ཞང་བོད་གསོ་རིག་གི་ཐོག་མའི་བྱུང་བ་བརྗོད་པ་དང་ཆབ་མདོའི་བོན་གྱི་གསོ་རིག་འཕེལ་རིམ་ངོ་སྤྲོད་མདོར་བསྡུས།
[ཟླ་ཚེས། 2020-10-18 10:46:32][རྩོམ་པ་པོ། གླིང་སྨན་གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞང་བོད་གསོ་རིག་གི་ཐོག་མའི་བྱུང་བ་བརྗོད་པ་དང་ཆབ་མདོའི་བོན་གྱི་གསོ་རིག་འཕེལ་རིམ་ངོ་སྤྲོད་མདོར་བསྡུས།
གླིང་སྨན་གཡུང་དྲུང་བཀྲ་ཤིས།
དང་པོ། ཞང་བོད་གསོ་རིག་གི་ཐོག་མའི་བྱུང་བ་བརྗོད་པ།
དེ་ཡང་ཡུལ་གངས་ཅན་པའི་གསོ་དཔྱད་ཐོག་མ་ནི་བོད་རང་ས་ནས་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱིས་གསུངས་དྲང་སྲོང་ཆེན་མོ་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་ནས་དར་སྤེལ་མཛད་པ་ནི་དེང་དུས་ཡོངས་གྲགས་ལྟ་བུ་ཡིན་ཞིང་། ཁོང་ནི་བོན་གྱི་ལོ་རྒྱུས་གཏན་ཚིགས་ངེས་པའི་གལ་མདོ་ལས། གཤེན་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ། གསོ་དཔྱད་སྨན་གྱི་བསྟན་པ་སྤེལ། ནད་དང་དུག་གི་བར་ཆོད་བསལ། ཞེས་གསུངས། བོན་རང་ལུགས་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་༡༤༤༩༦འབྱུང་ལྡན་ཉེར་དྲུག་གི་ཤིང་ཕོ་སྤྲེལ་ལོར་འཁྲུངས་པར་བཞེད། མཁས་དབང་ནམ་མཁའ་ནོར་བུས་སྤྱི་ལོའི་སྔོན་ལོ་༡༨༠༠ནང་ཚུན་འཁྲུངས་པར་བཞེད་པས་དེ་ལྟར་བརྩིས་ན་ད་བར་ལོ་བཞི་སྟོང་གི་ལོ་རྒྱུས་ལ་ཉེ་བ་ཡོད། གང་ལྟར་བོད་རང་ས་ནས་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱི་སྐུ་ཡི་སྲས་གཉིས་པ་ཡིན་ཞིང་། གསོ་དཔྱད་སོགས་སྨན་གྱི་གཉེར་གཏད་མཛད་སའི་སློབ་མའི་གཙོ་བོ་ཡིན་སྐོར་ནི་དཔྱད་རྒྱུད་བདུད་རྩིའི་བུམ་པ་ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་དགུ། མན་ངག་ལན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་དུ་གཏན་ལ་ཕབས་ནས་བཤད་པར་མཛད་དེ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། ཅེས་གསུངས་པར་གཞིགས་ན། ནད་ཀྱི་རྒྱུ་རྐྱེན་དབྱེ་བ་དང་། བལྟ་རེག་དྲི་གསུམ་གྱི་བརྟག་ཐབས། སྨན་ལ་ཞི་སྦྱོང་། དཔྱད་ལ་གཏར་བསྲེག་དབུག་གསུམ་དང་དུག་ལུམས་བྱུག་གསུམ་སོགས་ཀྱི་གཞུང་ལུགས་ཆ་ཚང་པར་གཏན་ལ་ཕབས་པའི་ཁུངས་ལྡན་ལོ་རྒྱུས་གྱེར་དུ་ཡོད། །
དེང་གི་ཆར་བོད་ཀྱི་གསོ་རིག་ཕལ་གྱི་ཕྱི་མོར་བཞུགས་པ་ནི་དཔྱད་བུས་བསྡུས་པའི་སྨན་གྱི་འབུམ་བཞི་འདི་ཉིད་ཡིན་ཅིང་། ད་དུང་ཁོང་ནས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་དང་། དབང་པོ་རིལ་བུའི་ལག་ལེན། རྩ་འགྲེལ་ལེའུ་བདུན་པ། དཔྱད་རྒྱུད་ཟླ་བའི་འོད་ཟེར། དཔྱད་རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་། བྱིས་ནད་བརྟག་བཅོས་ཆུང་དཔྱད་མེ་ལོང་། བྱིས་པའི་རྣ་རྩ་བརྟག་པའི་ཡིག་ཆུང་། ཤིང་སྦྱོར། རྡོ་སྦྱོར། ལྡུམ་སྦྱོར་སོགས་གསོ་དཔྱད་ཀྱི་གཞུང་ལུགས་སྣ་ཚོགས་ཡོད་པར་གྲགས་ཅིང་དེ་དག་ལས་མཇལ་དུ་ཡོད་པའི་སྨན་དཔེ་མི་ཉུང་བ་ཞིག་ད་ལྟར་ཡང་དངོས་སུ་བཞུགས་ཡོད། ཐོག་མར་ཐུགས་འབུམ་ནམ་མཁའ་སྔོན་པོ་དགའ་ལྡན་དུ་བསྟན་ཟིན་རྗེས་ཕྱིས་བསྟན་པ་གཉེར་གཏད་སྐབས་རིག་པའི་གནས་ལྔ་ལ་འབུམ་གསུམ་རེ་བསྟན་པ་ལས་སྐབས་དོན་གསོ་བ་རིག་པའི་འབུམ་གསུམ་ནི་སྲས་དཔྱད་བུར་བསྟན་པ་སྟེ། 《རྣམ་པར་རྒྱལ་བའི་གཟུངས་ཆེན་ལས།》 གསོ་བྱའི་ནད་འབུམ་ནག་པོ། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ་རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ། །ཞེས་དང་《བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས།》 ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས། །ཚུལ་མིང་གཤེན་རབ་ཚུལ་འབར་ཁྲི་ཤེས་གསོལ། །ཞེས་གསུངས། ད་དུང་སྟོན་པའི་མཛད་རྣམ་རྒྱས་པ་《མདོ་དྲི་མེད་གཟི་བརྗིད་ལས།》ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་བཤད་པར་མཛད་དོ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། ཞེས་འཁོད་པ་མ་ཟད། དཔྱད་བུ་ཁྲི་ཤེས་ནི་སྟོན་མཆོག་གཤེན་རབ་མི་བོས་བསྟན་པའི་གསོ་དཔྱད་བཀའ་ཡི་བསྡུ་བ་པོ་གཙོ་བོ་ཡིན་སྐོར་ནི། 《བསྟན་པ་གཉེར་གཏད་ཀྱི་མདོ་》 ལས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་དང་། །རིག་པའི་དཔྱད་ལ་རྣོ་བས་དཔྱད། །སེམས་ཉིད་ཡོངས་ལ་བྱམས་པས་བུ། །དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི། །དེ་ཡི་ཕྱིར་ན་དཔྱད་བུ་ཁྲི་ཤེས་སོ། །ཞེས་དཔྱད་བུ་ཁྲི་ཤེས་ཀྱི་མཚན་འདོགས་དང་འབྲེལ་བའི་འགྲེལ་བརྗོད་ཀྱང་ཞིབ་པར་གསལ་ལོ། །
ད་དུང་བོད་ཀྱི་གསོ་རིག་གཤེན་རབ་ཡབ་སྲས་སྐུ་དུས་དབུ་བརྙེས་པ་དང་ཞང་བོད་ལྗོངས་ལ་གནའ་རབས་གསོ་ཐབས་ཕུན་སུམ་ཚོགས་པོ་ཡོད་པའི་ཤེས་བྱེད་གཞན་འགའ་འགོད་ན། དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འབྱུང་ལྡན་ཉེར་ལྔ་པའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་རྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས། གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་དང་། མཁས་མཆོག་དེལ་དམར་མཆོག་གི་ཟབ་གསལ་སྙིང་ཐིག་ཏུ་《དུག་བཅོས་གཡུང་དྲུང་འཁྱིལ་བ་》ལ་ཁུངས་གཏུག་དང་དེ་ལས་ལུང་འདྲེན་གསལ་བར་མཛད་ཡོད་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་《གསོ་རིག་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་》ལས། སྔ་རབས་པ་འགས་བྱས་པ་ཡི། གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། དེ་ནི་མ་བརྟག་གཏམ་ཡིན་ཏེ། ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། བི་བྱི་བི་ལྷ་གཉིས་བྱོན་ཏེ། འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། སྤེལ་བའི་ཐོག་མར་དབུ་བརྙེས་ལས། འདི་དུས་བོད་ཀྱི་གསོ་དཔྱད་དབུ། བརྙེས་པར་བརྗོད་ན་མངོན་སུམ་འགལ། གངས་ཅན་བོད་ཀྱི་གསོ་དཔྱད་ནི། གཉའ་ཁྲི་བོད་རྗེར་མ་བྱོན་གོང་། སྟོན་པ་གཤེན་རབ་མི་བོ་ཆེ། ཞང་ཞུང་འོལ་མོ་ལུང་རིང་བལྟམས། དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། དཔྱད་བུ་ཁྲི་ཤེས་ལ་སོགས་པའི། རྗེས་འཇུག་མཁས་པ་མང་བསྐྱངས་ནས། བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། གཡུང་དྲུང་བོན་ལ་རླུང་ལྟར་གྲགས། དེས་ན་བོད་ཀྱི་གསོ་དཔྱད་དབུ། གཡུང་དྲུང་བོན་གྱི་དུས་སུ་བརྙེས། ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་དབུབས་》ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། ཞེས་དང་། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་མན་ངག་པོ་ཏིདམར་པོའི་ནང་བྱིས་པའི་རྣ་རྩ་བརྟག་ཐབས་ཀྱི་དབུར། དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་ཕྱག་འཚལ་ལོ། ཞེས་འཁོད་པ་དང་། དྭག་པོ་ལྷ་རྗེས་མཛད་པའི་《དྭག་པོའི་སྙིང་ཐིག་ཤེལ་འཕྲེང་བཅོ་བརྒྱད་ནས་མན་ངག་གང་མོས་སྡེབས་སྦྱོར་སྙིང་ཁྲག་ཐིག་པ་བཞུགས་སོ།》ཞེས་པའི་ནང་། སྨན་གྱི་རྒྱལ་པོ་གྷྲིང་སྒྲུབ་ཐབས་ནིཿགཤེན་རབ་སྟོན་པ་ཉིད་ལ་ཕྱག་འཚལ་ལོ། ཞེས་དང་། གནའ་རབས་བོན་གྱི་གསོ་རིག་མཁས་དབང་དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འདིར་བཤད་པའི་བཅད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས། རུས་འབྱོར། རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ལས་བཏུས། ཞེས་དང་། ཏུན་ཧོང་བྲག་ཕུག་ནས་རྙེད་པའི་བོད་ཡིག་ཤོག་དྲིལ་ལས། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མྱེད་དེ། །དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་དཔྱད་ཕུག་པ་དང་སྦྱར་ཏེ་བགྱྀས་པ་ལགས་སོ། །ཞེས་འཁོད་ཡོད་པ་དང་། དེ་བཞིན་བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་པོར་མངའ་གསོལ་སྐབས་གདན་འདྲེན་ཞུ་མཁན་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་དུ། ཕན་ཤེས་སྨན་དཔྱད་ཀྱི་བོན། ཞེས་དང་། དུག་ཡོད་ན་སྨན་ཡོད་ཅེས་གསལ། ད་དུང་《རྒྱལ་རབས་གསལ་བའི་མེ་ལོང་》ལས། བོན་ལ་རིགས་དགུ་ཕྱེ་སྟེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་རིགས་ལྔའོ། ཞེས་གསུངས་ཡོད་པ་ལས། རྒྱུའི་བོན་པོ་རིགས་བཞི་ལས་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་དང་གཡང་འགུག་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། ཅེས་གསལ་བ་དང་། སྟག་རི་གཉན་གཟིགས་སྐབས་འ་ཞའི་སྨན་པས་གསེར་གྱི་ཐུར་མས་མིག་ཕྱེས་པ་དང་ཆབ་མདོའི་མཁར་རོ་དང་ཨ་མདོའི་དུར་ལམ་གྱི་གནའ་ཤུལ་ནས་ཀླད་རུས་གཤགས་བཅོས་བྱས་མྱོང་བའི་དངོས་པོ་ལས་ཀྱང་བོད་ཀྱི་གསོ་རིག་དར་སྔ་བའི་ལོ་རྒྱུས་ཀྱི་བདེན་དཔང་རག་པའོ། །
གཉིས་པ། ཆབ་མདོའི་བོན་གྱི་གསོ་རིག་འཕེལ་རིམ་ངོ་སྤྲོད།
སྐབས་དོན་ཁམས་ཆབ་མདོའི་ཁུལ་གྱི་མངའ་ཁོངས་སུའང་བོད་ཡུལ་སྤྱི་དང་འདྲ་བར་གནའ་གདོད་མ་ནས་ནད་ལ་སྨན་དཔྱད། གདོན་ལ་གཏོ་མདོས། ལེགས་ཉེས་བཟང་ངན་ལྟ་བའི་མེ་ལོང་མོ་རྩིས་སོགས་བོན་ལུགས་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པའི་དགོངས་དོན་དང་མཐུན་པ་ཡོངས་སུ་དར་མྱོང་ཡོད་པ་ལུང་རིགས་དངོས་པོའི་ཚད་མས་གྲུབ་ཀྱང་། ཞང་ཞུང་སྒོ་པའི་འདུས་སྡེ་རི་བོ་རྩེ་དྲུག་ལྟེ་བ་བྱས་པའི་ཁམས་ཁུལ་དུ་རྒྱལ་ཐོག་གཉིས་པ་མུ་ཁྲི་བཙན་པོའི་སྐུ་དུས་ནས་མདོ་སྔགས་རིག་གནས་ཐེག་པ་རིམ་དགུའི་བོན་རྣམས་དར་བ་རྟོགས་ཐུབ་སྟེ། དེ་ཡང་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་བོད་ལ་འདུས་སྡེ་སོ་བདུན་ཕྱག་འདེབས་གནང་བའི་སྐབས་རྩེ་དྲུག་བསྟན་པའི་བཀའ་ཡི་གཉེར་དཔོན་ཐོག་མ་དེ་སུམ་པ་མུ་སྤུང་གསལ་སྟང་ཉིད་བསྐོས་པ་དང་། ཁོང་ནི་བོན་ལུགས་སུ་རྒྱལ་མུ་ཁྲིའི་སྐབས་སུ་ལོ་པཎ་གཤེན་བརྒྱད་གྲས་སུ་ཡོད་པར་བཤད་པ་དང་། སྤུ་སྡེ་གུང་རྒྱལ་སྐུ་དུས་ལོ་པཎ་གཤེན་པོ་དགུ་ཡི་ནང་དུ་ཡོད་ཅིང་ཁོང་གིས་ཐེག་པ་རིམ་དགུ་ལས་ཕྱྭ་གཤེན་ཐེག་པའི་ཁོངས་སུ་འདུས་པ་མོ་རྩིས་གཏོ་མདོས་སྨན་དཔྱད་རིག་པ་བསྟན་སྤེལ་འགྲོ་དོན་མཛད་པར་མངོན་པ་དང་། དེ་རྗེས་རྒྱལ་གྲི་གུམ་བཙན་པོའི་སྔོན་ཙམ་འཁྲུངས་ཤིང་བཙན་པོ་གང་དེའི་སྐུ་དུས་སུའང་འཕྲིན་ལས་རབ་ཏུ་རྒྱས་མྱོང་བའི་ཞང་བོད་མཁས་པ་མི་བཞིའི་ཁོངས་སུ་གཏོགས་པ་ལྡེ་བོན་གྱིམ་ཚ་རྨ་ཆུང་དང་། སེ་བོན་ཤ་རི་དབུ་ཆེན་ཟུང་ནས་རིག་པའི་གནས་ཀུན་དང་ལྷག་ཏུ་མོ་རྩིས་གཏོ་དཔྱད་ཀྱི་བསྟན་པ་སྤེལ་བའི་གནས་ཚུལ་ལས་གསལ་རྟོགས་ཐུབ་ལ་བོན་ལུགས་འབུམ་བཞིའི་རྩ་བ་ཐུགས་འབུམ་མཁའ་སྔོན་མཇུག་བྱང་དུ་སྟོང་རྒྱུང་མཐུ་ཆེན་དང་གྱིམ་ཚ་རྨ་ཆུང་ཞེས་འཁོད་པས་ ཤེས་སླ། སེ་བོན་ཤ་རི་དབུ་ཆེན་ནི་ཁམས་རི་བོ་ཆེའི་ཁོངས་སུ་འཁྲུངས་ཤིང་གསོ་རིག་སོགས་བོན་བསྟན་རླབས་པོ་ཆེ་སྤེལ་མཁན་ཞིག་ཡིན་པ་དང་། བོན་དཀར་བླ་མའི་བརྒྱུད་པ་ཞེས་པའི་གདུང་གི་གྲོལ་ཕུགས་ཀྱང་འཁྲུལ་མེད་དུ་ངོས་འཛིན་བཞིན་པ་མ་ཟད་དམ་པ་དེ་དག་གི་ཁྱིམ་བརྒྱུད་དུ་དུས་ད་ལྟའང་སྨན་རྒྱུད་མ་ཉམས་པར་གནས་ཡོད་པ་དེ་འདྲ་ཡིན། རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བན་བོན་དར་ནུབ་ཁྲོད་བོན་གཤེན་དྲན་པ་ནམ་མཁས་གཙོས་པའི་བོན་གཤེན་རིག་འཛིན་བརྒྱད་ཅུ་ཁྱུང་པོ་རི་བོ་རྩེ་དྲུག་ཏུ་འདུས་ནས་སྨན་དཔྱད་གཏོ་རྩིས་ཐེ་བའི་བོད་གནའ་རབས་པའི་རིག་པ་རྣམས་ཞང་ཞུང་སྒོ་པའི་ལྟེ་གནས་ནས་ཐ་གྲུ་ཀུན་ཏུ་སྤེལ་བ་ལགས་ན་ཞིབ་ཏུ་བརྟགས་ཚེ་རང་རེ་ཆབ་མདོའི་ཁུལ་གྱི་མངའ་ཁོངས་ཕལ་ཆེར་འདུས་ཡོད་པར་མཐོང་། ལོ་པཎ་གཤེན་བརྒྱད་ཀྱི་གྲས་སུ་བཞུགས་པའི་སྟོང་ཆེན་དམུ་ཙ་གྱེར་མེད་མཆོག་ནས་སྲིའུ་གསོ་བའི་མན་ངག་སོགས་གསོ་རིག་སྐོར་ནས་བརྩམས་ཆོས་མང་པོ་བཞུགས་ཅིང་འགྲོ་དོན་རྒྱས་སའང་ཆབ་མདོ་གཙོས་པའི་ཡུལ་ཁམས་མང་པོ་ཞིག་ཡིན་པར་གསལ། 《འདུར་རྒྱུད་ཕྱ་བ་ཐང་ཆེན་》དུ་འཁོད་ཅིང་དུས་རབས་༡༢པར་ཁྱུང་སེར་རུ་ཐར་འཁྲུངས་པ་སངས་རྒྱས་ཡེལ་པའི་སློབ་མ་རག་ཤི་སྨན་པ་ཁ་མཛོ་གྲགས་པས་བན་བོན་རིས་མེད་གསོ་རིག་བསྟན་སྤེལ་འགྲོ་དོན་མཛད་ཚུལ་གསལ་ལ། བོར་སྟོད་འབྲོག་པའི་བླ་མ་ཡེལ་པ་དང་སློབ་མ་རག་ཤི་ཁ་མཛོ་གཉིས་ཀྱི་ཞབས་རྗེས་བྲག་ངོས་སུ་ཝ་ལེར་གསལ་འདུག རག་ཤི་སྨན་པ་ཧེ་མི་ཚུལ་ཁྲིམས་བྱ་བས་སྔར་གྱི་སྨན་རྒྱུད་སྟེང་ཁྱུང་དཀར་མེ་སྟོན་ཉི་མ་རྒྱལ་མཚན་དང་གྲུབ་དབང་སྨོན་ལམ་སྐུ་མདུན་ནས་བོན་ཕྱོགས་སྨན་འབུམ་སྐོར་གྱི་དབང་ལུང་ཚང་པར་ཞུས་ཏེ་བསྟན་སྤེལ་འགྲོ་དོན་མཛད་པར་སྣང་། ཧེ་མིའི་གོང་དུ་རག་ཤི་ཀླུ་མགོན་དང་རྗེས་སུ་སྐལ་པ་བཅས་ཀྱང་བོན་ཕྱོགས་དང་འབྲེལ་བའི་གསོ་རིག་སྒོ་ལ་མཁས་པར་གྲགས། དེ་རྗེས་ཧེ་མི་སྲུ་༼སློང་༽མིའི་ལྷ་རྗེ་བྱ་བས་འགྲོ་དོན་ཞོར་ཧེ་མིའི་ལྷན་ཐབས་དང་མན་ངག་ཉམས་ཡིག་སོགས་མཛད་པ་རིག་གསར་གྱི་མེ་ལྕེས་བསྲེགས་ནས་མེད་བརླག་ཏུ་སོང་བར་ཐོས། དེའི་རྗེས་《གླེང་གཞི་བསྟན་པའི་འབྱུང་ཁུངས་》དང་《དབྲ་ཁྱུང་དཀར་པོའི་གདུང་རབས་》ཀྱི་མཛད་པ་པོ་ཁྱུང་པོ་བློ་གྲོས་རྒྱལ་མཚན་༼༡༢༣༨༽གྱི་སྐུ་དུས་སུ་ཞང་བོད་གསོ་རིག་གི་བསྟན་པ་ཁྱུང་ཡུལ་ལྟེ་བར་བྱས་པའི་ཁམས་ཕྱོགས་སུ་རྒྱས་པ་ལོ་རྒྱུས་ཀྱི་བྱུང་བ་ལས་མཇལ་ཐུབ་བོ། །
དུས་རབས་བཅུ་བཞི་པའི་ནང་ཁམས་རི་བོ་ཆེ་གཤེ་མ་གཡུ་ཕུག་ཏུ་འཁྲུངས་ཤིང་ཁྱུང་ཡུལ་དུ་མཛད་འཕྲིན་རབ་ཏུ་རྒྱས་མྱོང་བའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་༼༡༣༦༠༽མཆོག་གིས་སྟོན་པའི་མཛད་མདོ་རྒྱས་པ་《དྲི་མེད་གཟི་བརྗིད་སྙན་དུ་བརྒྱུད་པའི་ནང་འབྲེལ་ཡོད་བོན་ལུགས་བཟོ་དང་སྨན་རྩིས་སྐོར་ནས་བསྟན་སྤེལ་འགྲོ་དོན་རྒྱ་ཆེར་གནང་བའི་སྐོར་ཞིབ་ཏུ་འཁོད་ཡོད། དེ་རྗེས་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་སྤྲུལ་སྐུ་མི་ཤིག་རྡོ་རྗེ་༼༡༥༩༥༽ཞུ་བ་ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་དང་། ཁྱད་པར་ནད་སེལ་སྔགས་དང་། སྨན་དཔྱད་གཏོ་ལ་མཁས་ཤིང་། ཡེ་ཤེས་མཚོ་རྒྱལ་སྲིད་པའི་ཡུམ་གཅིག་མས་སྙན་དུ་བརྒྱུད་པའི། 《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་》ཞེས་པ་ཞིག་གཏན་ལ་ཕབ། ཁྱུང་ཡུལ་གཙོས་པའི་ཡུལ་གྲུ་མང་པོར་ཉམས་ཡིག་དེ་དང་སྐམ་ཚང་གཡུང་དྲུང་ཉི་མའི་རྒྱལ་པོ་༼༡༧༨༡༽མཆོག་ནས་མཛད་པའི་འཁྲུངས་དཔེ་《ཉི་དབང་ཤེལ་ཕྲེང་》སོགས་ལག་ལེན་གྱི་གཞི་འཛིན་ས་གནང་མཁན་མང་། དེ་རྗེས་གསོ་རིག་མཁས་དབང་ཚུལ་ཁྲིམས་དབང་རྒྱལ་༼༡༧༩༨༽མཆོག་ཁྱུང་པོ་དཀར་རུར་འཁྲུངས་ཤིང་ཞང་བོད་སྨན་པའི་ལས་ལ་མཛད་རྗེས་ཆེ། རིམ་བཞིན་བསོད་ནམས་དབང་རྒྱལ་སོགས་སྨན་རབས་མང་པོར་བརྒྱུད། ལྡོང་ཆུང་བསྟན་པ་༼༡༨༨༢༽དེས་བསོད་ནམས་ཚེ་དབང་དང་ཚེ་དབང་ཡེ་ཤེས་ཟུང་ལ་བརྒྱུད། དེ་ནས་ལྷ་རྗེ་བསམ་གཏན་ཡེ་ཤེས་༼༡༩༣༦༽ལ་སྨན་སྔགས་ཟུང་གིས་བརྒྱུད། དེས་བུ་སྐལ་བཟང་ཟླ་བ་༼༡༩༧༥༽ལའོ། དུས་རབས་༡༩པའི་ནང་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་༼༡༨༡༣༽མཆོག་ཁྱུང་ཡུལ་དུ་ཕེབས་སྐབས་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས་༼༡༨༣༢༽ཀྱི་གཙང་གཙུག་བཞེས་ཏེ་གསོ་རིག་འབུམ་བཞི་དང་འབྲེལ་བའི་དབང་ལུང་གདམས་པ་མང་དུ་བསྩལ། དམ་པ་གང་དེ་སྨན་རྩིས་ཡོངས་ལ་མཁྱེན་ཡོན་རྒྱས་ཏེ་ཁ་ཆེ་དབུ་མཛད་དང་བྲེ་བོ་དབུ་མཛད། དེ་ནས་ཤེས་རབ་དགེ་ལེགས་སོགས་སློབ་རྒྱུན་མང་དུ་བསྐྱངས། ད་ཆ་འབུམ་བཞིའི་སློབ་དཔོན་ཆེན་མོ་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་དང་སྟེང་དགོན་འཆི་མེད་གཡུང་དྲུང་༼༡༩༦༤༽རྣམ་གཉིས་ཀྱང་དེའི་སློབ་རྒྱུན་བསྐྱངས་པའི་གྲས་སུའོ། །
དེ་རྗེས་གཏེར་སྟོན་བདེ་ཆེན་གླིང་པ་༼༡༨༣༣༽དང་ཞུ་མཁས་གྲུབ་ཀུན་སྐྱོང་གྲགས་པ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ་༼༡༨༧༩༽སོགས་ནས་བོན་ལུགས་དང་འབྲེལ་བའི་སྨན་རྩིས་བསྟན་སྤེལ་འགྲོ་དོན་མཛད་འདུག ཁྱད་པར་ཞུ་ཀུན་སྐྱོང་གྲགས་པ་ནི་གསོ་རིག་ལག་ལེན་སྤྱི་ལ་མཁས་ཤིང་ལྷག་ཏུ་གཏར་བསྲེག་དང་། མིག་འབྱེད། འཕྲུལ་མེ་རང་འབར་སོགས་ལ་མཁས་པས་བྱང་སྤྱི་གྲགས་རྣམ་པའི་སྐུ་ཡི་བླ་སྨན་དུ་བཀུར་བཟོས་ཐོབ། དེའི་རྒྱུད་འཛིན་ཞུ་ཁྲི་ཆེན་ཀུན་བཟང་ཚེ་དབང་གྲགས་པ་༼༡༩༠༨༽མཆོག་སྨན་གྱི་གཞུང་དང་ལག་ལེན་ཀུན་ལ་མཁས་ཞིང་ཁྱད་པར་མིག་འབྱེད་ཐུར་མའི་ཕྱག་ལེན་ལ་དང་དོད་གནང་མཁན་ཞིག་ཡིན་འདུག དུས་རབས་༡༩པའི་སྨད་ཙམ་བལྟམས་པའི་ཤེལ་སྟོན་གཡུང་དྲུང་རྒྱལ་མཚན་ནམ་ཚེ་དབང་བདེ་ཆེན་སྙིང་པོ་༼༡༨༩༣༽མཆོག་ནི་ཡབ་གར་དབང་བདུད་འདུལ་དང་། ལྷ་རྗེ་ལྷ་ལྡོང་འབྲུག་གསས་སོགས་ཚད་ལྡན་སྨན་པ་མང་པོའི་ཞལ་སྔ་ནས་གསོ་རིག་སྐོར་ལ་སྦྱངས་པ་གནད་སྨིན་མཛད། དམིགས་བསལ་དུག་སྐྲན་རིམས་སོགས་ལ་སྔགས་གཏོ་སྨན་གསུམ་གྱིས་བཅོས་པར་མཁས། ལག་ལེན་ཐད་མན་ངག་མང་པོའི་བརྩམས་ཆོས་ཡོད་འདུག་ཀྱང་རིག་གསར་གྱི་མེ་ལྕེས་བརླག་ནས་མེད། སྒང་རུ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་༼༡༨༩༣༽མཆོག་དང་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན། ༼༡༨༩༧༽མཆོག་ནས་བོན་ཕྱོགས་དང་འབྲེལ་བའི་གསོ་རིག་ བསྟན་སྤེལ་རླབས་ཆེན་མཛད། ལྷག་པར་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་རྡོ་རྗེ་ནི་མདོ་དབུས་ཁམས་གསུམ་ལ་སྙན་པའི་གྲགས་པ་འབར་བའི་བོན་ལུགས་སྨན་རྩིསམཁས་དབང་ཞིག་ཡིན་ལ་ད་ལྟ་མངའ་རིས་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་རྩ་བའི་གཞི་འཛིན་སའང་ཁོང་གི་བརྩམས་ཆོས་དག་ཡིན། ཁོང་གིས་མཛད་པའི་《གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་སྨན་སྦྱོར་སྟོང་རྩ་ཆ་ལག་》དང་བཅས་པ་ཡོད་ལ། འདི་ནི་གསོ་རིག་འབུམ་བཞི་དང་ལྷན་དུ་བོན་ཁམས་ཡོངས་ལ་དར་ཆེ་ཞིང་། རིས་མེད་བསྟན་འཛིན་ཡོངས་ནས་ལག་ལེན་གྱི་གཞི་འཛིན་ས་གཙོ་གྲས་དེའང་གྱུར་ཡོད། འགྲུ་སྒོམ་རིན་པོ་ཆེའམ་མཛོ་བྱ་བྲལ་༼༡༨༩༥༽མཆོག་ནས་བོན་ཕྱོགས་གསོ་རིག་སྐོར་ནས་དབང་ལུང་ཁྲིད་གདམས་མ་ཆད་པར་མང་དུ་སྤེལ་གནང་མཛད་པར་གསལ་ལ་ལག་ལེན་སྐོར་ནས་ཀྱང་མཁྱེན་པའི་རྒྱ་མི་ཆུང་བར་ཐོས། སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག༼༡༩༡༧༽རིན་པོ་ཆེ་མཆོག་ནས་བདུད་རྩི་ཕམ་བུམ་དགུ་པའི་སྨན་སྒྲུབ་དང་འབྲེལ་བའི་སྒོ་ནས་གསོ་རིག་བསྟན་པའི་དོན་དུ་སྐུ་ལས་གྲངས་མེད་བསྐྱོན་ཡོད་ལ། ཉེ་རབས་ཁྱུང་ཡུལ་ཁུལ་དུ་གསོ་རིག་འབུམ་རྒྱུད་འཆད་ཉན་བྱ་སའི་སློབ་གྲྭ་དེའང་ཁོང་གི་སྐུ་དྲིན་བླ་ན་མེད་པའི་འོག་ལེགས་པར་ཚུགས་པ་ཞིག་ཡིན། དཔོན་ཚང་གི་དགའ་༼༡༩༣༣༽མཆོག་ནས་དཔྱད་བུས་མཛད་པའི་《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་》བྱ་བ་སློབ་སྦྱོང་དང་གཅེས་ཉར་གནང་སྟེ་རིག་གསར་གྱི་གོད་ཆག་ལས་གཡོལ་ཐུབ་པ་བྱུང་ཡོད།
སྐྱ་ཤུས་སྐལ་བཟང་གཡུང་དྲུང་༼༡༨༩༨༽དང་མཛོ་ལྷ་རྗེ་རྣམ་གཉིས་ནད་ཐོག་ལག་ལེན་ལ་ཤིན་ཏུ་མཁས་པར་གྲགས་ལ་སྒང་སར་ལྷ་དབང་བཀྲ་ཤིས་དང་སྐལ་བཟང་ཚེ་དབང་། སྟག་དགྱེས་བཅས་སློབ་པའི་བརྒྱུད་སྤེལ་ས་ཡིན་འདུག སྨན་པ་སྟག་དགྱེས་མཆོག་དམིགས་བསལ་བོན་ལུགས་ཀྱི་རྡོ་རྩ་བརྟག་པར་མཁས་ལ། བརྒྱུད་འཛིན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང་གཡུང་དྲུང་གཙུག་ཕུད། སྐལ་བཟང་ཚེ་དབང་སོགས་ཡོད། སྐྱ་ཤུས་སྐལ་བཟང་གཡུང་དྲུང་ལ་སྐྱ་ཤུས་ཨ་དཀོན་དང་སྐྱ་ཤུས་ཚོགས་མཆོག༼༡༨༤༧༽སོགས་ནས་རིམ་པར་བརྒྱུད་སྐད། ཁྱུང་ཡུལ་གསེར་གཡུ་མདོ་སྐོར་དུ་ག་གཟིའི་རུས་ལས་ཆད་པའི་སྟག་ལ་༼༡༩༡༠༽ཞེས་པ་མིག་ནད་བར་འགྲིབ་དབྱེ་ལ་མཁས་པས་ཁམས་ཕྱོགས་སུ་བར་འགྲིབ་འབྱེད་མྱོང་བའི་ནད་པ་མང་། ཁོང་གིས་ལག་རྩལ་དེ་ནག་ཤོད་སྨན་པ་དུང་དཀར་ཞེས་མིག་འབྱེད་ཐུར་མའི་ཕྱག་ལེན་ལ་མཁས་པ་ཞིག་གི་མདུན་ནས་སྦྱངས་པ་དང་མཐར་ཕྱིན་ལག་ཆའང་ཆ་ཚང་བར་རག་མྱོང་སྐད། ག་བཟའ་སྐྱ་བེས་༼༡༩༢༣༽ག་གཟི་སྟག་ལའི་མདུན་ནས་གསོ་རིག་སྐོར་སྦྱངས་ཤིང་ལྷག་པར་མིག་ནད་བར་འགྲིབ་ཐུར་མས་དབྱེ་བའི་ལག་ལེན་གང་ཟབ་བསླབས། ག་གཟི་སྟག་ལ་ཞིང་ལ་ཕེབས་རྗེས་ག་བཟའ་སྐྱ་བེས་མིག་འབྱེད་ལག་རྩལ་བརྒྱུད་འཛིན་གནད་སྨིན་མཛད་ཅིང་བརྒྱུད་པ་ཨ་རྡོ་སོགས་ལ་སྤེལ་བས་ད་ལྟ་བུ་བསྟན་འཛིན་ཟླ་བ་སོགས་ཀྱིས་བརྒྱུད་འཛིན་ལ་འབད་བཞིན་ཡོད། །
སྒང་རུའི་རྒྱལ་ཚ་སྨོན་ལམ་མཆོག་གིས་ལྷ་ལྡོང་རིགས་ལས་ཞང་བོད་གསོ་རིག་གི་ཁྱད་ཆོས་རྒྱུད་ལ་བླངས་ཏེ་སྲས་རྒྱལ་ཚ་རྣམ་རྒྱལ་ཡེ་ཤེས་༼༡༩༠༢༽གསོ་སྐྱོང་མཛད་པས་གསོ་དཔྱད་ལ་མཁས་པའི་སྙན་པ་འབར། རྣམ་རྒྱལ་ཡེ་ཤེས་ནས་བུ་ལྷ་ཉི་དགའ་སོགས་ལ་རིམ་པར་བརྒྱུད་འདུག བྱང་གཞུང་དུ་འཁྲུངས་པའི་དབྱི་ཤོད་གཡུང་དྲུང་བཀྲ་ཤིས་མཆོག་ནི་དཀར་དཔོན་ཚེ་དབང་སྟོབས་རྒྱལ་གྱི་བླ་སྨན་དང་བློན་པོ་ཡིན་པར་གྲགས་ཅིང་། དམིགས་བསལ་གཟའ་གྲིབ་དང་སྨྱོ་ནད་རིགས་ལ་མཁས་པ་མ་ཟད། བོན་ལུགས་འབྲི་ཏ་བཙོ་མའི་ཕྱག་ལེན་ལ་བྱང་ཆུབ་པར་བཤད། དེས་བྱང་པ་བོ་འ་བསོད་ནམས་བསྟན་འཛིན་༼༡༩༢༦༽ལ་ལག་ལེན་ཚང་བར་བརྒྱུད་ནས་འགྲོ་དོན་མཛད་འདུག ཨ་རེ་བསྟན་འཛིན་༼༡༩༣༦༽ཐོག་མར་གསོ་རིག་འབུམ་བཞིའི་ཕྱག་ལེན་ལ་བྱང་བའི་ལྷ་ལྡོང་འབྲུག་སྲས་མདུན་ནས་སྦྱངས་ཤིང་། རིམ་པར་ནང་ཆེན་མཁས་གྲུབ་དང་། དཔོན་ཚང་གསལ་བ། གྱེར་དབྲ་སྨོན་ལམ་སོགས་སློབ་དཔོན་དུ་བསྟེན་པ་དང་། སྤོ་བོར་བཙོན་དུ་ཡོད་དུས་མཁས་དབང་ཁྲོ་རུ་ཚེ་རྣམ་དྲུང་ནས་གཞུང་དོན་ཀུན་ལ་ངོམས་མེད་སྦྱངས་པས་སྨན་པ་མཁས་པའི་སྟེགས་ལ་འཛེགས། རྒྱུ་ནེ་རྟོགས་ལྡན་ཚུལ་ཁྲིམས་བསྟན་འཛིན་༼༡༧༧༣༽ནི་ནད་ལ་སྨན་བཅོས་དང་གདོན་ལ་གཏོ་བཅོས་མཁས་ཤིང་རིམ་པས་ཁུ་ཚ་རྒྱུ་ནེ་མཐེ་མེ་༼༡༨༣༢༽ལ་སྤེལ། རྒྱུ་ནེ་མཐེ་མེ་ལ་བུ་གཉིས་ཡོད་པ་ལས་ཆུང་བ་རྟོགས་ལྡན་གཡུང་དྲུང་རྒྱལ་མཚན་ནས་ཕ་དང་ཨ་མྱེའི་མདུན་ནས་སྨན་དཔྱད་རྩེ་ཆུང་དང་སྣོད་ཀ་གཏར་ལ་གོམས་པར་བྱས་ཤིང་། ཀླུང་འགོག་ཀེ་ཛིའམ་སྒོག་ནག་གི་སྦྱོར་བས་མཆིན་འབུ་དང་གློ་འབུ་ལ་ཕན་ཡོན་དམིགས་བསལ་ཐོན་པར་གྲགས། དམ་པ་ཁོང་གི་སློབ་བུ་རྒྱུ་ནེ་ལྷ་སྐྱབས་༼༡༨༨༢༽ནི་གཏོ་དཔྱད་ཀུན་ལ་མཁས་ཞིང་སློབ་རྒྱུན་ཡང་ཟམ་མ་ཆད། རག་ཤི་སྨན་དགེ་ཚུལ་ཁྲིམས་སངས་རྒྱས་༼༡༩༤༢༽ནི་གྲགས་ཅན་རག་ཤིའི་སྨན་རྒྱུད་ལས་གྲོལ་ཅིང་བརྩམས་ཆོས་ཀྱང་《སྔར་སྲོལ་གསོ་རིག་འབུམ་བཞི་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས་》ཞེས་པ་ཡོད་ཅིང་། དེ་ནི་བོན་ལུགས་དང་འབྲེལ་ཆེ་བའི་མན་ངག་ལྷན་ཐབས་ཡག་པོ་ཞིག་ཏུ་བསྔགས། སློབ་རྒྱུན་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་སོགས་སྨན་དཔྱད་བྱ་བའི་ལས་ལ་ཧུར་ཐག་གིས་གཞོལ་མུས་སུ་ཡོད་པ་མ་ཟད་བལ་ཡུལ་དུ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་དཔོན་ཆེན་མོ་རུ་བཀུར། གཡམ་ཐ་བོན་པོ་ཚང་ལ་མི་ཐོག་དང་པོ་བསོད་ནམས་དར་རྒྱས་ནས་རིམ་བཞིན་སྨན་སྔགས་གཉིས་ཀའི་བརྒྱུད་སྤེལ་ཡོད་ལ་མི་རབས་རེ་ལ་སྨན་པ་རེ་དང་སྒོམ་པ་རེ་ཡོད་པའི་ལུགས་ཉམས་མ་མྱོང་ཟེར། དེའི་བུ་བསོད་ནམས་དབང་ཕྱུག་ཀྱང་སྨན་པ་ཡིན་འདུག་ལ། ལོ་རྒྱུས་རིང་བས་སྨན་པ་རེ་རེ་བཞིན་གྱི་མིང་སྨོས་མ་བཏུབ། བསོད་ནམས་དབང་ཕྱུག་བུ་དཔལ་རྡིས་༼༡༨༨༣༽ནས་གསོ་རིག་འབུམ་བཞིའི་མཁས་དབང་དང་སྔགས་འཆང་གྲགས་ཅན། མུ་ཆོ་ཁྲོམ་འདུར་ཕྱག་ལེན་སོགས་ལ་མཁས་པའི་ཧེ་རུ་ཀ་ཞིག་ཡིན་འདུག་གོ།
སྒང་སར་གཡུང་དྲུང་ཉི་མ་ཚང་ལ་སྨན་རྒྱུད་ཧ་ཅང་རིང་བས་སྨོས་ཐུབ་པ་ནི་སྒང་སར་དྲན་པ་ཚེ་དབང་། སྒང་སར་རྣམ་རྒྱལ་དོན་འགྲུབ། སྒང་སར་ཨ་སྐྱིད་གུ་ལུ། སྒང་སར་རྣམ་རྒྱལ། སྒང་སར་ནག་པོ། སྒང་སར་རྣམ་རྒྱལ་དོན་འགྲུབ། སྒང་སར་ལྷ་དབང་། སྒང་སར་གཡུང་དྲུང་རིན་ཆེན། སྒང་སར་སྐར་ཚེ། སྒང་སར་གཡུང་དྲུང་དར་རྒྱས། ཁོང་གི་སྐུ་སྲས་སྒང་སར་གཡུང་དྲུང་ཉི་མ། གང་ཉིད་ནས་སྒང་སར་རིན་ཆེན་གཡུང་དྲུང་ལའོ། སྒང་སར་གཡུང་དྲུང་ཉི་མ་མཆོག་ནི་ཆབ་མདོའི་ཁུལ་གྱི་སྨན་རྩིས་བསྟན་པ་ཡོངས་ལ་བཀའ་དྲིན་ཆེ་བ་ཀུན་ལ་སྨོས་མ་དགོས། ལས་འཁྱུར་ངལ་གསོ་རྗེས་ཁྱུང་ཡུལ་ཁམས་སུ་བོན་ལུགས་དང་འབྲེལ་བའི་སྨན་མཆོག་འབྲི་ཏ་བཙོ་མའི་ཕྱག་ལེན་ཐེངས་གཉིས་ཙམ་མཛད་ནས་སློབ་མ་གསོ་སྐྱོང་དང་འགྲོ་དོན་རྒྱ་ཆེན་འགྲུབ་པའོ། །
སྨན་རྩིས་གཏོ་ཆོག་བརྡ་སྤྲོད་ཀུན་ལ་བྱང་བའི་མཁས་དབང་ཁྱི་ཐར་མཆོག་གིས་སྨན་དགེ་མཚམས་སྐྱབས་ཞུ་བའི་མདུན་ནས་སྨན་རྩིས་སྐོར་ཤེས་བྱ་མང་པོ་ཁོང་དུ་ཆུད་པར་མཛད་དེ་བསྟན་གཉིས་གཡུང་དྲུང་གླིང་པའི་ཟིན་ཏིག་སོགས་དག་བཞེངས་གནང་བའི་དཔེ་ཆ་གྲངས་ཀྱིས་མཛེས། གཤེར་འགག་ནོར་བུ་གྲགས་པས་པ་སངས་འབྲུག་རིན་པོ་ཆེའི་སྐུ་མདུན་ནས་བོན་ཕྱོགས་དང་འབྲེལ་བའི་སྨན་གཞུང་དང་ལག་ལེན་ཞུས་ཅིང་བུ་དར་འཕེལ་ལ་སྤེལ་བས་དར་འཕེལ་ནས་མུ་མཐུད་ཞང་བོད་གསོ་རིག་གི་སྨན་རྒྱུན་སྐྱོང་བཞིན་པ་ཡིན། ལྗང་ཤོད་སྨན་པ་འཆི་མེད་དབང་པོ་༼༡༩༣༦༽ནས་གསོ་རིག་འབུམ་བཞི་དང་སྨན་སྦྱོར་སྟོང་རྩའི་ལག་ལེན་རྣམས་ཨ་ཅུང་སྨན་རྒན་ལས་མཁས་པར་སྦྱངས། ས་རྩི་རྡོ་ཡི་སྨན་རྣམས་ངོས་མ་ནོར་བར་འཛིན། གཞུང་གི་རྩ་འཛུགས་འོག་སྟེང་ཆེན་དང་ལྷོ་རོང་རྫོང་ཁོངས་གཉིས་ནས་སློབ་མ་བཅུ་ཕྲག་གསུམ་ལ་ཉེ་བ་བསྐྱངས། ད་ལྟ་ཁོང་གི་བུ་ཚེ་རིང་དབང་འདུས་ནས་མུ་མཐུད་ཞང་བོད་གསོ་རིག་གི་ཁྱད་ཆོས་མ་ཉམས་པར་སྐྱོང་བཞིན་པ་ཡིན། ད་དུང་ཁྱུང་པོ་སྟེང་ཆེན་ཁུལ་དུ་ཁྱུང་རུའི་སྨན་རྒྱུད་དང་། རིས་ཚའི་སྨན་རྒྱུད། རོག་པོའི་སྨན་རྒྱུད། ཁྲ་ཚང་གི་སྨན་རྒྱུད། ག་གཟིའི་སྨན་རྒྱུད། གྱེར་དབྲའི་སྨན་རྒྱུད། སྐྱ་ཤོག་སྨན་རྒྱུད། རླངས་ཚང་སྨན་རྒྱུད། གླིང་ཚང་སྨན་རྒྱུད། ཨ་ཆུང་སྨན་རྒྱུད། ལྕགས་རྩེའི་སྨན་རྒྱུད་སོགས་བོན་ལུགས་གཙིགས་སུ་འཛིན་པའི་སྨན་གྱི་བརྒྱུད་པ་བགྲངས་ཀྱིས་མི་ལངས་ལ་སྨན་པའི་གྲངས་ནི་བརྗོད་ལས་འདས་པའོ། །
དེང་གི་ཆར་ཁྱུང་པོ་སྟེང་ཆེན་སྨན་རྩིས་ཁང་ནས་གསོ་རིག་འབུམ་རྒྱུད་གཉིས་ཀའི་ཁྲིད་ལུང་དང་ལག་ལེན་རྒྱུན་མ་ཆད་པར་སྐྱོང་བཞིན་ཡོད་ལ་འབྲེལ་ཡོད་སློབ་བུའི་ཚོགས་ལའང་འབུམ་རྒྱུད་ཟུང་གི་ལམ་ནས་སློབ་ཁྲིད་སྤེལ་བཞིན་པའི་གནས་སྟངས་བཟང་། ལྷག་པར་སྟོང་ཆར་ལུས་ནས་ཡོད་པའི་བོན་ཕྱོགས་དང་འབྲེལ་བའི་གསོ་རིག་ཕྱག་དཔེ་བསྡུ་རུབ་དང་། ཡིག་ཚགས་ལེགས་སྒྲིག སློབ་མ་གསོ་སྐྱོང་། ལོ་ཐོ་འདོན་སྤེལ། ཁྱད་བོན་རྩལ་སྤྲུག་བཅས་ཞུ་བཞིན་པའི་རྣམ་པ་མི་ཞན་ཙམ་དུ་མཆིས། ད་དུང་ཁྱུང་ཡུལ་དུ་སྨོན་རྒྱལ་དཔྱད་བུའི་བོད་སྨན་ཁང་དང་། ཀོ་རྒྱལ་དགོན་སྨན་རྩིས་སྡེ་ཁག་བཅས་ནས་ཀྱང་བོན་ལུགས་སྨན་རྩིས་ཁྱད་ཆོས་འབུར་དུ་འདོན་པའི་རྣམ་པ་ལེགས་པ་བཅས་ཞང་བོད་གསོ་བ་རིག་པའི་ལམ་དང་ལུགས་སྲོལ་སྐྱོང་མཁན་མང་པོ་ཡོད་པར་མཐོང་ངོ་། །
རི་བོ་ཆེ་རྫོང་ནི་སྔར་བོན་ལུགས་དར་སའི་ས་ཁོངས་གལ་ཆེན་ཞིག་ཡིན་པ་དང་། དེ་ན་བོན་སྟོན་གཤེན་རབ་མི་བོའི་བཀའ་རྟགས་ཞབས་རྗེས་དང་རྡེའུ་འཆམ་རྫུ་འཕྲུལ་སྟོན་གནས་སོགས་དངོས་སུ་མཇལ་ཡུལ་དུ་ཡོད་འདུག བོན་གྱི་མ་ཏྲིའི་རྡོ་འབུམ་ཡང་གཡས་རུའི་ཁུལ་དང་། ལྕགས་ཟམ་ཁ། མཆོད་བརྒྱ་མ་སོགས་ཁུལ་མང་པོ་ནས་ཝ་ལེར་ཐོན་བཞིན་པའི་ཚུལ་ནི་མིག་གི་ལོངས་སྤྱོད་དང་རྣ་བའི་བུ་རམ་དུ་གྱུར། མ་ཟད་སྨན་གཏོ་སྔགས་གསུམ་ཚང་བའི་ཀླུ་གཉན་ས་བདག་གི་གཉེན་པོ་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་དཔེ་རྙིང་རི་བོ་ཆེའི་ཁུལ་མང་པོ་ནས་འཚོལ་རྙེད་ཐུབ་ལ། བདག་པོས་དད་གུས་མ་ཉམས་པར་ཡོད་པ་དེས་ཀྱང་མེས་པོའི་སྨན་གཏོ་སྔགས་ཀྱི་འཆོས་ཐབས་ལ་དུང་ཞེན་ཆེ་བར་མངོན། སེ་བོན་ཤ་རི་དབུ་ཆེན་ནི་རི་བོ་ཆེའི་ཁོངས་སུ་འཁྲུངས་པའི་བོན་གྱི་རིག་འཛིན་ཆེན་མོ་ཞིག་ཡིན། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་ཞེས་གསོ་བ་སྨན་ཙམ་མ་ཟད་ཞང་བོད་སྒྲ་ལ་མཁས་པའི་ལོ་ཆེན་ཉི་ཟླ་ཟུང་ཡང་ཡིན་པར་འཁོད། ཁོང་བོན་ལུགས་སུ་གྲི་གུམ་ལས་ཅུང་སྔ་བར་འཁྲུངས་ཤིང་གྲི་གུམ་བཙན་པོའི་སྐུ་དུས་སུ་འགྲོ་དོན་སྤེལ་བཞིན་བཞུགས་ཡོད་པར་མངོན། རྡེའུ་འཆམ་བོན་དཀར་ཁྱིམ་རྒྱུད་དུ་སེ་བོན་ཤ་རི་དབུ་ཆེན་ནས་བཟུང་བླ་མ་དང་། གྲུབ་ཐོབ། སྤྲུལ་སྐུ་མང་པོ་བྱོན་པས་བླ་མ་ཚང་ཞེས་འབོད། མ་ཟད་བོན་གྱི་ལོ་རྒྱུས་དང་བོན་དཀར་ཚང་གི་སྨན་རྒྱུད་ལ་བལྟས་ན་སྐབས་དེ་དུས་ནས་ད་ལྟའི་བར་སྨན་རྒྱུད་བར་ཆད་མེད་པར་སྙམ། ནང་ཆེན་རྟ་རྣ་དགོན་ནི་བོན་ལུགས་འཛིན་པ་རག་ཤི་ཁ་མཛོའི་སྐུ་དུས་བོན་གྱི་གསོ་རིག་སོགས་ཤེས་རིག་ལ་འབྲེལ་བ་ཆེ་ལ། རི་བོ་ཆེ་གངས་གཟེ་ཤང་སོགས་ཀྱི་གསོ་རིག་དང་ཤེས་རིག་རྟ་རྣ་དགོན་དང་འབྲེལ་ཆེ་བའི་ཤུགས་ལས་བོན་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་པ་རྟོགས་ཐུབ། རི་བོ་ཆེ་མཁར་དམར་མདོ་ཤང་རྣ་ལུང་གྲོང་ཚོའི་གཤེ་མ་གཡུ་ཕུག་ནི་སྤྲུལ་སྐྭ་བློ་ལྡན་སྙིང་པོའི་འཁྲུངས་ཡུལ་དངོས་ཡིན་པ་གྲགས་ཁུལ་དེར་ད་ལྟའང་བོན་པོའི་གཏོ་ཆོག་སྨན་སྔགས་སོགས་ཀྱི་ཤུགས་རྐྱེན་མ་ཉམས་པར་ལུས་ཡོད་པ་ཡང་དཔང་རྟགས་ཁུངས་བཙུན་དུ་འདོད་ཆོག་པར་སྙམ་མོ། །
ལྷོ་རོང་ཁུལ་དུ་དུས་རབས་བཅུ་བཞི་པར་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་དུས་སུ་བོན་གྱི་གཏོ་རྩིས་སྨན་དཔྱད་རིག་པ་ཤུགས་ཆེར་དར་བའི་སྐོར་ལོ་རྒྱུས་གསལ་ལ་གང་ཉིད་སྐུ་གཤེགས་སའང་ཚ་བ་ལྷོ་རྒྱུད་ཁྲ་རྒན་དགོན་པའི་ཡུལ་ཁོངས་ཆོས་སྒར་རི་ཁྲོད་ཡིན་པས་ཀྱང་ཤེས་ཐུབ། ཁོང་གི་སྔོན་དང་རྗེས་སུ་གསོ་དཔྱད་རིག་པའི་རྒྱུན་མ་ཆད་པར་དར་ཡོད་ནའང་བརྒྱུད་རིམ་རེ་རེ་བཞིན་འཁོད་པའི་ལོ་རྒྱུས་རྒྱུ་ཆ་དཀོན་པས་ཞུ་ཐབས་ཟད། ལྷོ་རོང་དམར་རི་གྲོང་རྡལ་སྤུ་ཤོད་སྲིད་འཛིན་ནོར་མ་ཚང་ནི་བོན་ལུགས་ཀྱི་སྨན་རྒྱུད་མ་ཆད་པའི་རིགས་སུ་ གཏོགས་པར་སྣང་སྟེ། བོན་དང་འབྲེལ་བའི་གསོ་རིག་བསྟན་འཛིན་རིམ་པར་བྱོན་པའི་མཐར་རིགས་རུས་དབྲ་ཁྱུང་བསེ་གསུམ་གྱི་ཡ་གྱལ་ཞང་ཞུང་རུས་ཚན་བསེ་རིགས་རུས་ལས་ཆད་པའི་ལྷ་རྗེ་ཡུས་རྒན་པོ་མཆོག་གིས་གསོ་དཔྱད་འབུམ་རྒྱུད་གཉིས་ཀར་སློབ་སྦྱོང་དང་སྨན་སྦྱོར་གྱི་ལག་ལེན་སོགས་ལ་འབད་ཡོད་ཅིང་། དེ་ནས་བསེ་བུ་བསྟན་རྒྱལ་ལ་བརྒྱུད་དེ་འབུམ་རྒྱུད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་འཛིན་ཤུལ་བཞག་མཛད། དེ་ནས་སྲས་བསེ་བུ་ཆོས་ལུ་༼༡༩༠༡༽ལ་རྒྱུ་འབྲི་ཀློག་ནས་བསླབ་སྟེ་མཐར་སྨན་པའི་རྒྱུ་དྲུག་ཚང་ཞིང་བོན་ལུགས་གཙོར་འཛིན་པའི་ལྷ་རྗེ་ཞིག་ཆགས་ཤིང་འབྲེལ་ཡོད་སྨན་དཔེ་མང་པོ་འབྲི་བཞེངས་མཛད། དེ་ནས་སྲས་བསེ་བུ་སྐལ་བཟང་༼༡༩༣༦༽དེས་བསེ་བླ་ཚུལ་ཁྲིམས་མཐར་ཕྱིན་༼༡༩༦༩༽དེས་ཁུ་བོ་འཆི་མེད་རྣམ་རྒྱལ་ལ་ཁྱད་ཆོས་ཉམས་མེད་བརྒྱུད་པར་མཐོང་། ལྷོ་རོང་ཤིང་རོང་ཤང་སྦས་ཐོ་གྲོང་དུ་སྐུ་བལྟམས་པའི་སྨན་པ་གྲོ་ལུད་ཁ་༼༡༩༥༦༽ཡིས་སློབ་འབྲིང་བར་དུ་འགྲིམ་རྗེས་ཁྱུང་པོ་སྟེང་ཆེན་རྫོང་ས་སྒང་ཤང་ཝ་དགེ་གྲོང་ཚོའི་བོན་ལུགས་སྨན་པ་གྲགས་ཅན་ཨ་ཆུང་དཔོན་ལྷའི་མདུན་ནས་སྲོལ་རྒྱུན་བོད་ཀྱི་སྨན་དཔྱད་ལག་ལེན་ཟབ་ཁྱད་མྱོང་ཁྲིད་སྐོར་བརྩོན་པ་དྲག་པོ་བརྩམས་མཐར་ཕྱིར་རང་ཡུལ་དུ་ལོག་ནས་འགྲོ་བ་ནད་པ་དུ་མའི་དཀའ་སྡུག་སེལ་བཞིན་བཞུགས། སྨན་རྩིས་གཏོ་དཔྱད་ལ་མཁས་པ་གསང་སྔགས་བསྟན་འཛིན་༼༡༩༢༥༽ནི་རི་བོ་ཆེ་སྡེ་བ་ཝ་དམར་ཤོག་གསུམ་གྱི་ནང་ཚན་བར་ཤོད་སྡེ་བར་འཁྲུངས། ཆུང་དུས་ཡབ་ནི་སྔགས་བོན་ཞིག་ཡིན་པས་འབྲི་ཀློག་ལ་བྱང་བར་བསླབ། སྤྱི་ལོ་༡༩༤༢ཡས་མས་སུ་མངའ་རིས་གངས་སྐོར་དུ་ཕེབས་དུས་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་དང་མཇལ། ཁོང་གི་མདུན་ནས་སྨན་དཔྱད་གཏོ་མདོས་སོགས་རིག་གནས་ཆེ་ཕྲ་ཇི་སྙེད་ཞུས་པས་མཁས་པར་གྱུར། ཁྱུང་སྤྲུལ་གསུང་འབུམ་དང་ཤར་རྫའི་བཀའ་འབུམ་སོགས་འབྲི་བཞེངས་གནང་མཁན་མི་སྣ་གཙོ་བོ་ཆགས། ༡༩༤༦ལོར་མཁས་དབང་བསྟན་འཛིན་དབང་གྲགས་མཆོག་དང་ལྷན་དུ་རྒྱ་གར་དུ་ཕེབས་ནས་སྨན་རྩིས་གཙོ་བོར་བྱས་པའི་གསུང་འབུམ་རྣམས་འཕྲུལ་པར་བཏབ། རིག་གསར་སྐབས་སྐུ་ཁག་ཆེན་པོ་འཕྲད་མྱོང་། ༡༩༧༠ལོ་ནས་ལྷོ་རོང་དམར་རི་ཆུས་ཀྱི་རྐང་རྗེན་སྨན་པ་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཕན་འབྲས་ཆེན་པོ་སྨིན། ད་དབར་ཁོང་གིས་ཉར་ཚགས་བྱས་པའི་ག་རྒྱ་ཁྱུང་སྤྲུལ་སྨན་དཔེ་གསུང་འབུམ་དཔྱད་གསུམ་དག་རྩིས་དང་རིན་ཆེན་འབྲས་རྩིས། ཁྱུང་སྤྲུལ་སྨན་རྩིས་སོགས་ཐོག་མའི་བྲིས་མ་དང་ལྡི་ལི་པར་མ་སོགས་བྱིན་ཅན་གང་མང་མཇལ་ཡུལ་དུ་བཞུགས་ཡོད་པའོ། །
སྤེན་འབར་རྫོང་ནི་ཁྱུང་པོ་སྟེང་ཆེན་རྫོང་དང་ནག་ཆུའི་འབྲི་རུ་རྫོང་། ལྷ་རུ་རྫོང་སོགས་དང་འདབས་སྦྲེལ་ཏེ་ཡོད་པ་དང་། འདབས་སྦྲེལ་སའི་རྫོང་མཐའ་དག་ལ་བོན་ལུགས་གསོ་རིག་ཐེ་བའི་རིག་གནས་ཀྱི་ཤུགས་རྐྱེན་ད་དུང་ཡང་ལྷག་ཡོད་པ་གསལ་ལ། འབྲི་རུ་དང་ལྷ་རུ་རྫོང་གི་མཚམས་སྤེན་འབར་རྫོང་ཁོངས་སུ་བོན་ལུགས་འཛིན་པའི་ཁྱིམ་དུད་བཅུ་ཕྲག་གསུམ་ཙམ་ཡོད་ཅིང་དེ་དག་གིས་རྟིང་ངུ་བོན་དགོན་དང་ལྷན་དུ་བོན་གྱི་ཤེས་རིག་ཡར་རྒྱས་གཏོང་བཞིན་ཡོད་འདུག དེ་ཡང་སྤེན་འབར་རྫོང་ཁོངས་སུ་སྨན་ཆད་བྱ་བ་སྟེང་འོག་ཡུལ་ཁག་གཉིས་ཡོད་འདུག འོག་མ་ནི་བོན་ལུང་ཞེས་པའི་ལུང་པ་དང་ཐུག་ལ། བོན་ལུང་གི་རི་སྟོད་ལ་བོན་པོ་བཅུ་གསུམ་ཟེར་བའི་རྫ་རི་བཅུ་གསུམ་མཐོ་ཞིང་བརྗིད་པོར་འདུག སྤེན་འབར་དགོན་པའི་སྤྲུལ་སྐུ་གྲགས་སྔགས་གླིང་པ་ཞེས་པས་རྡོ་སྐུའི་བོན་ཞྭ་རང་བྱོན་ཟེར་བ་གཏེར་ནས་བཏོན་པར་གྲགས་པ་བོན་ལུགས་ཀྱི་རྡོ་ཞྭ་ཆེན་པོ་ཞིག་མ་བཅོས་ལྷུན་གྱིས་གྲུབ་པ་ཞིག་མཇལ་ཡུལ་དུ་གྱུར། དེང་སྐབས་དེའི་མདུན་དུ་བོན་པོའི་ལྷ་ར་བཞེངས། དབུ་ཞྭ་གསོལ་མཁན་ནི་ཚྭ་རིས་གྲོང་སྨྲ་བོ་ཤང་བན་བོན་མཆོད་ཁག་གཉིས་ཡོད་པ་ལས་བོན་པོའི་མཆོད་ཁག་གཙོ་བོ་ཡིན་པར་རྟོགས། ལྟ་ཡག་དཔོན་ལྷ་ཚང་ཡང་བོན་གྱི་ལྷ་སྡེ་ལ་གཉེན་གྱི་འབྲེལ་བ་ཉེ་ལ། བོན་ཕྱོགས་ཀྱི་སྨན་རྩིས་ལུགས་ལའང་འབྲེལ་བ་ཟབ་པའི་ཁྱིམ་བརྒྱུད་ཞིག་ཡིན་པ་ཤེས་རྟོགས་བྱུང་སོང་བའོ། །
ཚ་བ་དཔའ་ཤོད་ཁུལ་ནི་གནའ་ནས་ད་དབར་བོན་ལུགས་ཀྱི་སྲོལ་རྒྱུན་མ་ཉམས་པར་གནས་སའི་རྫོང་ཁུལ་ཞིག་ཡིན་ཏེ་ཚ་སྤོ་མདའ་འབྲོག་པའི་ཁུལ་དུ་མེས་པོ་བོན་གྱི་ཤུགས་རྐྱེན་ཉམས་ནས་དུས་ཡུན་རིང་པོ་འགོར་མེད་པར་མཐོང་། མ་ཟད་དཔའ་ཤོད་དགོན་ཆེན་ནས་བྱ་ཁྱུང་གི་སྦར་མོ་ཡིན་ཟེར་བའི་དད་རྟེན་གཅེས་ཉར་གྱིས་ཀུན་ལ་ངོམས་སོ་བྱེད་པའང་བག་ཆགས་རྙིང་པ་ཡལ་མེད་པ་རྟོགས་སླ། གླ་དགེ་ཤང་འ་དག་གྲོང་ཚོ་དང་གླིང་ཁ་ཤང་ཚྭ་ཁ་ཚུན་སོགས་སུ་ད་དུང་ཡང་འབུམ་ལུང་དགོན་སོགས་བོན་ལུགས་ཀྱི་སྲོལ་རྒྱུན་མ་ཉམས་པའི་དགོན་སྡེ་འགའ་རེ་ཡོད་པ་རེད་འདུག སྤྱིར་བོད་ཀྱི་གསོ་བ་རིག་པའི་རྩ་བ་བོན་ལུགས་དང་མ་འབྲེལ་བ་ཧ་ལམ་མེད་ཀྱང་བྱེ་བྲག་བོན་ལུགས་གཙིགས་སུ་འཛིན་པའི་ཚེ་རིག་པ་དག་གི་རྣམ་ཐར་ཡིག་ཐོག་ལ་མ་འཁོད་པ་དང་ཁ་རྒྱུན་ཉམས་པ་སོགས་གྲངས་ཀྱིས་མི་ལངས་པས་ཆེས་སྔ་བའི་ལོ་རྒྱུས་ཁུལ་འདི་དག་ནས་དཔྱད་གཞི་ཤིན་ཏུ་ནས་རག་དཀའ། དུས་རབས་ཉི་ཤུ་པའི་དུས་མགོར་འཁྲུངས་པའི་ལྷ་རྗེ་བསྟན་འཛིན་གྲགས་པ་ནི་ཁུལ་འདིར་བོན་ལུགས་དང་འབྲེལ་བའི་གསོ་རིག་བསྟན་འཛིན་མི་སྣ་རུ་འདུག་ལ་སྨན་རྒྱུད་ཀྱང་མི་རབས་གསུམ་པ་ཡིན་པར་གྲགས། དཔའ་ཤོད་རྫོང་གླིང་ཁ་ཤང་འཕྲོད་བསྟེན་ཁང་དུ་བོད་སྨན་ཕྱག་ལས་གནང་རིང་སློབ་མ་ཟླ་བ་གྲགས་པ་དང་། ཉི་མ། པདྨ་གཡུང་དྲུང་། སྐལ་བཟང་རྒྱལ་མཚན་སོགས་བོད་ལུགས་གསོ་རིག་ཆེད་གཉེར་པ་མི་སྣ་བརྒྱད་ཙམ་གསོ་སྐྱོང་གནང་བའི་ལོ་རྒྱུས་གསལ་པོ་འདུག ཀུན་དགའ་བློ་གྲོས་ནི་དཔའ་ཤོད་རྫོང་ཁ་བ་སྦས་ཁྱིམ་ཤང་ཁ་སྟོད་གྲོང་ཚོར་འཁྲུངས་ཤིང་། ཁྱིམ་རྒྱུད་སྨན་པ་ཞིག་ཡིན་པ་དང་འདས་པའི་མི་རབས་བཅུ་དྲུག་ཙམ་ནང་བོན་ལུགས་ཀྱི་སྨན་རྒྱུད་དང་སྒོམ་རྒྱུད་གཉིས་ཀ་ཡོད་པར་བརྗོད། ཡབ་ཀྱི་དྲུང་ནས་གསོ་རིག་ལ་སྦྱངས་པ་མི་དམན་ཙམ་གནང་རྗེས་ཡུལ་དེའི་ནད་ཅན་ཚོགས་ལ་བདེ་ཐང་གི་བྱ་བ་ཡུན་རིང་སྒྲུབ་བཞིན་བཞུགས་པར་མངོན་པའོ། །
ཚ་བ་མཛོ་སྒང་ཁུལ་དུའང་སྔར་ནས་བོན་ལུགས་ཤུགས་ཆེར་དར་སའི་ཡུལ་གྲུ་ཆེན་པོ་ཞིག་ཡིན་པར་སྣང་སྟེ། བོན་པོའི་བསྟན་འབྱུང་ནང་འཁོད་མང་ཤོས་ཀྱི་ཡུལ་གྲུ་ཞིག་ཡིན་པ་ལས་རྟོགས་ཐུབ། འོན་ཏེ་ལོ་རྒྱུས་ཧ་ཅང་རིང་བ་དང་ཀུལ་འདིར་ཡིག་ཐོག་ལ་འབེབས་རྒྱུའི་གོམས་གཤིས་ཞན་པར་བརྟེན་མི་སྣའི་བརྒྱུད་རིམ་རིང་ས་ཞིག་ནས་བཤད་མ་ཐུབ། ཉེ་ས་ནས་ཕུན་ཚོགས་དོན་འགྲུབ་༼༡༩༢༥༽ལགས་ནི་མཛོ་སྒང་རྫོང་ཞ་གླིང་ཁ་ཤང་དབྱིབས་གྲོང་རུས་ཆེན་ཞེས་པར་འཁྲུངས་ཞིང་། ནར་སོན་རྗེས་གསོ་རིག་སྦྱོང་རྒྱུའི་འདུན་པ་ཐུགས་ལ་ཤར་བ་དང་ཁྱུང་པོ་སྟེང་ཆེན་དུ་བོན་ལུགས་འཛིན་པའི་ཕུལ་བྱུང་སྨན་པ་ཨ་ཆུང་ཚང་སློབ་དཔོན་དུ་བསྟེན་ནས་ལོ་མང་རིང་གཞུང་དང་ལག་ལེན་སྒོ་ཀུན་ནས་བྱང་བར་སྦྱངས། ཕྱིར་ལོག་རྗེས་སྨན་འཐུ་སྨན་སྦྱོར་སོགས་ཀྱི་ལས་ལ་རབ་ཏུ་བརྩོན་མཐར་ཕ་ཡུལ་དུ་འགྲོ་དོན་བླ་ལྷག་སྒྲུབ་པས་འབྲེལ་ཐོགས་ཡོངས་ནས་མི་ཕྱེད་པའི་དད་པ་འཁྲུངས་པར་མངོན། དབང་གྲགས་རྒྱལ་མཚན་༼༡༩༤༢༽ནི་མཛོ་སྒང་རྫོང་ཞ་གླིང་ཁ་ཤང་དབྱིབས་པ་གྲོང་དུ་ཁྱུང་སེར་གྱི་རུས་སུ་འཁྲུངས། དགུང་ལོ་བཅོ་ལྔའི་ཐོག་ནས་ཁྱུང་པོ་རི་བོ་རྩེ་དྲུག་ཏུ་ཕེབས་ཤིང་བགྲངས་བྱ་ཉེར་བརྒྱད་རིང་བོན་ལུགས་དང་འབྲེལ་བའི་སྨན་རྩིས་མཁས་པ་འགའ་ལ་བསྟེན་ནས་མཐར་ཕ་ཡུལ་དུ་ལོག་རྗེས་སྤྱི་གླིང་ཁ་སྨད་ཀྱི་ནད་པར་སྨན་བཅོས་གང་ལེགས་མཛད་རྗེས་༼༡༩༩༣༽ལོར་དགོངས་པ་བོན་དབྱིངས་སུ་ཐིམ་པར་གསལ་ལོ། །
སྨར་ཁམས་རྫོང་ཁུལ་ནི་བོན་བསྟན་རིག་པའི་བག་ཆགས་ལྷག་ཉུང་སའི་ཡུལ་གྲུར་མཐོང་སྟེ། ཁུལ་འདི་སྔོན་མ་བེ་རི་རྒྱལ་པོའི་མངའ་ཁོངས་སུ་ཚུད་མྱོང་བར་གསལ་ཏེ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། སྤྱི་ལོ་༡༦༣༩བོད་ས་ཡོས་ལོ་གོ་ཤྲི་ཁང་གིས་དཔུང་ཆེན་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་ཡོད་པའི་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོ་པའི་ཐོག་ཏུ་དཔུང་འཇུག་གནང་སྟེ་ལོ་གཅིག་ཙམ་རིང་གཡུལ་འགྱེད་པ་བརྒྱུད་སྡེ་དགེ་དང་། དཀར་མཛེས། རྨར་ཁམས། ལྡན་ཁོག པད་ཡུལ། སེ་ཤུལ་སོགས་དྲག་ཤུགས་ཀྱིས་བླངས་ཏེ་བེ་རི་འགོ་པ་ དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་ཚར་བཅད། ཞེས་གསལ་བས་དེའི་སྔོན་རྨར་ཁམས་སམ་སྨར་ཁམས་ལུང་པ་དེ་བེ་རིའི་མངའ་ཁོངས་སུ་ཡོད་པར་གསལ། བེ་རི་མངའ་ཐང་རྒྱས་པའི་སྐབས་སུ་བོན་བསྟན་རིག་གནས་ཤུགས་ཆེར་དར་བ་ནི་སྒོ་སྟོན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་༼༤༩༦༽ལས། སྐམ་རྒྱལ་མཚན་གསུམ་གྱི་སྐུ་ཐོག་ལ། ཁམས་བེ་རི་རྒྱལ་པོའི་མངའ་རིས་སུ། བོན་གཡུང་དྲུང་གི་བསྟན་པ་མེ་ལྟར་འབར། ཞེས་གསལ་བས་བོན་བསྟན་རིག་གནས་ཀྱི་ཁོངས་སུ་གསོ་བ་སྨན་གྱི་རིག་པའང་ཚུད་ཡོད་པ་དང་། སྨར་ཁམས་བེ་རིའི་མངའ་རིས་སུ་གཏོགས་པའི་སྔོན་བར་རྗེས་གསུམ་དུ་བོན་ལུགས་དང་འབྲེལ་བའི་སྨན་རྩིས་མ་ཉམས་པར་དར་ཡོད་པ་ཤུགས་ལས་རྟོགས་ཐུབ་སྙམ། ཕྱིས་སྨར་ཁམས་རྫོང་སྤང་མདའ་ཤང་ཕི་ལུ་སྡེ་པར་གཡུང་དྲུང་ཚང་ཟེར་བ་སོགས་བོན་ལུགས་འཛིན་པའི་ཁྱིམ་དུད་འགའ་རེ་ཡོད་པ་ལས་ཆེད་དུ་བོན་ལུགས་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་བའི་མི་སྣ་ཡིག་ཐོག་ཏུ་འགོད་རིན་ཡོད་པ་ཞིག་མཇལ་ཡུལ་དུ་མ་གྱུརད་ཏོ། །
འཇོ་མདའ་རྫོང་ནི་བོན་ལུགས་འཛིན་པ་ཅུང་མང་བའི་ཡུལ་ཁམས་ཞིག་ཡིན་པ་དང་། འཇོ་མདའི་ཁུལ་དུ་གཏེར་སྟོན་བདེ་ཆེན་གླིང་པ་དང་མཁན་ཆེན་ཉི་མ་བསྟན་འཛིན། ཀམ་ཚང་གཡུང་དྲུང་ཉི་རྒྱལ། སྟག་ཞིག་སེང་གེ་ཉི་མ། བླ་ཁྲི་རྒྱལ་བ་གཡུང་དྲུང་། སྤྲུལ་སྐུ་ཚེ་དབང་མཆོག་ལེགས་སོགས་བོན་གྱི་བླ་ཆེན་མང་པོ་བྱོན་མྱོང་། ད་ལྟའང་སེ་ཞིག་དགོན་པ་སོགས་བོན་ལུགས་འཛིན་པའི་དགོན་པ་དྲུག་ཙམ་འདུག བོན་གྱི་ཁྱད་ཆོས་ལྡན་པའི་སྨན་རྒྱུད་ཆེ་ཤོས་ནི་ཀམ་ཚང་དང་ཀོང་སྤྲུལ་༼སྐུ་ན་ཕྲ་དུས་གཡུང་དྲུང་བསྟན་འཛིན་འབོད། ༽བརྒྱུད་པ་ཡིན་པ་དང་ཀམ་གཡུང་དྲུང་ཉི་རྒྱལ་གྱི་འཁྲུངས་དཔེ་ཉི་དབང་ཤེལ་ཕྲེང་དང་ཀོང་སྤྲུལ་ཟིན་ཏིག་གཉིས་ནི་བོན་ཁམས་གསོ་རིག་འཛིན་པ་ཡོངས་ལའང་བཀའ་དྲིན་ཆེ་བ་འདིར་ཞིབ་ཏུ་མོ་སྤྲོ། མཁར་བ་ཚང་གི་སྨན་རྒྱུད་ནི་དང་པོ་མཁར་བ་ལྷ་རྗེ་བཀྲ་ཤིས་དོན་བཟང་གིས་ཡབ་ཀྱི་དྲུང་ནས་བོན་དང་འབྲེལ་བའི་སྨན་རྩིས་ཟུང་ལ་མཁས་པར་སྦྱངས་ཤིང་འགྲོ་དོན་ཡང་རླབས་ཆེ་བར་གསལ། ཁོང་གི་ཡབ་མེས་སྨན་རྩིས་ལ་མཁས་པར་ཡོད་ཀྱང་དཔྱད་གཞིའི་དབང་གིས་མཚན་སོགས་གསལ་ཁ་བསྟད་མ་ཐུབ། ཡབ་བཀྲ་ཤིས་དོན་བཟང་ནས་སྲས་པདྨ་ཚེ་རིང་ལ་འབུམ་རྒྱུད་ཀྱི་དགོངས་དོན་དང་ལག་ལེན་མ་འཕྱུག་པར་བརྒྱུད་པས་སྐུ་ཚེ་ཧྲིལ་པོ་སྨན་སྦྱིན་ལས་ལ་གཞོལ་བར་མཛད། དེ་རྗེས་མཁར་བ་ལྷ་རྗེ་གསང་སྔགས་ཞུ་བས་ཡབ་ཀྱི་དྲུང་ནས་བརྡ་དག་སྨན་རྩིས་རྣམས་ལ་མཁས་པར་བསླབ། སྨན་དཔེ་འབྲི་བཞེངས་ཀྱི་ལས་ལ་འབད་པས་འཆི་མེད་ནོར་ཕྲེང་ལྟ་བུ་ད་ལྟ་དངོས་སུ་བཞུགས། ཁོང་གིས་ཡབ་ཀྱི་ཕྱག་ལེན་རྣམས་ཉམས་མེད་བསྐྱངས་པས་དཔོག་དཀའ་བ་དང་འཆོས་དཀའ་བའི་ནད་གཞི་མང་པོ་ཞིག་ཁ་དམར་དང་དྲག་སྐྱེད་ཀྱི་ལམ་ནས་ཐག་ཆོད་པའི་སྙན་པ་འབར། མཁར་བ་ལྷ་རྗེ་ཕུར་པ་རྣམ་རྒྱལ་ནི་ཡབ་རིན་ཆེན་བསྟན་འཛིན་གྱི་སྲས་སུ་འཁྲུངས་ཤིང་ཡབ་ལས་སྨན་རྩིས་རིག་པའི་སྐོར་གྱི་ཤེས་བྱ་ཁག་སློབ་སྦྱོང་སྨར་དག་པོ་མཛད། ལོ་བཅོ་བརྒྱད་གོང་ནས་ནད་པར་བལྟ་སྐྱོང་གི་འགོ་ཚུགས་པ་དང་། ལག་ལེན་༡༨ལ་མཁས་པའི་མཚན་སྙན་འཐོབ་མྱོང་། མཐར་དགུང་ལོ་༨༨བཞེས་རྗེས་འགྲོ་དོན་ཡོངས་སུ་གྲུབ་བོ་སྐད། ད་བཞུགས་མཁར་བ་ཚང་འགྱུར་མེད་དབང་འདུས་ནས་ཡབ་ཀྱི་གདམས་ཁྲིད་མང་པོ་ཞུས་རྗེས་སྒང་སར་གཡུང་དྲུང་ཉི་མ་དང་དགེན་དགའ་བའི་རྡོ་རྗེ་མདུན་ནས་འབྲི་ཏ་བཙོ་མའི་ཕྱག་ལེན་སྦྱངས་བ་སོགས་རྣམ་ཀུན་མན་ངག་སློབ་སྦྱོང་དང་ནད་པར་བལྟ་སྐྱོང་གི་ལས་ལ་གཞོལ་མུས་མཆིས། གྲྭ་བཙུན་གཡུང་དྲུང་རྒྱ་མཚོ་༼༡༩༨༤༽ནི་འཇོ་མདའ་དབོན་པོ་སྟོད་ཤང་མཁར་གསུམ་མདོ་གྲོང་ཚོར་སྐུ་འཁྲུངས། མེས་རྒྱུད་གོང་མ་ལས་མིང་དུད་ལ་ཐོགས་པའི་ལྷ་རྗེ་ཚང་གི་བླ་མ་སངས་རྒྱས་བསྟན་འཛིན་དང་ཉི་མ་བདུད་འདུལ་སོགས་ཞང་བོད་སྨན་རྩིས་རིག་པའི་གནས་ལ་ཕ་ཤུལ་བུས་འཛིན་གྱི་ལས་ལ་ངལ་བ་དང་དུ་བླངས། རྩ་བརྟགས་དང་ཆུ་བརྟགས་ཀྱི་དཔྱད་ལ་རབ་ཏུ་བྱང་བར་ཐོས། ཚུགས་དང་མེ་བཙའ། གཏར་ག་སོགས་ཀྱི་ཁྱད་ཆོས་འབུར་དུ་འཐོན་པ་སོགས་ཀྱི་ལམ་ནས་ཉམས་ཐག་ནད་པ་དུ་མའི་ཟུག་རྔུ་འཇོམས་པ་དང་ཚེ་སྲོག་གི་འདོད་ཡོན་སྦྱིན་པ་སོགས་འབྲེལ་ཐོགས་ནད་ཅན་ཀུན་ལ་བདེ་ཐང་གི་ཞབས་འདེགས་ཞུ་མུས་སུ་མཆིས། །
གོ་འཇོ་ཁུལ་དུ་བེ་རི་རྒྱལ་པོའི་སྐུ་དུས་སུ་བོན་ལུགས་ལྟ་བའི་ཤན་ཞུགས་ཆེན་པོ་ཐེབས་ཡོད་པ་ནི་བེ་རི་རྒྱལ་པོའི་སྐུ་མཁར་ཡོད་པ་དང་བེ་རུ་གོ་འཇོ་དང་འདབས་སྦྲེལ་བས་རྟོགས་ཐུབ་ལ། བོད་གངས་ཅན་པའི་གསོ་རིག་མཁས་དབང་ཆེན་མོ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་༼༡༦༧༢༽མཆོག་ནས་དཔྱད་བུས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བའི་དགོངས་དོན་དཔྱད་གཞི་དང་ཕྱག་ལེན་མཛད་པའི་ལོ་རྒྱུས་གསལ། དེང་སང་ཆབ་མདོ་སྨན་རྩིས་ཁང་གི་དབང་རིལ་ཤེལ་དཀར་མཆོད་རྟེན་གྱི་སྦྱར་ཐབས་དང་དཔྱད་བུས་མཛད་པའི་དབང་པོ་རིལ་བུའི་ལག་ལེན་བར་འབྲེལ་བ་ཟབ་མོ་ཡོད་པའང་བསྙོན་དུ་མེད་སྙམ། སྨན་མཆོག་དེ་ནི་དེང་སང་ཀོང་པོ་ཁུལ་གྱི་སྲོལ་ངན་སྦྱར་དུག་རིགས་ལ་ཁ་གཏད་གཅོག་པར་བླ་མེད་ཀྱི་མཐུ་ནུས་ཡོད་པས་ཀྱང་ར་འཕྲོད་ཐུབ། གོ་འཇོ་ས་ངན་ཁེ་རུ་ཤང་ཞི་སྐྱིད་གྲོང་ཚོར་ཡོད་པའི་མཁར་གསར་ཚང་ལ་བོན་དང་འབྲེལ་བའི་ཤེས་རིག་དར་བར་མངོན་ཏེ། མཁར་གསར་ཐོགས་དོན་ཡང་ཞི་སྐྱིད་སྟག་འདབ་ནས་བདག་མེད་བུ་ཞིག་རྙེད་པས་ཨ་མྱེ་གཡུང་དྲུང་ལྷ་རྩེའི་བུ་ཡིན་པར་བཤད། མིང་ལ་བུ་ཐོ་ཞེས་སུ་བཏགས་པ་དེས་རྐྱང་མཐའ་ཞིང་གཞུང་ལ་མཁར་ཁྱིམ་གསར་རྒྱག་བྱེད་དུས་སྟོབས་རྩལ་འགྲན་ཟླ་བྲལ་བས་སྨན་རྒ་ཞེ་དཔོན་གྱི་ཤོག་དཔོན་དུ་བསྐོས་པར་གྲགས། རྒྱུད་པའི་རབ་བྱུང་རྣམས་ནི་གྲུབ་ཐོབ་དང་སྤྲུལ་སྐུ་ཤ་སྟག་ཡིན་པར་གྲགས་ལ་བཀའ་རྟགས་ཞབས་རྗེས་ཀྱང་མཇལ་དུ་སྤྲོ། དོན་དུ་བོན་ལུགས་དར་ཞིང་གཡུང་དྲུང་བོན་གྱི་དཔེ་རྙིང་པོ་ཏི་འགའ་ཤས་ཀྱང་ད་ལྟ་མཇལ་ཡུལ་དུ་ཡོད་པས་སྔོན་མ་བོན་ལུགས་གཙོར་བཟུང་གི་སྨན་རྒྱུད་ཞིག་ཡིན་པ་གདོན་མི་ཟ་སྙམ། མཁས་དབང་གོ་འཇོ་དབང་འདུས་མཆོག་ནས་གཤེན་མཁས་ཡེ་ཤེས་བློ་གྲོས་ཀྱི་འཆི་སོས་ལ་ཆུའི་ཞལ་གདམས་ཞེས་པའི་བོན་གྱི་སྨན་དཔེ་རྙིང་པར་ཉམས་ཞིབ་དང་སློབ་སྦྱོང་མཛད་ཅིང་བདེན་དོན་ལོ་རྒྱུས་བོད་ཁམས་ཡོངས་ལ་བསྒྲགས་པ་སོགས་བཀའ་དྲིན་རི་ལས་ཀྱང་ལྗི་བའོ། །
བྲག་གཡབ་ཁུལ་དུ་སྔ་རབས་བོན་གྱི་བསྟན་པ་ས་དར་རྡོ་དར་འབྱུང་སའི་ཡུལ་གྲུ་ཞིག་ཡིན་པ་ལོ་རྒྱུས་དང་རྗེས་ཤུལ། དམངས་ཁྲོད་ཀྱི་ཤོད་རྒྱུན་སོགས་ལས་རྟོགས་ཐུབ། དེ་ཡང་བྲག་གཡབ་ཝམ་དཀར་ཁུལ་ནས་བོན་གྱི་དགོན་ཤུལ་དང་རྡོ་བརྐོས། རྗེས་ཤུལ། གནས་རི་མང་པོ་དེང་སང་མཇལ་ཐུབ་པ་དང་། ཝམ་དཀར་མདོ་པ་གྲོང་ཚོར་ཞིང་ལ་བོན་ཞིང་དང་། གྲོང་ཚོ་ལ་སོག་བོན། དུད་ལ་སོག་བོན་ཚང་བྱ་བ་འདུག་ལ། ཉག་ཆུ་གྲོང་ཚོའི་བྱང་ཤར་དུ་རི་སྔོ་ལེ་མ་དང་རི་སྤེན་ནེ་མ། འོད་འབར་མ་གསུམ་བོན་རི་འགྱུར་མེད་ཡིན་པར་བཤད། བོན་ཞིང་ཡོད་སར་གསོ་རིག་མཁས་དབང་བཀྲ་རྒྱལ་ཚང་གི་གཉེན་ཉེ་མང་ལ། སོག་བོན་ཚང་གི་བུ་གསོ་རིག་མཁས་དབང་ཉི་མ་གྲགས་པ་ལགས་ཡིན་པའོ། ཉེ་ཆར་བྲག་གཡབ་བྱམས་མདུན་བྱམས་ཁང་ཇོ་རྡོ་ཆེན་མོ་ཞིག་གསོའི་སྐབས་སུ་འོག་ནས་བོན་པོའི་མ་ཏྲི་རྡོ་འབུམ་འབོར་ཆེན་རྙེད་པའང་དབྱེ་བ་མ་ཕྱེས་པར་ལྷན་དུ་བརྩེགས་གཤོམས་བྱས་ཏེ་བཞག་ཡོད་པར་ཐོས། དབྱེན་འདུམ་གྲོང་རྡལ་ཆུ་སྲིབ་གྲོང་ཚོའི་ཁུལ་དུ་བོན་དར་བའི་ཤུལ་མང་བར་བཤད། རང་འགྲུབ་ཤང་གི་ཉེ་འགྲམ་བྲག་གི་ངོས་ལ་གཡུང་དྲུང་བོན་འཁོར་གྱི་རྡོ་བརྐོས་རི་མོ་ཝ་ལེར་འཁོད། ད་དུང་དཀྱིལ་ཐང་གྲོང་རྡལ་ཁོངས་གཏོགས་སུ་སྔར་བོན་ལུགས་ཤུགས་ཆེན་དར་རྟགས་སུ་རི་ལ་བོན་གཉའ་དང་། སྐུ་ལ་ཚེ་དབང་རིག་འཛིན། འབྲུ་ལ་སྙིང་པོ་རྣམ་གསུམ་ཞེས་ཁ་རྒྱུན་དུ་འབྱམས་འདུག འདི་ནས་དཔའ་ཤོད་སྤོ་མདའ་དང་ཆབ་མདོའི་རོབ་པ་ཤང་སོགས་འདབས་སྦྲེལ་ཡིན་པས་བེ་རུ་རྒྱལ་པོ་མངའ་དར་བའི་སྐབས་སུ་ཁུལ་འདི་དག་ལ་བོན་ལུགས་ལས་གཞན་པའི་དད་ཡུལ་ཞིག་མེད་པར་སྣང་། བྲག་གཡབ་རོང་གྲུབ་ཁུལ་དུའང་བོན་གྱི་དགོན་ཤུལ་མང་བའི་གནས་ཞིག་ཡིན་པ་ནི་རྗེས་ཤུལ་དང་རྡོ་བརྐོས་ཡི་གེ་དང་རི་མོ་དག་ལས་གསལ་ཐུབ། བོན་དར་མྱོང་བའི་ཁུལ་དེ་དག་ལ་བོན་དང་འབྲེལ་བའི་གསོ་རིག་དར་མྱོང་ཡོད་པ་རྟོགས་ལ། སློབ་དཔོན་ཉི་མ་གྲགས་པ་མཆོག་གིས་བོན་གྱི་སྐབས་ནས་བཟུང་སོག་བོན་ཚང་ལ་སྨན་རྒྱུད་ཡོད་པའི་སྐོར་གསུངས་མྱོང་ལ་ཁྱུང་པོ་དཀར་རུ་ཚང་ལ་གཉེན་ཚན་དང་གསོ་རིག་ཐེ་བའི་ཤེས་རིག་གི་འབྲེལ་བའང་ཚུགས་མྱོང་ཡོད་པར་གསུངས། མཁས་དབང་བཀྲ་རྒྱལ་ཚང་ནི་གནའ་སྔོན་ནས་བོན་གྱི་ཤེས་རིག་དར་སའི་ཁོར་ཡུག་ཏུ་མི་རྒྱུད་ཀྱི་རྩ་བ་ཚུགས་པ་དང་དུས་སྐབས་དེའི་གསོ་རིག་རྨང་གཞི་བྱས་ནས་རིམ་བཞིན་ད་བར་བརྒྱུད་འཕེལ་བྱུང་བར་ཡིད་ཆེས་ཀྱིས་རབ་ཏུ་བརྟས་འདུག དེང་སང་ཁོང་གིས་དཔྱད་བུས་མཛད་པའི་བྱིས་པའི་རྣ་རྩ་བརྟགས་ཐབས་ལ་གཙིགས་འཛིན་གནང་བཞིན་འདུག་ལ། གཏར་བསྲེག་སོགས་ལག་ལེན་བཅོ་བརྒྱད་ཀྱི་དར་རིམ་ནི་ཐོག་མར་སྲིད་པ་བོན་དང་། དེ་ནས་གཡུང་དྲུང་བོན། ཕྱིས་སུ་དམ་པ་ཆོས་དང་མཐུན་པར་དར་བ་ཚད་ལྡན་མཁས་པ་ཁོང་གི་གསུངས་ངག་ལས་ལྷུག་གིས་གྲོལ་བཞིན་པའོ། །
ཆབ་མདོ་རྫོང་ཁུལ་དུ་མཁར་རོའི་གནའ་ཤུལ་ལས་ལོ་ངོ་བཞི་སྟོང་གོང་ནས་བོད་དུ་གསོ་དཔྱད་དར་ཡོད་པ་མགོ་བོའི་རུས་པ་གཤག་བཅོས་བྱས་ཤུལ་དང་། གསོ་དཔྱད་ལ་ཉེ་བར་མཁོ་བའི་རྒྱུ་ཆ་མང་ལུགས་སོགས་ལས་རྟོགས་ཐུབ་པ་མཁས་དབང་མང་ཞིག་སྨྲ། དེ་དུས་གངས་ཅན་ལྗོངས་སུ་བོན་ལུགས་ལས་གཞན་པའི་ཆོས་ཞིག་མེད་པས་འདིར་བོན་ལུགས་གསོ་རིག་དར་ཚུལ་སྐབས་སུ་བཀོད་ན་ཉེས་པའི་དྲི་མ་མེད་སྙམ། དེ་དང་ཉེ་ས་རོབ་པ་ཤང་གི་ཁོངས་གཏོགས་ནས་བོན་ལུགས་དང་འབྲེལ་བའི་མ་ཏྲི་རྡོ་འབུམ་གྱི་ཤུལ་འགའ་བཙལ་རྙེད་ཐུབ་ལ། མཁར་རོ་གྲོང་རྡལ་དྲེའུ་ཤུལ་ནང་གི་དྲེའུ་ཤུལ་ཕུ་ཡི་དྲེའུ་ཡི་རང་བྱོན་དེ་བོན་ཕྱོགས་ནས་སྲིད་རྒྱལ་དྲེའུ་དམར་གྱི་ཆིབས་དྲེའུ་ཡིན་པའི་དད་པ་ད་དུང་བོར་མེད། དྲེའུ་མདའ་ནས་མ་ཏྲིའི་རྡོ་འབུམ་མང་པོ་དུས་དེང་སང་ཡང་ཡོད་པ་མཇལ་བས་ལུགས་དེ་དང་འབྲེལ་བའི་གསོ་དཔྱད་ཀྱི་བསྟན་པ་དར་མྱོང་བའི་ཚོད་དཔག་ཞུ་ཐུབ། བེ་རི་ཁུལ་དུ་སྔོན་མ་བོན་ལུགས་དར་ས་ལྟེ་བ་ཡིན་པས་བླ་མ་སྣང་ཞིག་ཚང་དང་ད་དུང་བླ་སྨན་དུ་བཀུར་བའི་དམ་པ་མང་པོ་ཡོད་པར་ཐོས་པས་དེ་དག་བོན་ལུགས་གཙོ་རུ་འཛིན་པའི་སྨན་རྩིས་བདག་པོ་ཡིན་པར་སྣང་། སྨན་མདའ་ཤང་མཚོ་རང་ཚུན་མང་རི་མཐོང་གྲོལ་གླིང་གི་བླ་མ་གཡུང་དྲུང་ཚེ་རིང་མཆོག་གིས་དུས་རབས་ཉི་ཤུ་པའི་མགོ་ནས་ཡབ་མྱེས་ཀྱི་སྲོལ་བཟང་བོན་མདོ་སྔགས་སེམས་གསུམ་དང་། སྨན་རྩིས་གཏོ་གསུམ་སྐོར་ནས་མཛད་འཕྲིན་ཁྱད་འཕགས་བསྐྱངས་མྱོང་བའི་ལོ་རྒྱུས་གསལ། དེ་རྗེས་མང་རི་དགོན་མཁན་པོ་བསོད་ནམས་འགྱུར་མེད་མཆོག་གིས་རྒྱ་གར་སྨན་རི་གླིང་འབུམ་བཞིའི་སློབ་གྲྭ་ནས་གསོ་རིག་འབུམ་བཞི་དང་སྨན་སྦྱོར་སྟོང་རྩའི་ཕྱག་ལེན་ལ་སློབ་གཉེར་གང་ལེགས་གྲུབ་རྗེས་ད་ཆ་རྒྱལ་གཅེས། ཆོས་གཅེས། དམངས་གཅེས་པ་མཆོག་ཏུ་གྱུར་ནས་ཡོད། ལྷག་པར་དམངས་གཅེས་ཀྱི་ཐབས་བཟང་རྒྱ་ཆེའི་མང་ཚོགས་ཁྲོད་ནད་ལ་སྨན་དང་། གདོན་ལ་གཏོ། སེམས་ཁམས་ལ་བོན་གྱི་དགོས་འདོད་བྱོ་མུས་སུ་མཆིས། ད་ཆ་བཀྲ་ཤིས་དར་རྒྱས་ལ་སོགས་པས་སློབ་སྦྱོང་གི་ལམ་ནས་རྗེས་འཛིན་གྱི་བྱ་བར་འབད་བཞིན་པ་རེད་འདུག ཆབ་མདོ་ཆུ་གཉིས་འདུས་མདོ་རུ་ཆགས་ཅིང་ཁམས་ཁུལ་སྨན་རྩིས་ཀྱི་ལྟེ་བར་བསྔགས་པའི་ཆབ་མདོ་སྨན་རྩིས་ཁང་གི་རིག་གཞུང་གི་གཞི་བཅོལ་ས་བོད་གངས་ཅན་པའི་ཁམས་དང་མོས་པར་བསྟུན་ནས་མཛད་པའི་འབུམ་རྒྱུད་གཉིས་གཞུང་ལུགས་ཀྱི་རྨང་དུ་བཞག་ཐོག སྨན་མཆོག་དབང་རིལ་ཤེལ་དཀར་མཆོད་རྟེན་གྱི་ལག་ལེན་ནི་དེའུ་དམར་བས་དཔྱད་གཞི་དང་སློབ་སྦྱོང་མཛད་སའང་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་དབང་པོ་རིལ་བུའི་ལག་ལེན་ཡིན་པར་སྙམ། བསྟན་གཉིས་གཡུང་དྲུང་གླིང་པ་རིན་པོ་ཆེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་ཐོག་མའི་མཚན་ལ་གཡུང་དྲུང་བསྟན་འཛིན་དུ་འབོད་པ་ཁོང་ནས་རིས་མེད་ལྟ་བས་མཛད་པའི་ཟིན་ཏིག་ལ་ཕྱག་ལེན་གྱི་གཞི་འཛིན་པ་དང་། སྨན་སྦྱོར་གྱི་ཆ་ནས་མཁས་དབང་གཡུང་དྲུང་ཉི་མའི་ཕྱག་སྲོལ་རྗེས་འཛིན་བྱས་ཡོད་པ་སོགས་གང་ནས་བལྟས་ཀྱང་ཁམས་ཆབ་མདོའི་ཁུལ་དུ་མེས་པོ་བོན་གྱི་གསོ་རིག་གི་ཤུགས་རྐྱེན་ནི་ཤོག་བུ་ལ་སྣུམ་གྱིས་འཚོས་པའམ་ཁང་གཞིས་ཀྱི་རྩིགས་རྨང་ཚུལ་དུ་བརྟན་ཅིང་མཛེས་པར་འདུག་སྙམ་པ་བཅས་སོ། །
གསུམ་པ། མཇུག་བསྡུ་བའི་གཏམ།
མཇུག་མཐར་ཞུ་བ་ནི་དགེ་སློང་བསྟན་འཛིན་དབང་གྲགས་རིན་པོ་ཆེའི་ཞལ་སྔ་ནས། ཐ་སྙད་ཀྱི་ཆུ་ཀླུང་ཆེན་པོ་རྦ་རླབས་དྲག་ཏུ་འབབ་པ་རྣམས་རྒྱ་མཚོ་ཆེ་ལ་འདྲེས་ན་དབྱེ་བ་མེད་པ་བཞིན་ཚིག་མ་མཐུན་ཡང་དོན་དང་དམིགས་ཡུལ་མཐུན་པས་འགལ་བ་མེད་པར་སྙམ་ནས། ཁོ་བོས་སྙན་གསེང་ཞུས་པ་ཡིན་པས་དགོངས་འགལ་མེད་པ་མཁྱེན་མཁྱེན། ཞེས་ཤིན་ཏུ་ཐུགས་མད་པའི་མཁས་པ་ཆེན་པོའི་ལེགས་བཤད་རྨད་པོ་ཆེ་དེས་མཇུག་ཡོངས་སུ་གྲུབ་པར་བསྡུ་བ་བཅས་ཐ་ཚན་མུ་ཙུག་སྨར་རོ། །