མདོ་དྲི་མེད་གཟི་བརྗིད་ཀྱི་བརྒྱུད་རིམ་དང་འབྲེལ་བའི་དཔྱད་གླེང་།
[ཟླ་ཚེས། 2020-09-16 17:32:59][རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། རྩོམ་འདིར་དེ་སྔོན་ངག་རྒྱུན་གཙོ་བོར་བྱས་པའི་བློ་ལྡན་རྣམ་ཐར་ཙམ་མ་ཡིན་པར་བློ་ལྡན་སྙིང་པོ་རང་གིས་ཡི་གེར་བཏབ་པའི་བློ་ལྡན་མགུར་འབུམ་ཞེས་པོད་ཏི་གཉིས་ཀྱི་བདག་ཉིད་ཅན་ཞིག་ད་ལྟ་རྩེ་དྲུག་དགོན་དུ་བཞུགས་པས། གཙོ་བོ་དེ་ལ་ཞིབ་འཇུག་བྱས་ཏེ་སྟོན་པའི་མཛད་རྣམ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་དང་པོ་བྱུང་ཚུལ་བར་དུ་ལོ་ཙཱ་བསྒྱུར་ཚུལ། བསྟན་པ་དར་ནུབ་སྐབས་བཀའ་གཏེར་གཉིས་སུ་སྤྲོས་ཚུལ། ཕྱིས་ཇི་ལྟར་སྙན་རྒྱུད་བྱས་ཚུལ་དང་ཡི་གེར་ཕབ་སྟེ་ད་ལྟའི་བར་དར་ཚུལ་སོགས་དོན་ཚན་གསུམ་གྱི་སྒོ་ནས་ཞིབ་བཤད་བྱས་ཡོད།
བརྡ་ཆད་གཙོ་བོ། གྱེར་སྤུངས་དྲན་པ་ནམ་མཁའ། གསས་མཁར་ཁོ་མ་ནེའུ་ཆུང་། འབྱག་རྒྱལ་རིན་ཆེན་འབར་བ།
དང་པོ། དང་པོ་བྱུང་ཚུལ་དང་བར་དུ་ལོ་ཙཱ་བསྒྱུར་ཚུལ་སོགས་ཀྱི་སྐོར།
མདོ་སྡེ་རིན་པོ་ཆེ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་རྒྱུད་འདི་ཉིད། རྒྱལ་བའི་དབང་པོ་མཆོག་གི་ཞལ་ནས་གསུངས་པའི་བཀའ་ཡིན་ཏེ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ལགས་ཀྱིས་བརྩམས་པའི་བློ་ལྡན་སྙིང་པོའི་རྣམ་ཐར་ལས“ སྟོན་པ་སྐུ་ཡིས་འགྲོ་བ་འདུལ་བའི་དུས་གཤེན་རབ་རྫོགས་པའི་སངས་རྒྱས་ཀྱིས་སྟག་གཟིག་གི་ཡུལ་འོལ་མོ་གླིང་ཆེན་གྱི་དབུས། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། གཤེན་གྱི་རྒྱལ་ས་རིན་པོ་ཆེའི་གྲོང་ཁྱེར་དང་། ཕོ་བྲང་ཆེན་པོ་བརྒྱད་སོགས་སུ། འཁོར་མཚན་ལྡན་ཁྱེའུ་བཞི་དང་གཞན་ཡང་གཡུང་དྲུང་སེམས་དཔའི་ཚོགས་ལ་གསུངས།”ཞེས་དྲི་མེད་གཟི་བརྗིད་གསུངས་སའི་གནས་དང་འཁོར་སོགས་གསལ་ཡོད། རྣམ་འདྲེན་བརྒྱ་པའི་དབང་པོ་མཆོག་སྐུ་མི་རྟག་མྱ་ངན་འདས་པའི་ཚུལ་བསྟན་པའི་རྗེས་སུ་ཐུགས་སྲས་འ་ཞ་གསང་བ་མདོ་སྡུད་ལ་སོགས་གཙོ་འཁོར་བཅུ་གསུམ་གྱིས་མདོ་འདི་ཉིད་བཀའ་བསྡུ་མཛད་དོ།།
སྐུ་བསྟན་མཇུག་གྲུབ་ནས་འོལ་གླིང་གི་སེམས་ཅན་གྲངས་ལས་འདས་པ་ཞིག་སངས་རྒྱས་ཏེ་སོང་ཞིང་། ཤུལ་དུ་ལུས་པ་དག་གིས་སྟོན་པ་ལ་གདུང་བའི་དབྱངས་ཀྱིས་བོས་པས་སྟོན་པས་འོག་མིན་གྱི་གནས་ནས་གསན་ཏེ་ཞལ་མི་མངོན་པའི་གསུང་བསྒྲགས་ནས་གདུང་སོབ་མུ་ཆོ་འོལ་གླིང་ལ་མངགས་སོ།། གསུང་གི་བསྟན་པའི་དབུ་ཚུགས་ཏེ་གདུང་སོབ་མུ་ཆོ་འོལ་གླིང་དུ་ཕེབས་ནས་དཀར་ནག་བཀྲ་གསལ་གཞལ་ཡས་ཁང་དུ་བྱོན་གསུང་རབ་ཁྲི་འབུམ་ལ་བཤད་བཀྲོལ་དབྱེ་བཤད་མཛད་ནས་མདོ་འདི་དར་ཞིང་། སློབ་དཔོན་གདུང་སོབ་མུ་ཆོས་གསས་མཁར་ཁོ་མ་ནེའུ་ཆུང་དུ་བཞུགས་ཏེ་གསུང་རབ་དག་ལོ་ཙཱའི་སྒྲ་སྡེབ་ནས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ལ་གདམ་སྟེ་བསྟན་པ་ཕྱོགས་མཚམས་ཀུན་ཏུ་སྤེལ་སྐབས་མདོ་འདི་སྟག་གཟིག་ཡུལ་དུ་དར་རོ།།
དེ་ནས་ཐུགས་ཀྱི་གཉེར་དཔོན་ཁོད་སྤུངས་དྲན་པ་ནམ་མཁའ་མཆོག་ཁྱུང་ལུང་དངུལ་མཁར་གནས་མཆོག་ནས་སྟག་གཟིག་ཡུལ་དུ་ཕྱིན་ཏེ། མཁས་པ་དམུ་ཙ་ཏྲ་ཧེ་དང་མཇལ་ནས་བོན་ཞུས་ཤིང་། གསས་མཁར་ཁོ་མ་ནེའུ་ཆུང་དུ་བཞུགས་པའི་མདོ་སྡེ་འདི་ཉིད་ཁྱུང་ལུང་དངུལ་མཁར་གནས་སུ་སྤྱན་དྲངས་པ་ཡིན་ཏེ། བློ་ལྡན་མགུར་འབུམ[1]《དབང་ལུང་གསལ་བའི་སྒྲོན་མ》ལས“ དེའི་ལོ་ཙ་བསྒྱུར་ཚུལ་ནི། ཁོ་བོ་དྲན་པ་ནམ་མཁའ་བདག། ཁྱུང་ལུང་དངུལ་མཁར་གནས་མཆོག་ནས། སྟག་གཟིག་རྒྱལ་པོའི་ཡུལ་དུ་ཕྱིན། མཁས་པ་དམུ་ཙ་ཏྲ་ཧེ་ལ། སྒྲོས་འདོག་བཅད་ནས་བོན་ཞུས་ཅིང་། གསས་མཁར་ཁོ་མ་ནེལ་ཆུང་དུ། མདོ་སྡེ་བཞི་བཅུ་བཞུག་པའི། བོན་གྱི་ཡང་སྙིང་མདོ་སྡེ་བཞི། གཞན་ཡང་མདོ་སྡེ་མང་པོ་ཅིག ཀང་ཀ་ཤང་ཤང་ཁལ་དུ་བཀལ། ཁྱུང་ལུང་དངུལ་མཁར་གནས་སུ་ཕེབས།”[2] ཞེས་ཕྱི་ནང་གསང་བ་ཡང་གསང་གི་བོན་སྡེ་བཅུ་གསུམ་ལས་ཕྱི་མདོ་བཞིའི་ལོ་ཙཱ་བསྒྱུར་ཚུལ་གྱི་སྐབས་སུ་གསལ་བས་རྟོགས་ཐུབ་བོ།། དེ་ནས་སྟོད་ཀྱི་ལྡིང་གཉིས་ལས་ཕྱི་མ་བོད་རྒྱལ་དགུ་པ་བཙན་པོ་སྤུ་སྡེ་གུང་རྒྱལ་གྱིས་ཞང་ཞུང་ནས་བོན་ལ་མཁས་པའི་གཤེན་པོ་དུ་མ་སྤྱན་དྲངས་ཏེ། བོན་གྱི་དཔེ་ཆ་མང་དུ་བསྒྱུར་སྐབས་གྱེར་སྤུངས་མཆོག་གིས་མདོ་སྡེ་འདི་དག་བོད་ཡུལ་གྱི་གནས་ཆེན་བརྒྱད་སོགས་སུ་ལོ་པཎ་བརྒྱད[3]དང་བསྡེབས་ནས་སྟག་གཟིག་སྐད་ལས་ཞང་བོད་སྐད་དུ་བསྒྱུར་བ་ལགས་ཏེ།《དབང་ལུང་གསལ་བའི་སྒྲོན་མ》ལས“ དེ་ཚེ་དུས་ཀྱི་དབང་བསྒྱུར་དང་། སྔོན་གི་སྨོན་ལམ་གནད་ཅིག་གི། རྒྱལ་པོའི་སྙིང་ལ་བདུད་ཞུགས་ནས། གྲི་རུམ་བཙན་པོ་བྱ་བར་སྐྱེས། གཡུང་དྲུང་བོན་ལ་དགྲ་རུ་ལང་། བོད་དུ་བོན་གྱི་བསྟན་པ་ལྡིང་། དེ་ལ་བོན་གཤེན་ཐུགས་འཁྲོས་ནས། ཡེ་ཤེས་དབལ་མོ་ལས་ལ་བསྐུལ། ལོགས་པའི་རྒྱལ་པོ་སྟོབས་ཀྱིས་བསྒྲལ། དེ་དུས་ཁོད་སྤུང་བསྟན་པ་འབྱུང་། ལྷ་སྲས་རྗེ་བློན་འབང་འཁོར་གྱིས། བོན་གཤེན་རྣམས་ལ་གུས་པ་འདུད། ཁོ་བོ་བདག་གིས་ཞབས་ནས་འདེག། བདག་གིས་ཡར་ལུང་ཤོག་ཀ་དང་། ཁའོ་གང་བཟང་རོམ་པོའི་དཔལ། ཤམ་པོའི་གང་དང་ཕོ་མ་རི། རྒྱུང་སྲུབ་ཤེལ་བྲག་ལ་སོགས་སུ། རྒྱལ་འཕགས་བཀའ་ཡི་བསྡུ་བ་མཛད། སྟག་གཟིག་ཞང་བོད་ལོ་ཙ་བསྒྱུར། ”[4] ཞེས་དང་། དེ་ཉིད་ལས“ ལོ་བན་བརྒྱ་དང་བཀའ་བསྡེབ་ནས། ཞང་བོད་གཉིས་སུ་ལོ་ཙ་བསྒྱུར།”[5]ཞེས་གསལ་བས་ཧ་གོ་ཐུབ། དེ་ནས་གྱེར་སྤུངས་ཆེན་པོས་རྗེས་འཇུག་སེམས་དཔའ་བརྒྱད་སོགས་ལ་གཉེར་གཏད་ནས་དར་བར་མཛད་དོ།།
བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་བོན་སྣུབ་པའི་དུས་སུ་གྱེར་སྤུངས་མཆོག་གིས་བོན་སྡེ་རྣམས་གནས་ཆེན་བརྒྱད་དུ་གཏེར་ལ་སྦས་སྐབས། མདོ་འདི་ཉིད་རྒྱུང་སྲུབ་གསང་བའི་བྲག་ལ་གཏེར་དུ་སྦས་པ་ཡིན་ཏེ།《དབང་ལུང་གསལ་བའི་སྒྲོན་མ》ལས“གཏེར་ནི་གསང་བའི་བྲག་ལ་ཡོད། མན་ངག་སྟང་ཆེན་ཐུགས་ལ་གསལ། ”[6] ཞེས་དང་། དེ་ཉིད་ལས“བར་དུ་ཆོས་ཀྱི་འཕྲག་དོག་དང་། བསྟན་པ་དར་ནུབ་བྱུང་བའི་དུས། བདག་གིས་བཀའ་ཡི་བོན་རྣམས་ཀུན། གཏེར་ཁ་བརྒྱད་དུ་སྤྲོས་ནས་སྦས། ཏི་ཙེ་གང་དང་ཡར་ལྷ་དང་། ཁའོ་གང་དང་ཕོ་མ་རི། རོམ་པོ་དཔལ་དང་ཟང་ཟང་བྲག རྒྱུད་སྲུབ་གསང་བའི་བྲག་ལས་སུ། རྒྱུད་རྣམས་རིན་ཆེན་གཏེར་དུ་སྦས། མན་ངག་གཤེན་གྱི་ཐུགས་ལ་གབ། དུས་ཀྱི་དར་བའི་སྨོན་ལམ་བཏབ། བདག་ནི་འཆི་མེད་རིག་འཛིན་ཐོབས། ”[7]ཞེས་གསལ་བས་ཤེས་ཤིང་། དེ་བཞིན་དུ《ཁྲོ་ཆེན་ཤིང་པར་མའི་མཇུག་བྱང་དུ》“བསྟན་པ་བོན་གྱི་ཉི་མ་སྟོང་གསུམ་འཇིག་རྟེན་དུ་གསལ་ཀྱང་གངས་ལྗོངས་སུ་ནུབ་ཅིང་བོད་ཡུལ་མུན་པའི་གླིང་དུ་གྱུར་པར་བརྩམས་པའི་ཚེ། བླ་ཆེན་པོས་མདོ་འདི་ཉིད་བཀའ་གཏེར་གཉིས་སུ་སྤྲོས་ཏེ་གཏེར་ནི་གསང་བྲག་རྒྱ་བོར་སྦས་ཤིང་། བཀའ་ནི་སྟངས་ཆེན་དམུ་ཙ་གྱེར་མེད་ཀྱི་ཐུགས་ལ་གབ་པར་གདམས་ནས་བོན་མི་ནུབ་པའི་རྒྱལ་མཚན་རྒྱལ་ཚབ་དམ་པར་བསྐོས་ཤིང་། ”[8]ཞེས་བཀའ་གཏེར་གཉིས་སུ་སྤྲོས་ཤིང་སྟངས་ཆེན་དམུ་ཙ་གྱེར་མེད་ལ་གདམ་པར་བཤད་དོ།།
གཉིས་པ། མདོ་དྲི་མེད་གཟི་བརྗིད་བློ་ལྡན་སྙིང་པོར་སྙན་རྒྱུད་བབ་པ།
གཅིག བློ་ལྡན་སྙིང་པོ་དང་འབྲེལ་བའི་གླེང་གཞི།
དེ་ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོ་དགུང་ལོ་ལྔ་ལོན་ནས་ཡི་གེ་འབྲི་རྒྱུ་དང་འདོན་རྒྱུ་བསླབ་འགོ་བཙུགས་ཤིང་། ལོ་བདུན་བརྒྱད་ལ་སླེབས་སྐབས་ཡི་གེ་འབྲི་འདོན་ཤེས་པ་ཡིན་ཏེ།《བར་དུ་སྙན་དུ་རྒྱུད་ཚུལ》ལས“ལོ་ལྔ་ལོན་ནས་ཡིག་རྩིས་བསླབ། བདུན་བརྒྱད་དགུ་ནས་ཀློག་འདོན་ཤེས། དབང་ཆེན་ངོ་མཚར་རྒྱས་པ་ལ། མ་བསླབ་རང་རྡོལ་ཤེས་ཟེར་བྱུང་།”[9]ཞེས་དང་།《བཀའ་རྒྱ་བཀྲོལ་བ 》ལས“ལྔ་དྲུག་བདུན་ལ་ཡིག་རྩིས་དང་། བཟླས་བརྗོད་ཁ་ཐོན་ཀློག་འདོན་དང་། གཡུང་དྲུང་བོན་ལ་སྤྱོད་ཚུལ་སྟོན།”[10] ཞེས་གསལ་ལ།《བློ་ལྡན་རྣམ་ཐར་ཉུང་བསྡུས》ལས“ལོ་ལྔ་ལོན་ནས་ཡིག་རྩིས་སློབ་བྱས་ནས། ལོ་བདུན་ཐོག་ནས་འབྲི་འདོན་ཐོག་པ་མེད། ” ཞེས་གསལ་བ་དག་ལ་བལྟས་ན། ལོ་གསུམ་བཞི་ཞིག་གི་རིང་ལ་ཡི་གེ་འབྲི་འདོན་བསླབ་ཅིང་། ལྷག་ཏུ་ཁྲོ་གཞུང་ཀློག་འདོན་ལ་ཕུལ་དུ་བྱུང་བ་ཤེས་ཐུབ། འོན་ཏེ་ཁོང་གིས་དགེ་རྒན་སུ་ཞིག་བསྟེན་པ་མ་གསལ་རུང་ཁོང་གི་མ་ཡུམ་ནི་སྔོན་སེར་མོ་ཞིག་ཡིན་པ་བཤད་པས་དེའི་མདུན་ནས་བསླབ་པ་མིན་ནམ་སྙམ། དེ་མིན་ཁོང་གི་མ་ཡུམ་ནི་གྲོང་པའི་ར་རྫི་ཞིག་ཡིན་པ་ངག་རྒྱུན་དུ་གྲགས་ལ། དབུལ་པོའི་ཁྱིམ་ཚང་གི་བུས་གཞན་ས་ནས་ཡོན་ཏན་བསླབ་པའི་ཡོན་འབུལ་རྒྱུ་མི་རྙེད་དོ།། སྔོན་མ་བྲིས་པ་དང་དབུ་མཛད་རྣམས་ཀྱིས་རང་གི་བུ་རྒྱུད་དང་ཉེ་འབྲེལ་ལས་གཞན་ལ་ཡོན་ཏན་བསླབ་རོགས་མི་བྱེད་ལ། གལ་སྲིད་བསླབ་རོགས་བྱས་ན་དེའི་ཡོན་ལ་འབྲི་དང་གཡག་སོགས་འབུལ་དགོས་པ་རེད། དེ་ནས་ནར་སོན་རིམ་བཞིན་ཁོང་གིས་ལྟོ་རྒྱབ་ཆེད་དུ་བཅའ་འདོན་རིམ་འགྲོ་སྒྲུབ་རྒྱུ་དང་བྲིས་སོགས་བྲིས་ནས་བསྡད་ཅིང་། བཤད་སྲོལ་ལ་སྐབས་དེར་ཁྱུང་པོ་དཀར་རུ་དཔོན་ཚང་གི་ཁམས་ཆེན་བཞེངས་སར་ཕེབས་ཤིང་། ཁོང་ཉིད་གཅིག་ནས་ལོ་ན་ཆུང་བ་དང་གཉིས་ནས་དབུལ་པོའི་དུད་ཚང་གི་བུ་ཡིན་པས། སྦྱིན་བདག་སོགས་ཀྱིས་བརྙས་བཅོས་མང་པོ་བྱས་པ་བཤད་སྲོལ་ཡོད། དེ་ལྟར་ཁོང་དགུང་ལོ་ཉེར་བཞི་བར་དུ་སྦས་པའི་ཚུལ་འཛིན་ཞེས་འགྲོ་བ་ཕལ་པ་ཞིག་གི་ཚུལ་བཟུང་ནས་བསྡད་ཅིང་། ཡི་གེ་འབྲི་འདོན་སོགས་ལ་བརྟེན་ནས་མ་ཡུམ་དང་ཁོང་རྣམ་གཉིས་ཀྱི་ཁ་བཟས་རྒྱབ་གོས་གཙོ་བོར་གཉེར་བ་བློ་ལྡན་མགུར་འབུམ་ལས་མང་དུ་གསལ་ཏེ།《བཀའ་རྒྱ་བཀྲོལ་བ》ལས“བྲི་ཀློག་འདོན་གྱིས་རྩོལ་བ་དང་། གཏོ་རྒྱབ་བུ་ལོན་དྲག་ཏུ་གཉེར།”[11]ཞེས་དང་།《བར་དུ་སྙན་དུ་རྒྱུད་ཚུལ》ལས“བཟང་ངན་ངོས་འཛིན་མཁན་མེད་པས། དབང་ལོག་བྱིས་སྦའི་ཚུལ་དུ་ལུས། དེ་ནས་ན་ཚོད་ཡར་འཕེལ་ནས། བྲི་ཀློག་འདོན་གསུམ་རྩོལ་བ་ཡིས། འཇིག་རྟེན་ལྟོ་རྒྱབ་ཅུང་ཙམ་གཉེར།”[12] ཞེས་དང་།《དབུས་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་མཇལ་སྣང》ལས“བྲིས་ཀློག་འདོན་གསུམ་རྩོལ་བའིས། འཇིག་རྟེན་ཟས་ནོར་ཅུང་ཙམ་༡། བསྒྲུབས་ནས་དྲིན་ཆེན་ཕ་མའི། ལྟོ་གོས་གསོ་རྐྱེན་བྱ་བ་དང་། རང་ཉིད་དགེ་སྦྱོར་སྒྲུབ་པོ་བསམ།”[13] ཞེས་པས་རྟོགས་ལ། དེ་སྔོན་གྱི་བློ་ལྡན་རྣམ་ཐར་མང་པོ་ཞིག་ཏུ་ཁོང་ལ་ཆུང་དུས་ནས་ཡབ་སྐུ་འགྲམ་ན་བཞུགས་མེད་པ་བཤད་མོད། འདིར་དྲིན་ཆེན་ཕ་མ་ཞེས་དང་།《དབུས་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་མཇལ་སྣང》ལས“ལུས་བསྐྱེད་ཕ་ལ་བཀུར་སྟི་ལྡན། དྲིན་ཆེན་མ་ལ་དྲིན་ལན་བསབ།”[14]ཞེས་གསལ་བས་འདིའི་ཐད་ད་དུང་དཔྱད་དགོས་པར་སྣང་ངོ་།།
གཉིས། འགྲུ་ཞིག་ཡོན་ཏན་གྱིས་ལུང་བསྟན་མཛད་པ།
ཁོང་དགུང་ལོ་ཉེར་བཞི་ལོན་སྐབས་རྟ་ཤོད་མཐིལ་ལྷ་ཁང་ཐང་དུ་འགྲུ་ཞིག་ཡོན་ཏན་དང་མཇལ་ཏེ་ཁོང་གི་མདུན་ནས་དབང་བཞི་ཞུས་ཤིང་། ཤེལ་བྲག་འོད་ཀྱི་སྒྲུབ་ཕུག་ཏུ་གསང་སྔགས་བརྙེན་སྒྲུབ་དགོས་ཚུལ་དང་། སྙན་རྒྱུད་ཀྱི་བོན་སྡེ་འབབ་རྒྱུ་ཡོད་ཚུལ་སོགས་ལུང་བསྟན་པ་ཡིན་ཏེ།《དུས་བཞི་རྒྱལ་མོའི་ཞུས་ལན》ལས“གནས་ལ་ཕུན་གསུམ་འཚོགས་པ་ཡི། མདོའ་བཞི་མདོ་གམ་སྟ་ཤོད་མཐིལ། གྲུབ་གནས་ཕུན་གསུམ་འཚོགས་པ་ཡི། གཏེར་ཆེན་གཏེར་མཆོག་ལྷ་ཀང་ཐང་། བླ་མ་ཕུན་གསུམ་འཚོགས་པ་ཡི། དབང་བཞི་དབང་ལྡན་འགྲུ་ཞིག་ལ། སློབ་མ་ཕུན་གསུམ་འཚོགས་པ་ཡི། རིགས་བཞི་རིག་མཆོག་སྐྱེས་བུ་མཇལ། རྟེན་འབྲེལ་ཕུན་གསུམ་འཚོགས་པ་ཡི། ནམ་ལང་ཉི་ཤར་དུས་གཅིག་འཛོམ།”[15]ཞེས་དང་།《བར་དུ་སྙད་དུ་རྒྱུད་ཚུལ》ལས“གནས་དུས་རྟེན་འབྲེལ་མ་འཛོམ་ནས། ཉི་ཤུ་རྩ་གསུམ་བར་དུ་སྦས། གང་གི་འཕྲིག་མེད་ལུང་མ་བསྟན། དེ་ནས་ཉི་ཤུ་རྩ་བཞིའི་དུས། གནས་དང་དུས་དང་རྟེན་འབྲེལ་གསུམ། ལམ་འདྲེན་དཔོན་གསས་བླ་མ་བཞི། དུས་གཅིག་ནམ་ལང་ཉི་ཤར་འཛོམ། ཁོ་བོའི་སྔོན་སྦྱང་ལས་འཕྲོ་སད། བླ་མའི་ལུང་བསྟན་དཔང་དུ་བཙུག གཡུང་དྲུང་བོན་ལ་འཇུག་སྤྱོད་ཀྱི། ཤེལ་བྲག་ཕུག་ཏུ་སྒྲུབ་པ་བསྐྱལ། དུས་བཟང་ཚོགས་ཀྱི་འཁོར་ལོ་བསྐོར། ཉམས་སྣང་རྨི་ལམ་དག་སྣང་ཤར། མ་དང་མཁའ་འགྲོས་ལམ་སྣ་ཁྲིད། གངས་རྒྱལ་ཏི་སེའི་གནས་སུ་ཕྱིན། དཔོན་གསས་རིག་འཛིན་ལྷ་ཞལ་མཐོང་། གསང་སྔགས་གསང་བའི་དབང་ལུང་ཐོབ། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ།”[16] ཞེས་དང་།《གངས་དཀར་ཏི་སེའི་མཇལ་སྣང》ལས“ཁྱད་པར་ལོ་ནི་ཉི་ཤུ་རྩ་བཞི་ལ། སུམ་པ་གླང་གི་གྱིམ་ཤོད་བྱ་བ་རུ། དྲིན་ཆེན་རྩ་བའི་བླ་མ་བཀའ་དྲིན་ཅན། ཚེ་དབང་ཆེན་པོའི་ལུང་བསྟན་མཛད་ནས་སུ། འགྲོ་བ་རྣམས་ལ་འབྲེལ་བ་བཞག་པ་དང་། ཁོ་བོ་བདག་ལ་ཐུགས་རྗེ་གཟིགས་ནས་བྱོན། སྔོན་ལས་འབྲེལ་བའི་སློབ་དཔོན་དེ་རུ་མཇལ། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། རིག་འཛིན་མཁའ་འགྲོའི་དབང་དང་བྱིན་རླབས་ཞུས། ཡི་དམ་མཁའ་འགྲོའི་ལུང་དང་མན་ངག་གནང་། མཚན་ལྡན་བླ་མའི་ཞལ་ནས་འདི་སྐད་གསུང། ལས་འཕྲོ་སྐལ་པར་ལྡན་པ་རིགས་ཀྱི་བུ། བདག་ནི་ཚེ་དབང་ཆེན་པོའི་ལུང་བསྟན་ནས། བདེར་གཤེགས་གོང་མའི་ཆག་ཕབ་གནས་འདི་རུ། མཆོག་ཐུན་དངོས་གྲུབ་སྐལ་པ་ལེན་པ་དང་། འགྲོ་བ་རྣམས་ལ་འབྲེལ་བ་བཞག་པ་དང་། སྐྱེས་མཆོག་ཁྱོད་དང་འཕྲད་ཕྱིར་འོང་བ་ཡིན། འཇིག་རྟེན་འཁྲུལ་པའི་ལས་ལ་མ་གཡེང་པར། ལུས་ངག་ཡིད་གསུམ་འཕྲུལ་ངག་བོན་སྒོར་ཞུགས། ཤེལ་བྲག་ཕུག་ཏུ་གསང་སྔགས་སྒྲུབ་པ་གྱིས། ཚོགས་དང་གཏོར་མ་ཡི་དམ་ལྷ་ལ་ཕུལ། བར་ཆོད་མེད་ཅིང་རྐྱེན་རྣམས་ཟློག་པ་དང་། རིག་འཛིན་མཁའ་འགྲོའི་ལུང་བསྟན་འབྱུང་བར་འགྱུར། དེ་ལ་སོགས་པའི་ཞ་ལྟ་འགའ་རེ་མཛད།”[17] ཞེས་གསལ་བས། ཐོག་མར་འགྲུ་ཞིག་བླ་མའི་ལུང་བསྟན་གྱི་རྐྱེན་བྱས་རྩེ་དྲུག་ཤེལ་བྲག་ཚལ་དུ་གསང་སྔགས་སྒྲུབ་པ་མཛད་ཅིང་། དེ་ནས་བོན་སྡེ་བཅུ་གསུམ་སོགས་དབང་ལུང་ཐོབ་པ་དང་སྙན་རྒྱུད་སོགས་ཀྱི་འགོ་ཚུགས་པ་ཡིན་ནོ།།
གསུམ། མདོ་དྲི་མེད་གཟི་བརྗིད་སྙན་རྒྱུད་བྱུང་ཚུལ།
སྐབས་བབ་ཀྱི་གླེང་བར་བྱ་བ་མདོ་དྲི་མེད་གཟི་བརྗིད་འདི་ཉིད་ནི་སྤྲུལ་པའི་སྐུ་བློ་ལྡན་སྙིང་པོ་མཆོག་ལ་སྟངས་ཆེན་དམུ་ཙ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པ་ཡིན་ཏེ། 《དབང་ལུང་གསལ་བའི་སྒྲོན་མེ 》ལས“དེ་ཕྱིར་ཕྱི་ནང་གསང་བའི་བོན། རྒྱུད་གསུང་དབལ་མོ་ཕོ་ཉར་བཅས། ལུང་ནི་དཔོན་གསས་བདག་གིས་གནང་། བཀའ་རྒྱ་ཡེ་ཤེས་དབལ་མོས་བསྡམས། སྙན་དུ་སྟང་ཆེན་དམུ་ཙས་བརྒྱུད། གཏང་བཞག་འོད་ལྡན་འབར་མས་མཛོད། གསང་སྦས་རྣལ་འབྱོར་རང་གིས་བརྩོན།”[18]ཞེས་གསལ་བས་ཕྱི་ནང་གསང་བ་ཡང་གསང་གི་བོན་སྡེའམ་བོན་སྡེ་བཅུ་གསུམ་པོ་ཐམས་ཅད་དབང་ལུང་གནང་མཁན་གྱེར་སྤུངས་ཆེན་པོ་དང་སྙན་དུ་རྒྱུད་མཁན་སྟངས་ཆེན་དམུ་ཙ་གྱེར་མེད། བཏང་བཞག་བྱེད་མཁན་འོད་ལྡན་འབར་མ་བཀའ་རྒྱ་བསྡམ་མཁན་ཡེ་ཤེས་དབལ་མོ་ཡིན་པ་འཁོད་ཡོད་པ་རེད།
སྒོས་སུ་མདོ་འདི་ཉིད་སྙན་བརྒྱུད་བྱས་ཚུལ་ཞིབ་ཏུ་འཆད་པ་ལ། དྲི་མེད་གཟི་བརྗིད་འདི་ལ་དབང་ལུང་ཐོབ་ཚུལ་དང་སྙན་དུ་བརྒྱུད་ཚུལ། བཀའ་རྒྱ་བཀྲོལ་ཚུལ་བཅས་དོན་ཚན་གསུམ་ལས། དང་པོ་དབང་ལུང་ཐོབ་ཚུལ་ནི་སྤྲུལ་པའི་སྐུ་མཆོག་དགུང་ལོ་ཉེར་བཞི་ལོན་པའི་དུས་སུ་ས་གནས་དཔལ་གྱི་སྟེང་ཆེན(ད་ལྟའི་སྟེང་ཆེན་ཁ་ཞེས་པའི་ས་གནས་དེར་ཡིན་ནམ་སྙམ།)ལ་སྡོད་སྐབས་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་སྲོད་འཁོར་ཙམ་གྱི་ཉམས་སྣང་ལ་མཁའ་འགྲོའི་བསུ་མ་བྱུང་སྟེ། ཨོ་རྒྱན་ཡུལ་མེ་ཏོག་སྤུངས་མཛེས་དགོན་པ་རུ་བྱོན་ཏེ། གྱེར་སྤུངས་དྲན་པ་ནམ་མཁའ་དང་སྟོངས་ཆེན་དམུ་ཙ་གྱེར་མེད། མཁའ་འགྲོ་འོད་ལྡན་འབར་མ་སོགས་དང་མཇལ་ཏེ་དེ་དག་གི་སྐུ་མདུན་ནས་བོན་སྡེ་བཅུ་གསུམ་གྱི་དབང་ལུང་ཐོབ་པ་ཡིན་ཏེ། 《དབང་ལུང་གསལ་བའི་སྒྲོན་མེ》ལས་གྱེར་སྤུངས་ཆེན་པོའི་ཞལ་ནས། “གསན་དང་སྐལ་ལྡན་རིགས་ཀྱིས་གཤེན། ཁྱོད་ནི་ཚེ་རབ་སྔ་མ་ལ། གཡུང་དྲུང་བསྟན་པའི་བོན་ལ་དབང་། བདག་གི་བཀའ་ཡི་བོན་འདི་དག ལས་སྐལ་ལྡན་པ་ཁྱོད་ལ་གཏད། གསང་སྦས་ཐབས་ལ་མཁས་པར་གྱིས། འདི་ལ་རྣམ་པ་བཞི་ཡིན་སྟེ། ཕྱི་ནང་གསང་བ་ཡང་གསང་བཞི། མདོ་འབུམ་རྒྱུད་ལུང་ཕྱི་ཡི་ཚུལ། གསང་སྔགས་ཟབ་མོ་ནང་གིས་ཚུལ། མཆོག་ཐུན་དངོས་གྲུབ་གསང་བའི་ཚུལ། བླ་མེད་ཐིག་ཆེན་ཡང་གསང་གིས་ཚུལ། མདོ་ལ་རྣམ་པ་བཞི་ཡིན་ཏེ། དྲི་མེད་གཟི་བརྗིད་བསྟན་པའི་མདོ། དུས་གསུམ་མི་ནུབ་མཚན་གྱི་མདོ། ལྷུན་པོ་བརྩེགས་པ་རྒྱུད་ཀྱི་མདོ། བཀྲ་ཤིས་དཔལ་འབར་རྒྱན་གྱི་མདོ། དེ་ལྟར་མདོ་སྡེ་བཞི་རུ་བསྟན། དེ་ཡང་རྣམ་དྲངས་འདི་ལྟར་སྟེ། དྲི་མེད་གཟི་བརྗིད་མདོ་ལས་ཀྱང་། ལེའུ་དྲུག་ཅུ་རྩ་ཅིག་ལས། སངས་རྒྱས་བསྟན་པའི་གཙོ་བོ་ཡི། འགྲོ་བ་སེམས་ཅན་དོན་མཛད་ཕྱིར། འོད་གསལ་ལྷ་ལས་བབ་ནས་ཀྱང་། འོལ་མོའི་གནས་སུ་སྐུ་འཁྲུང་ནས། བསྟན་པ་རྗེས་བཞག་མཛད་ཚུལ་དང་། བཀའ་རྒྱུད་གཏད་གཉེར་ཡན་ཆད་དོ།།”[19]ཞེས་སོགས་བོན་སྡེ་བཅུ་གསུམ[20]གྱི་དབང་སྐལ་བྱིན་ནོ།།
ལོ་རྒྱལ་བྱི་བ་སྟེ་སྤྲུལ་པའི་སྐུ་མཆོག་དགུང་ལོ་ཉེར་ལྔ་བཞེས་སྐབས་སུམ་པ་གླང་གི་གྱིམ་ཤོད་ཤེལ་བྲག་འོད་ཀྱི་བྲག་ཕུག་ཏུ[21]གསང་སྔགས་སྤྱི་འདུལ་གྱི་སྒྲུབ་པ་ལ་བཞུགས་སྐབས། དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་གྱི་ནུབ་མོ་སྲོད་འཁོར་གྱི་རྨི་ལམ་ལ་མཁའ་འགྲོའི་བསུ་མ་བྱུང་སྟེ། བོད་ཡུལ་རུ་བཞི་ལས་གཡས་རུ་རྩང་སྟོད་གསང་བྲག་གནས་སུ་སྤྱན་དྲངས་ཏེ། གསང་བའི་བྲག་ལ་གཏེར་སྒོ་ཕྱེས་ནས་གྱེར་སྤུངས་ཆེན་པོ་སོགས་ནས་བོན་སྡེ་བཅུ་གསུམ་གྱི་སྙན་རྒྱུད་དབུ་ཚུགས་སོ།། འོན་ཏེ་སྙན་རྒྱུད་འདི་དུས་གཅིག་ལ་ལས་སླ་བོས་བརྒྱུད་ཐུབ་པ་ཞིག་མ་ཡིན་པ་འདྲ་སྟེ། 《མན་ངག་བཀའ་རྒྱ་བཀྲོལ་བ》ལས“དེ་ནས་ལོ་རྒྱལ་བྱི་བ་ལ། བཀའ་རྒྱུད་བསྙན་དུ་རྒྱུད་བསྙམ་ནས། པད་མ་མཁའ་འགྲོའི་བརྡ་སྟོན་ཅིང་། བོད་ཡུལ་གཡས་རུ་རྩང་སྟོད་ཀྱིས། གསང་བྲག་གནས་སུ་སྤྱན་དྲང་ནས། དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། གཏིང་རྫོགས་གསང་བའི་དབང་མཆོག་བསྐུར། བོན་སྡེ་བཅུ་གསུམ་དབང་གཏེར་བཀྲོལ། ལོ་གྲངས་དུས་ཀྱི་གསང་རྒྱས་བཏབ། དེ་ནས་བསྙན་རྒྱུད་དབུ་བཙུག་ནས། གླང་སྟག་ཡོས་ལ་སྙན་རྒྱུད་རྫོགས།”[22] ཞེས་གྱིམ་ཤོད་ཤེལ་བྲག་གནས་སུ་སྒྲུབ་པ་ལ་བཞུགས་ཤིང་དེའི་གནས་སྐབས་སུ་སྙན་རྒྱུད་བྱས་པ་གསལ་ཞིང་བོན་སྡེ་བཅུ་གསུམ་ཞེས་པོ་ཏི་ལྔ་བཅུ་ཁ་ལྷག་ཅིག་ལོ་བཞི་ཡི་དུས་ཡུན་ནང་སྙན་རྒྱུད་གྲུབ་པ་བྱས་སོ།།
དེ་ནས་ཁོང་དགུང་ལོ་ཉེར་དགུ་བཞེས་པའི་འབྲུག་གི་ལོར་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ། སུམ་པ་གླང་གི་གྱིམ་ཤོད་ལ་བཞུགས་སྐབས་ནུབ་མོ་སྲོད་འཁོར་ཙམ་གྱི་ཉམས་སྣང་རྨི་ལམ་ལ་མཁའ་འགྲོ་མའི་བསུ་མ་བྱུང་སྟེ། བོད་ཡུལ་བཀྲ་ཤིས་ཕྱུག་མོ་དཔལ་རིར་བྱོན་ཏེ། གྱེར་སྤུངས་ཆེན་པོ་སོགས་ཀྱི་མདུན་ནས་མན་ངག་བཀའ་རྒྱ་བཀྲོལ་བ་ཡིན་ཏེ།《མན་ངག་བཀའ་རྒྱ་བཀྲོལ་བ》 ལས“བོད་ཡུལ་རུ་བཞིའི་ས་གནས་ཀྱིས། བཀྲ་ཤིས་ཕྱུག་མོའི་གནས་འདིར་ཕབ། དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། འཕྲིན་ལས་ཕུར་པའི་དབང་ཆོག་བསྐུར། བོན་སྒོ་གསང་བའི་བཀའ་རྒྱ་བཀྲོལ། སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཞོག། ”[23]ཞེས་གསལ་ལོ།། བཀའ་རྒྱ་བཀྲོལ་ཞེས་པ་ནི་ལོ་བཞིའི་རིང་སྙན་རྒྱུད་བྱས་པའི་བོན་སྡེ་རྣམས་ཤོག་ཐོག་ཏུ་འཕབ་ཆོག་པའི་གནང་བ་ཐོབ་པ་ཞིག་ལ་ཕྲན་གྱིས་ངོས་འཛིན་བྱས་ཡོད། འོན་ཏེ་དབང་ལུང་ཐོབ་པ་དང་སྙན་དུ་བརྒྱུད་པ་དང་བཀའ་རྒྱ་བཀྲོལ་ཟིན་རུང་གཞན་ལ་བསྒྲགས་པ་བྱས་མེད་དེ། 《མན་ངག་བཀའ་རྒྱ་བཀྲོལ་བ》 ལས“འབྲུག་ནས་ལོ་དགུའི་བར་དུ་གསང་། དུས་དང་སྐལ་ལ་མ་བབ་པར། དད་ལྡན་གུས་འབུལ་སློབ་མ་དང་། ལས་དང་རྟེན་འབྲེལ་འགྲིག་ལ་སོགས། དམ་ལྡན་ཟུང་ཐུབ་མ་གཏོགས་པ། མིང་ཙམ་བསྒྲགས་པ་མི་བྱའོ།། གལ་ཏེ་མིང་ཙམ་བསྒྲགས་ན་ཡང་། ཞིབ་བཤད་དྲང་པོ་མི་བྱའོ།། ” [24] ཞེས་པས། སྤྱིར་སྙན་རྒྱུད་དང་གཏེར་གྱི་བོན་སྡེ་ཁག་ལ་གཞན་ལ་ཁྱབ་སྤེལ་མ་བྱས་སྔོན་ལོ་གྲངས་ཀྱི་གསང་རྒྱ་ཡོད་པ་དང་གསང་རྒྱ་མ་ཐུབ་ན་འགལ་རྐྱེན་བར་ཆད་སོགས་འབྱུང་ཚུལ་གསལ་བ་ལྟར། ཁོང་ལ་བོན་སྡེ་འདི་དག་ལོ་དགུ་ལ་གསང་དགོས་པའི་བཀའ་རྒྱ་བབས་སོ།།
བཞི། སྒྲུབ་གནས་ཁག་ལ་གནས་འབྲེལ་བཞག་པ།
བཀའ་རྒྱ་བཀྲོལ་ཟིན་རྗེས་ལོ་དགུ་ཡི་རིང་ལ་གནས་འབྲེལ་འཇོག་ཅེས་ཀོང་པོ་བོན་རི་དང་མ་ང་གཡུ་མཚོའི་འགྲམ་ཤེལ་བྲག་འོད་ཀྱི་གསང་ཕུག་སོགས་སུ་གསང་སྔགས་སྒྲུབ་པ་མཛད་ཅིང་། ལྷག་ཏུ་རྩེ་དྲུག་ཤེལ་བྲག་གནས་སུ་ཞི་ཁྲོའི་སྒྲུབ་པར་བཞུགས་པ་ཡིན་ཏེ། 《མན་ངག་བཀའ་རྒྱ་བཀྲོལ་བ》ལས“རྔུལ་རྫ་ཟིལ་མོ་སྒང་རིང་དུ། སུམ་པ་གླང་གི་གྱིམ་ཤོད་དེ། རི་རྒྱུད་དར་དཀར་ཡོལ་བ་ལ། ཤེ་ལེ་རྒྱ་སྐར་གནས་མཆོག་ཡོད། ”[25]ཞེས་གྱིམ་ཤོད་གནས་རི་ཤེལ་བྲག་རྫོང་གི་ཆགས་ཚུལ་རི་དབྱིབས་དར་དཀར་ཡོལ་བ་འཐེན་པ་འདྲ་བ་ཡོད་པ་བསྟན་ལ། དེ་ཉིད་ལས། “ལྷོ་རྔུ་རྫ་གཉིས་ཀྱི་བར་མཚམས་ན། སུམ་པ་གླང་གི་གྱིམ་ཤོད་ཀྱིས། ཤེལ་ལེ་རྒྱ་དཀར་གནས་མཆོག་ཏུ། བདེར་གཤེགས་འདུས་པའི་སྒྲུབ་པ་གྱིས། གཏེར་བདག་དབལ་མོས་སྡང་གྲོགས་མཛོད།”ཅེས་དང་། 《མན་ངག་བཀའ་རྒྱ་བཀྲོལ་བ》ལས“སྒོས་སུ་ཁྱོད་ཉིད་གནས། སུམ་པ་གླང་གི་གྱིམ་ཤོད་ཀྱི། ཤེལ་ལེ་རྒྱ་སྐར་གནས་མཆོག་ཡིན། གསང་བའི་དབེན་གནས་དེ་དག་ལ། བསྒྲུབས་སའི་གནས་ཀྱི་འགྲམ་ཆོས་ལ། གཏེར་བདག་གཉན་གྱིས་སྡོང་གྲོག་བྱེད། དེ་རུ་བདེར་གཤེགས་འདུས་པའི་ས། ཞི་ཁྲོ་ཡོངས་རྫོགས་བསྙན་ཅིང་བསྒྲུབས། འབྱུང་པོ་མི་མིན་དབང་དུ་འདུས། ལྷ་སྲིད་སྡེ་བརྒྱད་ཟིལ་གྱིས་གནོན། གསང་བ་སྔགས་ཀྱི་གནས་སུ་བཟང་། དུས་བཟང་ཚོགས་ཀྱི་འཁོར་ལོ་བསྐོར། བསྐང་གསོལ་མཆོད་པ་རྒྱ་ཆེན་བགྱི། སྒྲུབ་པའི་གནས་སུ་གཉེར་བཞེས་ཅིག” ཅེས་དང《བློ་ལྡན་རྣམ་ཐར་ཉུང་བསྡུས》ལས“ཤེལ་བྲག་རྫོང་དུ་སྙན་སྒྲུབ་ལྷ་ཞལ་ཁུམས།”ཞེས་གསལ་བ་དག་ལས་རྟོགས་ནུས།
ལྔ། དངོས་སུ་ཡི་གེར་ཕབ་སའི་གནས།
མདོ་དྲི་མེད་གཟི་བརྗིད་འདི་ཉིད་དངོས་སུ་ཡི་གེ་རུ་བཀོད་སའི་གནས་ནི་དེ་སྔོན་ངག་རྒྱུན་གྲགས་ཚོད་ལ་གསའ་ཡི་བྲག་ར་གོང་མ་ཡིན་པ་བཤད་ལ། ཁྱུང་པོ་སྟེང་ཆེན་དགོན་གྱིས་པར་བསྐྲུན་བྱས་པའི་བཀའ་འགྱུར་དེབ་གཟུགས་ཅན་ལས། དྲི་མེད་གཟི་བརྗིད་སྙན་རྒྱུད་བྱས་ས་གསའ་ཡི་བྲག་ར་ཡིན་པ་བཀོད་ཡོད། འོན་ཏེ་སྙན་རྒྱུད་བྱས་ས་ནི་གསའ་ཡི་བྲག་ར་མ་ཡིན་པ་གོང་དུ་སོང་ལ། རེད་དེ་གསའ་ཡི་བྲག་ར་དང་མདོ་དྲི་མེད་གཟི་བརྗིད་བར་ལ་འབྲེལ་བ་ཡོད་མེད་ནི་དཔྱད་གཞི་གལ་ཆེན་ཞིག་རེད། ཕྲན་གྱིས་རྩེ་དྲུག་དགོན་ལ་བཞུགས་པའི་བློ་ལྡན་མགུར་འབུམ་པོད་གཉིས་ཅན་དེ་ལ་ཡང་ཡང་ཞིབ་འཇུག་བྱས་རུང་གསའ་ཡི་བྲག་ར་དང་འབྲེལ་བའི་གནས་ཚུལ་གང་ཡང་མ་རྙེད། འོན་ཏེ་ཁ་སྔོན་བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས(1832ལོར་འཁྲུངས)ལགས་ཀྱིས་བརྩམས་མཛད་པའི་བཀའ་དང་བཀའ་བརྟེན་དཀར་ཆག་ནང་དུ་བློ་ལྡན་མགུར་འབུམ་གྱི་ལེའུ་ཐོ་ཞིག་འདུག་ལ། དེའི་ཁྲོད་དུ《གསའ་རྒྱལ་གཞི་བདག་གི་རྨི་ལམ་ཞུས་ལེན》ཞེས་པའི་ལེའུ་ཞིག་འདུག་པ་དེ། ད་ལྟ་རྩེ་དྲུག་དགོན་ལ་ཡོད་པའི་མགུར་འབུམ་དུ་བཞུགས་མི་འདུག ཕྲན་གྱིས་དེ་ལག་སོན་བྱུང་ན་གནད་དོན་འདི་དག་ཐག་ཆོད་ཐུབ་སྙམ་སྟེ་ལུས། དེར་རྩེ་དྲུག་དགོན་གྱི་སྒོམ་གྲྭ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་ལ་འདིའི་ཐད་ནས་བཀའ་འདྲི་ཞུས་པས། སོག་སྡེ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་རྣམ་པས་བཀའ་བརྟེན་དཔར་སྐྲུན་གྱི་མ་དཔེ་འཚོལ་བསྡུ་བྱེད་སྐབས་བློ་ལྡན་མགུར་འབུམ་གཉིས་ལག་སོན་བྱུང་ཞིང་། གཅིག་ནི་ད་ལྟ་རྩེ་དྲུག་དགོན་དུ་བཞུགས་པ་འདི་དང་གཅིག་ཤོས་ནི་ཀོང་པོ་རྒྱལ་རི་དགོན་ལ་བཞུགས་འདུག་ཟེར། ཁོང་གིས་ཀོང་པོ་རྒྱལ་རི་དགོན་ལ་བཞུགས་པ་དེ་རྩེ་དྲུག་དགོན་དུ་བཞུགས་པ་འདི་ལས་རྙིང་ཆེ་འདུག་པས། དེ་མ་དཔེར་བཞག་ནས་བཀའ་བརྟེན་ཁྲོད་དུ་དཔར་བཞག་ཡོད་ཟེར། དེར་ཁོ་བོས་སོག་སྡེ་བསྟན་པའི་ཉི་མའི་བཀའ་བརྟེན་ལས་བློ་ལྡན་མགུར་འབུམ་བཙལ་ཞིང་དེ་ཉིད་ལ་ཞིབ་འཇུག་བྱས་པ་ཡིན། དེའི་ནང་དུ《གསའ་རྒྱལ་གཞི་བདག་གི་རྨི་ལམ་ཞུས་ལེན》ཞེས་མིང་བཏགས་བཞག་པ་མི་འདུག་མོད།《སྤྲུལ་སྐུ་བློ་ལྡན་སྙིང་པོའི་གསུང་འབུམ་ལས། ལྷོ་རྫ་མཆེད་གསུམ་གྱི་ཞུ་ལན་བཞུགས་སོ།།》ཞེས་པའི་ལེའུ་ཞིག་འདུག་པ་འདི་ཡིན་པ་འདྲ་སྟེ། ལྷོ་རྫ་མཆེད་གསུམ་ནི་ལེའུ་ཁོ་རང་ལས།“གསུམ་དེ་ལྷོ་ཆེན་རྔུ་ལ་འདུས། གསའ་རྒྱལ་ཁུ་བྱུག་འགུལ་ཁྲིལ་དང་། རབ་རྗེ་ཤངས་བ་འོད་དཀར་དང་། གསའ་རྔུ་རག་པ་གཡུ་རྩེ་དང་། ལྷོ་རྫ་ངང་མ་མཆེད་བདུན་དང་། སུམ་པ་གླང་གི་གྱིམ་ཤོད་ན། བོད་ཀྱི་ས་རུ་ཕྱི་བློན་དང་། འབྲུ་དགུ་བཅུད་ཀྱི་གཏེར་མཛོད་འཛིན། རིན་ཆེན་སྣ་ལྔའི་གཏེར་ཁ་སྲུང་།”[26] ཞེས་གསལ་བ་དག་ལ་དཔྱད་ན་ཤེས་ཐུབ།
ལྷོ་རྫ་མཆེད་གསུམ་གྱིས་ཞུས་ལན་བྱས་སའི་ས་གནས་ནི་དེ་ཉིད་ལས།“དུས་མཐའི་རྣལ་འབྱོར་ཁོ་བོ་ཡང་། དངུལ་རྫ་ཟབ་མོའི་དཀྱིལ་སྟོད་ཀྱི། འབྱག་སྟོད་རིན་ཆེན་འབར་བའི། གནས་བཀྲ་ཤིས་ས་གནས་བདེ་སྟེང་དུ། བཀའ་རྒྱུད་ཡི་གེར་བཏབ་པའི་དུས། ནུབ་གཅིག་རྨི་ལམ་འཁྲུལ་སྣང་ལ།”ཞེས་པར་བརྟག་ན། འབྱག་རྒྱལ་གྱི་སྟོད་ཕྱོགས་སུ་ཡིན་པ་གསལ། འབྱག་རྒྱལ་རིན་ཆེན་འབར་བ་ནི་ད་ལྟ་ཁྱུང་པོ་སྟེང་ཆེན་རྫོང་གི་ཉེ་འགྲམ་དུ་ཆགས་པའི་རི་ཁྲོད་དགོན་དང་སྟེང་ཆེན་དགོན་གཉིས་ཀྱི་རྒྱབ་རི་བྲག་དམར་འདི་ཡིན་ལ། དེའི་སྟོད་ཕྱོགས་ནི་ཏག་ཏག་གསའ་ཡི་བྲག་ར་གོང་མ་ཡོད་སར་ཁེལ་ཡོད་པ་རེད། གཉིས་ནས་བཤད་ན་གསའ་ཡི་བྲག་ར་གོང་མར་མདོ་དྲི་མེད་གཟི་བརྗིད་སྙན་རྒྱུད་བྱས་པའི་ངག་རྒྱུན་ཡོད་པ་འདི་ཡང་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་མ་ཡིན་པས། དེར་བརྟེན“འབྱག་སྟོད་རིན་ཆེན་འབར་བའི། གནས་བཀྲ་ཤིས་ས་གནས་བདེ་སྟེང་དུ། བཀའ་རྒྱུད་ཡི་གེར་བཏབ་པའི་དུས།”ཅེས་པའི་ས་གནས་འདི་ནི་གསའ་ཡི་བྲག་ར་ལ་ངོས་འཛིན་ན་མི་ཆོག་རྒྱུ་མེད་སྙམ། ས་གནས་འདིར་བཀའ་རྒྱུད་ཡི་གེར་བཏབ་ཅེས་པའི་བཀའ་རྒྱུད་དེ་ནི་མདོ་དྲི་མེད་གཟི་བརྗིད་ཡིན་པ་ཡང་ལེའུ་ཁོ་རང་ལས་དངོས་སུ་གསལ་ཏེ། གཞི་བདག་གིས་བློ་ལྡན་སྙིང་པོ་མཆོག་ལ་ཞུས་པ།“ཁྱེད་ཀྱི་རིགས་རྒྱུད་ཅི་འདྲ་ཡིན། བཀའ་སྙན་འདི་ལ་ཅི་མིང་ལགས།”ཞེས་ཞུས་པའི་ལན་དུ་གསུངས་པ། “ བཀའ་རྒྱུད་རིན་ཆེན་མདོ་སྡེ་འདི། དྲི་མ་མེད་པ་གཟི་བརྗིད་མདོ། རྣམ་པར་དག་པ་རྒྱལ་བའི་བཀའ། གཏེར་ནི་གསང་བའི་བྲག་ལ་ཡོད། མན་ངག་སྟང་ཆེན་ཐུགས་ལ་གསལ། ད་ལྟ་རྣལ་འབྱོར་བདག་ལ་བརྒྱུད། ཁྱེད་གཞི་གནས་ཡུལ་ས་མ་ཏོག་པ། གཞན་དག་གང་ལ་སྒྲོགས་མ་མྱུང་། ཁྱེད་ཀྱང་ཡིད་ལ་དམ་དུ་ཟུང་།”ཞེས་གསལ་བས་གཟི་བརྗིད་གསའ་ཡི་བྲག་རར་ཡི་གེར་ཕབ་ཅེས་པའི་དེ་སྔོན་གྱི་ངག་རྒྱུན་དེ་ལ་ལུང་ཚིག་འདིས་བརྒྱ་ཆ་བརྒྱ་ཡིས་བདེན་དཔང་བྱེད་ཐུབ་པ་ཡིན། བློ་ལྡན་སྙིང་པོ་མཆོག་གནས་འདིར་ཞག་མ་འགའ་ལ་བཞུགས་ཤིང་སྔོན་སྙན་དུ་བརྒྱུད་ཟིན་པའི་མདོ་དྲི་མེད་གཟི་བརྗིད་ཡི་གེའི་གཟུགས་སུ་ཕབ་མཛད་པ་ཡིན། གཞན་ཡུལ་ལྷའི་ཆོ་འཕྲུལ་གྱིས་བར་ཆད་བྱས་པ་དང་མཚོན་ཆ་བཟོ་ལུགས་སོགས་བབ་པ་རེད་ཟེར་བ་ནི་དོན་དངོས་ཤིག་མ་ཡིན་པ་ལེའུ་འདི་ལས་ཧ་ཅང་གསལ་ཏེ། ཡུལ་ལྷས་ཁོང་འདིར་ཕེབས་པ་དགའ་བསུ་གནང་ཞིང་ད་དུང་གཏན་བཞུགས་གནང་རྒྱུ་དང་དེ་ཙམ་མ་རེད་ནའང་མ་མཐའ་ལོ་གསུམ་ལ་བཞུགས་རོགས་གྱིས་དང་མཐུན་རྐྱེན་ཞབས་ཞུ་ཁོ་ཚོས་སྒྲུབ་པའི་ཁས་ལེན་དམ་བཅའ་བྱས་པ་གསལ་འདུག་ལ། ཁོང་གིས་ཡུལ་ལྷ་དེ་དག་ལ་བོན་སྐལ་ཡང་གནང་འདུག་གོ།
ཁོང་གིས་ཤིན་ཏུ་གསང་བའི་སྒོ་ནས་བཀའ་རྒྱུད་ཡི་གེའི་གཟུགས་སུ་བཀོད་པ་ཡིན་ཏེ།《མན་ངག་བཀའ་རྒྱ་བཀྲོལ་བ》ལས“ཐོག་མར་ནང་རྒྱུད་སྔགས་ཀྱི་བོན། གསང་སྔགས་སྡེ་བཞི་གཏན་ལ་ཕབ། སྔགས་ཀྱི་བསྐང་བཞི་ལྷ་ལ་འབུལ། སྣང་སྲིད་ལྷ་འདྲེ་དེ་ཡིས་ནོན། མཐུན་རྐྱེན་དངོས་གྲུབ་ཤུགས་ལས་འབྱུང་། དེ་ཡང་རྒྱུད་གཞུང་ཆ་ལག་རྣམས། རིམ་པ་བཞིན་དུ་གསང་ཞིང་བཀོད། བཀོད་མ་ཐག་ཏུ་བསྒྲགས་མི་བྱ། བསྒྲགས་མ་ཐག་ནས་སྟོན་མི་བྱ། སྤེལ་དུས་ཐབས་དང་རྟེན་ལ་བརྟག”[27]ཞེས་ཕྱི་ནང་གསང་བ་ཡང་གསང་གི་བོན་སྡེ་གང་ཞིག་ཡིན་ཡང་སོ་སོར་སྐབས་བབ་ཀྱི་ཡར་མཆོད་མར་སྦྱིན་གྱི་སྔོན་འགྲོ་དག་བསྒྲུབས་ཏེ་ག་ལེར་བཀོད་པ་གསལ་ཞིང་། སྐབས་འདིར་ད་དུང་བཀའ་སྤེལ་ཆོག་པའི་དུས་ལ་མ་བབ་པས་ཤིན་ཏུ་གསང་བའི་སྒོ་ནས་བཀའ་རྒྱུད་ཡི་གེར་ཕབ་ཟིན་པ་དག་ལ་བཀུར་སྟི་རྒྱ་ཆེར་བྱས་པ་སོགས་གསལ་ཏེ། 《མན་ངག་བཀའ་རྒྱ་བཀྲོལ་བ》ལས“གང་ཡིན་དག་ཏུ་བསྒྲག་མི་བྱ། ཤིན་ཏུ་གསང་དང་གསང་རྒྱས་གདབ། བཀའ་རྒྱུད་དག་ལ་བཀུར་སྟི་དང་། རྣམ་ལྔ་རྒྱུན་གྱི་མཆོད་རྟེན་དང་། རྣམ་བརྒྱད་འདོད་ཡོན་མཆོད་པ་འབུལ། ཕྱག་སྐོར་མོས་གུས་འདུད་པ་བསྐྱེད། དགའ་དང་མགུ་བ་དང་དུ་བླངས། བཀའ་རྒྱུད་ཡི་གེར་ཐེབས་པའི་དུས། རིམ་བཞིན་རབ་ཏུ་གནས་པ་ཡི། བཀྲ་ཤིས་ཞལ་སྤྲོ་ཆོ་ག་བྱ།” ཞེས་གསལ་བས་དེ་སྔོན་བློ་ལྡན་སྙིང་པོའི་ལོ་རྒྱུས་ཁག་ཏུ་བྱུང་བ་བཞིན་གློ་བུར་དུ་སྙན་རྒྱུད་ཕབ་པ་ཞིག་མ་ཡིན་པར་བརྒྱུད་རིམ་མམ་གོ་རིམ་ངེས་ཅན་ཞིག་བརྒྱུད་དེ་བོན་སྡེ་བཅུ་གསུམ་ཞེས་པོ་ཏི་ལྔ་བཅུ་ལྷག་ཅིག་ལེགས་གྲུབ་བྱུང་ཡོད་པ་ཤེས་ཐུབ་བོ།།
གསུམ་པ། བློ་ལྡན་སྙིང་པོ་ནས་ད་ལྟའི་བར་གྱི་བརྒྱུད་རིམ་སྐོར།
དེ་ཡང《 ལེགས་བཤད་མཛོད》ལས“ཕྱི་ལ་མདོ་དྲི་མེད་གཟི་བརྗིད་བསྟན་པའི་མདོ་ལ་གླེགས་བམ་བཅུ་གཉིས། དྲི་མེད་རྩ་བའི་མདོ་དང་བཅུ་གསུམ། སངས་རྒྱས་ཁྲི་དང་བདུན་སྟོང་གི་མཚན་བརྗོད་མདོ། ལྷུན་པོ་བརྩེགས་པ་རྒྱུད་ཀྱི་མདོ། བཀྲ་ཤིས་དཔལ་འབར་ཁབ་ཀྱི་མདོ་དང་བཞི། གཉིས་པ་ནང་སྔགས་ལ་རོལ་པ་གཟུངས་སྔགས། ཕུར་པ་རིགས་སྔགས། རྩོད་ཟློག་དྲག་སྔགས། ཞི་ཁྲོ་རབ་འབྱམས་ཡང་གསང་གི་སྔགས་དང་བཞི། གསུམ་པ་གསང་བ་ལ་རིག་པ་ཁུ་བྱུག་ཡབ་ཀྱི་རྒྱུད། རིག་འཛིན་འདུས་པ་ཐབས་ཀྱི་རྒྱུད། མཁའ་འགྲོ་ཡང་སྙིང་ཤེས་རབ་ཀྱི་རྒྱུད་གསུམ[28]། བཞི་པ་ཡང་གསང་བླ་མེད་ལ་ནམ་མཁའ་སྤྱི་གཅོད་ལྟ་བའི་རྒྱུད་ལ་སོགས་པ་མང་དུ་ཡོད་དོ།། སྤྲུལ་སྐུ་བློ་ལྡན་ནས་བྷེ་ཚ་གྲགས་པ་རྒྱལ་མཚན་སོགས་ལ་བརྒྱུད་ནས་དར་རོ།། ”[29] ཞེས་དང་།《 བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 ལས“དེ་རྗེས་མཆོག་སྤྲུལ་མུ་ལ་རིན་ཆེན་ལ།། སྟང་ཆེན་དམུ་ཚ་མཆོག་གིས་སྙན་བརྒྱུད་པ།། མཛད་མདོ་དྲི་མེད་ལ་སོགས་མདོ་ཆེན་བཞི།། དབལ་གསས་རྩོད་ཟློག་ལ་སོགས་སྔགས་རྒྱས་བཞི།། གཞན་ཡང་མདོ་འབུམ་རྒྱུད་སྡེ་བསམ་འདས་དང་།། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་ལ་སོགས་པ།། ཞལ་སློབ་སྒོ་རིགས་རྒྱལ་མཚན་འོད་ཟེར་དང་།། འབེ་ཚ་གྲགས་པ་རྒྱལ་མཚན་གཉིས་ལ་བརྒྱུད།།”[30] ཅེས་གསལ་བས། སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གིས་དངོས་སུ་སློབ་མ་སྒོ་རིགས་རྒྱལ་མཚན་འོད་ཟེར་དང་འབེ་ཚ་གྲགས་པ་རྒྱལ་མཚན་གཉིས་ལ་བརྒྱུད་པ་གསལ་ཞིང་། དེ་གཉིས་ནས་རིམ་བཞིན་བརྒྱུད་ཚུལ་སྐོར་ལ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བློ་ལྡན་རྣམ་ཐར་ལས། “གོང་གི་དངོས་སློབ་རྣམ་གཉིས་ལ་མདོ་རྒྱུད་རྣམས་ཨ་བ་ནམ་མཁའ་རིན་ཆེན་དང་། ཁྱུང་ཆེན་ཡོན་ཏན་རིན་ཆེན་གཉིས་ཀྱིས་ཞུས། དེ་གཉིས་ཀ་ལ་རྒྱ་ར་བསམ་གཏན་རྒྱལ་མཚན་གྱིས་ཞུས། དེས་རྒྱ་བོ་རིན་ཆེན་འོད་ཟེར་ལ་བརྒྱུད། དེ་ཕྱིན་བརྒྱུད་པ་མང་གྱེས་ཐམས་ཅད་སྨོས་མི་ལང་ཡང་གཙོ་ཆེ་ནི་རྒྱ་བོ་ལ་ཕྱ་ནམ་མཁའ་རྒྱལ་མཚན་གྱིས་ཞུས། དེས་ཁྲོམ་ཚང་ཚུལ་ཁྲིམས་ཡེ་ཤེས་ལ་བརྒྱུད། དེ་ནས་རིམ་པར་མཁས་གྲུབ་སྨོན་ལམ་བཀྲ་ཤིས། ཞུ་རྣམ་རྒྱལ་གྲགས་པ། མཁས་གྲུབ་ཚུལ་ཁྲིམས་འོད་ཟེར། མཁན་པོ་རྣམ་དག་འོད་ཟེར། སྐུ་སྐྱེས་ཚུལ་ཁྲིམས་གཡུང་དྲུང་། གླིང་ཚུལ་ཁྲིམས་རྒྱལ་མཚན། སྟག་བྲོ་ནམ་མཁའ་འོད་ཟེར། སྟག་བྲོ་གཙུག་ཕུད་འོད་ཟེར། སྟག་རྩེ་ཚེ་དབང་ལྷུན་གྲུབ། སྟག་རྩེ་གཡུང་དྲུང་རྣམ་རྒྱལ། མཁས་གྲུབ་ཚུལ་ཁྲིམས་དབང་རྒྱལ། ཡོངས་འཛིན་ནམ་མཁའ་དབང་གྲུབ། གཤེན་སྟོན་གཙུག་ཕུད་དབང་རྒྱལ། སྐུ་མདུན་བསོད་ནམས་བློ་གྲོས། མཁན་ཆེན་ཉི་མ་བསྟན་འཛིན། འགྲོ་མགོན་ཤེས་རབ་གཡུང་དྲུང་། དགེ་སློང་ཉི་མ་གྲགས་པ། མཁན་ཆེན་ཕུན་ཚོགས་བློ་གྲོས། ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་ཐག་མ་ཆད་པ་ཞིག་ལགས།”[31] ཞེས་མཁན་ཆེན་ཕུན་ཚོགས་བློ་གྲོས་ནས་སྨན་རིའི་མཁན་རབས་རིམ་བྱོན་ལ་བརྒྱུད་ནས་དར་ཚུལ་གསལ་བ་བཅས་སོ།།
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
[1] བློ་ལྡན་མགུར་འབུམ། འདི་ནི་པོད་ཏི་གཉིས་དང་ལེའུ་ལྔ་བཅུ་ཁ་ལྷག་ཅིག་ལས་གྲུབ་པ་ཞིག་ཡིན། བརྗོད་བྱའི་ཐད་ནས་བློ་ལྡན་སྙིང་པོར་བོན་སྡེ་བཅུ་གསུམ་དང་པོ་དབང་ལུང་ཐོབ་ཚུལ། བར་དུ་སྙན་དུ་བརྒྱུད་ཚུལ། ཐ་མ་བཀའ་རྒྱ་བཀྲོལ་ཚུལ། སྐྱེ་བ་བཞེས་ཚུལ། སྟག་གཟིག་ཞིང་ཁམས་མཇལ་ཚུལ། སྤྱི་རྗེ་ཁྱུང་གི་ཞུས་ལན། སྟག་གཟིག་མཁའ་འགྲོས་ཞུས་ལན། ཨོ་རྒྱན་ཟངས་མདོག་དཔལ་རིའི་མཇལ་སྣང་། ཨོ་རྒྱན་དུར་ཁྲོད་བརྒྱད་ཀྱི་མཇལ་སྣང་། ལས་གྲུབ་མཁའ་འགྲོས་ཞུས་ལན། ཚེ་དབང་རིག་འཛིན་གྱི་གསུང་ཟུར་ཟ་ཡེ་ཤེས་མཚོན་ཆ། དུས་བཞི་རྒྱལ་མོས་ཞུས་ལན། བརྟན་མ་བཅུ་གཉིས་སོ་སོས་ཞུས་ལན། རྐོང་པོ་བོན་རིའི་གནས་ཀྱི་སྲུང་མ་སོ་སོས་ཞུས་ལན། ཁྱད་པར་ཉང་ལྷ་བཙན་དྲུག་གིས་ཞུས་ལན། ཀླུ་བདུད་ཀྱིས་ཞུས་ལན། ལུང་བསྟན་སོགས་སྤྲུལ་སྐུ་བློ་ལྡན་གྱི་རྣམ་ཐར་རྒྱས་པ་ཞིག་ཡིན། མ་ཡིག་རྩེ་དྲུག་དགོན་དུ་བཞུགས། ཡིག་རྙིང་ལག་བྲིས་ཅན་ཡིག་གཟུགས་དབུ་མེད་དང་སྐུང་ཡིག་དང་བརྡ་རྙིང་མང་བའི་དཔེ་ཆ་ཞིག་རེད།
[2] བློ་ལྡན་སྙིང་པོའི་སྙན་རྒྱུད།《དབང་ལུང་གསལ་བའི་སྒྲོན་མ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། ཀ 605 གསལ།
[3] དྲན་པའི་མཛོད་སྒྲ་འགྲེལ་ལས། མཁས་པ་ཆེན་པོ་མི་བརྒྱད་བཞུགས་ཏེ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། བོད་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་། མེ་ཉག་ནེ་རྒྱུང་འཁར་བུ། སྟག་གཟིགས་ཟ་རང་མེ་འབར། སུམ་པ་ཁ་ཡམ་རླུང་ལྕེ། གེ་སར་ངམ་པ་ལྕེ་རིངས། སྟངས་ཆེན་དམུ་ཙ་གྱེར་མེད་བཞུགས། ཞེས་དང་། ཤར་རྫའི་ལེགས་བཤད་མཛོད་ལས། ལོ་པཎ་གཤེན་བརྒྱད་ནི། རྔམ་པ་ལྕེ་རིང་། དམུ་ཚ་གྱེར་མེད། ཟ་རང་མེ་འབར། མུ་སྤུངས་གསལ་ཏང་། དྲན་པ་ནམ་མཁའ། རྒྱུང་བོན་མུ་ཁོད། རྗེ་རྒྱལ་ལྷ་སྒོམ། བློན་ཆེན་མུ་ཐུར་དང་བརྒྱད་དོ།། ཞེས་གསལ་བས་གང་ཞིག་ལ་གོ་མིན་དཔྱད་པར་འཚལ་ལོ།།
[4] བློ་ལྡན་སྙིང་པོའི་སྙན་རྒྱུད།《དབང་ལུང་གསལ་བའི་སྒྲོན་མ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས།(ཀ599) གསལ།
[5] བློ་ལྡན་སྙིང་པོའི་སྙན་རྒྱུད།《དབང་ལུང་གསལ་བའི་སྒྲོན་མ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། (ཀ605) གསལ་ལོ།།
[6] བློ་ལྡན་སྙིང་པོའི་སྙན་རྒྱུད།《དབང་ལུང་གསལ་བའི་སྒྲོན་མ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། ཀ607 གསལ།
[7] བློ་ལྡན་སྙིང་པོའི་སྙན་རྒྱུད།《དབང་ལུང་གསལ་བའི་སྒྲོན་མ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། (ཀ600) གསལ།
[8] དྲི་མེད་གཟི་བརྗིད་ཁྲོ་ཆེན་ཤིང་པར་མའི་མཇུག་བྱང་དུ་གཟི་བརྗིད་པར་དུ་བཞེངས་སྐབས་ཀྱི་སྦྱིན་བདག ཞུ་དག་བྱེད་མཁན། བྲིས་པ། ཤིང་བཟོ་བ། པར་རྐོ་སོགས་ཞིབ་ཅིང་རྒྱས་པ་བཀོད་འདུག མཇུག་བྱང་དེ་བརྩམས་མཁན་སྨོན་རྒྱལ་སངས་རྒྱས་རིན་ཆེན་དཔལ་བཟང་ཞུ་བ་དེ་ཡིན་པ་གསལ་ལོ།།
[9] བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། བར་དུ་སྙན་དུ་རྒྱུད་ཚུལ། 》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 82 གསལ།
[10] བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། བཀའ་རྒྱ་བཀྲོལ་ཚུལ། 》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 121 གསལ།
[11] བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། བཀའ་རྒྱ་བཀྲོལ་ཚུལ། 》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 123 གསལ།
[12]བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། བར་དུ་སྙན་དུ་རྒྱུད་ཚུལ། 》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 83 གསལ།
[13]བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། དབུས་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་མཇལ་སྣང་།》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 199 གསལ།
[14] བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། དབུས་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་མཇལ་སྣང་།》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 197 གསལ།
[15] བློ་ལྡན་སྙིང་པོའི་སྙན་རྒྱུ།《བློ་ལྡན་གསུང་འབུམ། དུས་བཞི་རྒྱལ་མོའི་ཞུས་ལན》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 856 གསལ།
(8) [16] བློ་ལྡན་སྙིང་པོའི་སྙན་རྒྱུད།《བློ་ལྡན་གསུང་འབུམ། བར་དུ་སྙན་དུ་རྒྱུད་ཚུལ། 》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 84 གསལ།
[17] བློ་ལྡན་སྙིང་པོ།《བློ་ལྡན་གསུང་འབུམ། གངས་དཀར་ཏི་སེའི་མཇལ་སྣང》བཀའ་བརྟེན་ཕྱོགས་བསྒྲིགས། པོད (215)པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 588 གསལ།
[18] ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M] མི་རིགས་དཔེ་སྐྲུན་ཁང་། 1985 ལོར་དཔར་དུ་བསྐྲུན། ཤོག་ངོས། 262 གསལ།
[19] བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།[M] ཞང་བོད་ཤེས་རིག་ཞིབ་འཇུག་ལྟེ་གནས། 194 གསལ།
[20]སྟོང་སྐོར་ཚེ་རིང་ཐར། བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་། [M] ཤོག་ངོས། 90 གསལ།
[21]བྲུ་རྒྱལ་བ་གཡུང་དྲུང་། མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས། བཀའ་བརྟེན་ཕྱོགས་བསྒྲིགས། པོད(104)པ། ཁྱུང་པོ་སྟེང་ཆེན་དགོན་ནས་བསྒྲིགས། ཤོག་ངོས། 98 གསལ།
[22] མ་རྒྱུད་གཤེན་ལུགས་ལྟར་གྱི་སྒྲུབ་སྐོར་ཞེས་བྱ་བ་བཞུགས་སོ།། ཤོག་ངོས། 592གསལ།
[23]དཔལ་ལྡན་ཚུལ་ཁྲིམས། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།[M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 231 གསལ།
[24] བྲུ་རྒྱལ་བ་གཡུང་དྲུང་། མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས། བཀའ་བརྟེན་ཕྱོགས་བསྒྲིགས། པོད(104)པ། ཁྱུང་པོ་སྟེང་ཆེན་དགོན་ནས་བསྒྲིགས། ཤོག་ངོས། 99 གསལ།
[25] བློ་ལྡན་སྙིང་པོའི་སྙན་རྒྱུད།《མན་ངག་བཀའ་རྒྱ་བཀྲོལ་བ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། 733 729 734 737 བཅས་སུ་གསལ་ལོ།།
[26] བློ་ལྡན་སྙིང་པོའི་སྙན་རྒྱུད། 《སྤྲུལ་སྐུ་བློ་ལྡན་སྙིང་པོའི་གསུང་འབུམ་ལས། ལྷོ་རྫ་མཆེད་གསུམ་གྱི་ཞུ་ལན་བཞུགས་སོ།།》བཀའ་བརྟེན་ཕྱོགས་བསྒྲིགས། པོད(215) པ། སོག་སྡེ་བསྟན་པའི་ཉི་མས་དཔར་དུ་བསྐྲུན། ཤོག་ངོས། 983 976 989 བཅས་སུ་གསལ།
[27] བློ་ལྡན་སྙིང་པོའི་སྙན་རྒྱུད།《མན་ངག་བཀའ་རྒྱ་བཀྲོལ་བ》རྩེ་དྲུག་དགོན་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང་ནས་དཔར། དབུ་མེད་གླེགས་བམ། ཤོག་ངོས། 737 738 བཅས་སུ་གསལ་ལོ།།
[28] འདིར་གསང་བ་ལ་གསུམ་མ་གཏོགས་བ་ག་ཀློང་ཆེན་ཡུམ་གྱི་རྒྱུད་མ་གསལ་མོད། མགུར་འབུམ་རང་ལས་ཕྱི་ལ་བཞི་ནང་ལ་བཞི་གསང་བ་ལ་བཞི་བཅས་གསལ་བས། འདིར་ཕྱིས་ཆད་ལྷག་ཤོར་བ་ཡིན་མིན་ལ་དོགས་སོ།།
[29] ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M] མི་རིགས་དཔེ་སྐྲུན་ཁང་། 1985 ལོར་དཔར་དུ་བསྐྲུན། ཤོག་ངོས། 313 གསལ།
[30] དཔལ་ལྡན་ཚུལ་ཁྲིམས།《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།》བོད་ལྗོངས་དང་ཟི་ཁྲོན་དཔེ་སྐྲུན་ཁང་། ཤོག་ངོས། 263 གསལ།
[31] དཔལ་ལྡན་ཚུལ་ཁྲིམས།《སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་དྲི་མེད་གཟི་བརྗིད་ཀྱི་དཀར་ཆག》རྩོམ་ཁུངས། ཧི་མ་ལ་ཡའི་བོན།