གཤེན་ཡུལ་འོལ་མོ་ལུང་རིང་སྐོར་གྱི་བརྗེད་ཐོ།

[ཟླ་ཚེས། 2020-10-12 21:53:04][རྩོམ་པ་པོ། རག་ཤི་ཚངས་སྲས་འཇིགས་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
སྔོན་གླེང་།
   འདིར་བོད་ཀྱི་བཀའ་བརྟེན་འགྱུར་དང་། བསྟན་འབྱུང་། ལོ་རྒྱུས། དཔྱད་བརྗོད་སོགས་ནང་དོན་ཕུན་སུམ་ཚོགས་མིན་ཅི་རིགས་ཕྱོགས་སུ་བསྡུས་ནས་ཤོད་སྲོལ་མི་མཐུན་པའི་ལྟ་བ་འགའ་ཟུར་བཀོད་བྱས་པའི་བརྗེད་ཐོ་ཡིན་ལ། མ་ཟད་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་འཛིན་ཅི་ཐུབ་བྱས་ནས་ཟིན་བྲིས་སུ་བཏབ་ཡོད་པའི་ཁུལ་ཡིན། དེ་མིན་ཧི་དྷིས་བཤད་སྟངས་ལྟར་ཡོད་ཚད་དཀོན་མཆོག་གིས་གློ་བུར་དུ་བཟོས་པ་ཡིན་ཞེས་བཤད་ཆོག་གི་འདུག དེ་བཞིན་དད་པ་དག་སྣང་ངང་ནས་ཐམས་ཅད་ལྷའི་སྤྲུལ་པ་དང་། བདུད་ཀྱི་ཆོ་འཕྲུལ་རེད་ཅེས་ལབ་ཐུབ་ཀྱི་རེད། འོན་ཀྱང་། ལྟ་བ་དེ་དག་ནི་རིག་གཞུང་ཞིབ་འཇུག་གི་ལམ་བུ་ཞིག་དང་། དངོས་ཐོག་བདེན་འཚོལ་གྱི་ངོ་བོ་ཞིག་མིན་པས་དེའི་ཕྱོགས་སུ་འགྲོ་འདོད་མ་བྱུང་།
   སྤྱིར་ཡིན་ན། འཛམ་གླིང་ཐོག་གི་ཆོག་ལུགས་གང་ཞིག་ཡིན་ནའང་། བསྟན་པ་དེ་ཉིད་འབྱུང་སའི་གནས་དང་། ཆོས་ལུགས་དེ་དག་སྲོལ་གཏོད་པ་པོ་སྟོན་པ་རེ་ཡོད་པར་མ་ཟད་སྟོན་པ་དེ་ཉིད་འཁྲུངས་ཡུལ་གྱི་གནས་ཁྱད་པར་ཅན་རེ་འཇོག་རྒྱུ་ཡོད་པ་སྟེ། ཁ་ཆེས་ཁོང་གི་ཆོས་ལུགས་ཀྱི་འབྱུང་ཁུངས་དེ་ཁ་ཆེའི་རྒྱལ་ཁབ་སོ་ཏི་ཨ་རེ་བི་ཡ་ཡི་མེ་ཀ་ཞེས་གྲོང་ཁྱེར་དུ་ངོས་འཛིན་པ་དང་། ཡེ་ཤུའི་ཆོས་པས་ཨེ་ཤེ་ཡ་ཤར་དཀྱིལ་གྱི་གྲོང་ཁྱེར་ཇུ་རུ་སེ་ལེམ་དུ་བྱེད། ཐུབ་བསྟན་སྐྱོང་མཁན་རྣམས་ཀྱིས་རྒྱ་གར་རྡོ་རྗེ་གདན་དུ་ངོས་འཛིན་ཡོད་པ་བཞིན། བོན་གྱི་དཔེ་རྒྱུན་དང་བཤད་རྒྱུན་ལྟར་ན་འོལ་མོ་ལུང་རིང་ནི་གཤེན་བསྟན་གྱི་འབྱུང་ཁུངས་ཡིན་པར་བཤད་ཅིང་ཡོད་ལ། འོལ་མོ་ལུང་རིང་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་གཟིགས་དགོངས་རྣམ་པ་ལྔ་ཐུགས་སུ་བཀྲམ་པར་ཡུལ་འོལ་མོ་ལུང་རིང་དེ་ཉིད་དགོངས་ནས་སྟོན་པ་གཤེན་རབ་གནས་དེར་འཁྲུངས་བའི་ངོས་འཛིན་ཞིང་དེར་གཤེན་ཡུལ་འོལ་མོ་ལུང་རིང་དང་། རྟག་གཟིགས་འོལ་མོ་ལུང་རིང་། ཞང་ཞུང་འོལ་མོ་ལུང་རིང་ཞེས་དུས་རབས་རིམ་པའི་དབང་གིས་མིང་འབོད་སྲོལ་མི་འདྲ་བ་དུ་མར་བྱུང་། བོད་སྐད་ཐོག་ཏུ་འོལ་མོ་ལུང་རིང་ཞེས་པའི་ཐ་སྙད་དེ་ཅི་ཞིག་གོ་བར་གསལ་པོར་མ་ཤེས་ནའང་། བོན་གྱི་བཞེད་སྟངས་གཟེར་མིག་1གི་དགོངས་པ་བྱས་ན། འོལ་ནི་སྐྱེ་བ་མེད་པའི་དོན་དང་། མོ་ནི་འདོད་པ་འབྱུང་བས་དོན། ལུང་ནི་གཤེན་རབ་མི་བོ་ཆེའི་བཀའི་དོན་དང་། རིང་ནི་གཤེན་རབ་མི་བོ་ཆེའི་བྱམས་སྙིང་རྗེ་དང་ཐུགས་རྗེ་བྱིན་རླབས་བསྐལ་མཐའི་བར་དུ་གནས་པའི་དོན་བཤད་ཡོད། འགྲེལ་ཚུལ་དེ་ནི་གང་ཟག་ཞིག་གིས་འཕྱིས་སུ་བཏགས་པ་ཡིན་ཞེས། བོད་རིག་པའི་མཁས་ཅན་སྐུ་ཞབས་མཁའ་རྨེའུ་བསམ་གཏན་མཆོག་2གིས་གསུངས། འོན་ཀྱང་དཔྱད་པར་འཚལ། སྤྱིར་བཏང་གཟེར་མིག་ལས་འོལ་གླིང་ས་ཁུལ་གྱི་མི་ནོར་ཡུལ་མཁར་སོགས་ཀྱི་མིང་ཚིག་ལ་འགྲེལ་བརྗོད་མང་དུ་བྱས་ཡོད། སྐུ་ཞབས་མཁར་རྨེའུ་ལགས་ཀྱིས་དེ་ལྟར་གསུང་པའི་རྒྱུ་མཚན་ཡོད་དེ། སྟོན་པའི་མཛད་རྣམ་འབྲིང་པོ་‘‘གཟེ་མིག་’’ནི་དུས་རབས་ག་དུས་བྱུང་མིན་གསལ་པོར་བཤད་དཀའ་ལ། གཏེར་མ་ཡིན་ཞེས་བརྗོད་ནའང་དེ་ནི་དཔྱད་དགོས་པའི་གནས་སུ་འདུག་པར་སེམས། ཡིན་ཡང་། གཟེར་མིག་དཔེ་ཆ་རྩ་ཆེན་ཞིག་ཡིན་པ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཕལ་ཆེར་གྱིས་ཁས་འཆེས་ཡོད།
དངོས་གཞི་བསྟན་པ།
 བོན་གྱི་ཡིག་ཆ་འགའ་དང་བོན་མིའི་བསམ་བློ་ལ་འོལ་མོ་ལུང་རིང་དུ། ས་ཐོབ་སེམས་དཔའ་མ་གཏོགས་སེམས་ཅན་ཕལ་པ་རྣམས་ཀྱི་དབང་པོའི་མཐོང་ཡུལ་དུ་མ་གྱུར་བའི་ངོས་འཛིན་ཡོད་པ་མ་ཟད། འབེལ་གཏམ་ལུང་གི་སྙིང་པོ་ལས་ཀྱང་‘‘ས་སྟེང་འདིར་བརྟགས་ཏེ་བཙལ་ན་བླུན་’’3 ཞེས་གསུངས། ལྟ་བ་དེ་ལྟར་ཁུར་བ་ནི། སྟོན་པའི་རྣམ་ཐར་གཟེར་མིག་4དང་མདོ་འདུས་སོགས་ལས་འོལ་མོ་ལུང་རིང་སྐྱེ་འགག་གི་མཐའ་དང་བྲལ་བར་བསྟན་ཞིང་འཇིག་རྟེན་འདི་མེ་ཡི་འཇིག་པས་སྟོང་སྐབས་འོལ་མོ་ལུང་རིང་གནམ་ལ་འཕགས་ནས་བདེ་པ་ཅན་གྱི་ཞིང་ཁམས་ཤིག་ཏུ་ཐིམ་འགྲོ་བར་གསུང་པའི་དོན་ནོ། །དེས་ན་བོན་པོའི་སྤྱི་ཚོགས་ཁྲོད་དུ་འོལ་མོ་ལུང་རིང་འཇིག་རྟེན་འདིར་ཡོད་མེད་ལ་དོ་སྣང་མི་བྱེད། ཡིན་ན་ལས། དད་པའི་ཤན་ཤུགས་ཀྱིས་དངོས་པོ་ཞིག་དེ་ལྟར་སྐྱེ་འགག་མཐའ་ལས་བྲལ་བར་འདོད་པ་བོན་པོ་ཁོ་ནའི་ལྟ་བ་མ་ཡིན་པར། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ཡང་འཇིག་རྟེན་འདི་འཇིག་སྐབས་རྡོ་རྗེ་གདན་མཁའ་དབྱིངས་སུ་འཕགས་ཤིང་འཇིག་མི་ཐུབ་པར་སྨྲས་ཡོད། ལྟ་བ་དེ་དག་ནི། དད་པ་དག་སྣང་གི་སྒོ་ནས་བཤད་པ་ཞིག་ཏུ་འཁུམས།
   རྒྱུ་མཚན་བཀའ་བན་བོན་སུ་ཞིག་ཡིན་ནའང་། ནང་བའི་གྲུབ་མཐའ་འཛིན་མཁན་ཞིག་ཡིན་ནས་བཟུང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མཁན་གང་ཟག་ཤ་སྟག་རེད། དེར་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་ཡིན་ཞེས་པ་ཅི་བཤད། ལར་ང་ཚོའི་རིག་གཞུང་ཞིབ་འཇུག་གམ་དངོས་ཐོག་བདེན་འཚོལ་ལམ་ནས་འོལ་མོ་ལུང་རིང་ཅི་ལྟར་ཆགས་ཚུལ་དང་། རང་ཅག་གནས་པའི་འཇིག་རྟེན་གྱི་ཁམས་འདི་དང་འབྲེལ་བ་གནས་སྟངས་སྐོར་དཔྱད་ཞིབ་བྱས་ན་དགེ་མཚན་ཆེ་བར་མཐོང་།
   དེང་སྐབས་ཞིབ་འཇུག་པ་རེ་འགས་མདོ་འདུས་ཀྱི་ལུང་ཚིག་དྲངས་ཤིང་འོལ་མོ་ལུང་རིང་ནི་བོད་ཀྱི་གངས་ཏི་སེའི་ཉེ་འདབས་ཀྱི་ས་ཁོངས་ཙམ་དུ་ངོས་འཛིན་ཡོད་ཀྱང་། དོན་དུ་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཀྱི་ལུང་ཚིག་གོང་འོག་རྣམས་བསམ་བློ་བསྐྱར་དུ་བཏང་དགོས་པའི་གནས་སུ་མཆིས་ཏེ། མདོ་འདུས་ལེའུ་གཉིས་པ། ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་བསྟན་པ་ལས། ‘‘ཁྱད་པར་འཛམ་གླིང་དབུས། རི་བོ་གངས་ཆེན་ཏི་ཙེ་ནི།།’’ཞེས་དང་། ‘‘དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པཀྵུ་སནྡྷིས་བཅད་དེ། །རི་ནག་དགུས་བཅད་པའོ།།’’5 ཞེས་དང་། ཡང་གཞུང་དེ་ཉིད་ཞིང་མཆོག་འོལ་མོ་གླིང་གི་བཀོད་པ་བསྟན་པའི་མདོ་ལས། ‘‘ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན། །མུ་ཁྱུད་འཛིན་པ་ལྷོ་ཡི་ཕྱོགས།།’’ཞེས་དང་། ‘‘ཆུ་བོ་པཀྵུ་དང་ནི་སིནྡྷུས་བཅད་པ་སྟེ། །དུས་གསུམ་སྟོན་པ་བྱོན་པའི་ཞིང་།།’’ 6 ཞེས་གངས་ཏི་སེའི་བྱང་ནུབ་དང་ཆུ་བོ་པཀྵུ་དང་ནི་སིནྡྷུ་རི་ནག་དགུ་སོགས་ཀྱིས་བཅད་པར། དུས་གསུམ་སྟོན་པ་བྱོན་སའི་ཞིང་ཁམས་ཡིན་པར་བསྟན། ལར་བོན་པོས་སྟོན་པ་གཤེན་རབ་ནི་དུས་ད་ལྟའི་སྟོན་ལ་ངོས་འཛིན་ཡོད།
   བོད་ཀྱི་ལོ་རྒྱུས་མཁས་པ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་7སྟག་གཟིག་ཡུལ་གྱི་འོལ་མོ་ལུང་རིང་ནས་འབབ་པའི་ཆུ་བོ་བཞི་ཡང་། ད་ལྟ་དངོས་སུ་མཐོང་ཡུལ་གྱུར་པ་དང་། པག་ཤུ་དང་ནཱ་ར་ཛ་ལ་སོགས་པ་ཉི་མ་དྲུག་རེའམ་གསུམ་རེ་ཙམ་གྱིས་ཆོད་པའི་ཆུ་བོ་ཆེན་པོ་བཞི་སྟག་གཟིག་ནས་འབབ་ཡོད་པ་ཁས་བླངས་ཡོད། ལར་དཔེ་ཆའི་ཁྲོད་དུ་བསྟན་ཚུལ་དང་རིག་པས་ཞིབ་འཇུག་སོགས་ཕྱོགས་གང་ཐད་ནས་གཞིགས་ཚེ་གནའ་བོའི་འོལ་མོ་ལུང་རིང་ནི། དེང་དུས་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་རྒྱ་ཁྱོན་ཙམ་མ་ཡིན་པར་ཆེས་ཧ་ཅང་རྒྱ་ཆེ་བའི་ས་ཁམས་ཤིག་ཏུ་ཆགས་པར་རྟོགས།
   དཔེ་ཀློག་མེད་པའི་བོན་པོའི་གང་ཟག་ཁ་ཤས་མཐའ་ད་དུང་། སྟོན་པ་གཤེན་རབ་འཁྲུངས་སའི་གནས་དད་པས་བཞེངས་པ་ཙམ་མ་གཏོགས། དངོས་པོ་ཞིག་རྙེད་མེད། དེ་ནི་གནས་མཆོག་འོལ་མོའི་ཞིང་བཀོད་དེ་ཉིད་ཆེ་བའི་ཡོན་ཏན་བརྗོད་བྱེད་ཀྱི་ཚིག་ལ་དད་མོས་ཆེ་བའི་ཤན་ཤུགས་ཀྱིས་འཛམ་གླིང་འདིར་ཡོད་མེད་ཐེ་ཚོམ་ཞིག་ཀྱང་སྐྱེ་དཀའ་བའི་གནས་སུ་གྱུར་པ་དང་། དུས་རབས་བདུན་པའི་ནང་གི་བོད་བཙན་པོའི་རྒྱལ་ཁབ་ཀྱིས་གནའ་བོའི་ཞང་ཞུང་གི་རྒྱལ་ཁམས་དབང་དུ་བསྡུས་ནས་བཟུང་། རིམ་བཞིན་ཞང་ཞུང་གི་རྒྱལ་ས་སིལ་བུ་འཐོར་བ་དང་། ཞང་ཞུང་གི་འབངས་མི་སེར་རྣམས་ཀྱང་ཆབ་དཔལ་རིག་གསུམ་གང་ཐད་ནས་ཉམས་གུད་ཆེན་པོ་བྱུང་། དེར་གནའ་བོའི་ཞང་ཞུང་གི་ཆགས་རབས་དང་། ད་ལྟའི་བར་གནས་ཚུལ་གྱི་ལོ་རྒྱུས་ཤིག་བཤད་དགོ་ན། བློ་ཡུལ་ལས་འདས་པ་ཞིག་དང་། ཡིད་སྐྱོ་བའི་གནས་སུ་གྱུར། དེ་ནས་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་ས་ཁུལ་དང་། དེ་དག་ལ་འཚོ་སྡོད་བྱས་པའི་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ཞན་པས།  བསྟན་པ་ཕྱི་སྐབས་སུ་ཐུབ་བསྟན་འཛིན་མཁན་ཁ་ཅིག་གིས་འཕྱ་སྨོད་ལས་རིན་ཐང་མ་བཞག་པའི་དབང་གིས། ད་གཟོད་འོལ་མོ་ལུང་རིང་དེ་ཉིད་གནས་དེར་ངོས་འཛིན་མ་ཐུབ། དེ་མིན་‘‘འོལ་ལུང་’’ཞེས་དང་‘‘ལུང་རིང་’’ཞེས་འབོད་པའི་ཁྱད་ཆོས་དེ་ཉིད་བོད་དབུས་གཙང་གི་ས་ཁུལ་དུ་ད་ལྟའང་ཐོས་རྒྱུ་ཡོད་པ་མ་ཟད། སྟོན་བ་གཤེན་རབ་འཁྲུངས་པའི་སྐབས་སུ་སྤྱན་དྲངས་བྱེད་རྐྱེན་ནི། བོད་མ་གཏོགས་པའི་ས་གནས་གཞན་ལ་མེད་པའི་སེམས་ཅན་འབྲོག་གཡག་སོགས་ཀྱིས་བསུ་ཚུལ་བསྟན་ཡོད།
   བོན་པོའི་ལྟ་ཚུལ་གཞན་ཞིག་ཏུ་ཞང་ཞུང་ཕུགས་པའི་ཡུལ་ཞང་ཞུང་བོན་གྱི་རྒྱལ་ཁམས་དེ་ཉིད་འོལ་གླིང་གི་ཡུལ་ལྟེ་བ་ཡིན་ཞེས་བཤད་བཞིན་དུ། འོལ་གླིང་འཇིག་རྟེན་འདིར་མེད་ཅེས་སྨྲས་པ་ནི་བླུན་ཚིག་ཅིག་མ་གཏོགས་གཞན་རྒྱུ་མཚན་ཅི། ཡང་བོན་པོའི་ནང་བསྟན་རིང་ལུགས་ཀྱི་གཏམ་རྒྱུད་ཁྲོད་དུ་ལི་ཤུ་སྟག་རིང་གིས་སྒོ་བཞི་མཛོད་ལྔའི་གཞུང་ཁྲི་ཕྲག་བཅུ་གཅིག་ཁྲུང་ཁྲུང་དང་། དུར་བྱ། བྱ་རྒོད་སོགས་ལ་བཀལ་ཞིང་དྲོ་ཐེབ་གཅིག་ཏུ་རྟག་གཟིགས་ནས་བོད་ཡུལ་དུ་ཕེབས་པར་གསལ། འོན་ཀྱང་། ཕྱོགས་གཅིག་ནས་གཞིགས་ཏེ་ལི་ཤུས་རྫུ་འཕྲུལ་གྱིས་སྤྲུལ་པ་བཏང་བར་བཤད་ནའང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ངང་ནས་ཞུས་ཚེ་རྟག་གཟིགས་འོལ་མོ་ལུང་རིང་སྐྱེ་བོ་ཕལ་པའི་མཐོང་ཡུལ་མ་གྱུར་བའི་ཞིང་ཁམས་ཡིན་པར་བྱ་རིགས་དུད་འགྲོ་དེ་རྣམས་ཅི་ལྟར་བགྲོད་པ་ཡིན།
   ཡང་ན་བྱ་རིགས་དེ་དག་བྱང་སེམས་འཕགས་པ་ཡིན་དགོས། གང་ལྟར་ཐབས་རྒྱ་ཇུས་སྟོང་ཅི་ལྟར་བྱས་ཀྱང་འཇིག་རྟེན་འདི་ཕར་བརྒལ་བའི་ཞིང་ཁམས་ཤིག་ཏུ་འོལ་མོ་ལུང་རིང་ཡོད་པར་བསྒྲུབ་པ་ནི་དཀའ་ཁག་ཆེན་པོའི་གནས་སུ་གྱུར། གཟེར་མིག་ལས་འཇིག་རྟེན་མེ་ཡི་འཇིག་པས་སྟོང་སྐབས་འོལ་མོ་གླིང་གནམ་ལ་འཕགས་འགྲོ་བར་བསྟན་པ་ནི། གདོས་བཅས་འཇིག་ཅིང་འོག་མིན་གྱི་གནས་ན་འོད་སྣང་གི་ཚུལ་དུ། ས་བཅུ་འཕགས་པའི་གནས་གཅིག་འདི་དང་ཆ་མཐུན་དུ་གནས་པར་བཏགས་པ་སྟེ། གླེང་གཞི་བསྟན་པའི་འབྱུང་ཁུངས་ནང་དུ་རིག་པ་མདའ་བསྣུན་དང་མདོ་མདུས་8 སོགས་ལས་དྲངས་པའི་ལུང་ཚིག་གིས་གསལ་བཤད་བྱས།
   ད་བར་ཡུལ་འོལ་མོ་ལུང་རིང་འདི་ཉིད་ཅི་ལྟར་ངོས་འཛིན་བྱེད་དགོས་པ་སྟེ། ཤར་རྫ་རིན་པོ་ཆེས། ‘‘ཞིང་ཁམས་འདི་ལ་གླིང་བཞིའི་མི་རྣམས་ཀྱིས་གསོལ་བའི་མཚན་བཞི། འཛམ་གླིང་མི་རིགས་སོ་སོས་མཚན་རེ་ཡོད་པའི་ནང་ཚན། ཞང་ཞུང་གི་མི་རྣམས་ཀྱིས་སྟག་གཟིག་འོལ་མོ་ཁྲོམ་པའི་གླིང་། རྒྱ་གར་གྱི་མི་རྣམས་ཀྱི་བྱང་ཤམྦྷ་ལའི་གནས་མཆོག བོད་ཀྱི་མི་རྣམས་ཀྱིས་སྟག་གཟིག་ཡུལ་འོལ་མོ་ལུང་རིང་།’’9ཞེས་གསུང་པ་ལྟ་བུ་ཡིན། དེ་ལ་ཐུབ་བསྟན་རིང་ལུགས་པ་རྣམས་ཀྱིས་ཤམྦྷ་ལའི་ཚད་ཅི་ཙམ་ཞིག་ཡིན་པ་ནི་འབྲུག་པདྨ་དཀར་པོའི་བརྩམས་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིད་བྱེད་དུ། ‘‘ཤམྦྷ་ལ་གངས་རིས་ཟླུམ་པོར་བསྐོར་བའི་དབུས་ན་པདྨ་འདབ་མ་བརྒྱད་པ། དེ་རེ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་དེ་རེ་རེ་ལ་རྒྱལ་པོ་རེ་རེ་ཡོད། ཡུལ་རེ་རེ་ལའང་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་སྟེ། ཡུལ་འཁོར་རེ་རེ་ལའང་གྲོང་འབུམ་ཕྲག་རེ་ལ་བྱེད་དེའི་ལྟེ་བ་གངས་རི་མུ་ཁྱུད་ལྟ་བུ་བསྐོར་བ།’’ 10 ཞེས་གསལ། གཞང་ཡང་བོན་གྱི་སྟོན་པའི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་དང་བོན་གྱི་བསྟན་འབྱུང་ཁག་ཏུ་འོལ་མོ་ལུང་རིང་གི་བཀོད་པ་ནི་ཤིན་ཏུ་རྒྱ་ཆེ་ཞིང་། བྱེད་བྲག་ནང་གླིང་བར་གླིང་སོགས་གྲངས་ཀྱིས་མི་ལངས་བ་ཞིག་བརྗོད་ཡོད། གཞུང་དེ་དག་ནས་བསྟན་སྟངས་དང་། འཛམ་གླིང་འདིའི་སྒང་གི་ས་གཤིས་མང་པོ་ཞིག་ཕན་ཚུན་དཔྱད་བསྡུར་འདུག་པར་སྙམ། དུས་རབས་རིམ་པའི་དབང་གིས་མིང་འདོགས་ལུགས་དང་ས་ཁམས་ཀྱི་རྣམ་པ་འགྱུར་འགྲོ་བ་ནི་ཆོས་ཉིད་ཡིན།
    རྣམ་པ་གཅིག་ཏུ་ན། དེང་དུས་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་གངས་ཏི་སེའི་ས་སྐོར་འོལ་མོ་ལུང་རིང་གི་ལྟེ་བ་ཡིན་པར་བཤད། དེ་ནི་བོན་པོའི་གཞུང་ལུགས་ཁག་ཏུའང་འོལ་མོ་ལུང་རིང་གི་དབུས་སུ་རི་གཡུང་དྲུང་དགུ་བརྩེགས་ཅན་ཞིག་ཡོད་པར་བསྟན་ལ། རི་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་དལ་བུར་བབས་ཡོད་པར་གསུངས་ཤིང་། གཡུང་དྲུང་དགུ་བརྩེགས་པ་དེ་ཉིད་ཐེག་པ་རིམ་དགུ་མཚོན་པར་འདོད། དེར་མདོ་འདུས་པ་རིན་པོ་ཆེའི་རྒྱུད་དུ་11རི་བོའི་རྩེ་མོ་ཆུ་ཤེལ་གྱིས་བརྒྱན་ཡོད་ཅེད་བཤད་ལ། དེ་ནི་དོན་དངོས་རི་དེའི་རྩེ་གངས་ཀྱིས་བཀབ་ཡོད་པ་དེར་བཞེད་པར་མ་ཟད། གཤེན་རབ་ཀྱི་རྣམ་ཐར་མདོ་འདུས་ལས། ‘‘རི་བོ་གངས་ཅན་ཏི་སེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ།’’ ཞེས་གསལ་པོར་གསུངས་ལ། རི་དེའི་ཕྱོགས་བཞི་ནས་ཆུ་ཆེན་བཞི་འབབ་སྟངས་དང་། བོད་ཀྱི་གངས་ཏི་སེའི་ཕྱོགས་བཞི་ནས་ཆུ་ཆེན་བཞི་འབབ་ཡོད་པ་གཅིག་མཚུངས་ཡིན་པར་མ་ཚད། གཡུང་དྲུང་བརྩེགས་པ་དགུ་དེ་ཉིད་ཐེག་པ་རིམ་དགུ་མཚོན་པར་འདོད་པ་དེ། ད་སྐབས་བོད་ཀྱི་གངས་རིན་པོ་ཆེར་གཡུང་དྲུང་དགུ་བརྩེགས་ཀྱི་རི་མོའང་ཡོད།
   ཡང་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་པའི་ཉི་ཟེར་སྒྲོན་མ་ཞེས་པའི་དཔེ་གཞུང་དུ་འོལ་མོ་ལུང་རིང་བརྗོད་སྐབས། རྒྱ་ནག་གི་ཡུལ་ནི་ཤར་ཕྱོགས། རྒྱལ་གར་ནི་ལྷོ་ཕྱོགས། ཨོ་རྒྱན་ནི་ནུབ་ཕྱོགས། ལི་ཡུལ་ནི་བྱང་ཕྱོགས་13 སུ་གནས་པར་འཁོད་ཡོད། བོན་གྱི་གྲགས་ཅན་མཁས་པ་དཔལ་ལྡན་ཚུལ་ཁྲིམས་གྱིས་བརྩམས་པའི་ཁམས་འགྲེལ་དུ་‘‘བལྟམ་ཞིང་སྐྱེ་བ་བཞེས་པ་ལ་ཡང་ལྷོའི་དགོངས་པ་ནི། གསལ་བ་འོད་ཀྱི་གླིང་ལ་སྐུ་བཙའ་སྟེ། ཆོ་འཕྲུལ་གྱི་མཛད་པ་དྲུག་ཅུ་རྩ་གཅིག་དང་ལྡན་པ་ཉིད་ཀྱིས་ཐུགས་ལ་གསལ་བ་ཞིག་སྐུ་འཁྲུངས་ཏེ། འདི་ཡི་དགོངས་པ་ནི་འཛམ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་དུ་སྐྱེ་བ་བཞེས་པར་ཡང་གསལ་པ་ཡིན་ནོ།’14 ཞེས་དང་། ཡང་གཞུང་དེ་ཉིད་ལས། ‘‘ཡུལ་གྲངས་མང་ཞིང་གླིང་རྒྱ་ཆེ་ན་ཡང་ལྷོའི་འཛམ་གླིང་སོག་ཀར་སྣོད་ཀྱི་འཇིག་རྟེན་འོལ་མོ་ལུང་རིང་ལ་གཟིགས་ནས་བྱོན།’’ ཞེས་གསལ་བ་སྟེ། མཁས་པ་དཔལ་ཆེན་གྱིས་འཛམ་བུ་གླིང་མིའི་ཡུལ་དུ་སྟོན་པ་གཤེགས་པ་དང་ཆུ་བོ་བཞི་འདུས་ཀྱི་མགོ་བོ་འཛམ་བུ་གླིང་གི་དམིགས་འོལ་མོ་ལུང་རིང་མཁར་བར་པོ་སོ་བརྒྱད་ཀྱི་ནང་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྟོན་པ་གཤེན་རབ་འཁྲུངས་བར་གསུངས། བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱིས་བརྩམས་པའི་དཔེ་རྙིང་། སྲིད་པ་སྤྱི་མདོས་ལས།‘‘ཡ་ཀི་སྐྱྀད་པའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞྀ་འདུས་མགོ རི་རྒྱལ་ཏི་སེ་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡྀ་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་བཞུགས་ན། བཞུགས་པ་གཤེན་གྱྀ་ལྷ། གཤེན་རབ་མྱྀ་བོ་ཆེ།’’15ཞེས་གཤེན་རབ་བཞུགས་གནས་ཀྱི་ཡུལ་སྙམ་ཚིག་རིག་པའི་ལམ་ནས་དྲང་བརྗོད་དུ་བརྩམས་འདུག་པས་བོད་ཡིག་ཤེས་མཁན་དག་ལ་ཁ་གསལ་པོ་བསྟན་ཡོད།
   གཞན་ཡང་རྒྱལ་སྤྱི་བོད་རིག་པའི་ཞིན་འཇུག་པ་ཆེན་མོ་སྐུ་ཞབས་མཁར་རྨེའུ་བསམ་གཏམ་ལགས་ཀྱིས་ཚིག་ཐག་ཆོད་པའི་སྒོ་ནས་འོལ་མོ་ལུང་རིང་ནི་འཇིག་རྟེན་འདིར་གནས་པའི་ཡུལ་ཞིག་ཡིན་པར་བརྗོད་ཡོད། 16 དེར་ལོ་རྒྱུས་ངོས་དཀར་ཐོག་ནས་བསམ་ནའང་དེ་ལྟར་ཡིན་པར་སྙམ། བོན་གྱི་ལོ་རྒྱུས་བསྟན་འབྱུང་ཁག་ཏུ་བལྟས་ཚེ་འོལ་མོ་ལུང་རིང་ལ་གང་ཟག་ཕལ་པ་ཡོད་པ་མ་ཟད། འདྲེ་སྲིན་བྱུར་གསུམ་མང་དུ་ཡོད་ཅིང་དེ་དག་རིམ་བཞིན་སྟོན་པ་གཤེན་རབ་ཀྱིས་འདུལ་བར་གྲགས། ཡང་དེ་ལ་བོན་པོས་བཤད་རྒྱུན་དུ་འདྲེ་སྲིན་བདུད་སོགས་སྟོན་པས་གདུལ་བྱ་དཀྲིལ་དྲངས་ཀྱི་ཕྱིར་དུ་སྤྲུལ་པ་སྟོན་པ་ཙམ་ལས་འདྲེ་སྲིན་དངོས་མིན་པར་བཞེད་ཅིང་འདུག དེ་ནི་ལྐོག་གྱུར་གྱི་གསང་བ་ལྟ་བུ་ཡིན་ལ་སུས་ཀྱང་བརྗོད་དཀའ།
   སྤྱིར་བཏང་འོལ་མོ་ལུང་རིང་གི་ཡུལ་ནི་དཔེ་རྒྱ་ཆེན་ཞིང་གཏིང་ཟབ་ཞིག་ཏུ་མཆིས། ལར་རགས་བསྡུས་ཚུལ་དུ་བརྗོད་ན། འོལ་མོ་ལུང་རིང་གི་དབུས་སུ་རི་གཡུང་དྲུང་དགུ་བརྩེགས་ཞེས་པའི་རི་ཞིག་ཡོད་པ་དང་། དེར་བོན་གྱིས་ཐེག་པ་རིམ་དགུའི་མཚོན་དོན་དུ་བཟུང་། རིའི་ཕྱོགས་བཞི་ནས་ཆུ་བོ་བཞི་འབབ་ཡོད་ཅིང་། ཆུ་བོ་ཆེན་པོ་བཞི་འབབ་སྟངས་ལ་བཤད་ཚུལ་མང་ནའང་། ཡོངས་སུ་གྲགས་ཆེ་བའི་དབང་དུ་བཏོང་ན་ཆུ་བོ་ཀྱིམ་ཤང་ཤར་ཕྱོགས་རྟ་མཆོག་ཁ་ནས་འབབ། ཆུ་བོ་པཀྴུ་བྱང་ཕྱོགས་སེང་གའི་ཁ་ནས་འབབ། ཆུ་བོ་གང་གཱ་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ། ཆུ་བོ་ན་ར་ཛ་ནུབ་ཕྱོགས་གླང་ཆེན་ཁ་ནས་འབབ་པ་བཅས་སོ། །རི་གཡུང་དྲུང་དགུ་བརྩེགས་ཀྱི་ཉེ་འགྲམ་དུ་ལྷ་ཁང་དང་ཕོ་བྲང་སོགས་མང་དུ་ཆགས་ལ། མཐའ་བསྐོར་ལའང་གྲོང་དང་གྲོང་ཁྱེར་བརྒྱ་ཕྲག་ལས་ལྷག་པ་ཡོད་པར་གསུངས།
   དེ་ཡང་རི་བོ་དེའི་ཤར་ཕྱོགས་ལ་ཡོད་པའི་ལྷ་ཁང་དེའི་མིང་ལ་ཤམ་པོ་ལྷ་རྩེ་ཟེར། ལྷོ་ངོས་ལ་ཕོ་བྲང་བར་པོ་སོ་བརྒྱ་ཆགས། ནུབ་ཕྱོགས་སུ་ཕོ་བྲང་ཁྲི་སྨོན་རྒྱལ་བཞད། བྱང་དུ་ཕོ་བྲང་ཁོལ་མ་ནེའུ་ཆུང་སོགས་གསས་ཁང་དང་ཕོ་བྲང་མང་དུ་ཡོད་ཅིང་།  དེ་དག་ནི་ཉེ་བའི་སྐུ་སྲས་རྣམས་ཀྱི་འཁྲུངས་གཞིས་ཡིན། ལྷོ་ཤར་དུ་འགྲོ་བ་འདྲེན་པའི་མཆོད་རྟེན་གྱི་ཐོག་མ་སྟོན་པ་ལྷ་ལས་བབ་པ་ན་དེར་བྱོན། བྱང་ཤར་དུ་བཻཊཱུརྱ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་དང་། བྱང་ནུབ་ཏུ་མཆོད་རྟེན་རྣམ་དག་དཀར་པོ་ཞེས་སྟོན་པ་རབ་ཏུ་བྱུང་སའི་གནས་ཡིན། ལྷོ་ནུབ་ཏུ་ཐུགས་རྗེ་རང་བྱུང་གི་མཆོད་རྟེན་སོགས་ཡོད་ཅིང། དེ་དག་ལ་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཅེས་བྱ།
   དེར་རྒྱལ་ས་ཁྲི་སྨོན་རྒྱལ་བཞད་དུ་སྟོན་པ་གཤེན་རབ་ཀྱི་སྲས་གཏོ་བུ་འབུམ་སངས་དང་དཔྱད་དུ་ཁྲི་ཤེས་ནེའུ་ཆེན་གསུམ་ཧོས་ཟ་རྒྱལ་མེད་གཞོན་ནུ་མར་འཁྲུངས། ཕོ་བྲང་ཁོལ་མ་ནེའུ་ཆུང་དུ། གཤེན་རབ་ཀྱི་ལྕམ་དཔོ་ཟ་ཐང་མོ་ཡོད་ལ། སྟོན་པའི་སྲས་ལུང་འདྲེན་གསལ་བ་དང་། རྒྱུད་འདྲེན་སྒྲོན་མ། ནེའུ་ཆུང་གསུམ་འཁྲུངས། གསས་མཁར་བར་པོ་སོ་བརྒྱད་དུ་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་བལྟམས། གཞན་ཡང་སྲས་མི་ཆོ་ལྡེམ་དྲུག་ཕྱྭ་ཟ་གུང་དྲུག་མ་ལ་ཕྱྭ་ཡུལ་དུ་འཁྲུངས། ཀོང་ཟ་ཁྲི་ལྕམ་ལ་སྟོན་པའི་སྲས་གཡུང་དྲུང་དབང་ལྡན་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་འཁྲུངས་པ་ཡིན།
   དེར་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དང་། ཁམས་ཆེན་པོ་བརྒྱད་གསུངས་གནས་འོད་ཀྱི་ལྷ་རི་སྤོ་མཐོ་ཡོད་ཅིང། གཡས་སུ་དགའ་ལྡན་ལྷ་གླིང་། གཡོན་དུ་འདུལ་བ་ཁྲིམས་ཀྱི་གླིང་གཉིས་ཆགས། བྱང་ཕྱོགས་སུ། གནོད་སྦྱིན་ནོར་གླིང་དང་། དེའི་གཡས་གཡོན་དུ་རིན་ཆེན་དྲང་མ་སྤུངས་པའི་གླིང་ཆགས་ལ་རྐང་འགྲོས་སྣ་ཚོགས་འཛོམས། ནུབ་ཕྱོགས་བསམ་གཏན་གླིང་སྟོན་པས་འཁོར་སྤངས་ནས་དགོངས་པ་གཅིག་པུར་བཞུགས་པའི་ཡུལ་དང་། གཡས་གཡོན་དགེ་རྒྱས་ཡོན་ཏན་ཕུན་ཚོགས་གླིང་། ཚད་མེད་བྱམས་པའི་གླིང་གཉིས་གྲུབ། ལྷོ་ཕྱོགས་ལ། ལྷོ་ཕྱོགས་ཚད་མེད་བྱང་ཆུབ་ཀྱི་གླིང་དང་། གཡས་གཡོན་བདུད་འདུལ་གསང་བ་སྔགས་ཀྱི་གླིང་། སྦྱིན་པ་མཐར་ཕྱིན་གླིང་གཉིས་བཅས་ཡོད། དེར་རྒྱལ་ས་ཕོ་བྲང་ཤམ་པོ་ལྷ་རྩེ་ལྟེ་བར་བྱས་པའི་གླིང་དེ་རྣམས་ལ་འོལ་མོ་གླིང་གི་ནང་གླིང་བཅུ་གཉིས་ཞེས་སུ་གྲགས།
   ནང་གླིང་གི་ཕྱི་རིམ་དུ་བར་གྱི་གླིང་ཕྲན་བཅུ་གཉིས་ཆགས་ཏེ། ཤར་དུ། རྒྱལ་རིགས་ཀྱི་རྒྱལ་ས་འཛིན་པའི་གླིང་། དེའི་གཡས་གཡོན་དུ། གསེར་གླིང་དང་། ཟངས་གླིང་གཉིས། བྱང་ཕྱོགས་ན། རྗེ་རིགས་ཀྱི་དབང་མཛད་པའི་གླིང་། གཡས་གཡོན་དུ། འགྲོ་འདུལ་ཞིང་དང་། མྱ་ངན་མེད་པའི་གླིང་། ནུབ་ཏུ། བྲམ་ཟེ་གཙང་མའི་གླིང་། གཡས་གཡོན་དུ་ཧོས་གླིང་དང་། འབྲི་མིག་དགུ་བསྐོར་གཉིས་ཡོད། ལྷོ་ཕྱོགས་སུ་དམངས་རིགས་ས་ལའི་ཡུལ། གཡས་གཡོན་དུ་སྟོབས་ཆེན་གྱད་དང་། གཙུག་རྗེའི་ཞིང་གཉིས་བཅས་ཆགས་ཤིང་། མདོར་ན་ནང་གི་གླིང་བཅུ་གཉིས་དང་བར་གྱི་གླིང་བཅུ་གཉིས་ལ་འོལ་མོའི་གླིང་ཆེན་ཉེར་བཞི་ཟེར།
 མཐའ་གླིང་ནི་ཡུལ་ཆེན་བཅུ་དྲུག་ཡོད་ལ། གདུང་རྒྱུད་རྒྱལ་པོ་དྲུག་གི་མངའ་ཁོངས་ཡིན། གླིང་དེ་དག་གི་མཐའ་ནས་མཚོ་དང་མཚེའུ་གངས་རི་དང་སྤང་ལྗོངས་ཉམས་དགའ་ཡིད་འོང་ལྡན་པའི་ཡུལ་གྲུ་ཆགས་པར་གསལ། བར་གླིང་བཅུ་གཉིས་ཀྱི་ནང་ཚན་གྲོང་ཁྱེར་བཞི་པ་རྒྱ་ལག་འོད་མ་ཞེས་པ་དེར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བཞུགས། རྒྱ་ལག་འོད་མ་གླིང་གི་མཐའ་སྐོར་དུ་མི་ཁྱུད་བདལ་པའི་རྒྱ་མཚོ་འཁྱིལ། མུ་ཁྱུད་བདལ་པའི་མཚོ་གླིང་དུ་ཀོང་ཙེ་འཕྲུལ་གྱིས་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་ནས། གསས་ཁང་དེ་ནི་སྟོན་པ་གཤེན་རབ་ཀྱི་གསུང་སྒོ་བཞི་མཛོད་ལྔ་རྗེས་བཞག་མཛད་པའི་གནས་སུ་གྱུར། རྒྱ་ཀོང་ཙེ་འཕྲུལ་རྒྱལ་ནི། སྟོན་པ་གཤེན་རབ་ཀྱི་སློབ་བུ་དང་། ཡོན་བདག་ཆེན་པོར་ཞིག་ཏུ་མཆིས། བོན་གྱི་དཔེ་གཞུང་ལྟར་ན་མུ་ཁྱུད་བདལ་པ་ནི་འོལ་མོ་གླིང་གི་ནུབ་ཕྱོགས་སུ་ཡིན་པར་བཤད་ལ། འོལ་མོ་ལུང་རིང་ནི་མཐའ་ཡི་དུར་ཁྲོད་བརྒྱད་དང་། མུ་ཁྱུད་བདལ་པའི་མཚོ། དབལ་སོ་གངས་ཀྱི་ཕྲེང་བས་ཁོར་ཡུག་ཏུ་བསྐོར་བར་གྲགས། སྟོན་པ་ཀོང་ཡུལ་དུ་ཞལ་བཅགས་སྐབས་མདའ་ལམ་བརྒྱུད་ནས་ཕེབས་པར་གསུང་ལ་ཡུལ་འོལ་མོ་གླིང་ནས་བོད་ཀྱི་ཀོང་ཡུལ་དུ་ཉིན་དགུའི་རིང་བྱོན་པར་གསུངས། ལར་འདིར་ཟིན་བྲིས་བཀོད་འདོད་པ་ཤིག་ལ། རིག་གཞུང་ཞིབ་འཇུག་ལམ་ནས་བསམ་གཞིགས་བྱས་ན། འོལ་མོ་ལུང་རིང་དང་བོད་ཀྱི་ཀོང་ཡུལ་གཉིས་བར་མི་རྐང་ལམ་ཉིན་དགུ་སོང་ན་སླེབས་བར་བསྟན།
    གཞན་ཡང་སྐབས་དེར་ཆུ་བོ་ཆེན་པོ་བཞིའི་འགྲམ་དུ་གཙོ་བོར་བདུད་གཉེན་ཀླུ་སོགས་ཀྱིས་གནས་བཅས་ཡོད་དེ། ཤར་ཕྱོགས་གསས་རྗེ་ཧོས་ཀྱི་གླིང་། ཆུ་བོ་ན་ར་ཛཱ་རའི་འགྲམ་དུ། ཧོས་རྒྱལ་ཡིད་བཞིན་འབྱུང་གནས་དང་། མུ་ཟ་ལེགས་བཙུན་གཉིས་ལ་ཧོར་རྗེ་དང་བ་ཡིད་རིང་བྱ་བ་བྱུང་། ཧོས་དང་བ་ཡིད་རིང་གིས་ཕྱྭ་བཟང་འགུ་ལིང་མ་ཏི་བཙུན་མོར་བླངས། འཁོར་མངའ་ལྡེ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ཧོས་དང་བ་ཡིད་རིང་གིས་ཡབ་ཡིད་བཞིན་འབྱུང་གནས་ཀྱི་བཀའ་ལྟར་ཚོགས་བསགས་མཆོད་འབུལ་གྱི་ཞིང་དུ་སྟོན་པ་གཤེན་རབ་སྤྱན་དྲངས་སུ་སོང་། དང་བ་ཡིད་རིང་གིས་སྟོན་པ་ལ་ལྷ་ཕྱག་མང་དུ་བཙལ་བའི་རྗེས་སུ། སྟོན་པས་ཁོང་གི་སློབ་བུ་མཚན་ལྡན་ཆེ་བཞིའི་ནང་ཚན་ཡིད་ཀྱི་ཁྱེའུ་ཆུང་ངམ་གཡུང་དྲུང་གཙུག་གཤེན་རྒྱལ་བ་ཧོས་དང་བ་ཡིད་རིང་གི་མཆོད་གནས་སུ་བཏང་པར་ཐག་བཅད། གཡུང་དྲུང་གཙུག་གཤེན་རྒྱལ་བ་ཧོས་དང་བ་ཡིད་རིང་གི་ཡུལ་དུ་ཕེབས་ཤིང་ཡུལ་དེའི་ནུབ་ཕྱོགས་བྲག་དཀར་ཕུག་པའི་ནང་དུ་བཞུགས་ནས་རྒྱལ་བློན་འབངས་ཀུན་ལ་བོན་གསུངས། འདིའི་སྐོར་གཏམ་རྒྱུད་མང་དུ་མཆེད་རྒྱུད་ཡོད་མོད་ཀྱང་། འདིར་བསྟན་བྱ་གཙོ་བོ་མིན་པས། ཟུར་འཕྲོས་ཙམ་བརྗོད་པ་ལས་མང་དུ་མ་བྲིས་སོ།།
   ཆུ་བོ་པཀྴའི་འགྲམ་དུ་གཉན་མཁའ་འགྱིང་གི་གདུང་ལས་གྲོལ་བའི་བྱུང་རུམ་སྐྱོལ་བོའི་སྲས་གསུམ་ནི། གཉན་རྗེ་གསལ་བ་འོད་ལྡན་དང་། གཏོ་རྗེ་རིན་འབྱུང་། དཔྱད་རྗེ་ཁྲི་ཤེས་གསུམ་གནས། དེར་གཏོ་རྗེ་རིན་འབྱུང་ལ་སྲས་གསུམ་བྱུང་བ་ནི། གཏོ་རྗེ་འཕྲུལ་སྣང་། དེ་སྲས་ཡིད་རྒྱལ། དེ་སྲས་གཏོ་ཁྲི་སྐྱོང་གསུམ་ཡིན་ལ། གཏོ་རྗེ་ཁྲི་ཐང་གི་སྲས་གཏོ་བུ་དོད་དེ་ཡིན། གཏོ་བུ་དོད་དེ་ནི་རྩལ་གྲགས་སྟོབས་ལྡན་ཞིག་ཡིན་སྟབས། ཁོང་ཆུང་དུས་ནས་རྒྱལ་སར་བཏོང་ཞིང་། གཙུག་ལྕམ་དཀར་མོ་བག་མར་བླངས། སྟོན་པ་གཤེན་རབ་ཀྱི་དགྲ་བོར་གྱུར། སྟོན་པས་ཀྱང་གསོན་པོའི་སྐབས་སུ་དབང་དུ་བསྡུ་མ་ཐུབ། ཇི་སྐད་དུ། སངས་རྒྱས་བཀའ་ལས། སེམས་ཅན་ལས་བཙན་ཞེས་པ་བཞིན་དུ་གྱུར།
   ལྷོ་ཕྱོགས་རྗེའུ་རིགས་བཀོད་པའི་གླིང་། ཆུ་བོ་སིནྡྷུའི་འགྲམ་དུ་རྗེའི་རིགས་ཀྱི་རྒྱལ་པོ་ཁྲི་བརྟན་དར་མ་དང་། དམངས་རིགས་ཀྱི་བཙུན་མོ་ཁྲི་མ་ལམ་གསལ་གཉིས་ལ་རྒྱལ་བུ་ཁྲི་ཤི་དབང་རྒྱལ་བྱ་བ་སྐྱེས། དྲག་རྩལ་དང་ཁྲོ་གཏུམ་རབ་ཏུ་ལྡན་པ། མཆེ་བ་བརྣོལ་ཞིང་། རལ་པ་དམར་སེར་དུ་གྱུར་ཞིང་བྱུང་། དེ་ནས་རྒྱལ་པོ་དབང་ལྡན་ལེགས་ཀྱི་སྲས་མོ་དབང་ལྕམ་སྒྲོན་མ་ཁབ་ཏུ་བླངས། དགེ་བའི་ལས་ལ་གཏན་དུ་མི་དགའ་ཞིང་། སྡིག་པའི་ལས་ཁོ་ནར་སྤྱད། མ་ཉེས་པ་ལ་རྒྱལ་ཁྲིམས་བཀོལ། གཡུལ་ངོ་རེ་ལ་གསད་པ་མང་། བསམ་སྦྱོར་ངན་ལ་སྡུག་རྩུབ་ཤིན་ཏུ་ཆེ་བར་གྲགས། དེ་ནས་རྣམ་སྨིན་འཁོར་བར་འཆི་ནད་ཀྱིས་མནར། སྲོག་མ་ཆད་གོང་དུ་ཕྱི་མའི་འཇིག་སྐྲག་དྲག་ཏུ་སྣང་། དམྱལ་ངན་གྱི་སྡུག་བསྔལ་མང་དུ་མྱངས། དེ་ནས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་སྔར་མི་དགེ་བའི་ལས་སྒྲུབ་པར་འགྱོད་ཅིང་ཚེ་འཕོལ། དེ་རྗེའི་སྟོན་པ་གཤེན་རབ་གཙོ་འཁོར་བཅས་སྤྱན་དྲངས་ནས། ཁྲི་ཤི་དབང་རྒྱལ་འདྲེན་པའི་ཕྱིར་ཀུན་རིག་རྣམ་སྣང་རྒྱལ་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཁྲི་ཤི་ཐར་པར་དྲངས་བར་གསུངས་ཡོད། ཀུན་རིག་རྣམ་སྣང་རྒྱལ་པོའི་གཞུང་ནི་ད་བར་བོན་གྱི་བཀའ་འགྱུར་ཁྲོད་དུ་ཡོད་ལ། བོན་པོའི་མི་ན་བ་དང་འཆི་བ་སོགས་ཀྱི་སྐབས་སུ་མང་དུ་ཀློག་འདོག་བྱེད་ཀྱི་ཡོད།
མཇུག་གཏམ།
   གང་ནས་བརྗེད་ཐོ་བསྟར་པའི་ཁྲོད་གཙོ་ཆེར་ཤོས་ནི་དུས་རབས་བཅུ་གཅིག་ཚུན་ཆད་ཀྱི་བཤད་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་བཏང་འོལ་མོ་ལུང་རིང་ཞང་ཞུང་གི་ས་ཁོངས་སུ་ངོས་འཛིན་བྱེད་ན། འཇིག་རྟེན་འདིར་ཕར་བརྒལ་བ་ཞིག་ཏུ་འཚོལ་ས་མེད་པའི་རྣམ་པ་ཞིག་ཏུ་གྱུར། བོན་པོའི་དཔེ་རྒྱུན་འགའ་ཞིག་ནང་དུ་འོལ་མོ་ལུང་རིང་ནི་སྐྱེ་བོ་ཕལ་པའི་སྣང་ཡུལ་ལས་འདས་ཤིང་། དད་པའི་ཡུལ་ཁྱད་པར་ཅན་ཞིག་ཏུ་འདོད་པ་སྟེ།‘‘ལུས་ངན་འཁོར་བའི་ལུས་སུ་མི་སྐྱེ་ཞིང་། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག’’ ཅེས་སྨོན་ལམ་འདེབས་པས། བོན་པོ་ཁ་གཅིག་གིས་འཛམ་གླིང་འདིར་འོལ་མོ་ལུང་རིང་ཡོད་པར་ངོས་འཛིན་ཐུབ་ཅིང་མེད།
མ་ཟད་སྟོན་པ་གཤེན་རབ་ཀྱི་འཁྲུངས་གཞིས་རི་ཆུ་ལུང་གསུམ་གྱི་རྣམ་པ་ཞིག་ཏུ་གྲུབ་ཡོད་པ་ཁོ་ཚོའི་སེམས་ལ་མི་འཆར།  བོན་པོས་འོལ་གླིང་དུ་སྐྱེ་བའི་སྨོན་ལམ་འདེབས་པ་ནི། གལ་ཏེ་ལས་དབང་གིས་སྐྱེ་བ་ལེན་ནའང་། འོལ་གླིང་དུ་དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་དང་། འཕྲུལ་ངག་ལྡན་པའི་སྣོད་དུ་རུང་བའི་རེ་སྨོན་ཡིན། དེ་བཞིན་བོན་པོ་ཚེ་དབང་རིག་འཛིན་གྱིས་རྫིའུ་རིག་པ་རང་ཤར་ལ་སྙན་དུ་རྒྱུད་པའི་‘‘སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ་’’ལས། མཐའ་འཁོབ་ཕམ་ལྟུང་གནས་ངན་ཀུན་སྤངས་ནས། ལྷོ་རྒྱལ་འཛམ་གླིང་དབུས་སུ་སྐྱེ་བར་ཤོག ཅེས་པ་དེ་དག་དམིགས་སྟངས་གཅིག་མཚུངས་རེད། དེ་མིན་འོལ་མོ་ལུང་རིང་དུ་ལུས་བླངས་པ་ཙམ་དང་། ལྷོ་རྒྱལ་འཛམ་གླིང་དབུས་སུ་སྐྱེ་བ་བཞེད་པ་ཙམ་གྱིས་མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་མེད་པ་ཅི་སྨོས།
མ་གཞི་ས་རྡོ་རི་བྲག་ལས་གྲུབ་ན་དད་པའི་ཞིང་དུ་གྱུར་པའང་ལོས་ཆོག ས་རྡོ་རིག་བྲག་གངས་རི་སོགས་ལས་གྲུབ་པའི་གནས་བོད་ཀྱི་གངས་ཏི་སེ་དང་། ཁ་བ་དཀར་པོ། ཀོང་པོ་བོན་རི་སོགས་ཡིན་པ་ལ། དད་ཡུལ་དུ་གྱུར་པའང་ཡིན། གང་ལྟར་འོལ་མོ་ལུང་རིང་གི་རི་ཆུ་ལུང་གསུམ་ཐད་ནས་བརྗོད་ནའང་འདྲ། ཡུལ་གྱི་ས་གཤིས་སྐོར་ནས་འཚོལ་ཞིབ་བྱས་ན་འདྲ། ལོ་རྒྱུས་རིམ་པར་རྒྱུད་ཅིང་དཔྱད་ན་འདྲ། འོལ་མོ་ལུང་རིང་གི་དབུས་རི་གཡུང་དྲུང་དགུ་བརྩེགས་དང་། ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་ལུགས་ནི། བོད་ཀྱི་གངས་ཏི་སེའི་ཕྱོགས་བཞི་ནས་ཆུ་ཆེན་བཞི་འབབ་སྟངས་དང་གཅིག་མཚུངས་རེད། གཞན་ཡང་བོན་གྱི་བསྟན་འབྱུང་ཁག་ཏུ་བོད་ཀྱི་གངས་རིན་པོ་ཆེ་ནི་འཛམ་བུ་གླིང་གི་ལྟེ་གནས་གལ་ཆེན་ཞིག་ཡིན་པར་མ་ཟད། གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཀྱི་ཡུལ་ངོ་མ་དེ་ཡིན་པར་བཞེད་ལ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་སྨོས་ཅི། དེས་ན་བོན་ལུགས་སྲོལ་རྒྱུན་གྱི་ལྟ་བ་གཙོ་བཟུང་ཐོག་མི་མཐུད་ཞིབ་འཇུག་བྱེད་རྒྱུའི་རེ་བ་ཡོད་ལ། ལོ་རྒྱུས་གདེང་འཇོག་ཆེ་ཞིང་། རིན་ཐང་ལྡན་པའི་འབྲས་བུ་གཡུལ་དུ་ཟ་བ་ཞིག་ཏུ་སྨིན་བའི་ཡིད་ཆེས་ཀྱང་ཡོད། ཅེས་བོད་ཤར་ཕྱོགས་ཀྱི་སློབ་གཉེར་བ་ཚངས་སྲས་པས། ༢༠༢༠ ༡༠ ༡༡ སློབ་གླིང་བདུན་ཕྲག་ངལ་གསོའི་ཉིན་སྔར་དམ་བཅའི་དགོང་མོར་རྫོགས་པར་བྲིས།
བརྗེད་ཐོའི་དཔེ་ཀློག
1དྲང་རྗེ་བཙུན་པས་གཏེར་ནས་བཏོན་བར་གྲགས་པའི་གཤེན་རབ་ཀྱི་རྣམ་ཐར། ‘‘མདོ་གཟེར་མིག’’ལེའུ་བརྒྱད་པ། གཤེན་རབ་ཀྱི་སྲས་སྤྲུལ་པའི་སྐོར། ཤོག་གྲངས་༡༨༤ཡིག་འཕྲེང་༡༠པར་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་བ་༦པར་པར་ཐེངས་དང་པོ།
2བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར་བའི་མཁར་རྨེའུ་བསམ་གཏན་གྱི་‘‘མདའ་དང་འཕང་།’’སྟོད་ཆ། ཤོག་ངོས་༢༣༠ཚིག་འཕྲེང་༦པར་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
3སྨན་རི་བ་བསྟན་འཛིན་རྣམ་དག་གི་གསུང་འབུམ། པོད་གསུམ་པ། ‘‘སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།’’ཤོག་གྲངས་༢༠ཡིག་འཕྲེང་༥པའི་ནང་དུ་ཡོད། ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་གིས་བསྡུ་སྒྲིག་དང་དཔར་བསྐྲུན་བྱས། ༢༠༠༥ལོའི་དཔར་ཐེངས་དང་པོ།
4དྲང་རྗེ་བཙུན་པས་གཏེར་ནས་བཏོན་བར་གྲགས་པའི་གཤེན་རབ་ཀྱི་རྣམ་ཐར། ‘‘མདོ་གཟེར་མིག’’  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་བ་༦པར་པར་ཐེངས་དང་པོ།
5‘‘མདོ་འདུས་པ་རིན་པ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་ན་བཞུགས་སོ།།’’སྟོན་པ་གཤེན་རབ་ཀྱིས་བརྩམས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། གླེགས་བམ་དང་པོ། མདོ་འདུས་ལེའུ་གཉིས་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་བསྟན་པ། ཤོག་ལྷེ་༨པའི་ཡིག་འཕྲེང་༤པ་དང་༡༤གཉིས་ལ་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
6‘‘མདོ་འདུས་པ་རིན་པ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ།།’’ སྟོན་པ་གཤེན་རབ་ཀྱིས་བརྩམས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། གླེགས་བམ་དང་པོ། མདོ་འདུས་ལེའུ་ཉེར་གཉིས་པ། ཞིང་མཆོག་འོལ་མོ་གླིང་གི་བཀོད་པ་བསྟན་པ། ཤོག་ངོས་༨༧ ཚིག་འཕྲེང་༡༡ཏུ་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
7‘‘གླེང་གཞི་བསྟན་པའི་འབྱུང་ཁུངས་ཞེས་བྱ་བ་བཞུགས་སོ།།’’ བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་དྲུག་པ། ཤོག་གྲངས་༡༠པའི་ཡིག་འཕྲེང་༢༣ནས་མཐོང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
8‘‘གླེང་གཞི་བསྟན་པའི་འབྱུང་ཁུངས་ཞེས་བྱ་བ་བཞུགས་སོ།།’’ བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།  གླེགས་བམ་དྲུག་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།  ཤོག་ངོས་༦པའི་ཚིག་འཕྲེང་༢༠ལ་གསལ།
9ཤར་རྫ་པས་འོལ་གླིང་ངོས་འཛིན་གྱི་ཚིག་འདི་ནི་མདོ་དྲི་མེད་ལས་དྲངས་བར་ཁོང་གི་ལེགས་བཤད་མཛོད་དུ་གསལ། ཁོ་བོས་ནི། བསྟན་གྲགས་བརྒལ་ལན་དྲང་པོར་བཤད་པ་ལྷ་མི་དགྱེས་པའི་འབེལ་གཏམ་ངོས་༥པ་ནང་ནས་མཐོང་།
10‘‘འབྲུག་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉི་བྱེད།’’ ཤོག་གྲངས། ༡༤༢པའི་ཡིག་འཕྲེང་༥པར་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
11‘‘མདོ་འདུས་པ་རིན་པ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ།།’’ སྟོན་པ་གཤེན་རབ་ཀྱིས་བརྩམས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། གླེགས་བམ་དང་པོ། མདོ་འདུས་ལེའུ་ཉེར་གཉིས་པ། ཞིང་མཆོག་འོལ་མོ་གླིང་གི་བཀོད་པ་བསྟན་པ། ཤོག་ངོས་༩༠ཚིག་འཕྲེང་༢༠ནས་རིམ་པར་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
12སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་བཞུགས། བྲ་བོ་སྒོམ་ཉག་གིས་གཏེར་བཏོན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་བཞི་པ། ཤོག་གྲངས་༢༤ཡིག་འཕྲེང་༢༢དང་ཤོག་ངོས་༢༥ཚིག་འཕྲེང་༡༠གཉིས་སུ་གསལ་པོར་བསྟན། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
14རྨེའུ་མཁས་པ་དཔལ་ཆེན་གྱི་‘‘ཁམས་འགྲེལ་’’སྟོད་ཆ། སྒོ་བཞི་མཛོད་ལྔའི་ཡང་བཅུད། གླེགས་བམ་༤༠ཤོག་གྲངས་༡༡༨པའི་ཡིག་འཕྲེང་༡༠པར་བྲིས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
15 ཁུ་བྱུག་སྔོན་མོའི་སྒྲ་དབྱངས། དཔེ་ཆ་ལྔ་པ། སྲིད་པ་སྤྱི་མདོས། ཤོག་ངོས་༩༣པའི་ཡིག་འཕྲེང་༩པ་ནས་མཐོང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ་༤པར་པར་གཞི་དང་པོ་བསྒྲིགས།
16 བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར་བའི་མཁར་རྨེའུ་བསམ་གཏན་གྱི་‘‘མདའ་དང་འཕང་།’’སྟོད་ཆ། ཤོག་ངོས་༢༣༠ཚིག་འཕྲེང་14པ་ནས་མཐོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
 
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།