོག་མང་པོ་ཞིག་བྱས་ཏེ། ལྷ་ཁང་ནང་གི་གསེར་དངུལ་གྱི་མཆོད་ཆ་རྣམས་བརྐུ་བར་ཐབས་རྒྱུས་འཐེན་ཡོད་པ་ཤུགས་ཀྱིས་རྟོགས།

  དེའི་སྐོར་བོན་གྱི་ལོ་རྒྱུས་ཡིག་ཆ་མང་དག་ཅིག་ནང་འཁོད་ཡོད་པ་དང་། འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། << བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། >> (མཛད་པ་པོ། སྤ་སྟོན་བསྟན་རྒྱལ་བཟང་པོ། (༡༢༩༠- ༡༣༦༤ ) གངས་ཏི་སེའི་དཔེ་ཚོགས།) ལས། “ ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི་སྙན་དུ་བོད་ཡུལ་ན་གསེར་ཅི་ཙམ་འདོད་པ་བླང་དུ་ཡོད་ཟེར་བ་ཐོས་ནས། བོད་དུ་འོངས་པས་ལ་སྟོད་དུ་རྟོལ་ནས། གསེར་ཨ་ཡང་གཅིག་ཀྱང་མེད། དེར་མི་ལ་དྲིས་པས་བྲག་དམར་བསམ་ཡས་ན་གསེར་མང་པོ་ཡོད་ཟེར་རོ། ། བསམ་ཡས་སུ་ཡོང་ནས་ནུབ་མོ་བསྐོར་བ་བྱས་པས། དཀོར་གཉེར་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་གསུངས་ནས་ཨ་ཙ་ར་ནང་དུ་བཞག་ནས་སྒོ་བཅད་སོང་སྐད། དེར་སྒྲོ་བ་ཞིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་ནས། བཏེག་པས་ལྕིད་ཆེ་སྟེ་འདི་ན་གསེར་ཡོད་སྙམ་ནས་ཁྱེར་ནས་བྲོས་སོ། ། ” ཞེས་པ་འདི་ཁོ་ནས་མི་དེ་རྣམས་ཀྱི་ཐོག་མའི་ཀུན་སློང་དང་། བར་དུ་སྦྱོར་བ་བརྩམས་སྟངས། མཐར་ཁོ་ཚོའི་ལག་ཏུ་རྒྱུ་ནོར་ཐེབས་སྟངས་སོགས་གཞི་གང་ལ་བརྟག་ཀྱང་མི་དེ་རྣམས་རྐུན་པོ་རྫབ་ཆེན་ནམ་དེང་དུས་སྐད་དུ་བྱས་ན་འཛིན་བཟུང་བཀའ་རྒྱར་འཛུད་ཆོག་པའི་ཉེས་ཅན་པ་ཤ་སྟག་རེད་འདུག

  ཁོ་ཚོས་རྐུ་རྒྱུ་བཙོང་ས་སྨད་དང་སྟོད་གཉིས་བྱུང་ཡོད་པའི་ནང་ནས། སྨད་ནི་སྟོད་ལུང་གི་མཐའ་ཞུ་འཕྲུལ་སྲས་ཞུ་བའི་བོན་སྔགས་ཞིག་དང་། སྟོད་ནི་བྱང་ལ་སྟོད་གནམ་རའི་ཕྱོགས་ནས་བསམ་ཡས་སུ་ཆོས་གཏེར་འདོན་དུ་འགྲོ་བར་སྐད་པའི་བན་དེ་གསུམ་སྟེ། འདར་བན་ཤཱཀྱ་མུ་ནེ། མཆིམས་ཤཱཀྱ་བྲ་བ། འོ་མ་བྱང་ཆུབ་སེང་གེ་དང་གསུམ་ཡིན། དོན་ངོ་མ་ཁོ་ཚོའང་རྐུན་པོ་ཤ་སྟག་ཡིན་པར་ཁོ་ཚོའི་བྱ་སྤྱོད་ལ་བརྟག་ན་ཤེས་ནུས། ཨ་ཙ་མི་གསུམ་གྱིས་བརྐུས་པའི་བོན་དཔེ་དེ་ཚོ་ཁོ་ཚོས་རིམ་པར་བཟའ་ཅ་ལམ་འགྲོན་ཆེད་དུ་གོང་ཚད་བརྒྱབ་སྟེ་བཙོང་བ་རྐྱང་རྐྱང་ཡིན།

  ཡང་དེ་དང་འདྲ་བར་སྤུ་རོང་མཚོ་མུ་ལེ་ཧད་ཀྱི་འགྲམ་ནས་མར་པ་འཕན་བཟང་ལ་སོགས་ཁྱི་ར་བ་གསུམ་གྱིས་ཤིང་སྡོང་ཞིག་གི་རྩར་རྡོ་རྐོ་བྱས་པ་ལས་ཤིང་སྒྲོམ་གསུམ་རྙེད་པའི་ནང་ནས་ཤོག་དྲིལ་མང་པོ་བྱུང་བ་ཡུལ་དུ་འོང་ནས་ཤུ་བོན་དགེ་བསྙེན་ལ་བཙོང་བའི་ལོ་རྒྱུས་དང་། ཡང་བསམ་ཡས་ཅ་ཏི་དམར་པའི་མཆོད་རྟེན་འོག་ནས་བསམ་ཡས་དགོན་པའི་དཀོར་གཉེར་སད་གུ་རིན་ཆེན་གྲགས་པ་དང་། དྲེའུ་རྒྱ་ར་ཛ་གཉིས་ཀྱིས་མཚན་མོར་དཔེ་སྒྲོམ་དྲུག་བརྐུས་ནས་ཀོང་པོ་སོགས་བརྒྱུད་དེ། ཁམས་ཀྱི་བོན་པོ་དབུས་ཁུལ་དུ་སློབ་གཉེར་བྱེད་པར་ཡོང་བ་འགའ་ཞིག་ལ་བཙོང་ཐབས་བྱང་ཀྱང་མ་ཚོང་། མཐར་རྐྱེན་དབང་འགས་དབུ་མཆོད་ཕུར་པ་འབར་བྱ་བའི་བོན་པོའི་སྨན་པ་ཞིག་གི་ལག་ལ་འབྱོར་བའི་ལོ་རྒྱུས་ལྟ་བུ་དང་། གང་ལྟར་སྐབས་དེར་གཏེར་འདོན་མཁན་ཟེར་བའི་མི་སྣ་མང་པོ་ཞིག་གིས་བཏོན་པའི་གཏེར་ཟེར་བ་ནི་རྒྱུ་དངོས་ཀྱི་ཆེད་དུ་དགོན་གནས་སོགས་ནས་དཔེ་ཆ་དང་ནང་རྟེན་རྐུན་ཇག་བྱས་རྗེས་ཡུལ་དུ་བཙོང་བཞག་པ་ཙམ་ཞིག་རེད། སྟེས་དབང་གིས་སྐབས་འགར་བཙོང་ས་འགའ་ཞིག་ནི་རྔ་ལྕག་ཁུར་ནས་གྲོང་ཚོ་ཉུལ་མཁན་གྱི་བོན་སྔགས་འགའ་ཞིག་ཡིན་སྟབས་རིམ་པར་སྤྱི་ཚོགས་ནང་ཁྱབ་གདལ་སོང་བ་ཁོ་ན་ཡིན།

  གོང་ཞུས་གཏེར་སྟོན་མི་སྣ་དེ་དག་གི་རྗེས་སུ་བོན་ཕྱོགས་ཀྱི་གཏེར་སྟོན་གྲགས་ཆེ་བ་ནང་ནས་གཅིག་ནི་གོང་ཞུས་ལྟར་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་རེད། གཤེན་ཆེན་ཀླུ་དགའ་ (996-1035) ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་དེ་གཤེན་གྱི་རྒྱུད་པ་འཛིན་མཁན་ཞིག་རེད། བླ་མ་གཤེན་ཆེན་པོའི་རྣམ་ཐར་སོགས་ལ་བརྟག་ན་ཁོང་ཉིད་ཀྱིས་གཏེར་མ་བཞེས་གོང་བོན་ལ་སློབ་གཉེར་དང་ཉམས་བཞེས་དེ་ཙམ་བྱས་པའི་ལོ་རྒྱུས་མེད། ཁོང་ཉིད་དགུང་ལོ་གཞོན་དུས་ནི་ཚྭ་ཚོང་དང་ཁྲལ་བསྡུ་འུ་ལག་སོགས་ལ་དུས་འདས་པར་མ་ཟད། གྱད་འགྲན་དང་རྟ་རྩལ་ལ་སོགས་བྱང་ཆུབ་པའི་ཕོ་རྒོད་ཡ་མེད་ཅིག་ཡིན་འདུག ཁོང་གི་ལོ་རྒྱུས་ནང་གཏེར་བཏོན་ཚར་རྗེས་སུའང་བོན་སྡེ་རྣམས་ལ་འཆད་རྩོད་རྩོམ་སོགས་འདི་དང་འདི་བྱས་སོ་ཟེར་བ་དེ་ཙམ་མཇལ་རྒྱུ་མེད་ཀྱང་། རྗེས་མཇུག་བུ་སློབ་མང་པོ་འཕེལ་བར་བརྟག་ན་སྤྱིར་ཁོང་ཉིད་གཤེན་རབ་ཀྱི་གདུང་རྒྱུད་འཛིན་པའི་མི་སྣ་ཞིག་ཡིན་རྩང་བོན་གཏེར་དེ་རྣམས་ལ་རིག་སད་པའམ་སྔོན་བསྦྱངས་ཀྱི་འཕྲོ་སད་པ་སོགས་ཡིན་སྲིད་པར་སྨྲ་ཆོག

  ནམ་རྒྱུན་བླ་མ་གཤེན་ཆེན་པོའི་རྣམ་ཐར་དང་བོན་གཏེར་འཆད་སྐབས་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་དྲངས་པའི་ལུང་ཞིག་སྐྱར་སྐོར་ཡང་སྐོར་བྱེད་བཞིན་ཡོད། དེའང་། “ སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ནི། །འཆི་མེད་གཙུག་ཕུད་དངོས་མཚུངས་པའི། །དམུ་རིགས་སྒ་ཚ་གཤེན་གྱི་རྒྱུད། །གཤེན་སྒུར་ཀླུ་དགའ་བྱ་བ་འབྱུང་། །མཚོ་རྔ་བྲག་གི་གཏེར་སྒོ་འབྱེད། ། ” ཅེས་པ་འདི་རེད། སྲིད་པ་རྒྱུད་ཀྱི་ཁ་བྱང་འདི་ཁོད་སྤུངས་དྲན་པ་ནམ་མཁའ་དང་མཁའ་འགྲོ་ཅོ་ཟ་བོན་མོ་སོགས་ཀྱིས་ཞང་བོད་ཁུལ་དུ་བོན་བསྟན་འཕེལ་གྲིབ་ཇི་ལྟར་བྱུང་བ་དང་འབྱུང་རྒྱུ་ཡིན་མིན་སྐོར་དྲི་བ་དྲིས་ལན་བྱས་པ་ལྟ་བུའི་ལེའུ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་རེད་ལ། ཁྲི་སྲོང་སྐབས་སུ་ཁོད་སྤུངས་དྲན་པས་སྦ་ཞབས་དཀར་བྲག་ལ་སྦས་པ་ཕྱིས་ཁོད་པོ་བློ་གྲོས་ཐོགས་མེད་ (1280-1337) ཀྱིས་གཏེར་དུ་བཏོན་པ་ཡིན་ཟེར་སྲོལ་ཡོད།

  འདིའི་ལེའུ་བཅུ་པ་བོན་རྣམས་ཐ་མར་དར་ལུགས་རྩིས་བྱང་རྣམ་ཐར་བསྟན་པའི་སྐབས་སུ་གོང་གི་ལུང་ཚིག་བླ་མ་གཤེན་ཆེན་པོའི་སྐོར་དེ་བྱུང་ཡོད། ང་ཚོས་སྲིད་རྒྱུད་དུ་བསྟན་པའི་བརྗོད་དོན་ཁག་ལ་བསམ་གཞིག་བྱ་དགོས་པ་འདི་དག་ཡོད་དེ། འདིར་འཁོད་པའི་བོན་ཀྱི་གཏེར་སྟོན་རྣམས་ཀྱི་འགོ་གཤེན་ཀླུ་དགའ་ནས་ཚུགས་ཏེ་མཐའ་ཁོད་པོ་བློ་གྲོས་ཐོགས་མེད་བར་ལས་གཏེར་སྟོན་གཞན་རྣམས་ལུང་དུ་བསྟན་མེད། དེའང་གོང་ཞུས་ལྟར་བོན་གྱི་ལོ་རྒྱུས་རྣམས་སུ་གཤེན་ཆེན་ཀླུ་དགའི་གོང་དུ་གཏེར་སྟོན་བཅུ་གཅིག་ཙམ་ཕྱིན་ཟིན་པ་རྣམས་ཀྱི་མཚན་ལུང་བསྟན་དུ་ཟིན་མེད་པ་དང་། གཤེན་ཆེན་པོ་ནས་ཁོད་པོ་བློ་གྲོས་ཐོགས་མེད་བར་བོན་གྱི་གཏེར་སྟོན་རེ་རེས་ས་གནས་དང་བོན་སྡེ་ཇི་ལྟར་འདོན་རྒྱུ་ཡིན་པ་ཁ་གསལ་བསྟན་ཡོད་ཀྱང་། ཁོད་པོ་བློ་གྲོས་ཐོགས་མེ་ནས་རིག་འཛིན་ཀུན་གྲོལ་གྲགས་པ་བར་གཏེར་སྟོན་བཅུ་བདུན་ཙམ་བྱུང་ཡོད་ཀྱང་དེ་དག་གི་མཚན་ཙམ་ཡང་ལུང་བསྟན་དུ་གསལ་མེད་པ་འདི་དག་དང་། མཇུག་གི་ལེའུ་གཉིས་ནི་ཕལ་ཆེར་ཁོད་པོ་བློ་གྲོས་ཐོགས་མེད་ཉིད་ཡུལ་གང་དུ་དང་། རུས་དང་ཡབ་ཡུམ་སོགས་ཇི་ལྟར་ཡིན་མིན། རང་གིས་གཏེར་ཇི་ལྟར་བཞེས་པ་སོགས་ཀྱི་སྐོར་ཡིན། དེ་དང་ཆ་འདྲ་བའི་དཔེ་ཆ་དེར་གཏེར་སྟོན་མིན་པའི་ལུང་ཟིན་གྱི་སྐྱེས་བུའི་མཚན་འཁོད་པ་ཕལ་ཆེར་ཁོད་པོ་བློ་གྲོས་ཐོགས་མེད་ཉིད་ཀྱི་གོང་དུ་འཁྲུངས་པ་ཤ་སྟག་ཡིན་རྩང་། གུས་པར་མཚོན་ན་སྲིད་རྒྱུད་ཀྱི་དཔེ་ཆ་འདི་ཉིད་ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་སྔོན་དུ་བྱུང་བའི་དཔེ་རྙིང་ཞིག་ཡིན་པར་ཁས་ལེན་བྱེད་པར་དཀའ་ཁག་ཆེ་ཙམ་འདུག དེ་དང་ཆ་འདྲ་བར་ཞལ་བྱང་དང་ལུང་བསྟན་ཟེར་བའི་དཔེ་ཆ་དེ་ཚོར་ཞིབ་པར་བརྟག་ན། དེར་འཁོད་པའི་བརྗོད་བྱ་རྣམས་ཞལ་བྱང་དང་ལུང་བསྟན་གསུང་པ་པོ་ཉིད་ཀྱི་གོང་དུ་བྱུང་ཟིན་པའི་གནས་ཚུལ་ཤ་སྟག་ཡིན། ཡིན་ནའང་འགའ་ཞིག་ནི་སྟེས་དབང་གིས་གབ་ཐུག་སྲིད་པ་ཞིག་ཀྱང་ལོས་ཡིན།

  དེ་མིན་བོན་ཕྱོགས་སུ་གྲགས་ཆེ་བའི་གཏེར་སྟོན་ཁུ་ཟླ་འོད་དང་། མགར་སྟོན་ཁྲོ་རྒྱལ། གུ་རུ་རྣོན་རྩེ་དང་དྲངས་རྗེ་བཙུན་པ། རྨ་སྟོན་སྲིད་འཛིན་སོགས་མང་པོ་ཞིག་བོན་གཏེར་མ་རྙེད་གོང་སྤྱིར་བཏང་གི་གང་ཟག་དཀྱུས་མ་ཤ་སྟག་ལས་བོན་ལ་སློབ་སྦྱོང་བྱས་པའི་ལོ་རྒྱུས་དེ་ཙམ་མཇལ་དུ་མེད། གཏེར་སྟོན་དེ་ཚོའི་ནང་ནས་བོན་གཏེར་མ་བཞེས་གོང་བོན་ལ་བསླབ་པ་སློབ་གཉེར་བྱས་ཏེ་དཔེ་དོན་རྟོགས་ཐུབ་མཁན་ཡང་རེ་འགའ་བྱུང་འདུག་པའི་ནང་ནས་དཔེར་མཚོན་ལེགས་ཤོས་ནི་བཞེད་སྟོན་དངོས་འགྲུབ་ལྟ་བུ་རེད། ཁོང་ནི་བན་བོན་གཉིས་ཀར་སློབ་གཉེར་བྱས་མྱོངས་བར་མ་ཚད་ཆུང་ངུ་ནས་དཔལ་ལྡན་རི་ཞིང་དུ་རབ་ཏུ་བྱུང་སྟེ་སློབ་གཉེར་བྱས་པས་ཞུའི་དངོས་སློབ་ཀུན་ལས་མཁས་པར་གྲགས་ཞེས་གསུངས་ཡོད། མང་པོ་ཞིག་གིས་གཏེར་སྟོན་ཟེར་བ་དེ་ཚོ་ལུང་གིས་ཟིན་པའི་སྐྱེས་བུ་བསམ་བཞིན་དུ་འགྲོ་དོན་བྱོན་པ་སོགས་ཆེས་ཚད་མཐོན་པོར་འབྲེལ་བཞིན་ཡོད་མོད་ཀྱང་། དོན་དུ་གོང་ཞུས་ལྟར་མང་པོ་ཞིག་སྟེས་དབང་དང་སྟབས་ཁེལ་གྱིས་བོན་དཔེ་བརྙེད་མཁན་ཤ་སྟག་རེད།

  འདིར་དཔེ་མཚོན་གཞན་ཞིག་འདྲེན་ན། ཤེལ་བྲག་མའི་ལོ་རྒྱུས་སྐབས་སུ་མཁས་པ་སྒ་སྟོན་གྱིས་མཛད་པའི་<<གཏེར་གྱི་ཁ་བྱང་>> ལས། “ གཉན་འཐེང་པོས་ར་ལུག་འཚོས་པའི་ས་རུ། ཉིན་རེ་བཞིན་ར་དཀར་དཀར་ཉལ་དུ་འོང་པས། ཉིན་ཞིག་བཟུང་བར་བརྩམས་པ་ན་ར་དཀར་གྱིས་སྦར་མོས་བྲད་ནས་ཤོར། བདས་པས་བྲག་ལེབ་ཅིག་གི་རྩར་བརྟོལ། ལེགས་པར་བལྟས་པས་བྲག་ལ་སྒོ་སྲུབས་དོད་དེ། ཁ་ཕྱེས་པས་བྲག་ཕུག་གི་ལོགས་ཐམས་ཅད་པོ་ཏིས་ཁེངས། ཡིག་ངོ་མི་ཤེས་པས་ཞང་པོ་ཤེས་རབ་རྡོ་རྗེ་ལ་དགོས་པའི་དཔེ་ཆ་ཡོད་སྲིད་བསམ་ནས། དར་གཅིག་བཟུང་ནས་བསྟན་པས། བོན་ཟབ་མོར་འདུག ལན་ཅིག་གཉན་འཐིང་ན་རེ། དེ་གཏེར་བྱ་བ་ཡིན་པ་འདྲ། བྲིས་ཤིག མི་འབྲི་ན་བསྐྱལ་དགོས་ཟེར་ནས། འབྲི་གིན་ཡང་འཕྲོ་དེ་བླངས་ནས་མང་པོ་བྲིས་སོ། ། ” ཞེས་གཉན་མཐིང་ནི་ཡིག་ངོ་མི་ཤེས་པའི་ར་རྫི་ཞིག་ཡིན་ནའང་སྟབས་ཁེལ་ནས་བོན་གཏེར་རྙེད་པ་ལྟ་བུ་རེད།

  དེ་བཞིན་གཏེར་སྟོན་དེ་ཚོའི་དངོས་སློབ་དང་སློབ་རྒྱུད་ཟེར་བ་དེ་རྣམས་ནི་མང་པོ་ཞིག་གཙོ་བོ་གང་བཏོན་པའི་བོན་དཔེ་རྣམས་དངོས་སུ་མ་ཡིག་ལས་འབྲི་བཤུ་བྱེད་མཁན་ནམ། ཡང་ན་རྒྱུད་ནས་དཔེ་བཤུ་བྱེད་མཁན་དེ་ཚོ་ཡིན་པ་ནི་མདོ་གཟེར་མིག་ལྟ་བུའི་རྒྱུད་རིམ་དང་ལོ་རྒྱུས་དེ་དག་གཞིག་ན་གསལ་པོ་ཤེས་ཐུབ་བོ། །

གཏེར་ཇི་ལྟར་བཏོན་ཚུལ་སྐོར།

  སྤྱིར་འདིའི་སྐོར་གོང་དུ་ཅུང་ཞིག་གླེང་ཟིན་ཡང་། བན་བོན་གྱི་གཏེར་མ་མང་པོ་ཞིག་ལ་བཀའ་གཏེར་དང་དགོངས་གཏེར་ཟེར་བའི་ཐ་སྙད་མི་འདྲ་བ་གཉིས་འདོགས་ཀྱིན་ཡོད། འདིར་བཀའ་གཏེར་ཟེར་བ་ནི་སྔོན་སྐྱེས་ཆེན་གོང་མ་རྣམས་ཀྱིས་རི་བྲག་ལྷ་ཁང་སོགས་སུ་སྦས་བཞག་པའི་དཔེ་ཆ་དེ་ཚོ་ཡིན་ལ། དགོངས་གཏེར་ནི་ཕྱིས་བྱུང་བླ་མ་འགའི་དགོངས་པའི་ཀློང་ནས་གང་ཤར་བ་ཡིག་ཐོག་ཏུ་ཕབ་་པ་ལ་ཟེར།

  བཀའ་གཏེར་དེ་ཚོ་ཕྱིར་འདོན་པར་མང་པོ་ཞིག་གོང་ཞུས་ལྟར་ཐོག་མར་གཏེར་སྟོན་དེ་ཚོར་ལྷ་དང་སྲུང་མས་ལུང་བསྟན་པའམ། ཡང་ན་རྨི་ལམ་གྱི་ནང་ནས་ས་གནས་འདི་དང་དེ་ལྟ་བུ་འཆར་ནས་རིམ་པར་འཚོལ་ཞིབ་རྩད་གཅོད་བྱས་ནས་རྙེད་པར་གསལ། ཡང་འགའ་ཞིག་མི་རབས་གོང་མས་ཉར་ཚགས་བྱས་པའི་གཏེར་བྱང་ངམ་དཔེ་རྩིས་ཡི་གེ་ཡོད་པ་དག་རིམ་པར་སྤྱི་ཚོགས་ཁྲོད་དུ་ཁྱབ་རྗེས། མི་བུ་བློ་གྲོས་ཅན་དེ་ཚོས་དཔེ་རྩིས་སམ་གཏེར་བྱང་ལ་བལྟ་ནས་གཏེར་གནས་རྙེད་ཀྱིན་ཡོད། དཔེར་ན། གཤེན་ཆེན་ཀླུ་དགའ་དང་ཁྲོ་ཚང་འབྲུག་ལྷ་སོགས་ནི་ལྷ་དང་སྲུང་མའི་ལུང་བསྟན་ལ་བརྟེན་ནས་གཏེར་བཏོན་པར་བཤད་པ་ལྟ་བུ་དང་། ཡང་གཟེར་སྟོན་སྦུ་གུ་རྒྱལ་མཚན་གྱིས་གངས་ཏི་སེ་ནས་བཏོན་པའི་བོན་སྐོར་དང་། མཐའ་བཞི་ཡེ་ཤེས་བློ་གྲོས་ཀྱིས་བསམ་ཡས་དབུ་རྩེ་ནས་བཏོན་པའི་བོན་སྐོར་ལྟ་བུ་ནི་ཐོག་མར་གཏེར་འདོན་མཁན་ལ་རྨི་ལམ་ལམ་སྟོན་ལྟ་བུ་བྱུང་ནས་རྙེད་ཡོད། ཡང་མི་གཞན་གྱིས་བྱིན་པའི་གཏེར་བྱང་ལ་བལྟས་ཏེ་གཏེར་རྙེད་པ་དཔེར་ན། སྤ་གྲོའི་གཏེར་བྱང་དེ་བསམ་ཡས་ལ་གནས་མཇལ་འགྲོ་མཁན་འཇད་རྟ་ནག་གི་བཙད་པོ་ཞིག་གིས་རྙེད་ནས་ཡུལ་དུ་ཁྱེར་ཕྱིན། ཕྱིས་རང་གི་ནལ་བུ་ཁུ་ཚ་ཟླ་འོད་འབར་གྱིས་ཨ་ཕ་བཙལ་བས་འཇད་རྟ་ནག་གི་བཙད་པོ་རྙེད་ཀྱང་ཁྱིམ་དུ་མ་ཉར། ཡིན་ནའང་བཙད་པོས་ནོར་སྐལ་གྱི་ཚུལ་དུ་སྤ་གྲོའི་རྩིས་བྱང་དེ་བུ་ལ་བྱིན་པས། ཁུ་ཚས་དེ་ལ་བརྟེན་ཏེ་སྤ་གྲོའི་གཏེར་རྙེད་པ་ལྟ་བུ་དང་།

  ཡང་འགའ་ཞིག་ནི་བོན་དཔེ་ཐོག་མར་རྙེད་མཁན་གཞན་མ་ཡིན་ནའང་རྒྱུ་དངོས་སྤྲད་ནས་མ་དཔེ་ཉོས་པའམ། ཡང་ན་དཔེ་བཤུ་བྱས་པ། དེ་མིན་རྐྱེན་དབང་གཞན་གྱིས་མིའི་ལག་རྒྱུད་དུ་འཆལ་བཞིན་པ་རྣམས་བདག་པོ་བརྒྱབ་སྟེ་སྤྱི་ཚོགས་ཁྲོད་ཁྱབ་བདལ་བྱས་པ་ཅི་རིགས་བྱུང་ཡོད། དཔེར་ན་གོང་ཞུས་ཨ་ཙ་ར་དང་བན་དེ་མི་གསུམ་སོགས་ཀྱིས་ཐོག་མར་རྙེད་པའི་དཔེ་ཆ་མང་པོ་ཞིག་རྙེད་མཁན་རང་ཉིད་ལ་དེ་ཙམ་ཕན་ཐོག་མེད་རྐྱེན་མི་གཞན་གྱིས་ཉོས་ནས་ཕྱིས་སུ་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་བྱུང་བ་དང་། ཡང་ཁུ་ཚ་དང་དྲང་ངའི་གཏེར་མ་སོགས་འགའ་ཞིག་རང་ཉིད་ཀྱིས་དེ་ཙམ་སྤྱད་མ་ཐུབ་པར་གཞན་གྱི་ལག་རྒྱུད་ནས་ཕྱིར་ཁྱབ་པ་ལྟ་བུ་དང་། ཡང་གཉན་གྱི་སེ་བོ་རི་ནས་གཉན་གྱི་ར་སྟོན་འབུམ་རྗེས། སྔགས་པ་ཞིག་གི་ལག་ནས་བྱུང་བའི་ཁ་བྱང་ཞིག་རྙེད་པ་ལ་གཉན་གྱི་སེ་བོ་རི་ལ་གཏེར་ཡོད་པར་བཤད་པར་བཙལ་ནས་བོན་གཏེར་རྙེད་པ་ལྟ་བུ་ཡིན།

  གཏེར་གནས་རང་ནས་དངོས་སུ་གཏེར་འདོན་མཁན་དེ་ཚོས་ས་རྐོ་རྡོ་སློག་ཀྱང་གང་མང་བྱེད་དགོས་བྱུང་བཞིན་ཡོད་པ་ནི་གཤེན་ཆེན་པོ་དང་ཁྲོ་འབྲུག་ཆེན་པོ། ཁོད་པོ་བློ་གྲོས་སོགས་ཀྱི་བོན་གཏེར་སྐོར་དེར་གསལ་པོ་འཁོད་ཡོད། གཏེར་དངོས་སུ་འདོན་མཁན་དེ་ཚོར་ཐོག་མའི་ཆ་རྐྱེན་གཅིག་ནི། གཏེར་བྱང་ཟེར་བ་ས་གནས་དེར་བོན་ཇི་ལྟར་སྦས་ཡོད་ཚུལ་དང་། ས་བབ་ཀྱི་ཆགས་ཚུལ་སོགས་འཁོད་པའི་དངོས་པོ་དཔེར་ན་ཕུར་པ་དང་། དར་གཡུག་སོགས་སུ་བྲིས་པ་ཅི་རིགས་ཡོད་ཚུལ་གསལ། དཔེར་ན་གཤེན་ཀླུ་དགའི་བོན་གཏེར་སྐབས་སུ། << ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་། >> (གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་བསྐྲུན་པའི་ཤར་རྫའི་གསུང་འབུམ། དེབ་ཨང་། ༥ ) ལས། “ ཕུར་པ་ལ་བལྟས་པས་བོན་ཐེག་པ་རིམ་དགུ་ཡོད། ཤེལ་གྱི་སྐས་ཐེམ་དགུ་ལ་བབས་ན་སྡོང་པོ་ལ་ཅ་གཅུས་པ་འདྲ་བ་ཡོད། དེའི་འོག་ཕ་བོང་གྲུ་བཞིའི་གཉའ་ན་མཚལ་གྱི་གཡུང་དྲུང་ཞིག་ཡོད། གཤམ་ན་ཤེལ་གྱི་གཡུང་དྲུང་ཞིག་ཡོད་ཟེར་བ་སྣང་། དེ་བཙལ་བས་རྙེད་པ་ལ་དེ་ལྟར་འདུག “ ཅེས་པ་ལྟ་བུ་དང་།

  ཡང་འགའ་ཞིག་ས་གནས་དེར་བྲག་ངོས་ཕ་བོང་སོགས་སུ་རྟགས་འདྲ་མིན་ཡོད་པ་ལ་བརྟག་སྟེ་རྐོ་སློག་བྱེད་ཚེ་གཏེར་བྱང་ཟེར་བ་དེ་ཚོ་རྙེད་ཀྱིན་ཡོད་པ་དཔེར་ན། གོང་ཞུས་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་དཀར་རུ་བྲག་ནས་གཏེར་བླངས་སྐབས་སྲིད་རྒྱུད་དུ་འཁོད་པ། “ བྲག་སེང་གེའི་གདོང་བ་འདྲ་བའི་གོང་ན། ལ་བཙས་ཅིག་འདུག་པ་དེ་བཤིགས་པའི་ནང་དུ། ཡུལ་དེ་ན་མེད་པའི་རྡོ་རིང་སྔོན་པོ་གསུང་རབ་འདྲ་བ། ས་ལ་གྲུ་གང་ནུབ་པ་ཡར་ལ་གྲུ་གང་དཔག་པའི་ངོས། མཛུབ་སོར་གྱིས་སྨར་ཡིག་མང་པོ་བྲིས་ནས་འདུག དུས་མཐའ་ལས་ཅན་གྱི་སྐྱེས་བུ་ཀུན། འདི་ནས་མར་ལ་འཇལ་བའི་ཁྲུ་ལྔའི་ས་ན་གཏེར་ཡོད་ཟེར་བ་བྲིས་ནས་གདའ། ” ཞེས་པ་ལྟ་བུ་ཡིན།

  འོ་ན་དེ་ལྟ་བུའི་གཏེར་བྱང་དང་རྩིས་བྱང་དེ་ཚོ་ལྷ་དང་སྲུང་མས་ཉར་ནས་ཕྱིས་སྐབས་ལ་བབ་ཚེ་གཏེར་སྟོན་དེ་ཚོར་གནང་གིན་ཡོད་དམ་སྙམ་ན། གོང་ཞུས་ལྟར་ཡིད་ཆེས་དང་དད་པ་དག་སྣང་ཟེར་བའི་ལྗིད་ཁོག་ཅན་གྱི་ཚིག་དེ་ཚོ་གནས་སྐབས་ཟུར་དུ་འཇོག་སྟེ། སྤྱིར་ང་ཚོ་འགྲོ་བ་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟོས་ཏེ་མནོ་བསམ་ཞིག་འདོན་ན། བླ་མ་དང་མི་གྲགས་སྐྱེས་ཆེན་གོང་མ་ཚོས་སྐབས་དང་དུས་སུ་བསྟུན་ཏེ་བོན་དཔེ་མང་དག་ཅིག་སར་སྦས་ཀྱིན་ཡོད་པ་དངོས་ཡོད་ལ། སྐབས་དེར་ཁོང་ཚོས་ས་གནས་དེར་དཔེ་ཆ་གང་དང་ཇི་ལྟར་སྦས་ཡོད་པའི་གཏེར་བྱང་ངམ་དཔེ་རྩིས་རེ་ངེས་པར་དུ་ཉར་གྱིན་ཡོད། དཔེ་རྩིས་དེ་ཚོ་གོང་ཞུས་ལྟར་འབྲི་གཞི་དར་ཡུག་དང་ཤོག་སེར། ཕུར་པ། མཆོད་རྟེན་དང་རས་གཞི་འདྲ་མིན་སོགས་སུ་བྲིས་ཡོད། དེ་དག་འགའ་ཞིག་སྤྱི་ཚོགས་ཁྲོད་གང་བྱུང་དུ་ཁྱབ་བཞིན་ཡོད་པའི་དཔེར་མཚོན་གཅིག་ནི། གོང་ཞུས་གཉན་གྱི་ར་སྟོན་འབུམ་རྗེས་སྔགས་པ་ཞིག་གི་ལག་ནས་བྱུང་བའི་གཏེར་གྱི་རྩིས་བྱང་ཞིག་ལ་བརྟེན་ནས་བོན་གཏེར་རྙེད་པ་དང་། འཇད་ཀྱི་བཙད་པོས་རང་གི་ཡབ་མེས་ཚོའི་ཆོས་སྐལ་བསམ་ཡས་སུ་སྦས་ཡོད་པ་ཤེས་ནས་གཏེར་བྱང་རྙེད་པ་ལྟ་བུ་རེད། ཡང་གཏེར་བྱང་དེ་ཚོ་མང་པོ་ཞིག་ཁྱིམ་རྒྱུད་གཅིག་པའི་མི་རབས་ནས་མི་རབས་བར་ཡིག་ངག་ཅི་རིགས་སུ་བརྒྱུད་པའང་བྱུང་འདུག་སྟེ། དཔེར་ན། ཁྲོ་འབྲུག་ཆེན་པོའི་གཏེར་དཔེ་མང་པོ་ཞིག་སླར་ཤངས་ཕུག་བྲག་ལ་གཏེར་དུ་སྦས་པ་ཕྱིས་ཁོང་ནས་མི་རྒྱུད་བཞི་ལྔ་ཙམ་གྱིས་རྗེས་སུ་ཨ་ད་ལྷ་མགོན་གྱིས་མེས་པོ་གོང་མ་ཚོས་བཞག་པའི་ཞལ་ཁྱིམ་ལོ་རྒྱུས་ཡིད་ལ་བཞག་སྟེ་བོན་གཏེར་བཙལ་ནས་རྙེད་པ་ལྟ་བུ་ཡིན།

  འདིར་གོང་སྨྲས་དེ་ཚོ་ལས་ཁ་གསལ་ཙམ་ཞིག་གླེང་ན། གཙང་གི་བན་དེ་མི་གསུམ་སྟེ། སུམ་པ་དབང་ཚུལ། འབྲེ་ཚུལ་སེང་། གཅེར་བུ་དབང་ཕྱུག་དང་གསུམ་གྱིས་བསམ་ཡས་ནས་གཏེར་བཏོན་ཚུལ་སྐོར་འདི་འདྲ་ཞིག་ཡོད། དེའང་ལེགས་བཤད་རིན་པོ་ཆེའི་མཛོད་ལས། “ བན་དེ་སུམ་པ་དབང་ཚུལ། འབྲེ་ཚུལ་སེང་། གཅེར་བུ་དབང་ཕྱུག་དང་གསུམ་བསམ་ཡས་སུ་ཆོས་གཏེར་ཚོལ་དུ་སོང་བས་མ་རྙེད་དེ་ལོ་འགའ་འགོར། དེ་ནས་ཡར་ལོགས་ཏེ་རང་རེ་དྲག་ཤོས་གསུམ་གྱིས་གཏེར་མ་ཐོན་པ་ངོ་ཚ་ཟེར་ནས་ཡེར་པར་བཙལ་བས། གཏེར་རྙེད་ཀྱང་བོན་དུ་འདུག་པས་མ་འདོད་དེ་མདོ་སྟོད་ཀྱི་ལུང་སྟོན་འོད་འབར་རམ་གཉེན་སྟོན་གཟི་བརྗིད་ཀྱི་ཕྱག་ཏུ་ཕུལ་ལོ། ། ” ཞེས་པའི་ལོ་རྒྱུས་དུམ་བུ་འདིས་ང་ཚོར་ཅི་ཞིག་ཤེས་སུ་བཅུག་ཡོད་དམ་ཞེ་ན། གཏེར་སྟོན་མང་པོ་ཞིག་གང་ཐུག་ཐུག་ཏུ་གཏེར་འཚོལ་དུ་ས་ཕྱོགས་གང་སར་ཉུལ་བཞིན་ཡོད་ལ། ཅི་སྟེ་གཏེར་དཔེ་རྙེད་ཚེ་ནང་དོན་ཟབ་མིན་ལ་བལྟོས་ཏེ་རིན་གོང་ཡང་དེ་མཚུངས་རྒྱག་གིན་ཡོད། གཅིག་བྱས་ན་སྐབས་དེར་གཏེར་དཔེ་བཙལ་འཚོལ་གྱི་བྱ་འགུལ་དེ་ནི་དེང་སང་འབུ་རྫ་ཉུག་པའི་ཞོར་ལས་དང་མཚུངས་པར་དཀའ་ལས་དེ་ཙམ་མེད་ལ་ཁེ་སྤོབས་ཅན་གྱི་ལས་ཀ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད་སྙམ།

  དེ་དང་དེ་འདྲའི་ལོ་རྒྱུས་གང་མང་ཞིག་ལ་བརྟག་ཚེ་གཏེར་བྱང་དཔེ་རྩིས་དེ་ཚོ་གང་བྱུང་མིའི་ལག་རྒྱུད་དམ་ངག་རྒྱུན། ཡང་ན་མི་རབས་ནས་མི་རབས་བར་བརྒྱུད་ནས་ཡོང་བསྡད་པ་དག་ལ་གཞི་བཅོལ་ཏེ་དཔེ་ཆ་གང་མང་ཞིག་ཕྱིར་འདོན་ཐུབ་ཀྱིན་ཡོད་པ་ལས། བློ་ཡུལ་ལས་འདས་པའི་ལྷ་སྲུང་གི་ཆོ་འཕྲུལ་དང་ལུང་བསྟན་འོག་ནས་གཏེར་བྱང་དང་ལྡེའུ་མིག་མང་པོ་ཞིག་འཐོབ་རྒྱུ་ཡོད་མེད་ནི་བརྟག་གཞིའི་གནས་སུ་འགྱུར་རོ། །

  དེ་མིན་དགོངས་གཏེར་སྐོར་ནི་སྙན་རྒྱུད་ཟེར་བ་དེ་དག་དང་ཅུང་ཆ་འདྲ་བ་སྟེ། བླ་མ་ག་གེ་མོའི་དགོངས་ཀློང་དུ་འདི་དང་དེ་སོགས་འཆར་བ་རྣམས་དངོས་སློབ་ནང་ཞབས་དེ་ཚོས་ཡི་གེར་བཀོད་པ་ཤ་སྟག་ཡིན་པ་དཔེར་ན། དམུ་གཤེན་ཉི་མ་རྒྱལ་མཚན་དང་། ཤེལ་ཞིག་གཡུང་དྲུང་རྒྱལ་པོ། རིག་འཛིན་ཀུན་གྲོལ་གྲགས་པ་སོགས་ཀྱི་དགོངས་གཏེར་ལྟ་བུ་དང་། ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པ་དྲི་མེད་གཟི་བརྗིད་སོགས་ནི་འགའ་ཞིག་གིས་དགོངས་གཏེར་ཡིན་ལ་གཏེར་མ་དངོས་མིན་པ་སོགས་ཀྱི་རྣམ་དབྱེ་འབྱེད་པར་ཡང་མཐོང་ངོ་། །

གཏེར་ཤོག་སྐོར།

  གཏེར་ཤོག་ཟེར་བ་ནི་གཏེར་དཔེ་དེ་ཚོའི་འབྲི་གཞི་ལ་གོ། གཏེར་དཔེ་དེ་ཚོ་ཡང་སྙིང་ཇི་འདྲ་ཞིག་ཡོད་དམ་སྙམ་ན། གཏེར་དུ་སྦ་སྐབས་དཔེ་གཟུགས་པོད་རང་དུ་སྦས་པ་དང་། དར་ཡུག་དང་ཤོག་སེར། དེ་མིན་ཤིང་བྱང་སོགས་སུ་བྲིས་ཏེ་སྦས་པ་ཅི་རིགས་བྱུང་ཡོད། དེའང་པོད་གཟུགས་རང་དུ་ཡོད་པ་འདིར་དཔེར་མཚོན་ཙམ་ཞུས་ན། ཁྲི་སྲོང་སྐབས་སུ་སྦས་ཏེ་ཨ་ཙ་ར་མི་གསུམ་གྱིས་སྟག་སྒྲོ་དང་གཟིག་སྒྲོ། དོམ་སྒྲོ་གསུམ་བརྐུས་པའི་ནང་ནས་བོ་སྡེ་སུམ་བརྒྱ་བཞི་བཅུ་ཡས་མས་ཞིག་བྱུང་བར་བཤད་པ་རྣམས་ནི་ཕལ་ཆེར་པོ་ཏི་རང་ཡིན་པར་སྙམ་སྟེ། སྐབས་དེར་ཁོ་ཚོའི་རྩ་ནས་དཔེ་ཆ་ཉོ་མཁན་ཐོག་མ་སྟེ་མཐའ་བཞི་འཕྲུལ་སྲས་བྱ་བ་དེས་དོམ་སྒྲོ་ནས་པོ་ཏི་གཅིག་བཏོན་པའི་སྐོར།<< བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། >> (མཛད་པ་པོ། སྤ་སྟོན་བསྟན་རྒྱལ་བཟང་པོ། (༡༢༩༠- ༡༣༦༤ ) གངས་ཏི་སེའི་དཔེ་ཚོགས།) ལས། “ རྩམ་ཁལ་གཅིག་དང་ཤ་གཟུག་གཅིག་བསྐུར་ཏེ། མཐའ་བཞི་ཁྲིད་ནས་ཕྱིན་པས། བདམ་དུ་མི་འཇུག གང་འདོད་པའི་པོ་ཏི་གཅིག་ཁྱེར་ཟེར་རོ། །ཁོ་ན་རེ། ཆེ་བ་སྟག་སྒྲོ་ཆེ། སྙིང་དུ་གཟིག་སྒྲོ་སྡུག་སྟེ། བོན་དོམ་སྒྲོ་ནས་འདོད་ཟེར། པོ་ཏི་གཅིག་བཏོན་ཏེ་བལྟས་པས། དབལ་ཕུར་ནག་པོའི་སྒྲུབ་ཐབས་རྩ་འགྲེལ་དང་བཅས་པ། མ་མོ་ཉི་ཤུ་ཁྲ་དང་ས་བདག་གི་སྒྲུབ་ཆུང་རྣམས་བྱུང་། དཀྱིལ་འཁོར་དཔེ་ཆུང་ཡང་གླེགས་ཤིང་ངོས་ལ་འདུག་སྐད། ” ཅེས་པ་ལྟར། བོན་དཔེ་དེ་དག་པོད་ཏི་གླེགས་ཤིང་འབྱར་མ་ཅན་ཡིན།

  ཡང་གཙང་ནུ་མའི་བྲག་ནས་གཉན་མཐིང་གིས་རྙེད་པའི་བོན་གཏེར་སྐབས་སུ། << ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ >> ལས། “ བྲག་དེ་ལ་སྒོ་སྲུབ་དོད་དེ་འདུག དེ་ཕྱེས་ཏེ་བལྟས་པས་བྲག་ཕུག་གི་ལོགས་ཐམས་ཅད་ཡི་གེ་པོ་ཏིས་གང་ནས་འདུག ” ཅེས་པ་སོགས་ལས་ཤེས་ཐུབ།

  དར་ཡུག་ཏུ་བྲིས་ཡོད་པ་དཔེར་ན། བསམ་ཡས་དབུ་རྩེ་ནས་མཐའ་བཞི་ཡེ་ཤེས་བློ་གྲོས་ཀྱི་གཏེར་བཏོན་སྐབས། ལེགས་བཤད་མཛོད་ལས། “ སྔ་མོར་ལངས་ནས་བལྟས་པས་བྱ་ཁུ་བྱུག་ཚང་ནས་འཕུལ་ཐར། ཚང་ནང་ན་ཁུང་བུ་འདུག་པ་ནས་བལྟས་པས། དར་སེར་པོ་སྲིད་དུ་མདའ་གང་ཞེང་དུ་འདོམ་གང་ཡོད་པ་ཞིག་ལ་ཡི་གེ་བྲིས་པ་དང་། ཡང་དེ་བས་འདུག་གམ་སྙམ་ནས་བལྟས་པས། དར་སེར་ལྡེམ་པ་ཞིག་ལ་རི་མོ་བྲིས་པ་དང་། རྡོ་སྔོན་པོ་ཕྱི་ནང་གསལ་བ་སྒོ་ང་ཙམ་ཞིག་འདུག་པ་རྣམས་བླངས་ནས་གཞི་ལ་བྱོན་ནོ། །” ཞེས་དང་།

  ཡང་ཆོས་པའི་བསྟན་འབྱུང་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པའི་(བཀའ་ཆེམས་ཀ་ཁོལ་མ།) ལས། (སེར་བྱེས་རིག་མཛོད་ཆེན་མོའི་སྤྱི་ཡི་དེབ་ཕྲེང་། ༡༧༣ པ།) “ གཞན་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་ཞལ་ནས། རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི། དར་ཡུག་སྔོན་པོ་ལ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས། ” ཞེས་དང་། དེ་བཞིན་གཏེར་སྟོན་གུ་རུ་རྣོན་རྩེས་སློབ་མ་གཞོན་འབུམ་ལ་མ་རྒྱུད་གནང་སྐབས། ལེགས་བཤད་མཛོད་ལས། “ བླ་མ་རྣོན་རྩེས་དར་དཀར་ཡུག་གཅིག་བཟུང་ནས། ངས་ད་མ་རྒྱུད་དཔེ་མང་པོ་བྲིས་པས་དམུས། དར་ཡུག་འདི་ཁྱོད་ཀྱི་བྲིས་སྐལ་དུ་གནང་། ” ཞེས་གསུངས་པ་ལྟ་བུའོ། །

  ཤོག་སེར་གྱི་སྐོར་ལ། ཤོག་སེར་དང་ཤོག་དྲིལ་ཟེར་བ་འགའ་ཞིག་བྱུང་ཡོད། ང་ཚོས་ནམ་རྒྱུན་གཏེར་བཏོན་པར་གྲགས་པའི་དཔེ་ཆ་དེ་ཚོའི་མཇུག་བྱང་དུ་མཐོང་མང་ཤོས་ནི་བླ་མ་ག་གེ་མོས་ཤོག་སེར་ནས་ཡི་གེར་ཕབ་། ལྟ་བུ་ཤིན་ཏུ་མང་བས། འདིར་ཤོག་དཀར་མ་སྨྲོས་པར་དོན་ངོ་མ་ཤོག་སེར་ཟེར་དོན་ཅི་ཞིག་ཡིན་པར་འཚོལ་རྒྱུ་དེ་རེད། འདིའི་ཐད་གོང་དུ་ཟུར་ཙམ་གླེང་ཟིན་མོད་ཀྱང་སླར་ཡང་རྒྱས་བཤད་བྱ་ན། དཔེ་ཆ་བྲིས་པའི་ཤོག་གུ་དེ་ཚོ་སར་སྦས་སྐབས་འཆར་ཆུ་སོགས་འབྱུང་བས་མི་གནོད་པའི་ཐབས་འཚོལ་གནང་བཞིན་ཡོད་པ་ལྟར། དེའང་ << གསང་ཐིས་ཐིག་ལེའི་བཀོད་པ་གཡུང་དྲུང་ཐེག་པ་ཆེན་པོའི་རྒྱུད་ལས། >> ལས། “ ཕྱི་རབས་དོན་དུ་ཟང་ཟང་དབུ་རྩེར་ཡི་གེ་བཏབ་ནས། གྷི་ཧང་གུར་གུམ་སེར་རྩི་བྱུགས། །མི་རུལ་རྩིའི་གསལ་བྱེད་བཏབ། །ཕྱི་རབས་བརྡོལ་བའི་སྨོན་ལམ་བཏབ། །” ཅེས་པ་ལྟར། བོད་ཤོག་ལ་གྷི་ཝང་དང་གུར་གུམ་སོགས་བྱུགས་ན་གཅིག་ནས་ཆར་ཆུ་དང་རླན་འགོག་ནུས་པ་དང་། གཉིས་ནས་མདོག་སེར་པོ་འགྱུར་བས་ན་ལག་བསྟར་དེ་བྱེད་ཀྱིན་ཡོད་པས་ཤོག་སེར་ཞེས་པའི་ཐ་སྙད་དེ་བྱུང་བར་སྙམ། ལུགས་སྲོལ་དེ་དག་ཕྱིས་སུ་སྤྱི་ཚོགས་ཁྲོད་མཐོང་རྒྱུ་ཡོད་པ་ནི། བྲིས་པ་རྒན་རབས་ཚོས་བོད་ཤོག་ལ་མེ་ཏོག་ཅོང་ཤོག་སེར་པོ་སོགས་ཀྱིས་རྩི་རྒྱག་པ་ལྟ་བུ་ཡིན།

  གཏེར་དཔེའི་ཤོག་སེར་ཟེར་བ་དེ་དག་ལ་ཚད་འདི་ཞེས་གཅིག་མཚུངས་ཞིག་མེད་པར་སྙམ་སྟེ། འགའ་ཞིག་ལ་བོད་ཤོག་གི་ཤོག་ཁ་གཅིག་ཆ་ཚང་ལྟ་བུ་དང་། འགའ་ཞིག་ལ་མདའ་ཚད་གཅིག་ལྟ་བུ། ཡང་འགའ་ཞིག་ལ་མཐོ་གང་དང་གྲུ་གང་ལ་སོགས་ཅི་རིགས་བྱུང་འདུག དཔེར་ན། << མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་ >> ལས། “ འདི་ལ་ཤོག་སེར་སེར་སྐྱ་མདའ་ཚད་གཅིག་ལ། འཕྲེང་སྔ་ལྟོ་ཕྱི་ལྟོ་ལ་བརྒྱ་བཅུ་གསུམ་འདུག་པ་ལ། དཀའ་བ་སྤྱད་པ་རྫོགས་སྭཧཱ། ” ཞེས་དང་། ཡང་། “ ཞང་བོད་མཁས་པའི་དགོང་ཉམས་སྨྲར་རོ། །ཤོག་སེར་སེར་སྐྱ་མཛུབ་དེ་བ་ལ། སྔ་ལྟོ་ཕྱི་ལྟོ་ལ་ཡིག་འཕྲེང་བརྒྱད་ཉི་ཤུ་ཞལ་བཤུས་སོ། ། ” ཞེས་དང་།

  ཡང་། << སྦས་གནས་རོང་མོ་སྟེང་གནས་ལག་དང་བཅས་པའི་ལོ་རྒྱུས་ཌཱ་ཀི་དགྱེས་པའི་གླུ་དབྱངས། >> ལས། (དཔལ་འབྲུག་ཞིབ་འཇུག་ལྟེ་བས་བསྒྲིགས་པའི་སེངྒེ་རྫོང་དང་སྦས་ཡུལ་རོང་མོ་སྟེང་གི་གནས་ཡིག་ཕྱོགས་བསྒྲིགས།) “ མདུན་གཅིག་མཚམས་དམ་པོར་གནས་པའི་ཉེར་ལྔའི་ཐོ་རེངས་ཆར་མཁའ་འགྲོ་དམར་མོ་ཞིག་གིས་ཤོག་དྲིལ་དམར་སེར་འཁྱུད་གང་གཏད་པའི་ནང་དུ་འདི་ལྟར་རོ། ། ” ཞེས་དང་། ཡང་ཨོ་རྒྱན་གླིང་པའི་གཏེར་མ། << མ་མོ་སྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་རྩ་རྒྱུད་རིན་ཆེན་གཏེར་མཛོད། >> ལས། “ ཆུ་ཁྱི་དབྱར་མཚོ་རྒྱས་པའི་དུས་སུ། ཤར་རྫའི་གནས་ཆེན་ཕྱུག་མོ་དཔལ་རིའི་མདུན་ཕྱོགས་དགའ་དར་རྒྱས་གླིང་དུ་པདྨ་མཁའ་འགྲོ་གྲོགས་དང་བཅས་ཏེ། ཤོག་སེར་དཀྱུས་སུ་ཁྲུ་དོ། ཞིང་དུ་ཆགས་གང་། ཡིག་འཕྲེང་བདུན་བཅུ་དོན་ལྔ་འདུག་པ་ལ་ཞལ་བཤུས་པའི་རྟེན་དང་འགྲོ་བའི་སྨན་དུ་གྱུར་ཅིག ། ” ཅེས་སོགས་ཀྱིས་མཚོན་གང་མང་ཞིག་ཡོད་པས་ཡིག་ཚོགས་མང་ཕྱིར་འདིར་མ་བཀོད།

  གཏེར་སྟོན་འཚོ་སྤྲུལ་གྱིས་ལྕིའི་ར་ས་རྫོང་མགོ་ནས་རྙེད་པའི་གཏེར་དཔེ་དང་། ཕོ་ཆེ་ནམ་མཁའ་འོད་ཟེར་དང་གར་ཚ་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་འཛིང་གི་ཕ་བོང་གྲུ་བཞི་ནས་རྙེད་པའི་གཏེར་དཔེའི་ཤོག་སེར་ངོ་མ་དེ་ཚོ་འགའ་ཞིག་ཕྱིས་བླ་དཔོན་རྒྱུད་པ་འགའི་ཁྱིམ་དུ་ལྷག་ཡོད་པའི་སྐོར། ཀུན་མཁྱེན་ཤར་རྫ་བས་འདི་འདྲ་ཞིག་གསུངས་ཡོད། ལེགས་བཤད་མཛོད་ལས། “ གེ་ཁོད་སྐོར་རྣམས་བུ་དཔེ་ལ་མ་ཕབ་ཅིང་། ཤོག་སེར་དངོས་དང་དངུལ་བུམ་གཅིག་དེང་སང་དཔོན་རྒྱུད་ཀྱི་ཕྱག་ན་ཡོད་ལ། དངུལ་བུམ་གཅིག་དབང་ལྡན་ཞུ་ཚང་གི་ཕྱག་ན་ཡོད་དོ། ། ” ཞེས། ཀུན་མཁྱེན་ཤར་རྫ་བའི་སྐབས་སུ་ཤོག་སེར་ངོ་མ་འགའ་ཞིག་ཡོད་པ་མིན་ནམ་སྙམ།

  འོ་ན་བན་བོན་གྱི་གཏེར་སྟོན་བརྒྱ་ཕྲག་མང་པོ་བྱུང་ཟིན་ཡང་ཁོང་རྣམ་པས་བཏོན་པའི་གཏེར་དཔེ་ངོ་མ་གཅིག་ཀྱང་ད་བར་མཐོང་རྒྱུ་མེད་པ་ཅི་ཡིན་སྙམ་ན། འདིའི་ཐད་གཏེར་སྟོན་དེ་ཚོའི་ལོ་རྒྱུས་ལ་བརྟག་ན་གཏེར་ཞིག་བླངས་ཟིན་རྗེས་བུ་དཔེ་གང་ཐུབ་ཅིག་བཤུ། དེ་ནས་མ་དཔེ་ཤོག་སེར་ཟེར་བ་དེ་ཚོ་ངེས་པར་དུ་ཕྱིར་གཏེར་ཁུང་དེར་འཇོག་དགོས་པའི་སྐོར་ཞིག་ཡོང་གིན་ཡོད། དེའང་ << ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ། >> འཇམ་མགོན་ཀོང་སྤྲུལ་གསུང་འབུམ། རིན་ཆེན་གཏེར་མཛོད། དེབ་ཨང་། ༥ ལས། “ ཕྱི་མ་ཕྱི་མའི་གཏེར་ཚབ་ཏུ་སྔ་མ་སྔ་མའི་ཤོག་སེར་རྣམས་བཅུག་དགོས་པ་ལུང་གསལ་ལྟར་མཛད། ” ཅེས་པའི་ཚིག་དུམ་འདི་རེད། འདིས་ང་ཚོར་བསྟན་པ་ནི་ཕྱི་རབས་པ་སུ་ཞིག་གིས་ཀྱང་མི་རབས་སྔ་མའི་གཏེར་གྱི་མ་དཔེ་དེ་ཚོ་མཐོང་མི་སྲིད་པ་དེ་རེད། ཡིན་ནའང་གོང་ཞུས་རྐུན་མའི་ཀུན་སློང་གིས་བོན་དཔེ་ཇི་སྙད་ཅིག་རྙེད་འདུག་པ་དེ་ཚོའི་མ་དཔེའི་ཤོག་སེར་སླར་གཏེར་ཁུང་དུ་བསྐྱལ་སྲིད་དམ། ཅི་སྟེ་ཕྱིར་བསྐྱལ་མ་ཐུབ་ཚེ་གཏེར་དཔེ་དེ་ཚོ་གང་དུ་ཡོད་དམ། ཞེས་པའི་དྲི་བ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད།

  གང་ལྟར་ཤོག་དྲིལ་དང་ཤོག་སེར་དེ་ཚོ་ཆེ་ཆུང་ཞིང་ཚད་སོགས་ཀྱི་ཐད་ང་ཚོས་ཚོད་དཔགས་འགའ་བྱ་ཆོག་པ་ནི་དེང་སང་མཐོང་ཡུལ་དུ་གྱུར་པའི་ཏུན་ཧོང་ཡིག་རྙིང་གི་མ་ཤོག་དེ་ཚོ་རེད། ཏུན་ཧོང་ཡིག་རྙིང་གི་མ་དཔེ་དེ་ཚོ་མང་པོ་ཞིག་གནའ་བོའི་རྒྱ་བོད་ལུགས་ཀྱི་ཤོག་གུ་བཟོ་སྟངས་ཀྱི་ཚད་ལྟར་ཤོག་ཁ་གང་གི་ཚད་ཅན་མང་པོ་མཐོང་རྒྱུ་ཡོད། བོད་ཤོག་ཁ་གང་ཟེར་དུས་གྱེན་དུ་སློང་ན་ཡར་མཐོ་ལྔ་ཙམ་དང་། འཕྲད་ལ་མཐོ་གསུམ་ལྷག་ཙམ་ཡོད་པ་ཞིག་ལ་ཟེར།

  སྤྱིར་ཏུན་ཧོང་གི་ཤོག་དྲིལ་དེ་ཚོ་འགའ་ཞིག་ཕྱི་ལོའི་དུས་རབས་གསུམ་པ་དང་བཞི་པ་ཡས་མས་སུ་བྲིས་པ་ཡིན་ནའང་། བོད་ཡིག་དང་འབྲེལ་བའི་དཔེ་རྙིང་མང་པོ་ཞིག་མ་མཐའ་དུས་རབས་བདུན་པ་དང་བརྒྱད་པའི་བར་སྦས་པ་ཡིན་པར་མ་ཚད་མ་དཔེ་བོད་ཤོག་ཐོག་བོད་ཡིག་བྲིས་པ་ཤ་སྟག་ལ། ང་ཚོས་ཀྱང་མཐོང་ཡུལ་དུ་གྱུར་པ་ཞིག་ཡིན། ཡིན་ནའང་བན་བོན་གྱི་གཏེར་ཡིག་མང་པོ་ཞིག་ཏུན་ཧོང་ཡིག་རྙིང་ལས་ཆེས་ཕྱིས་ཀྱང་། མ་དཔེ་ལྷེབ་ཙམ་ཞིག་ང་ཚོའི་མཐོང་ཡུལ་དུ་ལྷག་མེད། འདི་ཚོའི་སྐོར་བསམ་གཞིག་རེ་བྱེད་དུས་ང་ལ་མཚོན་ན་བན་བོན་གྱི་གཏེར་དཔེའི་ཤོག་དྲིལ་དང་ཤོག་སེར་ཟེར་བ་འདི་ཚོའི་རྒྱབ་ལ་གསང་བ་ཆེན་པོ་རེ་ཡོད་པ་མིན་ནམ་སྙམ་པའི་ཚོར་སྣང་རེ་ཡང་ཡོང་གིན་འདུག

  འདིར་ང་ཚོས་དཔྱད་པ་གཏོང་དགོས་པ་ཆེས་གལ་ཆེན་གཅིག་ནི། གཏེར་ཤོག་གམ་ཤོག་སེར་དེ་ཚོར་ཡི་གེ་གང་གིས་བྲིས་ཡོད་པ་དེ་རེད། ནམ་རྒྱུན་བཤད་སྒྲོས་ཤིག་ལ་གཏེར་དཔེའི་ཡི་གེ་དེ་ཚོ་ད་ལྟའི་བོད་མི་གཙོ་ཕལ་ཀུན་གྱིས་སྤྱོད་བཞིན་པའི་བོད་ཡིག་འདི་དག་མིན་པ་དང་། མ་ཚད་གཏེར་དཔེའི་ལོ་རྒྱུས་དེ་ཚོར་ལྟ་ན་སྐུང་ཡིག་ལྟ་བུའི་ཡིག་ཕྲེང་རེ་གཉིས་ནང་གཞུང་པོ་ཏི་ལག་པས་ཁྱོག་ཙམ་རེ་དགྲོལ་རྒྱུ་ཡོད་པ་མིན་ནམ་སྙམ་པ་ཤ་སྟག་རེད།

  གཤམ་ནས་དཔེར་མཚོན་ཞིག་འགོད་རྒྱུ་ཡིན། བླ་མ་གཞོན་གྱིས་གུ་རུ་རྣོན་རྩེ་ལས་མ་རྒྱུད་ཀྱི་བོན་སྐོར་ཞུས་སྐབས་དར་དཀར་ལས་དཔེ་བཤུ་བྱས་ཚུལ་ཞིག་གོང་དུ་ཅུང་བཤད་ཟིན་པ་ལྟར། དེའང་ << ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ། >> ( གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་དེ་ཚོགས་ཀྱི་དེབ་ཕྲེང་དང་པོ། མི་རིགས་དཔེ་སྐྲུན་ཁང་།) ལས། མ་རྒྱུད་ཐུགས་རྗེ་ཉི་མའི་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་སྐབས་སུ། “ ཉིན་གཅིག་ཚོགས་ཀྱི་མཆོད་པ་དཔོན་སློབ་གཉིས་ལས་མེད་པ་གཅིག་བཤམ་པའི་དུས་སུ། བླ་མ་རྣོན་རྩེས་དར་དཀར་ཡུག་གཅིག་བཟུང་ནས། ངས་ད་མ་རྒྱུད་ཀྱི་དཔེ་མང་པོ་བྲིས་པས་དམུས། མི་ལས་འཕོས་པའི་སྐྱེ་བ་བློ་ཡང་སྤུན་ཆད་འོལ་ཡང་མང་། དར་ཡུག་འདི་ཁྱོད་བྲིས་སྐལ་དུ་སྣང་བ། ཁྱོད་ལྷ་ལས་འཕོས་པས་བློ་གཙང་ཞིང་དལ་ཆེ་བས་སུས་མ་མཐོང་པར་ཁྱོད་རང་གིས་བྲིས་ཤིག་གསུངས་པས། ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང། དེ་ལ་ལོགས་གཅིག་ལ་སངས་རྒྱས་རྒྱུད་གསུམ། འགྲེལ་བ་ཉི་མའི་དཀྱིལ་འཁོར། ཉི་མའི་སྙིང་པོ། སྒྲུབ་པ་གཞུང་ཕྲན་དང་བཅས་པ་སྣང་བ་ལེགས་པར་བྲིས་ནས་གཅིག་གཏུགས་སུ་བྱས། དེ་ནས་རྒྱབ་ལོགས་ལ་འཆད་འགྲེལ་ཉི་མའི་འོད་ཟེར་གདའ་བ་བྲི་ཆིས་བྱས་ཙ། གར་བྱུང་ཆ་མེད་པར་བླ་མ་བྱོན་ནས་བྱུང་ནས། མཁའ་འགྲོ་གཉན། དར་དཀར་ཁྱེར་ལ་ཤོག དུང་ཕོར་དུ་སྟག་མོ་ཁ་ཡན་ལྔ་འགྲོ་ཐལ་བ་ཨེ་མཐོང་། གསུངས་ནས་ཁྱེར་ནས་ཐལ། ” ཞེས་སོགས་འདིར་དར་དཀར་ཡུག་གཅིག་ལ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཆ་ཚང་ཡོད་པ་ལྟ་བུ་ཞིག་བྱུང་ལ། དཔེར་ན། ལོགས་གཅིག་ལ་སངས་རྒྱས་རྒྱུད་གསུམ། འགྲེལ་བ་ཉི་མའི་དཀྱིལ་འཁོར། ཉི་མའི་སྙིང་པོ། སྒྲུབ་པ་གཞུང་ཕྲན་དང་བཅས་པ་དང་། ཡང་དར་དཀར་དེའི་རྒྱབ་ལོགས་ལ་འཆད་འགྲེལ་ཉི་མའི་འོད་ཟེར་སོགས་ཡོད་པར་བཤད་ཡོད།

  གང་ལྟར་འདི་ཚོ་ནི་སྐབས་བསྟུན་དགོས་དབང་འགའ་ཞིག་སྟེ། བོན་དཔེ་དག་ཆེས་གལ་ཆེན་དང་གཉན་པོ། དཔེ་དཀོན་དང་རིན་བྲལ་ཡིན་པར་བསྟན་པའི་ཆེ་བཤད་ཙམ་ལས་དོན་ངོ་མ། དར་ཡུག་གཅིག་ནང་པོད་ཆེན་གསུམ་བཞི་རེ་འབྲི་ཐུབ་མིན་ནི་བློས་ཞིབ་མོལ་དཔྱད་ན་ཤེས་ནུས། ཡང་འགའ་ཞིག་གིས་གོང་ཞུས་ལྟར་ཡི་གེ་དེ་ཚོ་སྐུང་ཡིག་དང་བསྡུས་ཚིག་ལྟ་བུའི་འབྲི་ཐབས་གཞན་ཞིག་ཡིན་སྲིད་པར་སྙམ་མོད་ཀྱང་། དེ་ལྟར་མིན་པར་གཏེར་དཔེའི་འབྲི་གཞི་ནི་ད་ལྟའི་སྤྱོད་བཞིན་པའི་ཞང་བོད་ཀྱི་ཡི་གེ་འདི་དང་། བརྡ་སྦྱོར་གྱི་འགྲོས་ཀྱང་འདི་རང་ཡིན་དགོས་པ་ལས། གཏེར་སྟོན་དེ་ཚོའི་ལུགས་ལ་ཡི་གེའི་སྦྱོར་བ་དང་བརྡ་དག་གཞན་ཞིག་ཡོད་མི་སྲིད། འདིར་བཤད་མ་ཐག་པའི་བཙུན་པ་གཞོན་འབུམ་གྱིས་མ་རྒྱུད་དཔེ་བཤུ་བྱས་དུས་ “ ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང། ” ཞེས་པ་འདི་ཁོ་ནས་གཏེར་ཤོག་ཏུ་འཁོད་པའི་ཡི་གེའི་རྣམ་པ་གང་འཚམས་ཞིག་རྟོགས་ཐུབ། དེ་ཙམ་གྱིས་མ་ཚད་གཏེར་ཤོག་གི་སྐོར་ལ་གོ་རྟོགས་གང་ཡང་མེད་པའི་གློ་བལ་གྱི་རྐུན་པོ་ཨ་ཙ་ར་གསུམ་གྱིས་ཀྱང་དཔེ་སྒྲོམ་ཁ་ཕྱེས་པ་དང་བོན་དང་ཆོས་གང་ཡིན་ལམ་སང་ཤེས་ཐུབ་འདུག་སྟབས། དེས་ན་གཏེར་དཔེ་དེ་ཚོར་ཆེས་གསང་བ་ཅན་གྱི་སྐུང་ཡིག་དང་ལོག་ཡིག་ཅིག་སྤྱད་མེད་པ་ནི་གསལ་པོ་རེད།

  ལྷག་པར་རིག་པས་ཞིབ་དཔྱད་བྱ་ན་གཞུང་པོད་གཅིག་གི་གཏེར་ཤོག་ཏུ་འཁོད་པའི་ཡིག་གྲངས་དང་ད་ལྟའི་མཇལ་ཡུལ་དུ་གྱུར་པའི་གཞུང་པོད་གཅིག་གི་ཡིག་གྲངས་ཧ་ལམ་འདྲ་མཚུངས་སུ་ཡོད་པ་ནི། གོང་ཞུས་ཤོག་སེར་གཅིག་གི་ཚད་ལ་གཞི་བཅོལ་ཏེ་ཤོག་སེར་ཁ་གང་ལ། ཡིག་ཕྲེང་ཉི་ཤུ་ནས་བཞི་བཅུ་བར་ཅི་རིགས་སུ་བྲིས་ཡོད་པ་དཔེར་མཚོན་འགའ་གླེང་ན། གསས་མཁར་ཏིང་མུར་གཡུ་རྩེའི་བསྙེན་བསྒྲུབ་རྩ་བའི་རྒྱུད་ལྟ་བུར། ཤོག་སེར་བདུན་ལ་ཡིག་ཕྲེང་སུམ་བརྒྱ་ལྷག་ཅིག་ཡོད་པ་སྟེ། << གསང་ཐིས་ཐེག་ལེའི་བཀོད་པ་གཡུང་དྲུང་ཐེག་པ་ཆེན་པོའི་རྒྱུད་ >> ལས། “ ཤོག་སེར་བདུན་ཡིག་འཕྲེང་སུམ་བརྒྱ་སུམ་ཅུ་སོ་ལྔ་པ་ལ་གཏུགས་སོ། ། ” ཞེས་དང་། ཡང་དེ་ཉིད་ལས། “ ཡང་གསང་འཕྲུལ་གྱི་ལྡེ་མིག་ཐིག་ལེ་དགུ་པའི་ལས་གཞུང་ལ། ཤོག་སེར་དམར་སྐྱ་དྲུག་འདུག་པ་ལ། ཡིག་འཕྲེང་བརྒྱ་དང་དགུ་བཅུ་གོ་གསུམ་འདུག་པའི་བུ་དཔེ་ལས་ཞལ་བཤུས་སོ། །ཚག་ཤད་ཡན་ཆད་དཔའ་བོ་ཅན་བྱས། ” ཞེས་དང་།

  དེ་བཞིན། ཐིག་ལེ་སྒྲུབ་པའི་སྨད་འགྲེལ་ལ། ཤོག་སེར་བཅུ་དྲུག་ལ། ཡིག་ཕྲེང་བརྒྱ་དང་གྱ་བདུན་དང་། ཡང་། གཡུ་འབྲང་བདུད་རྩི་ཨ་དཀར་ལོངས་སྤྱོད་སྨན་གྱི་ལག་ལེན་གསལ་བའི་སྒྲོན་མ་ལ། ཤོག་སེར་བཞི། ཡིག་ཕྲེང་བརྒྱ་དང་སོ་གཉིས་དང་། ཡང་། བཀའ་སྒྲོམ་གསང་བའི་ཡང་བཅུད་ཉི་ཟེར་ཞགས་པའི་ལ་བཟླ་ལ། ཤོག་སེར་སུམ་ལྟེབ་བྱས་པ་ལྔ་ལ། ཡིག་ཕྲེང་བརྒྱ་དང་བརྒྱད་ཅུ་རྩ་གཅིག་ཡོད་པ་དང་། ཡང་། ཡང་གསང་རྩོད་ཟློག་འདྲེ་བགེགས་བསྲེགས་པའི་ཡིག་ཆུང་ལ། ཤོག་སེར་གཉིས། ཡིག་ཕྲེང་དོན་གསུམ་ཡོད་པ་དང་། ཡང་། དབྱིལ་སྟོན་གྱིས་བཏོན་པའི་སྙན་རྒྱུད་ཨ་གསལ་སྒྲོན་མེའི་ཅ་ལག་བཅས་ལ་ཤོག་སེར་སུམ་ལྟེབ་གཉིས་ལ། ཡིག་འཕྲེང་ཉི་ཤུ་ཐམ་པ། ཉི་ཤུ་རྩ་གཉིས། བཅོ་ལྔ་སོགས་ཡོད་པ་དང་། ཡང་། ཡོངས་རྩེ་སྙན་བརྒྱུད་དམར་བྱང་ཆེ་ཆུང་གི་སྐོར་ལ་ཤོག་དྲིལ་བཅུ་གཅིག་ཡོད་པ་དང་། ཡང་། བདེན་པ་བོན་གྱི་མཛོད་སྒོ་ལྟ་བུ་ལ་ཤོག་སེར་དགུ་དང་། རེ་རེར་རྒྱབ་ལྟེབ་བཅུ་རེ་བྱས་ཡོད་པར་གསུངས་པ་དང་། དེས་ན་ཤོག་སེར་ཁ་གང་ཞིག་ལ་ལྟེབ་བཅུ་བརྒྱབ་པ་དང་། ལྟེབ་རེ་ཤོག་གུ་མདའ་ཚད་མ་ཟེར་བ་དེའི་ཚད་རེ་ཡིན་པའི་དབང་དུ་བཏང་། དེར་རྒྱབ་མདུན་གཉིས་རེ་བརྩིས་ན་བདེན་པ་བོན་གྱི་མཛོད་སྒོའི་གཏེར་ཤོག་ལ་ཤོག་ངོས་མདའ་ཚད་མ་ཉིས་བརྒྱ་མ་ཟིན་ཙམ་ཞིག་ཡོང་གི་འདུག

  ཡང་། ཅོག་ལ་གཡུ་སྐྱིད་ཀྱིས་ཁམས་བརྒྱད་དཔེ་བཤུ་གནང་སའི་ཁམས་ཆེན་ལ་ཤོག་དྲིལ་སུམ་ཅུ་སོ་གསུམ་ཡོད་པར་བཤད། ཤོག་དྲིལ་སོ་གསུམ་ལ་གོང་སྨྲས་ལྟར་ལྟེབ་བཅུ་གྲངས་ཞིག་བརྒྱབ་ཡོད་པའི་དབང་དུ་བཏང་ན། ཁམས་ཆེན་གྱི་གཏེར་ཤོག་ལ་ཤོག་ངོས་མདའ་ཚད་མ་དྲུག་བརྒྱ་དྲུག་བཅུ་ཙམ་ཡོང་གི་ཡོད་སྟབས། ཕལ་ཆེར་ད་ལྟར་ང་ཚོས་མཇལ་ཡུལ་དུ་གྱུར་པའི་ཁམས་ཆེན་དང་བདེན་པ་བོན་གྱི་མཛོད་སྒོའི་ཡིག་གྲངས་ཀྱི་བབས་དང་ཧ་ལམ་མཚུངས་པར་གྱུར། འདི་དག་ལ་གཞི་བཅོལ་ཏེ་བསམ་གཞིག་བྱ་ཚེ། ཚིག་གི་གྲངས་དང་དོན་གྱི་བསྡུ་ཚུལ་གང་ལའང་པོད་དང་གཞུང་ལེའུ་སོགས་གང་ཡིན་ནའང་ཐད་ཀར་ཤོག་སེར་དུ་བྲིས་ཡོད་པ་ལས། གཞུང་ཆེན་རེ་རེ་སྐུང་ཡིག་དང་བརྡ་ཡིག་ཁ་ཤས་ཞིག་གི་ནང་བསྡུས་མེད་པ་ནི་ཧ་ཅང་གསལ་པོ་རེད་འདུག་སྙམ།

  ཡང་ཡི་གེའི་བང་ཚད་ཀྱི་སྐོར་ལ་འབྲི་སྟངས་དམིགས་བསལ་བ་ཞིག་ཡོད་ན་ཐང་སྟེ། དཔེར་ན། “ ངན་སོང་མ་རིག་སྐྱེ་སྒོ་གཅོད་པའི་མདོ་ཞེས་བྱ་བ་རྫོགས་སོ། །གཏེར་སྟོན་ལྷུན་གྲུབ་ཐོག་མེད་ཀྱིས་ཤོག་སེར་ཡིག་ཆུང་ལ་ཡོད་པ་ཕབ་པའོ། ། ” ཞེས་པས་མཚོན་དཔེ་ཆ་མང་པོའི་མཇུག་ཏུ་ཤོག་སེར་ཡིག་ཆུང་ཞེས་པ་འདི་ཐོན་བཞིན་ཡོད་པས། འདིའི་ཡིག་ཆུང་ཞེས་པ་ནི་ད་ལྟ་ང་ཚོས་མཐོང་ཐུབ་པའི་གློ་དོལ་ཕྱོགས་ཀྱི་བོན་དཔེ་རྙིང་པ་མང་པོ་ཞིག་ལ་ཚགས་དང་དཔུང་འཐུག་ལ། ཀློག་དཀའ་བའི་དབུ་མེད་ཚུགས་མ་འཁྱུག་གི་ཡིག་ཆུང་ཞིག་འབྲི་སྲོལ་བྱུང་འདུག་པ་འདི་ལྟ་བུ་ཞིག་ཀྱང་ཡོད་སྲིད་པ་རེད་དྲན།

  ཡིག་རིགས་ཀྱི་ཐད་ལ་ཞང་ཞུང་སྨར་ཡིག་དང་སྟག་གཟིག་སྤུངས་ཡིག་སོགས་ཅི་རིགས་སུ་ཡོད་པར་སྣང་སྟེ། གཞོན་འབུམ་གྱིས་གུ་རུ་རྣོན་རྩེའི་བོན་གཏེར་མ་རྒྱུད་དཔེ་བཤུ་སྐབས། གོང་ཞུས་མ་རྒྱུད་པོད་ལས། “ སྤྲུལ་སྐུ་འགུ་རུ་རིན་པོ་ཆེ་ལ་བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དཀར་དངོས་ལ་བྲིས། མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདི་འདྲེས་མར་སྣང་ངོ་། །དག་པར་བྲིས་སོ། ། ” ཞེས་དང་། ཡང་། “ ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་ཁྲོལ་བ་མ་བྱུང། ” ཞེས་པ་ལྟ་བུ་དང་། ཡང་། དབྲ་གྱེར་ཐོག་མེད་ཀྱི་བོན་གཏེར་སྐབས་སུ་ལེགས་བཤད་མཛོད་ལས། “ དེ་ནས་བརྐོས་པས་ཤོག་སེར་རྣམས་བྱུང་སྟེ་བོད་ཡིག་ཏུ་ཕབ་པའི་ཐེམ་བྱང་ནི། ཤེས་རབ་རྫོགས་པ་གསང་བའི་འབུམ། ” ཞེས་སོགས་དང་། ཡང་། སྐུ་མདུན་བསོད་ནམས་བློ་གྲོས་ལ་མཁའ་འགྲོས་ལུང་བསྟན་ནས་དྭང་ར་ཁྱུང་རྫོང་ནས་གཏེར་ཞལ་ཕྱེས་སྐབས། གོང་ཞུས་ལས། “ སླར་ལྕགས་མོ་ཡོས་ལོ་ཟླ་བ་དང་པོའི་ཚེས་ལ་མཁའ་འགྲོའི་བཀའ་རྒྱ་ཡོལ་ནས་ཤོག་སེར་ཡིག་ཕྲེང་སུམ་ཅུ་ཐམ་པ་སླར་བོད་ཤོག་ལ་ཕབ་སྟེ། ” ཞེས་དང་། ཡང་དེ་ཉིད་ལས། “ གཏེར་སྟོན་གོ་ལྡེ་འཕགས་པའམ་དབང་ལྡན་གཤེན་སྲས་ལྷ་རྗེའམ་གཉོས་ཉི་མ་ཤེས་རབ་ཀྱིས་གཏེར་གནས་གཉིས་ནས་གདན་དྲངས་ཏེ། རྐེ་བུ་ན་རོའི་གསང་ཕུག་ཏུ་དག་པ་ལྷའི་ཡི་གེ་བོད་ཡིག་ཏུ་བསྒྱུར་ནས་ཕབ་པའོ། །” ཞེས་པ་སོགས་ཀྱིས་མཚོན་གཏེར་ཤོག་གི་ཡི་གེ་བོད་ཡིག་ཁོ་ན་ཡང་མིན་པར་མ་དཔེ་ཡིག་རིགས་གཞན་ནས་བོད་ཡིག་ཏུ་ཕབ་པའང་བྱུང་འདུག་པས་ཤེས་སླ།

  གང་ལྟར་ང་ཚོས་གཏེར་སྟོན་ཟེར་བ་ནི་ཆེས་བསམ་བཞིན་དུ་འགྲོ་དོན་བྱོན་པ། ལུང་གིས་ཟིན་པའི་སྐྱེས་བུ། རིག་སད་པ་སོགས་ཇི་ལྟར་འགྲེལ་ཡང་། དོན་ངོ་མ་གཏེར་སྟོན་དེ་ཚོར་ཡོན་ཚད་ཡོད་མེད་ཅི་རིགས་ཀྱིས་གཏེར་དཔེ་དེ་ཚོ་ཐད་ཀར་ལམ་སང་དཔེ་བཤུ་བྱ་ཆོག་ཆོག་ཅིག་མིན་པར་མ་ཟད་། གཏེར་དཔེའི་སྐོར་སློབ་སྦྱོང་ཡང་བྱ་དགོས་ཀྱིན་ཡོད་འདུག་སྟེ། གཏེར་སྟོན་ཁུ་ཚས་གནུབ་ཡུལ་རོང་གི་མགར་ནག་འབུམ་ཆུང་ལ་གཏེར་ཤོག་བསྟན་སྐབས། མཁས་པ་སྒ་སྟོན་གྱིས་མཛད་པའི་ << གཏེར་གྱི་ཁ་བྱང་ >> ལས། “ མགར་གྱིས་བདག་གིས་སྔར་གྱི་བོན་ལྷོ་གཏེར་ལ་སློབ་གཉེར་བག་རེ་བྱས། ཆོས་ཡོད་ཀྱང་མི་ཞུ། བོན་ཞིག་ཞུ་བྱས་ནས། ” ཞེས་པ་སོགས་ཀྱིས་མཚོན་གཏེར་ཤོག་རང་གིས་མ་ཤེས་ནས་མི་གཞན་གྱིས་ཕབ་པ་གང་མང་བྱུང་འདུག་པ་སྔར་ཞུས་ཟིན་པ་ལྟར་དང་།

  ཡང་བན་བོན་གྱི་གཏེར་མ་ཟེར་བ་དེ་ཚོའི་ནང་གཏེར་ཤོག་རེའི་ནང་ཡིག་རིགས་མང་པོ་མཉམ་དུ་བྲིས་པའང་ཡོད་འདུག་སྟེ། << ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ། >> འཇམ་མགོན་ཀོང་སྤྲུལ་གསུང་འབུམ། རིན་ཆེན་གཏེར་མཛོད། དེབ་ཨང་། ༥ ལས། “ འོན་ཀྱང་རྫོགས་ཆེན་འཁོར་འདས་རང་གྲོལ་སྒྲ་རིགས་མི་འདྲ་བ་དང་ཡིག་རིགས་མི་འདྲ་བ་བརྒྱ་རྩ་ཡོད་པའི་གཏེར་ཡིག་གི་མགོར་བོད་ཡིག་ཏུ། སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་འཕྲད་པར་ཤོག༔ དེ་མིན་སྙིགས་རུས་གཞན་གྱིས་ཁྲོལ་རེ་ཀན༔ ཞེས་པ་ཡོད་ཅིང་གཏེར་སྟོན་ཉིད་ཀྱིས་ཀྱང་ཤོག་སེར་མ་ཁྲོལ་བས། གཏེར་སྟོན་གྱི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་ཀརྨ་པ་རང་བྱུང་བ་སོགས་མཁས་གྲུབ་མང་པོ་ལ་བསྟན་ཀྱང་འགྲོལ་མ་ཐུབ། ” ཅེས་དཔེ་ཆ་གཅིག་ལ་ཡིག་རིགས་མི་འདྲ་བ་བརྒྱ་རྩ་ནང་བྲིས་ཡོད་པ་བཤད་ཁག་ཀྱང་། གཏེར་སྟོན་དང་གཏེར་དཔེ་ཕབ་བཤུ་བྱེད་མཁན་དེ་ཚོས་ཡིག་རིགས་གཞན་མ་མཁྱེན་ན་སྐབས་འགར་ཁག་ཙམ་འབྱུང་གི་ཡོད་པ་ནི་ལོ་རྒྱུས་དུམ་བུ་འདིས་ར་སྤྲོད་བྱས་ཡོད། །

གཏེར་གནས་སྐོར།

  དེ་ལྟར་གཏེར་དང་གཏེར་སྟོན་དེ་ཚོས་ས་གནས་གང་དང་གང་ནས་གཏེར་རྙེད་ཡོད་པའི་ལོ་རྒྱུས་ཞིབ་ཕྲ་བན་ཕྱོགས་སུ་འཇམ་མགོན་ཀོང་སྤྲུལ་གྱི་གསུང་འབུམ་རིན་ཆེན་གཏེར་མཛོད་དང་། བདུད་འཇོམས་ཆོས་འབྱུང་སོགས། བོན་ཕྱོགས་སུ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། གཏེར་གྱི་ཁ་བྱང་། བསྟན་འབྱུང་དར་རྒྱས་གསལ་སྒྲོན་སོགས་སུ་གསལ། ལྷག་དོན་བོན་ཕྱོགས་སུ་ལྷོ་གཏེར་དང་བྱང་གཏེར། དབུས་གཏེར་དང་ཁམས་གཏེར། གཏེར་གསར་སོགས་ས་ཆའི་བབ་དང་བསྟུན་ནས་དབྱེ་ཚུལ་ཞིབ་ཕྲ་ཡོད་མོད་ཀྱང་སྐབས་སུ་བབ་མིན་ལ་འདིར་མ་གླེང་། ཡིན་ནའང་འགའ་ཞིག་གིས་གཏེར་དཔེ་དེ་ཚོ་བོད་ཡུལ་གྱི་ས་ཆ་གང་ནས་བླངས་དང་མ་འོངས་པར་ལེན་རྒྱུ་ཡོད་སྲིད་དམ་སྙམ་མཁན་རྣམས་ཀྱི་ཆེད་འདིར་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནས་ཅུང་ཞིག་འགོད་ན།

  དེ་ཡང་གཏེར་བོད་དུ་སྦས་པའི་ས་ནི། ནུབ་ཕྱོགས་ཨུ་རྒྱན་ཞང་བོད་ཀྱི་རུ་འཚམས་ཁྱུང་ལུང་དང་། ཤར་ཕྱོགས་རྒྱ་དང་བོད་ཀྱི་མཚམས་སུམ་པ་གླང་གི་གྱིམ་ཤོད། ལྷོ་ཕྱོགས་བལ་པོ་དང་བོད་ཀྱི་མཚམས་བྲག་སྨྱུག་མ་བུ་ཁུར་ཅན་དང་། བྱང་ཕྱོགས་ཧོར་དང་བོད་ཀྱི་མཚམས་ལི་བྱི་སྒོང་རིང་སོགས་ནི་སྔོན་གཤེན་རྣམས་ཀྱིས་བོན་དཔེ་མང་པོ་ཞིག་གཏེར་ཤོག་ཏུ་ཕབ་ས་ཡིན་ལ།

  དེ་མིན་གཏེར་གྱི་རྒྱལ་པོ་བཞི་ནི། བསམ་ཡས་མཆོད་རྟེན་ནག་པོ། མཆིམས་ཀྱི་གད་པ་སྟག་འབྲིང་། ར་སའི་འཕྲུལ་སྣང་། གཙང་སྟོད་བྱེ་མ་གཡུང་དྲུང་དང་བཞི་ཡིན།

  གཏེར་གྱི་བློན་པོ་སུམ་ཅུ་རྩ་བདུན་ནི། གློ་ཡུལ་གང་འབར། གངས་ཏི་སེའི་མགུལ། སྤོས་རི་ངད་ལྡན་གྱི་ཤར། མང་ནམ་བྲག་ཕུག །མང་ཡུལ་བྱམས་སྤྲིན། ཁྱུང་ལུང་དངུལ་མཁར། ཟ་དུམ་དབུ་རྩེ། སྤ་གྲོ་སྟག་ཚལ་སེང་གེ་ཕུག སྐུ་ལྷ་ཐང་ལྷའི་མགུལ། གཡོན་རུ་ཀ་ཚལ། སྐུ་ལྷ་སྐྱོག་ཁྲོམ་གྱི་རྩེ། སྤ་ཤ་གངས་ཀྱི་རྩེ་མོ། བྱང་སྒྲོ་རྩ། ཅོ་རོ་མཐའ་དཀར། ལྷོ་བྲག་ཁོམ་མཐིང་། གཡས་རུ་གཙང་འཕྲང་། གཡས་རུ་ཁྲ་འབྲུག བྲག་རྒྱ་བོ། རྟ་སྒོ་གངས་མདུན། མང་མཁར་ལྕགས་འཕྲང་། ཟང་ཟང་ལྷ་བྲག ཡར་ལྷ་ཤམ་པོ། རྨ་པོམ་རའི་གཡས་ཟུར། མཚལ་གྱི་ཕུག་མོ་ཆེ། ལྷོ་བྲག་མཁར་ཆུ། ལྷོ་ནུབ་ཁ་བྱང་། གོང་གི་དབུ་རྩེ། གསེར་ཐང་ཤ་བ་ཅན། ཚ་བ་རོང་གི་སྙོག ལྕུམ་ནག་པོའི་བྲག རྟ་ནག་རྐྱང་ཕུ། སྐྱ་རའི་ཕུ། བྲུང་གི་གཡའ་སིལ། མང་ཡུལ་བྱང་ནམ། སྤ་གྲོ་སྐྱེར་ཆུ། བྲག་གུ་གསང་དམར། ཉན་གྱི་སེ་བོ་རི་རྣམས་ཡིན།

  གཏེར་གྱི་ཡང་བློན་ཆེན་པོ་གཅིག་ནི། བོད་ཡུལ་དབུས་ཀྱི་ལྷ་སའི་ཡང་དབེན་ཡེར་པའི་རྫོང་དང་། གཞན་ཡང་བྱེ་བྲག་གཏེར་གནས་འགའ་ནི། གནམ་མཚོ་ཕྱུག་མོའི་གོང་། ཕ་བོང་རུ་རྩེའི་ཤར། སེང་གེ་ཁ་ཡེལ། བསམ་ཡས་ཕྱོགས་སུ་དབུས་ཀྱི་ཀ་བ། ཟུར་བཞིའི་ཀ་བ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ རྒྱལ་བ་བྱམས་པའི་བྱིན་པ། གཤིན་རྗེ་གཤེད་ཀྱི་ཐུགས་ཀ རྟ་མགྲིན་གྱི་ཐུགས་ཀ བསམ་ཡས་ལྷ་ཁང་གི་སྒོ་དང་། མ་ཐེམ། རུ་ནོན་གྱི་ལྷ་ཁང་རྣམས། མཆོད་རྟེན་དམར་པོ། ཕོ་བྲང་བསྭེ་སྒོ་ཅན། ཁྲོམ་པ་གྱང་། གད་ཀྱི་བྱི་བ་མཁར། ལོང་འགྲོ་རྟག་རྫོང་། ཁྲི་འོད་སྟག་རྩེ་སོགས་ཡིན་པར་བཤད་དོ། །

མཇུག་བསྡུ་བ།

  དེ་ལྟར་བན་བོན་གྱི་གཏེར་སྟོན་གང་མང་ཞིག་བྱོན་ནས་གཏེར་གྱི་དཔེ་ཆ་གྲངས་མེད་ཅིག་བཏོན་ཟིན་པ་འདི་དག་ལ་རྗེས་འཇུག་ཚོས་དད་པ་དག་སྣང་། ཡིད་ཆེས་དང་བཀུར་བསྟི་ཁོ་ནས་ཉམས་སུ་ལེན་དང་སློབ་གཉེར་གནང་བ་གཅིག་པུས་མི་འགྲིག་ལ། ལྷག་དོན་དུས་དང་བསྟུན་ཏེ་ཆེས་ནང་དོན་ཕུན་སུམ་ཚོགས་པའི་འཛམ་གླིང་ཤེས་རིག་གི་གཏེར་མཛོད་ཆེན་མོ་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་དཔེ་ཚོགས་འདི་དག་གི་བྱུང་རིམ་རྣམས་ང་ཚོས་འགྲོ་བ་མི་རིགས་ཀྱི་ལོ་རྒྱུས་རིག་པའི་འཁོར་ཡུག་ཅིག་ལ་སྦྱར་ཏེ་ཞིབ་འཇུག་དང་སློབ་སྦྱོང་། དཔྱད་པ་དང་དག་ཐེར་བྱ་དགོས་དང་ཆོག་པའང་ཡིན་ཏེ། གཤེན་རབ་ཀྱི་བཀའ་མདོ་དྲི་མེད་ཀྱི་བོན་འཁོར་བསྟན་པའི་ལེའུ་ལས། “ གང་ཞིག་བཀའ་ལས་འབྱུང་གྱུར་ན། །དེ་ཉིད་རིག་པའི་གཞལ་མེད་ན། །སྙིང་པོའི་དོན་མཆིས་ག་ལ་འགྱུར། །དེ་ཕྱིར་རིག་གཞལ་དོན་ཡོད་བྱ། ། ” ཞེས་དང་། སློབ་དཔོན་ཞི་བ་འཚོས་མཛད་པའི་དེ་ཁོ་ན་ཉིད་བསྡུས་པའི་ཚིག་གི་ལེའུ་ལས། བཅོམ་ལྡན་འདས་ཀྱི་གསུང་དྲངས་པ། “ དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །” ཞེས་བན་བོན་གྱི་སྟོན་པ་རྣམ་པ་གཉིས་ཀས་རང་གིས་གང་གསུངས་པ་དེ་དག་དད་པ་དང་གུས་པ་བྱ་ཡུལ་ཁོ་ན་མིན་པར་དེར་བརྟག་པ་དང་དཔྱད་པ། རྩོད་པ་དང་དག་ཐེར་དགོས་པར་གསུངས་ཡོད།

  རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལན་གུས་པས་བན་བོན་གྱི་གཏེར་དང་གཏེར་སྟོན། གཏེར་ཤོག་དང་གཏེར་ཡིག་སོགས་ལ་དད་པ་དང་དག་སྣང་གི་བློ་རེ་ཞིག་ཟུར་དུ་བཞག་སྟེ། སྐབས་བབ་གཞུང་དོན་གྱི་ལོ་རྒྱུས་རྣམས་སུ་གསལ་བའི་ལུང་ཚིག་དེ་དག་གོང་འོག་བསྒྲིགས། དེར་མི་ཡི་རིགས་ཀྱི་ལོ་རྒྱུས་རིག་པའི་ལམ་ནས་བརྟག་དཔྱད་ཞིབ་མོལ་བྱས་ཏེ་འདིར་གང་བྲིས་པ་འདི་དག་ལ་དགག་བཞག་དང་སླར་དཔྱད་སོགས་གང་འབྱུང་ཡང་ལེགས་གསོལ་ཞུ་རྒྱུ་ཡིན་ལ། འདིར་སྔར་མ་གྲགས་པའི་གཏམ་དང་གླེང་རིན་ཡོད་པའི་རིག་དཔྱད་གསར་པ་རེ་ཡང་ཡོད་སྲིད་ཚེ་དེ་དག་གནམ་ལོ་གསར་ཚེས་ཀྱི་ལེགས་སྐྱེས་ཞིག་ཡིན་པས་གྲོགས་རྣམས་ཀྱིས་དགྱེས་བཞེས་མཛོད་ཅིག་གུ། ། །།

  ཞེས་བན་བོན་གྱི་གཏེར་དང་གཏེར་སྟོན། གཏེར་ཤོག་དང་གཏེར་ཡིག་སོགས་ལ་ཅུང་ཞིག་དཔྱད་པའི་རྩོམ་ཐུང་འདི་ཉིད་གནའ་སྲོལ་རིག་གཞུང་ལ་དད་གུས་ཆེ་ཞིང་དེང་རབས་ཤེས་ཡོན་ལ་མོས་པ་ལྡན་པའི་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡ ཉིན་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་མཇུག་རྫོགས་པར་བྲིས་སོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།