འཁོར་བ་ཐོག་མ་ཡོད་མེད་བཞེད་ཚུལ་སྐོར་ལ་བསྐྱར་ཞིབ།

[ཟླ་ཚེས། 2020-08-17 12:27:58][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

                                                          
 [གནད་བསྡུས] རྩོམ་འདིར«ཐེག་རིམ་རྩ་བ»ལས། “ཀ་དག་ལྷུན་གྲུབ་དངོས་མི་བདེན། །ཐ་སྙད་དེར་བཏགས་མི་འགལ་ཙམ། །”ཞེས་ལོ་རྒྱུས་ཐོག་བླ་མེད་ཐེག་པའི་གཞུང་ནས་བསྟན་པའི་གཞི་དེ་ཉིད་ཀ་དག་གམ་ལྷུན་གྲུབ་ཀྱི་བཞེད་པ་མི་འདྲ་བ་དང་། དེ་འབྲེལ་འཁོར་བའི་ཐོག་མ་ཡོད་མེད་སྐོར་དེ་སྔ་མོ་ཞིག་ནས་མཁས་དང་གྲུབ་པའི་སྐྱེས་མཆོག་རྣམས་ཀྱིས་ལུང་དང་རིགས་པ་ཟུང་འབྲེལ་གྱི་སྒོ་ནས་དགག་སྒྲུབ་གང་ཟབ་གནང་སའི་དཀའ་གནད་ཅིག་ཏུ་གྱུར་ཡོད་ལ།   དེ་ལྟ་བུའི་ཀ་དག་དང་ལྷུན་གྲུབ་བཞེད་པའི་ལུགས་གཉིས་དང་འཁོར་བའི་ཐོག་མ་ཡོད་མེད་ལའང་འབྲེལ་བ་ཡོད་པ་ནི།  ཀ་དག་ལྟར་ན་འཁོར་བ་ཐོག་ཡོད་དང་། ལྷུན་གྲུབ་ལྟར་ན་ཐོག་མེད་དུ་བཞེད་པ་ཡང་བྱུང་ཞིང་། བོན་བསྟན་ཕྱི་དར་གྱི་འགོ་ཙམ་ནས་བཟུང་། སྔོན་མའི་ཕྱོགས་སྔར་གྱུར་པའི་ལུགས་གཉིས་ཀྱི་རྗེས་སུ་འབྲེང་བ་ཡིན་མིན་གང་ལྟར་ཡང་། བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས་གཞི་ཀ་དག་དང་། ཞུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ལྷུན་གྲུབ་ཏུ་བཞེད་ཅིང་དེ་བཞིན་འཁོར་བའི་ཐོག་མ་ཡོད་མེད་སྐོར་དེ་མཁས་པ་སོ་སོའི་ལྗགས་རྩོམ་ཁག་ཏུ་དངོས་ཤུགས་ཅི་རིགས་ཀྱི་ཐོག་ནས་ལྟོས་བཅས་ཀྱི་གླེང་གྲངས་མང་ཤོས་དང་།  དགག་བཞག་འཁྲུག་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་པ་ལྟར།  དེ་དག་ནང་གསེས་མཁས་པ་སོ་སོའི་བཞེད་མཚམས་གང་ཡིན་གཞུང་ཚིག་ཕལ་ཆེར་བཀོད་དེ། དེ་དག་ལ་སྐབས་ཀྱི་བཞེད་པ་མངོན་གསལ་ཅན་གང་ཡིན་གསལ་བཤད་དང་འབྲེལ།  མཇུག་ཏུ་གལ་ཆེའི་གནད་དོན་འགའ་ཞིག་ལ་དབྱེ་ཞིབ་གསེད་བཀྲོལ་གང་ཐུབ་བྱས་ཡོད།
[གནད་ཚིག བྲུ་ཆེན་པོ། ཞུ་ཆེན་པོ། གཞི་ཀ་དག  གཞི་ལྷུན་གྲུབ།  འཁོར་བའི་ཐོག་མ།  སེམས་ཉིད།  མ་རིག་པ།                          
གཅིག  གླེང་གཞི།
   ད་ལན་འདིར་བཤད་གཞིར་བཟུང་བ་འཁོར་བའི་ཐོག་མ་ཡོད་མེད་སྐོར་ལ་མིག་སྔར་དཔྱད་གཞིའི་ཡིག་ཆར་འཁོད་པ་ཁག་ལ་གཞིགས་ན་སྔ་མོ་ཞིག་ནས་མཁས་དང་གྲུབ་པའི་སྐྱེས་མཆོག་རྣམས་ཀྱིས་ལུང་དང་རིགས་པ་ཟུང་འབྲེལ་གྱི་སྒོ་ནས་དགག་སྒྲུབ་གང་ཟབ་གནང་སའི་དཀའ་གནད་ཅིག་ཏུ་གྱུར་ཡོད་ལ།  དེ་ཡང་ཐོག་མར་བླ་མེད་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལས་དང་པོ་གཞི་གཏན་ལ་འབེབ་སྐབས་སུ་ཀ་དག་དང་ལྷུན་གྲུབ་ཅེས་བཞེད་ཕྱོགས་མི་འདྲ་བ་གཉིས་སུ་བྱུང་བ་དང་། དེ་གཉིས་ཀྱང་དོན་ལ་མི་འཐད་པའི་ཚུལ་བསྟན་ཡོད་པ་ནི།  «ཐེག་རིམ་རྩ་བ»ལས། “ཀ་དག་ལྷུན་གྲུབ་དངོས་མི་བདེན། །ཐ་སྙད་དེར་བཏགས་མི་འགལ་ཙམ། །”ཞེས་པའི་སྡོམ་ཚིག་དེ་བྱུང་ཡོད། དེ་ལྟ་བུའི་ལུགས་གཉིས་ལས་འཁོར་བའི་ཐོག་མ་ཡོད་མེད་ལའང་འབྲེལ་བ་ཡོད་པ་ནི།  ཀ་དག་ལྟར་ན་འཁོར་བ་ཐོག་ཡོད་དང་། ལྷུན་གྲུབ་ལྟར་ན་ཐོག་མེད་ཡིན་པར་གཤམ་དུ་འཆད་འགྱུར་རྣམས་སུ་ཤེས།  དེ་འབྲེལ་བོན་བསྟན་ཕྱི་དར་གྱི་འགོ་ཙམ་ནས་བཟུང་། སྔོན་མའི་ཕྱོགས་སྔར་གྱུར་པའི་ལུགས་གཉིས་ཀྱི་རྗེས་སུ་འབྲེང་མིན་གང་ལྟར་ཡང་། གཞི་ཉིད་ཀ་དག་གམ་ལྷུན་གྲུབ་དང་དེ་བཞིན་འཁོར་བའི་ཐོག་མ་ཡོད་མེད་སྐོར་དེ། མཁས་པ་སོ་སོའི་ལྗགས་རྩོམ་ཁག་ཏུ་དངོས་ཤུགས་ཅི་རིགས་ཀྱི་ཐོག་ནས་ལྟོས་བཅས་ཀྱི་གླེང་གྲངས་མང་ཤོས་དང་།  དགག་བཞག་འཁྲུག་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།  དེ་ཡང་ཐོག་མའི་བཞེད་ཕྱོགས་མི་འདྲ་བ་ནི་བྲུ་ཆེན་པོ་དང་ཞུ་ཆེན་པོ་གཉིས་ནས་དབུ་ཚུགས་པ་སྟེ།  གཡོར་པོ་མེ་དཔལ་གྱིས་མཛད་པའི། «ངོ་སྤྲོད་རིན་ཆེན་གསལ་འདེབས»ལས། “ཁ་ཅིག་གཞའ་དཀའ༼གཞི་ཀ་དག༽འཁོར་བ་ཐོག་ཡོད་བཞེད་ལ།  ཁ་ཅིག་གཞིའ་ལྷུན་གྲུབ་དང་འཁོར་བ་ཐོག་མེད་དུ་བཞེད་ལ། ཁ་ཅིག་གཞིའ་བར་དོ་ཆེན་པོ་ལ་འབྱུང་བར་བཞེད་དོ། །དེ་རྣམས་ཐམས་ཅད་བྱ་ཁྱུང་ཞོན་ནས་བྱ་ཁྱུང་འཚོལ་བ་དང་འདྲ་སྟེ།    ཉེ་འདོད་རིང་སྐོར་དུ་སོང་ནས། གཞིའ་ཅར་ཕོག་དུ་ངོས་མ་ཟིན་པར་གདའོ། །”ཞེས་དང་།  བྲུ་རྒྱལ་བས་མཛད་པའི«ཨ་ཁྲིད་རྒྱབ་སྐྱོར»ལས། “བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས། གཞི་ཀ་དག་ཆེན་པོ། དེ་ལ་འཁྲུལ་པ་བློ་བུར་དུ་བྱུང་བས་ལམ་ལ་འཁྲུལ།  འཁོར་བའི་དོན་གོ་ཉོན་མོངས་མ་རིག་པ་དང་བཅས་པ་ལ་བྱེད་པས།  དེས་ན་འཁོར་བ་ལ་ཐོག་མ་ཡོད་གསུངས།  ཡང་ཞུ་ཆེན་པོའི་རྗེས་འབྲེང་དང་བཅས་པས། ཞེས་དང་།  གཞི་ལྷུན་གྲུབ་ཆེན་པོ། ཐམས་ཅད་དེའི་ངང་ལ་གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པ། འཁྲུལ་ཡང་གཞི་ཐོག་ནས་འཁྲུལ།  མ་རིག་པ་ལ་ཐུག་མེད། རིག་པ་ལ་ཡང་མཐའ་མ་གྲུབ་པས།  འཁོར་བ་ཐོག་མེད་ཡིན་གསུངས་ཀྱང་།”  ཞེས་པས་མཚོན་ཐུབ།  དེ་ནས་རིམ་བྱུང་གི་མཁས་པ་རྣམས་རང་རང་དང་འབྲེལ་ཡོད་ལུགས་དེ་གཉིས་གང་རུང་གི་རྗེས་སུ་འབྲངས་པའམ།  ཡང་ན་རྨང་གཞི་དེ་དག་གི་ཐོག་ནས་རིམ་པས་ཞིབ་དཔྱད་ཀྱིས་ཡར་རྒྱས་ཀྱང་གང་འཚམས་སོང་ཡོད་པ་གཤམ་དུ་འཆད་འགྱུར་རྣམས་ཀྱིས་ཤེས་ཐུབ།  ལྷག་པར་མཁས་པ་དཔལ་ཆེན་པོ་མཁས་པའི་གྲགས་པ་ཆེར་རྒྱས་བཞིན་པའི་སྒང་དེར།  བོན་གྱི་གདན་ས་ཆེ་ཁག་ལ་ཕེབས་ཤིང་ཁྱད་པར་དབེན་ས་ཁའི་རྩོར་གྲྭར་དགག་སྒྲུབ་སྤྱི་དང་ལྷག་པར་འཁོར་བའི་ཐོག་མ་ཡོད་མེད་སྐོར་ལ་རྩོད་སྒྲུབ་ཇི་ལྟར་མཛད་པ་ཡང་།  «ཞང་བོད་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ»ལས།   “དེ་ནས་ཁོང་གཡས་རུ་དབེན་ས་ཁར་བྱོན་ནས་བྲུ་རྗེ་གཡུང་དྲུང་བླ་མ་དང་མཇལ་གསང་ཕུར་གྱི་དབང་ལུང་ཞུས།  ཨན་ཙ་ཁའི་གྲྭ་སློབ་རྣམས་དང་རྩོད་སྒྲུབ་མཛད། དམ་བཅའི་སྐབས་བརྒལ་རྟགས་བཞག་ནས་རྩོད་སྐབས་ཁོང་གིས་མཁན་པོ་ཀླད་ཁ་བར་འཁོར་གསུམ་མངོན་འགལ་གྱི་བརྡ་སྤྲོད་རྔ་བོ་ཆེ་ཐེང་མང་བརྡུང་སྐབས། བླ་མས་དེ་ལྟར་མ་བྱེད་གསུང་ཀྱང་མངོན་འགལ་གྱི་བརྡ་ཅི་བཞིན་སྤྲད་པས།   བླ་མའི་ཐུགས་དམ་དང་ཅུང་འགལ་སྐྱོན་ལྷག་སྟེ་སྐུ་ཚེའི་སྨད་དུ་ཀླུ་ནད་བཞེས་དགོས་བྱུང་བ་ཡང་གྲགས།”ཞེས་དང་། «རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། ཁོང་སྐུ་ཚེའི་སྨད་དུ་སྙུན་གཞི་ལྕི་མོ་བྱུང་སྐབས་སློབ་མ་རྣམས་ཀྱིས་དེའི་རྒྱུ་རྐྱེན་གང་ཡིན་ཞུས་དུས་ཁོང་གིས། “འཕྲལ་རྐྱེན་ལ་གཡས་རུ་བྲུ་ན་རེ་འཁོར་བ་ལ་ཐོག་མ་ཡོད་ཅེས་པ་ལ།  བདག་གིས་ཐོག་མ་མེད་པའི་སྒྲུབ་བྱེད་དང་།  ཐོག་ཡོད་འགལ་བ་མང་པོ་བྱས་པས།  བྲུ་བླ་མ་ཡིན་པས་མ་མཉེས་པར།  རྨེའུ་དམ་ཉམས་ཟེར་ནས་དམོད་མོ་ངན་པ་བྱས་པ་ཡིན་གསུངས། ད་འདི་ལ་ཐབས་ཅི་བདོག་ཞུས་པས། ཐབས་གང་ཡང་མེད། ཚེ་སྔ་མ་ལ་པཎྚི་མང་པོའི་ལུས་བླངས་པས། དེ་ཡི་བག་ཆགས་འདི་ལ་སྨིན་པ་ཡིན་པས། སྡུག་བསྔལ་མཇུག་རྫོགས་པའི་ཕྱིར་དུ་ཡིན་གསུངས།”  ཞེས་གསལ་བ་འདི་དག་གིས་སྐབས་དེའི་གྲྭ་ས་ཁག་ཏུ་འཁོར་བའི་ཐོག་མ་ཡོད་མེད་སྐོར་ལ་བཞེད་ཕྱོགས་ཅི་ཡོད་དང་།  དེ་ལ་བརྟེན་ནས་བྲུ་རྗེས་ཀྱང་མཐར་རྨེའུ་དམ་ཉམས་ཞེས་པའི་ཐ་ཚིག་གིས་རྩོད་པའི་མཇུག་གྲུབ་པར་མཛད་པ་ལྟར་སྣང་མོད། དེའི་རྗེས་སུ«དཔལ་ཆེན་གྱི་ཁམས་འགྲེལ»ལས། “འདིར་འཁྲུལ་པའི་རྩ་བ་གཉིས་པོ་དེ་ལས་ཀྱང་ཐོག་མ་མེད་པ་དེ་འཐད་པར་སྒྲུབ་པ་ཡིན་ཏེ།  ཞེས་པ་ནས། དེས་ན་འཁྲུལ་པ་ནི་ཐོག་མ་མེད་པ་ནས་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་ཐོས་པ་མང་བ་རྣམས་ཀྱི་གྲུབ་མཐའ་ཡིན་ནོ། །”ཞེས་གསལ་བའི། “ཐོས་པ་མང་བ་རྣམས་ཀྱི་གྲུབ་མཐའ་ཡིན”ཞེས་པའི་ཚིག་དེས་སྐབས་དོན་ལ་བསྡོམས་རྒྱབ་པ་ཞིག་ཀྱང་རེད། དེ་ལྟར་ཕྱིས་སུ་ཡང་གཞི་རྩའི་དཔལ་ཆེན་གྱི་བཞེད་པ་ལ་འགྱུར་བ་བྱུང་མེད། དེ་བཞིན་བྲུ་ཡི་བཞེད་ཕྱོགས་ལའང་། འགྲོ་མགོན་གྱི«གལ་མདོ་དྲི་མེད་གསལ་སྒྲོན»ལས། “གཉིས་པ་རང་ལུགས་ལ་བདག་ཉིད་ཆེན་པོའི་རྗེས་སུ་འབྲང་ལ་འཁོར་བའི་དོན་གོ་དེ་གང་ལ་བྱེད་ཀྱིས་ཤེས་ལ།   དེའང་གཞིའམ་སེམས་ཉིད་ལ་བྱེད་ན་ཐོག་མ་མེད་ལ།  འཁྲུལ་པ་མ་རིག་པ་ལ་བྱེད་ན་ཡོད་པ་སྟེ།” ཞེས་འཁོར་བའི་ཐོག་མ་ཡོད་མེད་དེ་ངོས་འཛིན་ས་གཉིས་ཡོད་པའི་སྒོ་ནས་གསུངས་ཤིང་། གང་ལྟར་མ་རིག་པ་ལ་ཐོག་མ་ཡོད་པར་བསྒྲུབས་ཤིང་བྲུའི་བཞེད་པ་ལའང་འགྱུར་བ་མ་བྱུང་། མདོར་ན་སྐབས་དེའི་ཡས་མས་ནས་གནད་དོན་དེའི་སྐོར་ལ་རིམ་པས་མཁས་པ་སོ་སོའི་ལུང་རིགས་ཀྱི་མཚོན་ཁ་བརྡར་ས་ཞིག་ཏུ་གྱུར་ཡོད་ཅིང་། རགས་ཞིབ་ཙམ་ལས་ཡིག་ཆ་ཕལ་མོ་ཆེར་དེའི་སྐོར་འཁོད་པ་ཡང་རྒྱུ་མཚན་དེ་རིགས་ལས་འཕྲོས་པ་ཡིན་ཚོད་སྣང་། དེས་ན་མཁས་པ་སོ་སོའི་བཞེད་ཕྱོགས་དང་དེ་དག་ལ་དགག་སྒྲུབ་ཀྱི་རོལ་རྩེད་གང་མང་ཞིག་བརྩེས་པའི་མཐར་མཇུག་ཏུ་གྲུབ་དོན་གང་ཞིག་ལ་བབ་ཡོད་པའི་སྐོར་རང་གཞན་སུས་ཀྱང་ལྟ་བདེའི་ཆེད་དུ་ཡིག་ཚོགས་ལ་མ་འཛེམ་པར་དཀྱུས་གཅིག་ཏུ་བཀོད་འདོད་བྱུང་བ་ལྟར་རིམ་པས་གླེང་བར་བྱའོ། །
གཉིས། ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་བཞེད་ཚུལ།
      དེ་ཡང་གོང་གསལ«ཐེག་རིམ་རྩ་བ»ལས། “ཀ་དག་ལྷུན་གྲུབ་དངོས་མི་བདེན། །ཐ་སྙད་དེར་བཏགས་མི་འགལ་ཙམ། །”ཞེས་པའི་དངོས་བསྟན་གཞི་ཀ་དག་དང་ལྷུན་གྲུབ་འདོད་པའི་ཕྱོགས་དང་དེ་ལྟར་རང་ལུགས་སུ་མི་འཐད་པའི་ཚུལ་གསལ་ཞིང་།  དེའི་སྐོར་འཁོར་བའི་ཐོག་མ་ཡོད་མེད་བཞེད་ཕྱོགས་ཁག་ལའང་འབྲེལ་བ་ཡོད་སྟབས།  འདིར«ཐེག་འགྲེལ་མེ་ལོང་དགུ་སྐོར»དུ་ཇི་ལྟར་བསྟན་པ་ནི།   “དེ་ལ་རྟོགས་པའི་ལྟ་བ་ནི།  རྣམ་པ་གསུམ་སྟེ།  ཀ་དག་དང་། ལྷུན་གྲུབ་དང་། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དོ། །དེ་ལ་ཀ་དག་དང་ལྷུན་གྲུབ་ནི་གཞི་ཡིན་པ་ཙམ་དུ་མི་འགལ་ཏེ།  གྲུབ་མཐའ་དངོས་སུ་འདོད་ན་ནི།  དེ་མི་བདེན་པའོ། །གྲུབ་མཐར་ཀྱང་ཐ་སྙད་དུ་བཏགས་པ་ཙམ་དུ་མི་འགེགས་ཏེ། དངོས་སུ་བདེན་པར་འདོད་ན་ནི་དེ་འཁྲུལ་པས་འགེགས་སོ། །དེ་ལ་དང་པོ་ཀ་དག་ཏུ་འདོད་པའི་གཏན་ལ་དབབ་པ་ནི།  ཀ་དག་ཏུ་འདོད་པའི་ལུགས་ཀྱིས།  འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད།  ཡེ་ཤེས་རང་གསལ་བར་འདོད་དེ།  ཡེ་ཤེས་རང་གསལ་གྱི་སྙིང་པོ་དེ་ལས་མ་གཏོགས་པ་ནི་གང་ཡང་མེད་དོ། །དེ་ཡང་གཞི་ངོ་བོ་ཤེས་བྱའི་གནས་ཐབས་དེ་ལ། མ་རིག་པས་སྣ་དྲང་བའི་མུན་པའི་སྐྱེ་མཆེད་ལ་འཁྲུལ་པ་འདི་དག་གཏན་མེད་པར་འདོད་དོ། །དེ་ཡང་དཔེར་ན་རིན་པོ་ཆེའི་གླིང་ན་རྡོ་བ་བཙལ་གྱིས་མི་རྙེད་པ་འམ་ཟླ་བའི་དཀྱིལ་ན་མུན་པ་ངང་གིས་མེད་པའམ། ཉི་མའི་སྙིང་པོ་ལ་སེར་བུ་རང་བཞིན་གྱི་མེད་པ་ལྟ་བུའོ། །དེ་ལྟར་ཐམས་ཅད་རང་རིག་གི་ཡེ་ཤེས་རང་གསལ་བ་ལས་མ་གཏོགས་པའི་བོན་ནི་འགའ་ཙམ་ཡང་མེད་པར་འདོད་པའོ། །དེ་ལ་འོ་ན་ད་ལྟ་བའི་འཁྲུལ་པ་འདི་གང་ལས་བྱུང་བྱས་པ་ལ། འདི་མ་རིག་པ་ལས་བྱུང་།  མ་རིག་པ་གང་ལས་བྱུང་ན། དེའི་སྔོན་མ་ལས་བྱུང་སྟེ། ཐུག་མེད་དུ་སྐྱེའོ། །དེ་གཉིས་ཐ་དད་དེ་གཅིག་ལས་གཅིག་ལོག་པར་འདོད་དོ། །”ཞེས་སོགས་ནས་ཀ་དག་གི་འདོད་ཚུལ་དང་དེ་ལྟར་མི་འཐད་པར་བསྒྲུབ་ཅིང་།  ཡང་ལྷུན་གྲུབ་ཀྱི་འདོད་ཚུལ་ཡང་།  དེ་ཉིད་ལས།  “ལྷུན་གྲུབ་ཀྱི་འདོད་པ། བོན་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ལ། འཁོར་བ་དང་མྱ་ངན་འདས་པའི་བོན་ཐམས་ཅད། འདི་ཁོ་ན་ལྟར་ལྷུན་གྱིས་གྲུབ་པར་འདོད་པའོ། །དེ་ལ་གཞུང་ལུགས་གཉིས་ཏེ།  བོན་ཉིད་ལྷུན་གྲུབ་པ་དང་།  བོན་ཅན་ལྷུན་གྲུབ་པའོ། །ཞེས་སོགས་ནས།  དེས་ན་ཀ་དག་ལྷུན་གྲུབ་ངོ་བོ་ཉིད་ལ་མི་བདེན་ཏེ།  གཞི་ཙམ་དུ་གནས་པ་ལ་འགལ་བ་མེད་དོ། །”ཞེས་གསུངས་ཤིང་དེ་དག་ཞིབ་ཏུ་མཁྱེན་འདོད་ན་གཞུང་དུ་གཟིགས་པར་འོས་ཤིང་འདིར་དཔེར་མཚོན་ཙམ་ལས་མ་དྲངས་སོ། །
གསུམ།  ཞང་བོད་མཁས་པ་མི་བཞིའི་བཞེད་ཚུལ།
   ད་ཡོད་དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན་བསྟན་པ་སྔ་དར་གྱི་སྐབས་སུའང་གཞི་རྩའི་འཁོར་བ་ཐོག་མ་ཡོད་མེད་སོགས་ཀྱི་བཞེད་སྲོལ་ཅི་རིགས་ཤིག་བྱུང་ཡོད་པ་རྗེས་སུ་དཔོག་ཐུབ་པར་འདུག་ཅིང་།  དེ་ལས་མངོན་གསལ་དོད་ཤོས་ཤིག་ནི་ཞང་བོད་མཁས་པ་མི་གཞིའི་བཞེད་སྲོལ་སྐོར་དེ་ཡིན།  མཁས་པ་དེ་བཞིའི་ཇི་ལྟར་བཞེད་པའི་སྲོལ་ལ་རིགས་མི་འདྲ་བ་གསུམ་དུ་བྱུང་ཡོད་པའི་སྐོར་ལ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི«བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིག་པའི་རྒྱ་མཚོ»ཞེས་པའི་ནང་དུ་འདི་ལྟར་གསལ་བ་སྟེ། “གཞི་ལ་འཁྲུལ་པ་ཡོད་དམ་མེད་ན། འདི་ལ་འདོད་ལུགས་གསུམ་སྟེ། མཁས་པ་སྟོང་རྒྱུང་མཐུ་ཆེན་ནི། འཁྲུལ་པ་འདི་ཡེ་སངས་རྒྱས་ཀྱི་གཤེན་རབ་ལས་མ་གཏོགས་པར་འཁྲུལ་གཞི་གཏན་མེད་པ་ལས་འཁྲུལ་པར་འདོད་པའོ། །དེ་མད་དམ་མི་མད་ན། ཅུང་མི་མད་དེ། དེ་ལྟར་ན་འཁྲུལ་པ་རྒྱུན་ཆད་པར་འགྱུར་ཏེ། འཁྲུལ་པའི་གཞི་མེད་པས་སོ། །དེ་འདོད་ན་འཁྲུལ་པ་དངོས་སུ་གསུངས་པས་བསལ་ལོ། །”ཞེས་གསལ་བ་སོགས་ཀྱིས་མཁས་པ་སྟོང་རྒྱུང་མཐུ་ཆེན་གྱིས་འཁྲུལ་པའམ་མ་རིག་པ་གཞི་མེད་གློ་བུར་དུ་བཞེད་པ་དང་།  ཡང་དེ་ཉིད་ལས། “འཁྲུལ་གཞི་ཡོད་པར་འདོད་པ་ནི། མེ་ཉག་ལྕེ་ཚ་མཁར་བུ་ཆུང་གི་བཞེད་ཀྱིས། གཞི་ལ་འཁྲུལ་གཞི་ཡོད་པར་གཞུང་འཛིན་པའོ། །འོ་ན་འཁྲུལ་པ་རང་རྒྱུད་དུ་ཡོད་ན། འཁྲུལ་པ་འདི་ལམ་པས་མི་འདགས་པར་འགྱུར་ཏེ། རང་རྒྱུད་དུ་གྲུབ་པས་སོ། །”ཞེས་སོགས་ཀྱིས་འཁྲུལ་པ་གཞི་ལ་ཡོད་པར་བཞེད་པའི་ཚུལ་དང་དེའི་སྐྱོན་རྣམས་བསྟན། ཡང་དེ་ཉིད་ལས། “གཉིས་མེད་ལས་འཁྲུལ་པ་ནི། ལྡེ་གྱིམ་ཚ་བུ་ཆུང་དང་། སེ་ཤ་རི་དབུ་ཆེན་གྱི་བཞེད་ཀྱིས། འཁྲུལ་པ་གཉིས་མེད་ལས་འཁྲུལ་པའི་གཞུང་འཛིན་པ་སྟེ། དེ་ཁོ་ན་ཉིད་ལ་འཁོར་འདས་དང་གཟུང་འཛིན་ལས་སོགས་པའི་གཉིས་འཛིན་ཐམས་ཅད་དང་བྲལ་བས།  སྤྲོས་པ་ཐམས་ཅད་ནམ་མཁའི་མེ་ཏོག་བཞིན་དུ་མེད་པས། གཉིས་སུ་མེད་པ་ཡིན་ཏེ།  འཁྲུལ་པ་ནི་དེ་ལས་གློ་བུར་དུ་འཁྲུལ་པ་སྟེ། གཉིས་མེད་རྐྱང་པའོ། །དེ་ལྟར་དུ་གཉིས་མེད་རྐྱང་པ་ཡིན་ན་འཁྲུལ་པ་མེད་པར་འགྱུར་ཏེ། གཉིས་མེད་དེ་གཅིག་ཡིན་པས་སོ། །”ཞེས་སོགས་ཀྱིས་གཞི་གཉིས་མེད་ལས་འཁྲུལ་པ་གློ་བུར་དུ་བྱུང་བར་བཞེད་ཅིང་དེ་ལྟར་མི་འཐད་པའི་ཚུལ་བསྟན་པ་དང་།  བཞེད་པ་དེ་དག་ལ་སྤྱི་སྡོམ་ཇི་ལྟར་མཛད་པ་ནི་དེ་ཉིད་ལས།  “དེ་ཡང་གོང་གི་མཁས་པ་བཞིའི་བཞེད། འཁྲུལ་གཞི་མེད་པ་ལས་འཁྲུལ་པ་དང་། འཁྲུལ་གཞི་ཡོད་པ་ལས་འཁྲུལ་པ་དང་།  གཉིས་མེད་ལས་འཁྲུལ་པ་གསུམ་པོ་དེ། འཁྲུལ་གཞི་དང་འཁྲུལ་ཚུལ་གཉིས་མ་ཕྱེད་པ་སྟེ།  གཞི་ལ་འཁྲུལ་པ་ཡོད་ན་འདག་ཏུ་མི་བཏུབ་ལ།  མེད་ན་འཁྲུལ་པ་མེད་པ་དང་། གཉིས་མེད་ལས་གཉིས་སུ་སྣང་དུ་མི་བཏུབ་པ་གསུམ་པོ་དེ། གཞི་ལ་འཁྲུལ་པ་ཡོད་པར་གསལ་ལོ། །འོན་ཀྱང་འཁྲུལ་གཞི་ཡོད་དམ་མེད་ན་འཁྲུལ་པའི་གཞི་ནི་ཡོད་ལ་འཁྲུལ་པ་དངོས་དེ་མེད་པར་འདོད་པའོ། །”ཞེས་དེ་ལྟར་ལུགས་གསུམ་གང་ཞིག་བྱས་ཀྱང་རྩ་བའི་འཁྲུལ་གཞི་དང་འཁྲུལ་པ་གཉིས་སོ་སོར་མ་ཕྱེད་པའི་དབང་གིས་སྐྱོན་དེ་དག་བྱུང་བ་དང་།  དོན་གྱི་ཡིན་ལུགས་སམ་དྲན་པ་རང་གི་བཞེད་པ་ནི་གཞི་དེ་འཁྲུལ་གཞི་ཡིན་ཞིང་འཁྲུལ་པ་དངོས་མེད་པར་བཞེད་པ་དེའོ། །འདིར་འཁྲུལ་པ་དང་འཁྲུལ་གཞིའི་སྐོར་ཙམ་ལས་འཁོར་བ་ཐོག་མ་ཡོད་མེད་དངོས་སུ་མ་གསལ་བས་སྐབས་དོན་དང་འབྲེལ་བ་མི་འདུག་སྙམ་སྲིད་རུང་།  དོན་ཐོབ་ཀྱི་དབང་དུ་བྱས་ན་འཁོར་བ་ཐོག་མ་ཡོད་མེད་ཀྱི་བཞེད་སྲོལ་གསལ་བར་གོ་ནུས་ཤིང་ཚིག་ཙམ་ལ་འཁྲི་བའི་རྗེས་སུ་འབྲངས་པ་མ་ཡིན་ནོ། །
བཞི  བླ་ཆེན་དྲན་པ་ནམ་མཁའི་བཞེད་ཚུལ།
   དེ་ཡང་ཐེག་རིམ་ལྟར་ཀ་དག་དང་ལྷུན་གྲུབ་འདོད་པའི་ཕྱོགས་ལ་སུན་ཕྱུང་བའི་སྐོར་བསྟན་པ་སྔ་དར་སྐབས་ཀྱི་མཁས་གྲུབ་རྣམ་པའི་ཁྲོད་དུའང་བྱུང་ཡོད་པ་ལྟར།  འདིར་དཔེར་མཚོན་ཙམ་དུ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་ཡེ་ཁྲི་མཐའ་སེལ་གྱི་མཆོང་ཆུང་ཉི་ཤུ་རྩ་ལྔ་ལས། «དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང»ལས།  “སྤྱིར་ཁྱད་པར་ཡང་རྩེ་རྫོགས་ཆེན་ཀུན་གྱི་ལུགས་ཀྱི།  འདོད་ལུགས་བདུན་ལས་མི་འདའ་སྟེ།  གཞི་ལྷུན་གྲུབ་ཏུ་འདོད་པའི་ལུགས་དང་།  མ་ངེས་པར་འདོད་པའི་ལུགས་དང་། ངེས་པ་དོན་གྱི་དངོས་གཞི་པར་འདོད་པའི་ལུགས་དང་། ཅི་ཡང་བསྒྱུར་དུ་བཏུབ་པར་འདོད་པའི་ལུགས་དང་།  ཅིར་ཡང་ཁས་བླང་དུ་བཏུབ་པའི་ལུགས་དང་། གཞི་སྣ་ཚོགས་སུ་འདོད་པའི་ལུགས་དང་། གཞི་ཀ་དག་ཏུ་འདོད་པའི་ལུགས་དང་བདུན་ལས་མི་འདའོ། །”ཞེས་པ་ནས།  “དེ་ལྟར་དྲུག་པོས་ནི་སྐྱོན་ཅན་ངོས་བཟུང་བར་བསྟན་ནས། ད་སྐྱོན་མེད་རང་གཞུང་བསྒྲུབ་པ་བསྟན་པ་ནི། རེས་ཤིག་ཚིག་གིས་གཏན་ལ་ཕབ་ནས་བསྟན་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདོད་དེ།” ཞེས་འདོད་ཚུལ་བདུན་ལས་དང་པོ་དྲུག་ནི་སྐྱོན་ཅན་དུ་བཞག་པས། ཕྱི་མ་ཀ་དག་ནི་རང་ལུགས་ཡིན་མིན་བརྟག་པར་བྱ་སྟེ། དེ་ཉིད་ལས། “དེ་ཡང་ཀ་ནས་དག་པས་བཅོས་སུ་མེད་པའོ། །འདི་ལ་ཀ་དག་གི་ཡི་གེ་ནི་ཤིན་ཏུ་ཞིབ་པར་བཤད་པས། སྤྲོས་པ་ལ་དགའ་ན་དེར་བལྟའོ། །གལ་ཏེ་ཀ་དག་དུ་མེད་ན་གཞི་གཏུབ་པ་མ་ཡིན་ནོ། །དེས་ནི་ཚིག་དོན་དང་པོ་གཞི་གནས་པའི་གནས་ལུགས་བསྟན་ཏོ། །”ཞེས་དང་།  “དེ་ལྟར་འདོད་པ་བདུན་དུ་བྱུང་བས། འཁྲུལ་པའི་ལུགས་ཀྱང་བདུན་དུ་བྱུང་སྟེ།  འདིར་ནི་ཀ་དག་པས་འཁྲུལ་ལུགས་ལ་བཅུ་གཉིས་སུ་ཡོད།” ཅེས་སོགས་མ་རྟོགས་ནས་འཁྲུལ་ཚུལ་བསྟན་པའི་སྐབས་སུའང་ཀ་དག་པའི་ལུགས་དེ་ཉིད་བཞག་འདུག་པ་སོགས་ལ་དཔྱད་བྱ་དང་གཞན་དུ་བླ་ཆེན་པོས་ནམ་མཁའ་འཕྲུལ་མཛོད་དུ་གོང་གསལ་ཐེག་རིམ་གྱི་ལུང་རྒྱབ་རྟེན་དུ་མཛད་པ་ལས་ཀ་དག་དམིགས་བསལ་སྒྲུབ་པའི་དོན་ཡང་མ་བྱུང་ངོ་། །
ལྔ  མཁས་པ་དཔལ་ཆེན་གྱི་བཞེད་ཚུལ།
   དེ་ལ་གོང་གི་གླེང་གཞིའི་ནང་གསལ་ལྟར་བསྟན་པ་ཕྱི་དར་སྐབས་འཁོར་བའི་ཐོག་མ་ཡོད་མེད་སྐོར་དཔྱད་པ་ལ་བྲུ་ཆེན་པོ༼༩༩༤-༡༠༥༤༽དང་ཞུ་ཆེན་པོ༼༡༠༦༤-༽རྣམ་གཉིས་ཀྱི་ལུགས་དེ་ཐོག་མར་འགོད་དགོས་ངེས་ཡིན་རུང་ཁོང་རྣམ་གཉིས་ཀྱི་བཞེད་ཚུལ་སྐོར་ཕྱིས་ཀྱི་དགག་སྒྲུབ་གནང་ཕྱོགས་དག་ནས་ཤེས་རྒྱུ་ལས། དངོས་སུ་མཛད་པའི་ཡི་ཆ་ད་ལྟ་མཇལ་ཡུལ་དུ་མ་གྱུར་པས་རེ་ཞིག་མ་བཞག་ཀ་མེད་དུ་གྱུར། དེའི་རྗེས་སུ་བྱུང་བའི་ཡིག་ཆ་ཁག་ནས་རིམ་པས་དུས་རིམ་སྔ་ཕྱིའི་དབང་དུ་བྱས་ནས་བཀོད་པ་ལ། ཐོག་མར་རྨེའུ་མཁས་པ་དཔལ་ཆེན་པོས༼༡༠༥༢-༡༡༠༦༽མཛད་པའི། «ཁམས་ཆེན་པོ་བརྒྱད་ལས་དབྱིངས་ཁམས་ཀྱི་འགྲེལ་པ»ལས།  “གང་ནས་འཁྲུལ་གྱི་རྩད་བཅད་ལ་གཉིས་ཏེ།  འཁོར་བ་ཐོག་ཡོད་ནས་འཁྲུལ་པ་དང་།  ཐོག་མེད་ནས་འཁྲུལ་པ་གཉིས་སོ། །དང་པོ་ལྟར་ན་འཁོར་བའི་ཐོག་མ་ནི་གསུམ་སྟེ།  བོན་སྐུ་ཐོག་མར་འདོད་པ་དང་།  སེམས་ཉིད་ཀུན་བཟང་ཐོག་མར་འདོད་པ་དང་།  བར་དོ་ཆེན་པོ་ཐོག་མར་འདོད་པ་གསུམ་ཡིན་ནོ། །ཐོག་མེད་དུ་འདོད་པ་ཡང་འཁྲུལ་པ་སྔ་མ་སྔ་མ་ལས་བྱུང་བས་ཐོག་མ་མེད་པ་དང་།  འཁྲུལ་པའི་རྩ་བ་མ་རིག་པ་ཡིན་ལ།  དེ་གཞི་དང་ལྷན་གཅིག་སྐྱེས་པས་ཐོག་མ་མེད་པའོ། །ཡང་ན་གཞི་དག་པ་དེ་ལས་གནས་ལུགས་ཕྱིན་ཅི་ལོག་ཏུ་འཛིན་པའི་མ་རིག་པ་འབྱུང་ལ།  མ་རིག་པ་དེ་དུས་འདི་ཙམ་ནས་འབྱུང་བར་མི་ནུས་པས་ཐོག་མ་མེད་པའོ། །འདིར་འཁྲུལ་པའི་རྩ་བ་གཉིས་པོ་དེ་ལས་ཀྱང་ཐོག་མ་མེད་པ་དེ་འཐད་པར་སྒྲུབ་པ་ཡིན་ཏེ།  གལ་ཏེ་འཁོར་བ་ལཐོག་མ་ཡོད་ན་དེའི་སྔོན་དུ་ཐོག་མ་དེ་སྐྱེད་པར་བྱེད་པའི་རྒྱུ་ཞིག་ཡོད་དམ་མེད།  གཉིས་པ་ལྟར་ན་འཁོར་བའི་ཐོག་མ་དེ་རྒྱུ་མེད་རྐྱེན་མེད་ལ་མི་ལྟོས་ཕྱིར་རྟག་ཏུ་ཡོད་དམ་མེད་ཀྱི་རིག་པའ་གནོད་ལ།  དང་པོ་ལྟར་ན་ཐུག་མེད་དུ་འགྱུར་རོ། །གཞན་ཡང་བོན་སྐུ་སེམས་ཉིད་འཁོར་བའི་ཐོག་མར་འདོད་པ་ནི་མི་རིགས་ཏེ།  དེ་དག་འཁོར་བ་མ་ཡིན་པའི་ཕྱིར་དང་། གཞི་དེ་ལས་འཁྲུལ་པ་བྱུང་བ་ཙམ་གྱིས་ཀྱང་ཐོག་མ་མི་འགྲུབ་སྟེ།  ད་ལྟར་གྱི་ཤེས་པ་བཞིན་ནོ། །དེས་ན་འཁྲུལ་པ་ནི་ཐོག་མ་མེད་པ་ནས་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་ཐོས་པ་མང་བ་རྣམས་ཀྱི་གྲུབ་མཐའ་ཡིན་ནོ། །”ཞེས་འཁོར་བ་ཐོག་མེད་དུ་བསྒྲུབས་ཤིང་། དེའི་ཕྱོགས་སྔར་བོན་སྐུ་དང་།  སེམས་ཉིད། བར་དོ་གསུམ་ཐོག་མར་བཞེད་པའི་ལུགས་མི་འཐད་པར་དགག་པར་མཛད་དོ།།
དྲུག  མེ་སྟོན་ཤེས་རབ་འོད་ཟེར་གྱི་བཞེད་ཚུལ།
   དེ་ཡང་ཡར་མེ་བ་ཤེས་རབ་འོད་ཟེར༼༡༠༥༨-༡༡༣༢༽གྱིས་མཛད་པའི། «ལྟ་བའི་རིམ་པ»ཞེས་པ་ལས།  “བཞི་པ་ཐོག་མཐའ་ཡོད་མེད་བརྟགས་པ་ནི།  མུ་བཞི་སྟེ་ཐོག་མ་ཡང་ཡོད་ཐ་མ་ཡང་ཡོད་པ་དང་།  ཐོག་མ་ཡང་མེད་ཐ་མ་ཡང་མེད་པ་དང་། ཐོག་མ་ཡོད་ལ་ཐ་མ་མེད་པ་དང་།  ཐ་མ་ཡོད་ལ་ཐོག་མ་མེད་པའོ། །དེ་ལ་ཐོག་མ་ཡོད་པ་ནི་ལུང་ལས་དང་པོ་ཅི་ཡང་མ་ཡིན་པ་ལས།  ཅིར་ཡང་སྣང་བར་གཡོས་ཅེས་པའམ། སེམས་ཅན་ཐམས་ཅད་ཀྱི་སྤྱི་མེས་ཅེས་པའོ། །ཐ་མ་ཡོད་པ་ནི།  དེ་ལྟར་སྐལ་ཆེན་གསུམ་གྱི་ཀྱང་། །དམྱལ་བ་དོང་ནས་སྤྲུགས་ནས་ཀྱང་།  །ཐམས་ཅད་འབྲས་བུ་སངས་རྒྱས་ཅེས་པའམ།  སྐལ་པ་རིན་པོ་ཆེ་བྱུང་པས་དེའི་ཚེ་སེམས་ཅན་ཐམས་ཅད།  མ་རིག་པ་གཉིས་དང་མུན་པ་བཞི་དང་།  འཁོར་བ་སྟོང་པར་འགྲོང་པའི་བོན་ནི་ཉིད་པས།  དུས་གསུམ་གྱི་སྟོན་པ་ཚང་པས་གྲང་གྱང་མི་སྲིད་དོ། །ཅེས་པ་དང་།  རིས་དྲུག་རྒྱུན་ཆད་པ་ཤིན་ཏུ་ཡང་དཀའ་སྟེ་མི་སྲིད་དོ་ཅེས་པ་དང་། ལུས་འཁོར་བ་ལ་ལོང་འདོགས་པ་སེམས་མི་དགག་པས་བསྟན་ཅེས་པའོ། །མུ་གཉིས་པ་ལུང་མ་ཚུན་བསྣོལ་པའོ། །སློབ་དཔོན་སྐྱིན་དཀར་བ་ཁམས་གསུམ་སྤྱི་བརྩན་དུ་ཐོག་མ་དང་ཐ་མ་མེད་ལ།  གང་ཟག་སྒོས་བཙན་དུ་ཐོག་མ་མེད་ལ་ཐ་མ་ཡོད་པའོ་གསུང་།  ཐ་མ་ཡོད་ལུགས་སྦྱང་པས་སངས་རྒྱས་པ་ཡིན་གསུང་ངོ་། །བླ་མ་རི་ཁྲོད་པ་ཐོག་མཐའ་ཡོད་མེད་གཉིས་ཀ་ལྟར་བཏུབ་སྟེ།  འཁོར་བའི་ཐོག་མ་མ་རིག་པ་ཡིན་ཏེ།  མ་རིག་པའི་གོང་ན་འཁོར་བ་ཡོད་མི་སྲིད།  ཐ་མ་རྟོགས་པ་ཤར་བ་ཡིན་ཏེ།  རྟོགས་པ་ཤར་ན་འཁོར་མི་སྲིད་པས་ཐོག་མཐའ་ཡོད་པ་དང་མཐུན།  དེ་ཡང་མ་རིག་པ་འདི་ཙམ་ནས་མ་རིག་པ་བྱ་བ་མི་ཤེས་པ་དང་།  རྟོགས་པ་དེ་སེམས་ཅན་ཀུན་ལ་མི་འཆར་བས།  ཐོག་མཐའ་མེད་པ་དང་ཡང་མཐུན་གསུང་ངོ་།  །འོ་ན་དེ་ཀུན་ཐམས་ཅད་གཞོང་སྐམ་ལ་ཁྱི་འཐབ་པ་ཡིན་དེ།  སྣང་བ་འདི་རང་ངེས་པོ་འམ་བདེན་བདེན་བརྟན་བརྟན་པོ་རུ་བཟུང་པའི་སྐྱོན་གཅིག་བྱུང་སྲིད་དམ། འཁོར་བ་ལ་ཐོག་མ་ཡང་མེད་ཐ་མ་ཡང་མེད་ད་ལྟ་ཡང་མེད་དེ།  འཁྲུལ་པ་ཡིན་པའི་ཕྱིར།  མ་བརྟགས་ན་ཉམས་དགའ་ལ་བརྟག་ན་རིག་པས་སྦུང་མི་བཟོད་དེ།  ཐོག་མཐའ་ལས་སོགས་ལུང་རིགས་ཀྱི་མི་གནོད་པར་གྲུབ་ན།  འཁྲུལ་པ་མ་ཡིན་དོན་དམ་ཡིན་ནོ། །ལུང་རིགས་ཀྱི་བརྟགས་ན་འཁོར་བ་རང་མ་གྲུབ་པར་ཐོག་མཐའ་གང་ནས་གྲུབ།  རྟོགས་ལྡན་ལ་ཡང་དུས་དང་རྣམ་པ་ཐམས་ཅད་དུ་འཁོར་བ་རང་མེད།  དཔེར་ན་མདང་གཉིད་ལོག་པའི་རྨི་ལམ་ན།  ཡུལ་འདི་མན་པ་གཅིག་ཏུ་ཕྱིན་མི་འགའ་དང་འཕྲད།  དགའ་མི་དགའི་གཏམ་ཡང་བྱས་ན།  ཡུལ་དང་མི་རུ་བཅས་པ་དེ་དག་ཡེ་རང་མེད།  དེ་དང་ད་ལྟའི་འཁྲུལ་སྣང་ལ་ཁྱད་མེད།  ཡུལ་དང་མི་རུ་བཅས་པའི་ཉན་བཤད་བྱེད་པ་འདི་ལྟ་བུ་ཅང་ཡང་གྲུབ་པ་མེད།  འཁྲུལ་ལུགས་བཤད་པའི་སྐབས་སུ་དེ་འབྱུང་ངོ་ཞེ་ན་འབྱུང་སྟེ་དེ་ལྟར་ཡིན་པས་འཁྲུལ་པར་ཤེས་པའོ། །དེ་ལྟར་གཞི་ཡ་གནས་ལུགས་དང་།  འཁྲུལ་ལུགས་ལ་བརྒལ་ལན་མང་དུ་བྱར་འདུག་ན།  འུ་ཅག་སྒོམ་ཆེན་ལ་གཉེར་མེད་གསུངས་ངོ་། །”ཞེས་གསུངས་ཤིང་།  འཁོར་བའི་ཐོག་མཐའ་ཡོད་མེད་བཞེད་ཚུལ་མུ་བཞི་རུ་བྱུང་ཞིང་།  སློབ་དཔོན་སྐྱིན་དཀར་བ་དང་།  བླ་མ་རི་ཁྲོད་པ་སོགས་ཀྱི་ཇི་ལྟར་བཞེད་ཚུལ་བཀོད་ཐོག  དེ་དག་ཀྱང་དོན་ལ་བསམ་ན་དཔྱད་པའི་སྙིང་པོ་ཅི་ཡང་མེད་པར་ཁྱི་འཁྱམ་གཞོང་སྐམ་ལ་རྩོད་པ་བཞིན་ཡིན་པར་གསུངས།
བདུན།  སངས་རྒྱས་ཞུ་ཆེན་གྱི་བཞེད་ཚུལ།
    དེ་ཡང་ཞུ་མོ་ཆེའམ་སངས་རྒྱས་ཞུ་ཆེན༼༡༡༢༣༽གྱིས་མཛད་པའི། «གབ་འགྲེལ་རིག་པའི་བང་མཛོད»ལས། “འཁོར་བ་ཐོག་ཡོད་ཐོག་མེད་ལ་རྩོད་པ་སྤང་བ་དང༌། འཁྲུལ་བའི་གཞི་ཡོད་གཞི་མེད་ལ་རྩོད་པ་སྤང་བའོ། །དང་པོ་ནི་གལ་ཏེ་རིགས་དྲུག་གཅིག་ནས་གཅིག་ཏུ་འཁོར་བ་དེ་འཁོར་བ་ལ་ཐོག་མ་ཡོད་པའམ་མེད་པ་ལས་འཁོར་བ་ཡིན་ཞེ་ན། འདིའི་ལན་ལ་གཞན་ལན་དགག་པ་དང༌། རང་ལན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི་ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མ་ཡོད་པ་མ་རིག་པ་ཡིན་ཏེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དང་པོ་སྐྱེ་བའི་རྒྱུ་ནི་མ་རིག་པའི་ཞེས་པ་དང༌། ཉོན་མོངས་པའི་སྒྲིབ་པའི་རྒྱུ་ནི་མ་རིག་པ་ལས་བྱུང་བའོ་ཞེས་པའོ། །ཟེར་བ་མི་རིགས་པ་ལ་གསུམ་སྟེ། རིགས་པས་མི་འཐད། ལུང་དང་འགལ། ལུང་གི་དགོངས་པ་མ་ཡིན་པའོ། །དང་པོ་ནི་འཁོར་བའི་ཐོག་མ་གང་ཡིན་པ་དེ་ལ་རྒྱུ་ཡོད་དམ་མེད། གཉིས་པ་ལྟར་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པའམ་མེད་པ་ཐལ་བའི་ཕྱིར་རོ། །དང་པོ་ལྟར་ན་ཐོག་མེད་དུ་འགྱུར་ཞིང་འདོད་ན་སྔར་ཐོག་ཡོད་དུ་འདོད་པ་ཉམས་སོ། །ཡང་འཁོར་བ་ལ་ཐོག་མ་ཡོད་ན་ཐ་མ་ཡང་ཡོད་པར་འགྱུར་ཏེ་ཐོག་མ་དང་ཐ་མ་ལྟོས་འཇོག་ཡིན་པས་སོ། དེ་འདོད་ན་མདོ་ལས། ཐ་མ་མེད་པར་གསུངས་པ་དང་འགལ་ལོ། །གཞན་ཡང་སེམས་ཅན་གསར་དུ་སྐྱེ་བ་སྲིད་པར་འགྱུར་ལ་འདོད་ན་མུ་སྟེགས་སུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། འཁོར་བ་ཐོག་མ་མེད་པ་ནས་ཞེས་པ་དང༌། ཐོག་མ་དུས་མཐའ་ཅི་ཡང་མེད་པ་ནས་ཞེས་པ་དང༌།  སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས་ཞེས་པ་དང་འགལ་བ་ཡིན་ནོ། །གསུམ་པ་ནི་མདོའི་དགོངས་པ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མ་མ་རིག་པ་ཡིན་པ་ལ་དགོངས་པ་ཡིན་གྱི་འཁོར་བ་ལ་ཐོག་མ་ཡོད་པ་ལ་དགོངས་པ་མ་ཡིན་ནོ། །གབ་པའི་དགོངས་པ་ཡང་ཉོན་སྒྲིབ་བཅུ་གཉིས་ཀྱི་ཐོག་ཏུ་མ་རིག་པ་ཡིན་པ་ལ་དགོངས་པ་ཡིན་གྱི་འཁོར་བའི་ཐོག་མ་ཡོད་པ་ལ་དགོངས་པ་མ་ཡིན་ནོ། །གཉིས་པ་རང་ལན་ནི། ཁམས་གསུམ་སྤྱི་བཙན་གྱི་འཁོར་བ་ལ་ཐོག་མཐའ་གཉིས་ཀ་མེད། གང་ཟག་སྒོས་བཙན་དུ་འཁོར་བ་ལ་ཐོག་མ་མེད་ཀྱང་ཐ་མ་ཡོད་དེ།” ཞེས་སོགས་ཀྱིས་འཁོར་བའི་ཐོག་མ་ཡོད་མེད་དཔྱད་སྐབས་སེམས་ཅན་སྤྱི་དང་བྱེ་བྲག་གཉིས་སུ་ཕྱེས་ཤིང་དེ་དག་གང་ཡིན་རུང་དེའི་རྒྱུ་རྐྱེན་སྔོན་དུ་འགྲོ་དགོས་པས་ན་ཐོག་མ་མེད་པར་བཞེད་དོ།།
རྒྱད  སུམ་ལྡན་གཡོར་པོ་མེ་དཔལ་གྱི་བཞེད་ཚུལ།
   དེ་ཡང་སུམ་ལྡན་གཡོར་པོ་མེ་དཔལ༼༡༡༣༤-༡༡༦༨༽གྱིས་ཐེག་པ་ཆེན་པོའི་གཞི་ངོས་འཛིན་མཛད་པ་དང་འབྲེལ། འཁོར་བའི་ཐོག་མ་ཡོད་མེད་བཞེད་ཚུལ་སྐོར་གང་ཡིན་ཨ་ཁྲིད་ཀྱི་གདམས་པ«ངོ་སྤྲོད་རིན་ཆེན་གསལ་འདེབས»ཞེས་པ་ལས་གསལ་བ་འདིར་བཀོད་པ་ལ།  “དེ་ཡང་གཞི་ཡི་གནས་ལུགས་ངོས་འཛིན་པ་ལ་གསུམ་སྟེ།  འདོད་ལུགས་གནས་ལུགས་ཡིན་ལུགས་སོ། །དེས་དང་པོ་འདོད་ལུགས་ནི།  གྲུབ་མཐའ་བ་རྣམས་ཀྱིས་འདས་པའི་དུས་ན་ངོས་འཛིན་སྟེ།  ཁ་ཅིག་གཞའ་དཀའ༼གཞི་ཀ་དག༽འཁོར་བ་ཐོག་ཡོད་བཞེད་ལ།  ཁ་ཅིག་གཞིའ་ལྷུན་གྲུབ་དང་འཁོར་བ་ཐོག་མེད་དུ་བཞེད་ལ། ཁ་ཅིག་གཞིའ་བར་དོ་ཆེན་པོ་ལ་འབྱུང་བར་བཞེད་དོ། །དེ་རྣམས་ཐམས་ཅད་བྱ་ཁྱུང་ཞོན་ནས་བྱ་ཁྱུང་འཚོལ་བ་དང་འདྲ་སྟེ།    ཉེ་འདོད་རིང་སྐོར་དུ་སོང་ནས། གཞིའ་ཅར་ཕོག་དུ་ངོས་མ་ཟིན་པར་གདའོ། །གཉིས་པ་གནས་ལུགས་ནི།  གོང་མ་ལྟར་བཞེད་ལུགས་མང་ཡང་། གོ་དོན་གྱི་ངོ་བོ་ལ་བཀའ་ལུང་གི་དགོངས་པ་དང་།  གཤིས་ཁའི་འདུག་ཚུལ་གྱིས། གཞིའ་ཁྱད་པར་ལྔ་དང་ལྡན་སྟེ།  རང་བཞིན་དཀའ་དག་དང་། རྣམ་པ་ལྷུན་གྲུབ་དང་། ངོ་བོ་ལུང་མ་བསྟན། འཁོར་འདས་ཀུན་ལ་ཁྱབ་བདལ་དུ་གནས་པ།  རྟོགས་དང་མ་རྟོགས་ཁྱད་པར་ཆེ་བའོ། །དེ་ལྟར་ཁྱད་པར་ལྔ་ལྡན་སྟེ།  དེ་ཡང་གྲུབ་མཐའ་བའི་ལུགས་ཡིན། གོ་བ་སྐྱེ་བ་ལ་ཕན་པ་ཙམ་མོ། །གསུམ་པ་ཡིན་ལུགས་ནི།” ཞེས་སོགས་གསུངས་ཤིང་།  གཞི་ཀ་དག་སོགས་ཕྱོགས་རེ་བའམ་འཁོར་བ་ཐོག་མ་ཡོད་མེད་རྩོད་པའི་སྐོར་རྣམས་ཉེ་འདོད་རིང་དུ་སོང་བ་དཔེར་མཛད་དེ་རང་ལུགས་འདི་ཞེས་སྒྲུབ་པར་མ་མཛད་ཅིང་།  གཞི་ནི་ཁྱད་པར་ལྔ་ལྡན་དུ་བཞག་མོད་དེ་ཡང་ཐོག་མའི་གོ་བདེ་ཐབས་ཙམ་དུ་བཞེད་དོ། །
དགུ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་བཞེད་ཚུལ།
   དེ་ཡང་འགྲོ་མགོན་བློ་གྲོས་རྒྱལ་མཚན༼༡༡༩༨-༡༢༦༣༽གྱིས་མཛད་པའི། «ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན»ཞེས་པ་ལས།  “འཁྲུལ་འཁོར་གྱི་རང་བཞིན་ལ་ཐོག་མ་ཡོད་དམ་མེད་ཅེ་ན།  འདིའི་དོན་ལ་གསུམ་སྟེ།  གཞན་གྱིས་བརྟགས་པ་དགག་པ་དང་། རང་གི་གྲུབ་པ་དགོད་པ་དང་། དེ་ལ་རྩོད་པ་སྤང་བའོ། །ཞེས་དང་།  གཉིས་པ་རང་ལུགས་ལ་བདག་ཉིད་ཆེན་པོའི་རྗེས་སུ་འབྲང་ལ་འཁོར་བའི་དོན་གོ་དེ་གང་ལ་བྱེད་ཀྱིས་ཤེས་ལ།  དེའང་གཞིའམ་སེམས་ཉིད་ལ་བྱེད་ན་ཐོག་མ་མེད་ལ།  འཁྲུལ་པ་མ་རིག་པ་ལ་བྱེད་ན་ཡོད་པ་སྟེ།  ལུང་རིགས་གཉིས་ལས་ལུང་ནི་གཞི་ལ་ཐ་དད་གང་མེད་ཀྱང་། མ་རིག་ཡེ་ཤེས་གློ་བུར་བ་ཞེས་དང་། གོང་དུ་དྲངས་པ་དུ་མས་ཤེས་སོ། །རིགས་པས་ཀྱང་འཁོར་བ་བོན་ཅན། ཐོག་མ་ཡོད་དེ།  གཞིའི་ངང་ལས་སྐྱེ་འགག་བྱེད་པའི་ཕྱིར།  ནམ་མཁའ་དང་གཞའ་སྤྲིན༼བཞིན༽ནོ། །འདིའི་ཚུལ་ལ་བོན་ཅན་འཁྲུལ་པའི་འཁོར་བ་གཞི་མྱོང་བས་གྲུབ་ལ།  བསྒྲུབ་བྱ་ནི་ཐོག་མ་ཡོད་པར་བོན་ཅན་ལ་བསྒྲུབ་པ་སྟེ།  དེ་ཡང་འཁྲུལ་པ་གློ་བུར་བ་གཞིའི་རོལ་པར་བསྒྲུབ་པ་དང་། རྟགས་ལ་ཕྱོགས་ནི་སྐྱེ་འགག་བྱེད་པ་མྱོང་བས་ཀྱང་གྲུབ་ལ་ལུང་གིས་ཀྱང་གྲུབ་སྟེ།  གབ་པ་ལས།  སེམས་ཅན་ཐམས་ཅད་འབྱུང་ཡང་སེམས་ཉིད་ལས་བྱུང་།  གནས་ཀྱང་སེམས་ཉིད་ལ་གནས།  ཐ་མ་ཐིམ་ཡང་སེམས་ཉིད་ལས་ཐིམ་ཞེས་གསུངས་པས་གྲུབ་ལ།  ཁྱབ་པ་ནི་ཤུགས་ཀྱིས་འགྲུབ་ཀྱི་ལྡོག་ཁྱབ་ནམ་མཁའ་ལ་གྲུབ་བོ། །”ཞེས་སོགས་གསུངས་ཤིང་།  ད་དུང་ཁོང་གིས་མཛད་པའི་མཛོད་འགྲེལ་དང་།  རྩ་རྒྱུད་བསེན་ཐུབ་འགྲེལ་དུའང་དེ་བཞིན་དགག་བཞག་སྤང་གསུམ་གྱི་སྒོ་ནས་རྒྱས་པར་གསུངས་ཤིང་།  དེ་ཡང་བདག་ཉིད་ཆེན་པོའི་རྗེས་སུ་འབྲངས་ཏེ་འཁོར་བའི་གོ་དོན་སེམས་ཉིད་ལ་བྱས་ན་ཐོག་མ་མེད་ལ།  མ་རིག་པ་ལ་བྱས་ན་ཡོད་པར་གསུངས།
བཅུ  སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་བཞེད་ཚུལ།
   དེ་ཡང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན༼༡༢༣༨-༽གྱིས་མཛད་པའི།  «བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག»ལས།  “གཉིས་པ་ལ་གཉིས་ཏེ།  ཁས་བླང་བརྗོད་པ་དང་།  དེ་དགག་པའོ། །དང་པོ་ནི། མཁས་པ་གཉོས་རྒྱལ་གྱིས།  འཁོར་བའི་གོ་དོན་སེམས་རྒྱུད་རིག་པ་ལ་བྱེད་ན་ཐོག་མ་མེད་ལ།  མ་རིག་པ་ལ་བྱེད་ན་ཐོག་མ་ཡོད་དོ།  །ཁམས་བརྒྱད་ལས།  བོན་ཐམས་ཅད་ཡོངས་སུ་སྲིད་པ་ལས་བྱུང་།  ཞེས་དང་།  གཞི་ཉིད་རང་བཞིན་རྣམ་དག་ལ། །མ་རིག་ཡེ་ཤེས་གློ་བུར་བྱུང་།  །ཞེས་སོ། །རིག་པས་ཀྱང་འཁོར་བ་བོན་ཅན།  ཐོག་མ་ཡོད་དེ།   སེམས་ཉིད་ཀྱི་ངང་ནས་སྐྱེ་འགག་བྱེད་པས་སོ། །ཟེར་རོ། །གཉིས་པ་དེ་དགག་པ་ལ་གཉིས་ཏེ།  སྤྱིར་དགག་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། ཁྱོད་ཀྱིས་འདོད་པའི་འཁོར་བའི་ཐོག་མ་དེ་ལ།   སྐྱེད་བྱེད་ཀྱི་ལས་ཉོན་ཚར་གཅིག་སྔོན་དུ་སོང་ངམ་མ་སོང་།  སོང་ན་དེ་འཁོར་བའི་ཐོག་མར་འགལ་ཏེ།  ལས་དེའི་སྔ་ལོགས་སུ་འཁོར་བ་གཞན་ཞིག་སོང་ཟིན་པས་སོ། །དེ་ལ་དེ་མ་སོང་ན་དེ་འཁོར་བ་ཇི་ལྟར་ཡིན་ཏེ།  ལས་ཉོན་སྔོན་དུ་མ་སོང་བའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ནི། །བརྟགས་པས་དགག་སྟེ། འཁོར་བ་ཡིན་ན་སྐྱེ་བ་བར་མ་དོ་དང་། སྐྱེ་ས་རིས་དྲུག་གཉིས་སུ་ཁ་ཚོན་ཆོད། རིས་དྲུག་ལ་མཐོ་རིས་ངན་སོང་གཉིས་སུ་ཁ་ཚོན་ཆོད་དེ།  དེ་གསུམ་གང་ལ་ཐོག་མ་ཡོད། ཡོད་ན་མཐོ་རིས་ཀྱི་ཐོག་མ་ནི་དགེ་བ་ཟག་བཅས་ལས་བྱུང་ལ།  ངན་སོང་གི་ཐོག་མ་ནི་སྡིག་པ་ལས་བྱུང་ཞིང་། བར་མ་དོ་ནི་སྔར་གྱི་རྟེན་འཕོས་པ་ལས་བྱུང་བས། དེ་གསུམ་འཁོར་བའི་ཐོག་མ་མ་ཡིན་པར་འགྱུར་ཏེ།  ལས་དེ་དག་དང་། དེ་སྤྱོད་བྱེད་ཀྱི་གང་ཟག་སྔོན་དུ་སོང་བས་སོ། །ཐལ་འགྱུར་འདི་ནི་སྔ་རབས་པས་རྟོགས་པ་མེད་དེ།  ཁོ་བོའི་རྣམ་བཞག་གོ །གཞན་ཡང་མ་རིག་པ་བོན་ཅན།  ཐོག་མ་མེད་དེ།  སེམས་རྒྱུན་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཏེ།  མདོ་ལས།  ལྷན་ཅིག་སྐྱེས་པའི་མ་རིག་པ་དང་།  ལྷན་ཅིག་སྐྱེས་པའི་རིག་པ་གཉིས་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་ཏེ།  ཞེས་སོ། །གཞན་ཡང་སེམས་རྒྱུན་བོན་ཅན།  ཐོག་མ་ཡོད་པར་ཐལ།  སེམས་ཉིད་ཀྱི་ངང་ནས་སྐྱེ་འགག་བྱེད་པའི་ཕྱིར་ཏེ།  དེའི་ངང་ནས་སྐད་ཅིག་གི་འཕྲེང་བ་ཡིན་པས་སོ། །རྟགས་ཁྱབ་ཁས་བླངས།  འདོད་ན་དམ་བཅའ་ཉམས་སོ། །”ཞེས་དང་།  ཡང་སྒ་སྟོན་གྱིས་མཛད་པའི། «ཐེག་པ་ཆེན་པོ་གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང»ལས།  “འོ་ན་འཁོར་བ་བོན་ཅན།  ཐོག་མ་ཡོད་པར་ཐལ།  འཁོར་འདས་གཉིས་སུ་མ་གྱེས་པའི་དུས་ཀྱི་གཞི་བཤད་པའི་ཕྱིར་རོ། །ཞེ་ན་དེ་ནི་གནས་པ་གཞི་ཡི་བར་དོ་ལ་གཞི་དྲན་མེད་ཀྱི་ངང་ལ་དལ་ཅིག་བསྡད་པ་ལ་དགོངས་ཀྱི།  སེ་སྟོན་ལྟར་དེ་ལྟར་མ་ཡིན་པའི།   འཁོར་བ་ལ་ཐོག་མ་ཡོད་པའི་སུན་འབྱིན་ནི་འོག་ཏུ་འབྱུང་ངོ་། །”ཞེས་སོགས་མཛོད་འགྲེལ་དང་མཐུན་པར་གསུངས་ཤིང་།  དེ་ཡང་གཉོས་རྒྱལ་གྱི་བཞེད་པ་མི་འཐད་པ་དང་།  རང་ལུགས་འཁོར་བ་ཡིན་ན་ལས་ཉོན་སྔོན་དུ་འགྲོ་དགོས་པ་དང་།  ལས་ཉོན་སྔོན་སོང་ལ་འཁོར་བའི་ཐོག་མ་ཡོང་མི་སྲིད་པར་བསྒྲུབས་ཤིང་།  ད་དུང་མཁས་པ་སྔ་མས་མ་རྙེད་པའི་རིགས་པ་གསར་པ་ཡང་རྙེད་པའི་སྒོ་ནས་དགག་བཞག་མཛད།
བཅུ་གཅིག  རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱི་བཞེད་ཚུལ།
   དེ་ཡང་རྨེའུ་རྒྱལ་མཚན་མཆོག་ལེགསཀྱིས་མཛད་པའི།  «གཞི་ལམ་འབྲས་གསུམ་གྱི་དོན་གསལ་བར་བཤད་པའི་རྣམ་བཤད་ཐར་ལམ་གསལ་བྱེད»ལས།  “ཞར་བྱུང་འཁོར་བའི་ཐོག་མཐའ་ཡོད་མེད་དཔྱད་པ་ལ།  ཁས་བླངས་བརྗོད་པ་དང་།  དེ་དགག་པའོ། །དང་པོ་ནི།  མཁས་པ་གཉོས་རྒྱལ་ན་རེ།  འཁོར་བ་ལ་ཐོག་མ་ཡོད་དེ།  ཞེས་པ་ནས།  དེ་དགག་པ་ནི།  ཤེས་བྱ་བོན་ཅན།  འཁོར་བ་ལ་ཐོག་མ་མེད་པར་ཐལ།  འཁོར་བའི་ཐོག་མ་མེད་པ་ནས། །མིང་དང་གཟུགས་ལ་བརྟེན་པ་འདི། །ཞེས་དང་།  སྐྱེ་བ་དང་པོ་དཔག་ཏུ་མེད་པ་ནས། །ད་ལྟ་འཁོར་བའི་སྡུག་བསྔལ་ལུས་བླངས་འདིར། །ཞེས་དང་། ཐོག་མ་དུས་མཐའ་མེད་པ་ནས།   ཞེས་སོགས་གཞུང་དོན་རིག་པའི་སྟོབས་ཀྱིས་འགྲུབ་པའི་ཕྱིར། རིག་པའི་གནོད་བྱེད་ནི།  བུ་ཆུང་བཙས་མ་ཐག་པའི་རིག་པ་བོན་ཅན།  ཐོག་མ་དང་བཅས་པ་ཡིན་པར་ཐལ།  སེམས་ཉིད་ཀྱི་ངང་ནས་སྐྱེ་འགག་བྱེད་པའི་ཕྱིར།  དེ་འདོད་ན།  ཐོག་མ་དང་བཅས་པ་མ་ཡིན་པར་ཐལ།  རང་རྒྱུ་རིག་པ་སྔ་མ་སྔོན་དུ་སོང་བའི་ཕྱིར།  དེར་ཐལ།  རིག་ཙམ་ཡིན་པའི་ཕྱིར། དེའི་ཁྱབ་པ་ཡང་སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་ཀྱི་འགྲུབ་པར་འགྱུར་རོ། །གཞན་ཡང་།  གལ་ཏེ་འཁོར་བའི་ཐོག་མ་དེ་ལ་རང་རྒྱུ་ལས་དང་ཉོན་མོངས་པ་སྔོན་དུ་སོང་ངམ་མ་སོང་།  སོང་ངོ་ཞེ་ན།  ཁྱོད་ཀྱི་འདོད་པའི་འཁོར་བའི་ཐོག་མ་བོན་ཅན། འཁོར་བའི་ཐོག་མར་འགལ་བ་ཐལ།  རང་རྒྱུ་ལས་དང་ཉོན་མོངས་སྔོན་དུ་སོང་བའི་ཕྱིར།  མ་སོང་ངོ་ཞེ་ན།  འཁོར་བར་ཇི་ལྟར་འགྱུར་བ་ཐལ།  རང་རྒྱུ་ལས་ཉོན་སྔོན་དུ་མ་སོང་བའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ།  རང་རྒྱུ་ལས་ཉོན་ལས་མ་བྱུང་བའི་འཁོར་བ་མེད་པའི་ཕྱིར།  རིགས་པའི་གནོད་བྱེད་གཞན་ཡང་། རིག་པའི་གནོད་བྱེད་གཞན་ཡང་མཐོ་རིས་ངན་སོང་གཉིས་བར་མ་དོ་དང་གསུམ་གང་ལ་ཐོག་མ་ཡོད།  མཐོ་རིས་ལ་ཐོག་མ་ཡོད་ཅེ་ན།  བདེ་འགྲོ་མཐོ་རིས་ཀྱི་ལུས་བོན་ཅན།  ཐོག་མ་དང་བཅས་པ་མ་ཡིན་པར་ཐལ། རང་རྒྱུ་ཟག་བཅས་ཀྱི་དགེ་བ་བསགས་པའི་གང་ཟག་སྔོན་དུ་སོང་བའི་ཕྱིར།  ངན་སོང་ལ་ཐོག་མ་ཡོད་དེ་ཞེ་ན།  ངན་སོང་དུ་སྐྱེས་པའི་སེམས་ཅན་བོན་ཅན།  ཐོག་མ་དང་བཅས་པ་མ་ཡིན་པར་ཐལ།  རང་རྒྱུ་སྡིག་པ་བསགས་པའི་གང་ཟག་སྔོན་དུ་སོང་བ་ལས་བྱུང་བ་ཡིན་པའི་ཕྱིར།  བར་མ་དོ་ལ་ཐོག་མ་ཡོད་དེ་ཞེ་ན།  བར་སྲིད་ཀྱི་སེམས་ཅན་བོན་ཅན། ཐོག་མ་དང་བཅས་པ་མ་ཡིན་པར་ཐལ།  རང་རྒྱུ་སྔ་རྟེན་གྱི་གང་ཟག་སྔོན་དུ་སོང་བ་ལས་བྱུང་བ་ཡིན་པའི་ཕྱིར།” ཞེས་སོགས་སྦྱོར་བ་ཁ་གསལ་ཙམ་ལས་གཞན་སྒ་སྟོན་དང་མཐུན་པར་གསུངས་སོ། །
བཅུ་གཉིས།  བྲུ་སྟོན་རྒྱལ་བ་གཡུང་དྲུང་གི་བཞེད་ཚུལ།
   དེ་ཡང་བྲུ་སྟོན་རྒྱལ་བ་གཡུང་དྲུང༼༡༢༤༢-༡༢༩༠༽གིས་གཞི་ངོས་འཛིན་དང་འབྲེལ་བའི་འཁོར་བའི་ཐོག་མ་ཡོད་མེད་སྐོར་ཇི་ལྟར་བཞེད་ཚུལ་ནི་ཁོང་གིས་མཛད་པའི«ངོ་སྤྲོད་རིན་ཆེན་གསལ་འདེབས་རྒྱབ་སྐྱོར་གྱི་གདམས་པ»ལས།  “དེ་ལ་གཞི་ཡི་འདོད་ལུགས་དང་ཡིན་ལུགས་གཉིས།  ཞེས་པ་ནས། བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས། གཞི་ཀ་དག་ཆེན་པོ། དེ་ལ་འཁྲུལ་པ་བློ་བུར་དུ་བྱུང་བས་ལམ་ལ་འཁྲུལ།  འཁོར་བའི་དོན་གོ་ཉོན་མོངས་མ་རིག་པ་དང་བཅས་པ་ལ་བྱེད་པས།  དེས་ན་འཁོར་བ་ལ་ཐོག་མ་ཡོད་གསུངས།  ཡང་ཞུ་ཆེན་པོའི་རྗེས་འབྲེང་དང་བཅས་པས། ཞེས་དང་།  གཞི་ལྷུན་གྲུབ་ཆེན་པོ། ཐམས་ཅད་དེའི་ངང་ལ་གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པ། འཁྲུལ་ཡང་གཞི་ཐོག་ནས་འཁྲུལ།  མ་རིག་པ་ལ་ཐུག་མེད། རིག་པ་ལ་ཡང་མཐའ་མ་གྲུབ་པས།  འཁོར་བ་ཐོག་མེད་ཡིན་གསུངས་ཀྱང་།  གཡུང་གིས་བར་མ་དོའི་རྒྱ་མཚོ་དང་འདྲ་སྟེ།  སྤྱི་ཡི་རྨེང་ཞེས་དང་།  བར་མ་དོ་ལས་ཀུན་ཀྱང་འབྱུང་ཞེས་པ་ལ་བརྟེན་ནས།  གཞི་བར་དོ་ཆེན་པོར་བཞེད་དེ།  དེ་དག་ཐམས་ཅད་བྱ་ཁྱུང་ཞོན་ནས་བྱ་ཁྱུང་ཚོལ་བ་ལྟར། ཉེ་འདོད་རིང་དུ་སོང་ནས་གཞི་ཅར་ཕོག་ཏུ་ངོས་མ་ཟིན་གསུངས།  དཔེ་གཡོར་མེས་གསུང་གིས་གཤིས་ཀྱི་འདུག་ཚུལ་ཁྱད་པར་ལྔ་ལྡན་ཞིག་ཡིན་ཏེ།   ཞེས་པ་ནས། ངོ་བོ་ལ་དཔྱད་ན་གང་གིས་མདོག་མ་སྒྱུར་མ་གོས། དག་པ་ཟང་ཐལ་དུ་གནས་པ་བྲུ་ཆེན་ལྟར་ཀ་དག་ཀྱང་ཡིན།  རྣམ་པ་ལ་དཔྱད་ན་གང་ཡང་མ་སྤངས་ཐམས་ཅད་ངང་ལ་གདོད་ནས་རང་བཞིན་ཡེ་སྲིད་རང་ཤར་དུ་བྱུང་བའི་ཞུ་ཆེན་ལྟར་ལྷུན་གྲུབ་ཀྱང་ཡིན། ངོ་བོ་ལ་དཔྱད་ན་འདི་ཞེས་མ་གྲུབ་ཅིང་། གཏད་མེད། མཚོན་བརྗོད་ཀྱི་ཡུལ་ལས་འདས་པ་མེ་ལྟར་ལུང་མ་བསྟན་ཀྱང་ཡིན།  བྱེད་ལས་དཔྱད་ན་ཀུན་གྱིས་ཕྱོགས་ལྟུང་རིས་ཆད་མཐར་ཞེན་གང་ཡང་མེད་པས་གཡུང་ལྟར་བར་དོ་ཆེན་པོ་ཡང་ཡིན་ཏེ།  དེ་དག་གིས་ཀྱང་དོན་ཕྱོགས་རེ་ཕྱོགས་མཚོན་པ་ལྟར་སྣང་ངོ། །”ཞེས་དང་།  ཡང་ཁོང་གིས་མཛད་པའི།  «གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད»ལས།  “སེམས་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་གཅིག་མ་བྱས་པར་དང་པོ་ཇི་ལྟར་འཁྲུལ་ན།  གོང་གི་ཀུན་གཞི་ནམ་མཁའ་ལྟ་བུ་ལས།  རིག་པའི་ཡེ་ཤེས་ཤར།  དེ་ལ་འགྱུ་བའི་དྲན་བསམ་གཡོས་ཏེ། ཞེས་པ་ནས། མར་འཁྲུལ་པ་ལྟར་ཡར་གྲོལ་བ་གནད་གཅིག  འཁོར་བ་ལ་བྱུང་བའི་ཐོག་མ་ཡོད་པས།  ཉམས་སུ་བླངས་ན་གྲོལ་བའི་ཐ་མ་ཡང་ཡོད་དེ།  དེ་དག་ཀུན་ཁོ་བོས་གནད་གཅིག་ཏུ་འདོད་དོ། །”ཞེས་གསུངས་ཤིང་།  གོང་མ་དག་གི་བཞེད་པ་བཀོད་ཅིང་དེ་དག་ཀྱང་ཕྱོགས་རེ་ནས་བསམ་ན་རྒྱུ་མཚན་ཡོད་ཅིང་། རང་ལུགས་ལའང་ཐོག་མའི་གཞི་ལས་གཞི་སྣང་གཡོས་ཏེ་འཁོར་བ་བྱུང་བས་ཐོག་མའང་ཡོད་པར་བཞེད།
བཅུ་གསུམ  རྗེ་རིན་པོ་ཆེའི་བཞེད་ཚུལ།
   དེ་ཡང་རྗེ་རིན་པོ་ཆེས༼༡༣༥༦-༡༤༡༥༽མཛད་པའི།  «སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒོན་མེ»ལས།  “སྐབས་འདིར་འཁོར་བའི་ཐོག་མ་ཡོད་མེད་དཔྱད་པ་ནི།  སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པ་བཞིན་ནོ། །དེ་ནི་སྤྱིའི་བྱུང་ཁུངས་བསྟན་པའོ། །”ཞེས་དང་། «གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག»ལས།  “འཁྲུལ་འཁོར་ཐོག་མ་ཡོད་མེད་ནི། །མ་རིག་པ་ལ་ཐུག་མེད་ཕྱིར། །འཁོར་བར་ཐོག་མ་ཡོད་པར་བཞེད། །གཞི་ལས་སྐྱེ་ཤིང་འགག་པའི་ཕྱིར། །འཁོར་བའི་ཐོག་མ་ཡོད་མ་ཡོད་པར་གསུངས། །”ཞེས་མཁས་པ་སྔོན་མའི་བཞེད་ཕྱོགས་བཀོད་པ་དང་། དེའི་འགྲེལ་བ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན༼༡༨༩༣-༡༩༦༠༽གྱིས་མཛད་པའི། «གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ་ཐར་ལམ་གསལ་བའི་སྒྲོན་མ»ལས།  “མ་རྟོགས་འཁྲུལ་པའི་འཁོར་བ་ལ་ཐོག་མ་ཡོད་དམ་མེད།  དང་པོ་ལྟར་ན་དེ་ཡི་སྔོན་དུ་ལས་ཉོན་སོང་ངམ་མ་སོང་།  སོང་ན་ཐོག་མར་འགལ་ཏེ་དེ་སྔོན་འཁོར་བ་གཞན་སོང་བའི་ཕྱིར།  མ་སོང་ན་འཁོར་བ་མིན་པར་འགྱུར་ཏེ་ལས་ཉོན་གྱི་འབྲས་བུ་མ་ཡིན་པའི་ཕྱིར།  གཉིས་པ་ལྟར་ན་རྟག་པ་ཐལ་བ་དང་། ཐ་མའང་མེད་པར་འགྱུར་ཏེ་ཐ་མ་ཐོག་མའི་རྟེན་འབྲེལ་ལ་ལྟོས་པའི་ཕྱིར།  འདོད་ན་ལམ་ཉམས་སུ་བླང་བ་དོན་མེད་འགྱུར་རོ། །ཞེས་པའི་ལན་ནི།  ཁམས་གསུམ་སྤྱི་བཙན་ལ་ལྟོས་ན་སྤྱིར་འཁོར་བ་མ་རིག་པ་དང་པོ་འདི་མཚམས་ནས་བྱུང་ཞེས་པའི་ཡ་ཐ་ལ་ཐུག་པ་མེད་པའི་ཕྱིར་ན། སྤྱིར་འཁོར་བ་ཙམ་ལ་ཡ་ཐོག་སྔོན་མ་འདི་ཞེས་ངེས་བཟུང་མེད་པར་གོང་མ་རྣམས་ཀྱིས་བཞེད་པ་ཡིན་ལ།  མདོ་ལས་ཀྱང་།  འཁོར་བ་ཐོག་མ་མེད་པ་ནས། །ཞེས་དང་། ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་སྡིག་ལས་ཅི་བགྱིས་པ། །ཞེས་དང་།  ཐོག་མ་བསྐལ་པ་དཔག་ཏུ་མེད་པ་ནས།  །མ་རིག་དབང་བསྒྱུར་དུག་ལྔའི་ལས་བསགས་པ། །ཞེས་དང་།  ཞི་རྒྱུད་ལས།  ཐོག་མ་མེད་ནས་ད་ལྟ་ཡན་ཆད་དུ། །མ་རིག་རྒྱུ་ལས་བསྐྱེད་པ་དུག་ལྔའི་ལས། །ཞེས་སོ། །ཐ་མའང་མེད་དེ། འཁོར་བ་སྟོང་པའི་བོན་མི་སྲིད། །ཅེས་དང་། འཁོར་བ་ལ་རྒྱུན་ཆད་མེད་པས། ཐུགས་རྗེ་ཆུ་རྒྱུན་ལྟ་བུ་བསྒོམ། །ཞེས་སོ། །རྟག་པར་ཐལ་བའི་སྐྱོན་མེད་དེ།  དོན་བྱེད་ནུས་པས་སོ། །ལམ་ཉམས་སུ་བླངས་བ་དོན་མེད་དུ་འགྱུར་བའི་སྐྱོན་མེད་དེ་ལམ་པ་རེ་རེའི་རྒྱུད་ཀྱི་འཁོར་བ་བོན་ཉིད་དུ་འགྲོལ་བའི་དུས་ཡོད་པའི་ཕྱིར་ཏེ།  མདོ་ལས། ཤེས་རབ་རྩལ་རྫོགས་ཐར་པ་མངོན་སངས་རྒྱས། །ཞེས་སོ། །གང་ཟག་སྒོས་བཙན་ལ་ལྟོས་ན་གཞི་སེམས་ཉིད་ཀྱི་ངང་ལས་མ་རིག་འཁྲུལ་པ་དང་པོ་སྐྱེ་ཞིང་ཐ་མ་འགག་པའི་ཕྱིར་ན།  སྐྱེ་ཆ་ཐོག་མ་དང་འགག་ཆ་ཐ་མ་ཡིན་པས།  འཁོར་བའི་ཐོག་མ་འདི་ཞེས་ངོས་བཟུང་ཡོད་པར་བྲུ་རྗེ་རྗེས་འབྲང་དང་བཅས་པས་གསུངས་སོ། །འབུམ་ལས་ཀྱང་།  བོན་ཐམས་ཅད་སྲིད་པ་ལས་བྱུང་།  ཞེས་དང་།  གཞི་ཉིད་རང་བཞིན་རྣམ་དག་ལས། །མ་རིག་ཡེ་ཤེས་གློ་བུར་བྱུང་། །ཞེས་དང་།  མདོ་ལས།  སྲིད་པ་ཕྱིན་ཁ་ལོག་ལས་ཀྱང་།  །འཁོར་བ་དུག་གི་བ་མོ་བྱུང་། །ཞེས་དང་། རྩ་རྒྱུད་ལས།  ཀུན་གཞིའི་རྣམ་པར་ཤེས་པ་ལས། །མ་རིག་སྣང་བ་གཡོས་ནས་བྱུང་། །ཞེས་སོ། །མ་རིག་པ་འཁོར་བའི་རྩ་བ་ཡིན་པས་འཁོར་བ་མ་ཡིན་པའི་སྐྱོན་མེད་ལ།   རྟེན་འབྲེལ་གྱི་ཐོག་མ་མ་རིག་པས་འདྲེན་པའང་དེ་ཡི་གནད་ཀས་སོ། །ཐ་མའང་ཡོད་པར་གསུངས་ཏེ།  མདོ་ལས།  གཟུགས་ཀྱི་ཕུང་པོ་གར་གསས་བཙན་པོའི་སྐུར་གྲུབ། ཞེས་དང་།  གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ཀྱི་ཆར་དུ་ལྷག་ནས་ནམ་མཁའ་ལ་གཞའ་ཚོན་གྱི་འོད་དུ་འཕྲོས་ཏེ་སངས་རྒྱས།  ཞེས་དང་། མི་འཁོར་ཡེ་ཤེས་ལྔ་ཡི་རྩལ་ལྡན་ཏེ།  །བོན་ཉིད་དབྱིངས་ནས་ཐུགས་ཉིད་མཉམ་པའི་ལྷ། །མཁའ་འགྱིང་དཀར་པོའི་དབྱིངས་སུ་ཐིམ་ཞེས་དང་།  མཛོད་ལས། དེ་ལྟར་བསྐལ་ཆེན་གསུམ་གྱིས་ནི། །དམྱལ་བ་དོང་ནས་སྤྲུག་ནས་ཀྱང་། །ཐམས་ཅད་འབྲས་བུ་སངས་རྒྱས་སོ། །ཞེས་གསུངས་པའི་ཕྱིར།”  ཞེས་གསུངས་ཤིང་།  དེ་རྗེ་ཡི་དགོངས་པ་དངོས་དང་འབྱོར་མིན་གང་ལྟར་ཡང་སེམས་ཅན་ལ་སྤྱི་བཙན་དང་སྒོས་བཙན།  ཐ་མ་ཡོད་ན་ཐོག་མའང་ཡོད་དགོས་པའི་ཁྱབ་མཐའ་མཛད་ཅིང་དེ་དག་སྒྲུབ་བྱེད་ཀྱི་ལུང་སྣ་ཚོགས་པས་བསྒྲུབས་མཛད་འདུག
 བཅུ་བཞི  ཡོངས་འཛིན་རྣམ་དག་འོད་ཟེར་གྱི་བཞེད་ཚུལ།
   དེ་ཡང་ཡོངས་འཛིན་རྣམ་དག་འོད་ཟེར༼༡༨༢༨-༽གྱིས་མཛད་པའི།  «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་བདུན་པའི་ཚིག་དོན་དཀའ་གནད་རབ་གསལ»ལས།   “གསུམ་པ་གང་ནས་འཁྲུལ་པའི་རྩད་བཅད་པ་ལ།  བྲུ་བདག་ཉིད་ཆེན་པོ་དང་། མཁས་པ་གཉོས་རྒྱལ་གཉིས་ཀྱི་ས་ལམ་རྣམས་ལས།  འཁོར་བ་ཐོག་ཡོད་འཁྲུལ་པ་ཡིན་ཏེ།  ཁམས་བརྒྱད་ལས།  བོན་ཐམས་ཅད་སྲིད་པ་ལས་བྱུང་།  ཞེས་དང་།  གཞི་ཉིད་རང་བཞིན་རྣམ་པར་དག་པ་ལས།  མ་རིག་ཡེ་ཤེས་གློ་བུར་བྱུང་།  ཞེས་སོ། །རིག་པས་ཀྱང་འཁོར་བ་བོན་ཅན།  ཐོག་མ་ཡོད་དེ།  སེམས་ཉིད་ཀྱི་ངང་ལས་སྐྱེ་འགག་བྱེད་པའི་ཕྱིར་རོ། །ཞེས་གསུངས་ལ། མཁས་པ་དཔལ་ཆེན་གྱི་གཞི་ལམ་འབྲས་གསུམ་གྱི་དོན་གསལ་ལས།  འཁོར་བ་ཐོག་མེད་ནས་འཁྲུལ་པ་ཡིན་ཏེ།  འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་ཏེ།  འཁྲུལ་པ་སྔོན་མ་སྔ་མ་ལས་བྱུང་བས་ཐོག་མ་མེད་པ་དང་། འཁྲུལ་པའི་རྩ་བ་མ་རིག་པ་ཡིན་ལ།  མ་རིག་པ་ནི་གཞི་དང་ལྷན་ཅིག་སྐྱེས་པས་ཐོག་མ་མེད་པའོ། །ཡང་ན་གཞི་དག་པ་དེ་ལས་གནས་ལུགས་ཕྱིན་ཅི་ལོག་ཏུ་འཛིན་པའི་མ་རིག་པ་དེ་དུས་འདི་ཙམ་ནས་བྱུང་ཞེས་བཟུང་བར་མི་ནུས་པས་ཐོག་མ་མེད་པ་ཡིན་ནོ། །གལ་ཏེ་འཁོར་བ་ལ་ཐོག་མ་ཡོད་ན། འཁོར་བའི་ཐོག་མ་དེ་ལ་སྐྱེད་བྱེད་ཀྱི་ལས་ཉོན་ཚར་གཅིག་སྔོན་དུ་སོང་ངམ་མ་སོང་།  དང་པོ་ལྟར་ན་འཁོར་བའི་ཐོག་མ་དང་འགལ་ཏེ།  ལས་ཉོན་སྔོན་དུ་སོང་བའི་ཕྱིར། གཉིས་པ་ལྟར་ན་འཁོར་བ་མ་ཡིན་པར་འགྱུར་ཏེ།  ལས་ཉོན་ལས་མ་བྱུང་བས་སོ། །གཞི་ལས་འཁྲུལ་པ་ཙམ་གྱིས་ཐོག་མ་མི་འགྲུབ་སྟེ།  ད་ལྟའི་ཤེས་པ་བཞིན་ནོ། །དེས་ན་འཁྲུལ་པ་ནི་ཐོག་མ་མེད་པ་ནས་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི།  ཐོས་པ་མང་བ་རྣམས་ཀྱི་གྲུབ་མཐའ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་གཞུང་གི་དགོངས་པ་དང་བསྟུན་པར་བྱས་ནས།  འཁྲུལ་པའི་རྩད་བཅད་གཉིས་པོ་དེ་ལས་རེས་ཤིག་ཐོག་མ་མེད་པའི་རྗེས་སུ་འབྲེང་བ་ཡིན་ནོ། །”ཞེས་གསུངས་ཤིང་།  བྲུ་ཆེན་དང་རྨེའུ་དཔལ་གྱི་དགོངས་དོན་སོ་སོར་བཀོད་ཐོག   རང་ལུགས་རྩ་བའི་ཁམས་འགྲེལ་དང་བསྟུན་ཏེ།  འཁོར་བའི་ཐོག་མ་མེད་པ་དེ་འཐད་ཕྱོགས་སུ་མཛད་འདུག
ཅོ་ལྔ  ཤར་རྫ་རིན་པོ་ཆེའི་བཞེད་ཚུལ།
   དེ་ཡང་གྲུབ་དབང་ཤར་རྫ་རིན་པོ་ཆེས༼༡༨༥༩-༡༩༣༤༽མཛད་པའི།  «སྡེ་སྣོད་མཛོད་ཀྱི་འགྲེལ་བ་གསང་དོན་གསལ་བའི་སྒྲོན་མ»ལས། “འདི་ལྟར་སྔ་རབས་པ་རྣམས་ལས།  འཁོར་བ་ཐོག་མཐའ་གཉིས་ཀ་མེད་པར་འདོད་པ་དང་།  ཐོག་མ་ཡོད་ལ་མཐའ་མ་མེད་པར་འདོད་པ་དང་། དེ་ལས་ལྡོག་པའི་མུ་བཞི་སྟེ་འདོད་ལུགས་མང་དུ་ཡོད་པ་དག་གི་དགག་བཞག་སྤང་གསུམ་ནི་དབྱིངས་རིག་རིན་པོ་ཆེའི་མཛོད་ལས་བསྟན་ཟིན་ཏོ། །འདིར་ནི་འཁོར་བའི་དོན་གོ་སེམས་རྒྱུད་རིག་པ་ལ་བྱེད་ན་ཐོག་མཐའ་གཉིས་ཀ་མེད་དེ། གབ་པ་དགུ་སྐོར་ལས།  ཐོག་དང་མཐའ་མ་མེད་པར་སེམས་ཀྱི་ངང་ལ་མཉམ།  ཞེས་སོ།  །རིགས་པས་ཀྱང་སེམས་རྒྱུད་རིག་པ་བོན་ཅན།  ཐོག་མར་སྐྱེ་བ་དང་མཐའ་མར་འགག་པ་མེད་དེ།  གལ་ཏེ་ཡོད་ན་རིག་པ་གསར་སྐྱེས་སྲིད་པ་དང་། མཐའ་མར་འགགས་པའི་རྒྱུན་ཆད་པར་འགྱུར་རོ་དེ་བས་ན་ཡ་མཐའ་མ་མཐའ་ཐུག་མེད་དུ་གནས་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཡང་འཁོར་བའི་དོན་གོ་མ་རིག་པ་ལ་བྱེད་ན་ཐོག་མ་ཡོད་དེ། མདོ་འགྲེལ་ལས། མ་རིག་པ་ནི་དབྱིངས་ལས་བྱུང་། །མ་རྟོགས་པ་ནི་ཡེ་ཤེས་ཉིད། །ཅེས་སོ། །རིགས་པས་ཀྱང་འཁྲུལ་པའི་འཁོར་བ་བོན་ཅན། ཐོག་མ་ཡོད་དེ་གཞི་སེམས་ཉིད་ཀྱི་ངང་ལས་སྐྱེ་འགག་བྱེད་པའི་ཕྱིར། ནམ་མཁའ་དང་གཞའ་སྤྲིན་བཞིན་ནོ། །འོ་ན་མཐའ་མ་ཡོད་པར་ཐལ་ཏེ།  ཐོག་མའི་བྱུང་ས་ཡོད་པ་ལ་མཐའ་མའི་ཐིམ་པས་ཁྱབ་པས་སོ། །ཞེས་ན།  ཁམས་གསུམ་སྤྱི་བཙན་དུ་མཐའ་མ་ཡོད་པའི་ཁྱབ་པ་མེད་དེ། མདོ་ལས།  འཁོར་བ་སྟོངས་པའི་བོན་ནི་ཤིན་ཏུ་མི་སྲིད་པ་ཅིག་ལགས། ཞེས་སོ། །གང་ཟག་སྒོས་བཙན་དུ་མཐའ་མ་ཡོད་པ་ནི་འདོད་དེ།  དེ་ཉིད་ལས།  འོལ་མོ་ལུང་རིང་སྟོངས་པ་ཙམ་ཅིག་སངས་རྒྱས་ཏེ་སོང་། ཞེས་པས་སོ། །”ཞེས་འགྲོ་མགོན་སོགས་ཀྱི་བཞེད་པ་ལྟར་དང་། བྱེ་བྲག་སེམས་ཅན་སྤྱི་དང་སྒོས་ཀྱི་ཁྱད་པར་གྱི་རྣམ་བཞག་ཀྱང་འཐད་ཕྱོགས་སུ་མཛད། ཡང«དབྱིངས་རིག་རིན་པོ་ཆེའི་མཛོད»ལས།          “སྔ་རབས་པ་རྣམས་ལས་བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ཀ་དག་གི་གྲུབ་མཐའ་འཛིན་ལ། ཞུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ལྷུན་གྲུབ་ཀྱི་གྲུབ་མཐའ་འཛིན་པར་བཤད་དེ།  གཤེན་རབ་ཀྱི་བཀའ་མེ་ལོང་སོགས་མཆན།བཙན་པས་ཕྱིས་ནས་ལུང་རིགས་ཀྱི་མངའ་བདག་ཆེན་པོ་འགྲོ་མགོན་བློ་གྲོས་དང་སྤྱན་གཅིག་པ་སོགས་ཀྱིས་བཀག་པར་མཛད་དོ། །”ཞེས་བྲུ་ཞུ་གཉིས་པོ་ཀ་དག་དང་ལྷུན་གྲུབ་བཞེད་པའི་ཕྱོགས་དེར་ཐེག་རིམ་གྱི་ཕྱོགས་སྔར་སོང་བའི་གསལ་འདོན་དང་། དེ་ཉིད་སྔར་ནས་དགག་ཟིན་པའི་བསྡོམས་ཚིག་ཀྱང་བཀོད། ཡང་དེ་ཉིད་ལས། “གཞན་ཡང་འཁོར་བའི་ཐོག་མ་མེད་ན་འཁོར་བ་ཡེ་ནས་གྲུབ་ཟིན་པས།  གཞི་ལས་གཞི་སྣང་འཆར་ལུགས་དང་།  དེ་ལས་རྟོགས་འཁྲུལ་བཤད་པ་རྣམས་དགོས་མེད་དུ་འགྱུར་ལ།  འདོད་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་གཏིང་ནས་ལོག་པར་ཐལ་ལོ། །”ཞེས་ཐུན་མིན་རྫོགས་པ་ཆེན་པོའི་བཞེད་གཞུང་རྩལ་དུ་བཏོན་ཏེ། ཐོག་མའི་གཞི་དང་དེ་ལས་གཞི་སྣང་གཡོས་ཚུལ་དང་སྦྱར་ནས་མ་རིག་པ་ལ་ཐོག་མ་ཡོད་པར་གསུངས་པ་འདི་ནི་གོང་གསལ་དཔལ་ཆེན་པོ་དང་།  སྒ་སྟོན་སོགས་ཀྱི་བཞེད་པ་དང་མི་འདྲ་བའི་ཁྱད་པར་མངོན་གསལ་ཅན་ཞིག་ཀྱང་ཡིན་པར་འདུག་གོ །
ཅུ་དྲུག  ཡོངས་འཛིན་བསྟན་འཛིན་རྣམ་དག་གི་བཞེད་ཚུལ།
   དེ་ཡང་སྨན་རིའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག༼༡༩༢༦-༽མཆོག་གིས་མཛད་པའི།  «དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ»ལས།  “རྫོགས་པ་ཆེན་པོའི་གཞུང་རྣམས་སུ། རྟོགས་ཏེ་སངས་རྒྱས་སུ་མ་བྱུང་། སྐུ་དང་ཡེ་ཤེས་སུ་མ་གྲུབ། མ་རྟོགས་ཏེ་སེམས་ཅན་མ་བྱུང་། ངམ་གྲོག་གཡང་ས་ཚེར་དོང་གང་མེད་པའི་དུས་ན། ཞེས་དང་། རྟོགས་ཏེ་ཨ་ཐ་མ་བྱུང་།  མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན།  གཞི་དངོས་པོ་གཤིས་དོན་གྱི་འདུག་ཚུལ་ཇི་ལྟར་གནས་པ་ནི།  ཞེས་སོགས་དུ་མ་གསུངས་པ་དང་། གཞན་ཡང་གཞུང་འགའ་ནས།  འཁོར་བ་ཐོག་མ་མེད་པ་ནས། ཞེས་སོགས་གསུངས་པ་ལ། ཚིག་དེ་དག་མཐོང་མ་ཐག་ཏུ་ནང་འགལ་དང་ཁྱབ་མེད་སོགས་མི་བརྗོད་པར།  ཞེས་སོགས་ནས།  ཁོ་ན་རེ།  ཐོག་མེད་གསུངས་པའི་དོན་དེ་ལྟར་མི་འཐད་དེ།  ད་ལྟའི་སེམས་ཅན་འདིའི་ཤེས་རྒྱུད་འདི་སྔ་མའི་ལས་ཉོན་གྱི་འཕངས་འབྲས་ཡིན་ན།  སྔར་ལས་ཉོན་དེ་གསོག་པའི་དུས་དེ་དེ་ཡི་འགོ་ཡིན་དགོས་པའི་ཕྱིར་ཟེར་ན།  དེ་ལྟར་ལས་ཉོན་གསོག་པོ་དེ་ཡི་རྒྱུ་སྔོན་དུ་འགྲོ་དགོས་ལ།  མ་སོང་ན་དེ་ལས་ཉོན་གསོག་པ་པོ་དང་། ལས་ཉོན་དེ་ཡི་རྒྱུར་མི་འགྱུར་བའི་ཕྱིར། ཡང་ཁོ་ན་རེ།  འཁོར་བའི་ཐོག་མ་མེད་པར་མི་འཐད་པར་ཐལ།  མཛོད་ལས།  ཡོད་མེད་ཀྱི་སྲིད་པ་ཡབ་ཡུམ་གཉིས་ཀྱིས་ཡོད་ཁམས་ཀྱི་འགྲོ་བ་དང་།  མེད་ཁམས་ཡབ་ཡུམ་གཉིས་ཀྱིས་འགྲོ་བ་སྤྲུལ་པར་གསུངས་པས།  དེ་འདྲའི་འགྲོ་བ་དེ་རྣམས་ནང་བཅུད་སེམས་ཅན་གྱི་གྲོལ་ཕུགས་སུ་གསུངས་པ་གང་ཞིག  གྲོལ་ཕུགས་ཡིན་ན་དེ་འགྲོ་བའི་ཐོག་མ་ཡིན་དགོས་པའི་ཕྱིར།  ཟེར་ན།  དེའི་དགོངས་དོན་ནི།  འགྲོ་བ་དེ་དག་ལུས་རིགས་སོ་སོར་བྱུང་བའི་ཁུངས་སུ་སྤྲུལ་པ་ལས།  འགྲོ་བ་དེ་དག་གི་ཤེས་རྒྱུད་ཀྱི་ཐོག་མ་ཡིན་པར་མ་གསུང་པའི་ཕྱིར།” ཞེས་སོགས་གསུངས་ཤིང་།  འཁོར་བའི་རྒྱུ་ལས་ཉོན་སྔོན་དུ་མ་སོང་བ་ཞིག་མེད་སྟབས་སྤྱིར་ན་འཁོར་བའི་ཐོག་མ་མེད་པ་དང་། རྫོགས་ཆེན་གྱི་ཐོག་མའི་གཞི་བསྟན་པ་ལྟར་གྱི་འཁོར་འདས་གང་ཡང་མ་གྲུབ་པའི་དུས་གསུངས་པ་དེ་ཡང་གང་ཟག་རེ་རེ་སྐྱེ་འཆི་བྱེད་པའི་དུས་ཀྱི་ཀ་དག་བོན་སྐུའི་བར་དོ་ལ་སྦྱར་བ་སོགས་བཞེད་པར་མཛད་དོ། །
བཅུ་བདུན།  དེ་དག་ལ་ཅུང་ཟད་དཔྱད་པ།
   དེ་ལ་གོང་དུ་མཁས་པ་སོ་སོའི་བཞེད་ཕྱོགས་མང་ཕལ་ཆེ་བ་བཀོད་པའི་རྩིས་ཡིན་རུང་ད་དུང་དེར་མ་འདུས་པ་ཡང་ཡོད་སྲིད་ལ། འདིར་བཀོད་པ་རྣམས་ཀྱི་དོན་རེ་རེ་ནས་ངེས་པ་ཡིན་ན་དེ་དག་ཕན་ཚུན་འདྲ་བའམ་མི་འདྲ་བའི་ཕྱོགས་གང་ཞིག་ཡོད་པའང་ཤུགས་ལས་ཤེས་ཐུབ་ཅིང་། ད་དུང་གབ་པའི་འགྲེལ་བཞི་དང་། འགྲོ་མགོན་མཛོད་འགྲེལ།  དབྱིངས་རིག་མཛོད་ལྟ་བུ་འགའ་ཞིག་ཡིག་ཚོགས་དབང་གིས་རྩོམ་འདིར་ལུང་ཆ་ཚང་འདྲེན་མ་ཐུབ་པ་རྣམས་ཀྱང་དཀྱུས་སུ་གཟིགས་ན་མཁྱེན་རྟོགས་ཡོང་སྲིད། འདིར་ཡང་མཁས་པ་སོ་སོའི་རིང་ལུགས་འཛིན་སྟངས་དང་། ཤེས་རིག་གི་འཕེལ་རིམ་དང་བསྟུན་པའི་འགྱུར་མཚམས།  དེ་བཞིན་སྤྱི་བཤད་དང་ཐེག་པ་ལ་སྦྱར་བའི་དབྱེ་མཚམས་སོགས་དཀའ་བའི་གནས་དང་། ལུང་དང་རིགས་པའི་སེང་ཆེན་དེ་དག་གི་དངོས་ཤུགས་ཀྱི་དགོངས་གཞི་དགོས་པ་སོགས་མུ་མེད་ནམ་མཁའི་མཐའ་བས་རྒྱ་ཆེ་ཞིང་། ཀློང་ཡངས་རྒྱ་མཚོ་ཆེན་པོ་ལས་ཀྱང་གཏིང་ཟབ་པའི་ཚོད་དུ་གྱུར་པ་ལ། རྨོངས་པ་བདག་ལྟ་བུས་འདི་དང་དེའོ་ཞེས་སྨྲ་བ་ནི་རང་གི་དེ་ཉིད་བསྒྲགས་པ་ཙམ་ལས་མེད་མོད་ཀྱང་། གཞན་ཞིག་ནས་མཁས་གྲུབ་འདི་རྣམས་ཀྱི་གསུང་གསང་རིན་ཆེན་གླིང་དུ་སྤྱོད་པའི་སྐལ་པ་བཟང་ཞིང་།  བློ་སྣ་ཤེས་རིག་ལ་ཕྱོགས་པའི་ཁུལ་དུ་འཛིན་པའི་ཆ་ནས་འབྲེལ་ཡོད་གནད་དོན་འགའ་ཞིག་དཔྱད་གཞིར་གླེང་བ་ལ།
   ༡༽  དེ་ལྟར་འཁོར་བ་ཐོག་མ་ཡོད་མེད་ཀྱི་རྩོད་པའི་འཕྲོས་གཞི་ཞིག་ནི་གཞི་ཡི་འདོད་ཚུལ་བྲུ་ཞུ་གཉིས་པོ་གཅིག་མཐུན་མ་ཡིན་པ་ལས་བྱུང་བ་གོང་གི་ཡིག་ཆ་དེ་དག་ལས་ཤེས་ཐུབ་པ་ལྟར་ཡིན་ལ།  བཞེད་པ་དེ་གཉིས་པོ་ནི་ཐེག་རིམ་རྩ་འགྲེལ་དང་། ཡེ་ཁྲི་བཤད་གཞིའི་མཆོང་ནས་ཕྱོགས་སྔར་མཛད་པའི་ཀ་དག་དང་ལྷུན་གྲུབ་དེ་གཉིས་སླར་ཡང་རང་ལུགས་སུ་མཛད་པ་ལྟ་བུར་སྣང་མོད།  དེའི་ཐད་ཤར་རྫ་རིན་པོ་ཆེའི་གསུང་གོང་དུ་དྲངས་པ་ལྟར། “སྔ་རབས་པ་རྣམས་ལས་བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ཀ་དག་གི་གྲུབ་མཐའ་འཛིན་ལ། ཞུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ལྷུན་གྲུབ་ཀྱི་གྲུབ་མཐའ་འཛིན་པར་བཤད་དེ།  གཤེན་རབ་ཀྱི་བཀའ་མེ་ལོང་སོགས་མཆན།བཙན་པས་ཕྱིས་ནས་ལུང་རིགས་ཀྱི་མངའ་བདག་ཆེན་པོ་འགྲོ་མགོན་བློ་གྲོས་དང་སྤྱན་གཅིག་པ་སོགས་ཀྱིས་བཀག་པར་མཛད་དོ། །”ཞེས་གསུངས་པ་འདིས་མཚོན་ཐུབ།  དེ་ལྟར་ན་ཁོང་རྣམ་གཉིས་ཀྱིས་ཕྱོགས་སྔའི་ལུགས་དེ་འདྲ་མཁྱེན་བཞིན་དུ་ཞལ་གྱིས་བཞེས་སམ།  ཡང་ན་མ་མཁྱེན་པ་ཡིན།  འོན་ཏེ་བཞེད་པ་དེ་གཉིས་ལའང་རྒྱུ་མཚན་གཞན་འགྲེལ་དུ་ཡོད་མེད་བཅས་ནི་བརྟག་བྱ་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག 
   ༢༽གོང་གསལ་རྫོགས་པ་ཆེན་པོའི་ལུགས་ཀྱི་གཞི་ངོས་འཛིན་ལས་འཕྲོས་པའི་འཁོར་བའི་ཐོག་མ་ཡོད་མེད་བཞེད་པ་འགའ་ཞིག་སྣང་བ་འདིར་གླེང་བ་ནི།  སྒ་སྟོན་གྱི«གཞི་ལམ་རྣམ་འབྱེད་རང་འགྲེལ»དུ། “ལུང་ནི་གཡུང་དྲུང་ཡང་རྩེ་ལས། །དང་པོ་རང་བཞིན་ལྷུན་གྲུབ་བོན། །འཁོར་འདས་གཉིས་སུ་མ་གྱེས་པ། །ཞེས་པ་ནས། འོ་ན་འཁོར་བ་བོན་ཅན།  ཐོག་མ་ཡོད་པར་ཐལ།  འཁོར་འདས་གཉིས་སུ་མ་གྱེས་པའི་དུས་ཀྱི་གཞི་བཤད་པའི་ཕྱིར་རོ། །ཞེ་ན་དེ་ནི་གནས་པ་གཞི་ཡི་བར་དོ་ལ་གཞི་དྲན་མེད་ཀྱི་ངང་ལ་དལ་ཅིག་བསྡད་པ་ལ་དགོངས་ཀྱི།  སེ་སྟོན་ལྟར་དེ་ལྟར་མ་ཡིན་པའི།   འཁོར་བ་ལ་ཐོག་མ་ཡོད་པའི་སུན་འབྱིན་ནི་འོག་ཏུ་འབྱུང་ངོ་། །”ཞེས་འཁོར་འདས་གཉིས་ཀ་མ་བྱུང་བའི་གཞི་བཤད་པའི་དོན་བར་དོའི་སྐབས་ལྟ་བུ་ལས་སྤྱིར་ན་དེ་འདྲ་མེད་པར་བཞེད།  འོན་ཏེ་བཞེད་ཚུལ་དེ་རྫོགས་པ་ཆེན་པོའི་ལུགས་ཞེས་དམིགས་སུ་མ་གསལ་ལ། མ་གཞི་སྔ་མོའི་མཁས་པ་ཚོས་དེ་ལྟར་དབྱེ་འབྱེད་གནང་བ་ཡང་ཉུང་བའི་ཚོད་དུ་གནས་ཡོད། ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི«དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ»ལས། “རྫོགས་པ་ཆེན་པོའི་གཞུང་རྣམས་སུ། རྟོགས་ཏེ་སངས་རྒྱས་སུ་མ་བྱུང་། སྐུ་དང་ཡེ་ཤེས་སུ་མ་གྲུབ། ཞེས་སོགས་ནས། འཁོར་བ་མ་བྱུང་བའི་སྔོན་རོལ་དེ་འཁོར་བའི་ཐོག་མ་ཡིན་པའི་ཕྱིར་སྙམ་ན།  འདི་ལྟར་གསུངས་པའི་འཁོར་བའི་ཐོག་མ་ནི།  སེམས་ཅན་ཞིག་ཤི་བའི་དུས་འདོད་ཁམས་པ་ལྟ་བུ་ཞིག་ཡིན་ན་ལུས་ཀྱི་ཕུང་པོ་འདི་འབྱུང་བའི་རྡུལ་རྫས་ལས་བྱུང་བ་དང་། ནང་གི་ཤེས་རྒྱུད་གཉིས་གསོན་པོའི་ཚེ་རྟེན་དང་བརྟེན་པའི་འབྲེལ་བ་ཤིན་ཏུ་དམ་པ་ཞིག་ཡོད་པ་དེ་འཆི་བའི་ནད་ཀྱིས་ལུས་སེམས་ཀྱི་འབྲེལ་བ་བཅད་པའི་རྗེས་སུ་གཤིན་པོ་དེའི་ཤེས་རྒྱུད་ལ་སྣང་བ་འཆར་ཚུལ་གྱི་རྣམ་པ་མདོ་སྔགས་སེམས་གསུམ་གྱི་གཞུང་དང་བསྟུན་ནས་བཤད་ན།” ཞེས་སོགས་ནས་བར་དོ་འཆར་ཚུལ་མདོ་སྔགས་སེམས་གསུམ་པོས་ངོས་འཛིན་མི་འདྲ་བར་གསུངས་ཤིང་།  དོན་དུ་འཁོར་འདས་མ་གྱེས་པའི་གཞི་ཞེས་པ་བར་དོ་ལ་འགྲེལ་བར་མཛད་པ་ནི་སྒ་སྟོན་དང་བཞེད་པ་མཐུན། བཞེད་པ་དེ་དང་ཅུང་མི་མཐུན་པ་ཞིག་ནི།  རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱི«གཞི་ལམ་འབྲས་གསུམ་གྱི་དོན་གསལ་བར་བཤད་པའི་རྣམ་བཤད་ཐར་ལམ་གསལ་བྱེད»ལས།  “ཁོ་ན་རེ།  འཁོར་བ་ལ་ཐོག་མ་ཡོད་པར་ཐལ།  དང་པོ་རང་བཞིན་ལྷུན་གྲུབ་འཁོར་འདས་གཉིས་སུ་མ་གྱེས་པ། ཞེས་པའི་སྐབས་སུ། གཞུང་དེས་འཁོར་འདས་ལ༼མ༽གྱེས་པའི་གཞི་བཤད་པའི་ཕྱིེར་ཞེ་ན།  ཞེས་པ་ནས། གཞུང་དེས་གནས་ས༼པ༽གཞིའི་བར་དོ་ལ་གཡོ་བ་མེད་པའི་རིག་པ་དྲིན༼དྲན༽མེད་ཀྱི་ངང་ལ་དར་ཅིག་གནས་པ་ལ་དགོངས་ནས་གསུང་པ་ཙམ་ཡིན་པའི་ཕྱིར། འོན་ཀྱང་རྩོམ་པ་པོའི་བཞེད་པ་ཡིན་པས། དེ་ལྟར་བཀོད་པ་ཡིན་གྱི། གཞུང་གི་དོན་དུ་འགྱུར་བ་དཀའ་བར་སྣང་།  གཞུང་གི་དོན་ནི། སེམས་རིག་ཅིང་གསལ་ཙམ་འདི། འཁོར་བའི་ཕྱོགས་སུ་ཡང་མ་ཆད། མྱ་ངན་ལས་འདས་པའི་ཕྱོགས་སུ་ཡང་མ་ཆད་པ་ལ་དགོངས་པ་ཡིན་ནམ་སྙམ་སྟེ།  བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །”ཞེས་མ་གཞི་འགྲེལ་པ་འདི་སྒ་སྟོན་གཞི་ལམ་རྣམ་འབྱེད་རྩ་བར་བཟུང་བ་ཡིན་མོད་ཀྱང་། དེ་ནས་གང་གསུངས་མཛུབ་མོ་གང་བསྟན་ཤར་དུ་མ་མཛད་ཅིང་བཞེད་པ་དེའི་ཕྱོགས་ལ་དོགས་སློང་དང་དཔྱད་བྱར་བཞེད་ཅིང་། འདི་འདྲ་ནི་སྔོན་མའི་མཁས་པ་ཕལ་མོ་ཆེའི་ལུགས་བཟང་ཞིག་ཀྱང་ཡིན་འདུག  དེ་བས་ཁ་གསལ་བ་ནི་ཤར་རྫ་རིན་པོ་ཆེའི«དབྱིངས་རིག་མཛོད»ལས།  “གཞི་སྣང་འཆར་བའི་དུས་ནི་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས།  འཆར་བའི་དུས་ལ་རྣམ་པ་གསུམ་ཡོད་དེ། །འཁྲུལ་དུས་ལྷན་སྐྱེས་ཡེ་ཤེས་ཉམས་སུ་མྱོང་། །དེ་དུས་ཆར་ཚུལ་གོང་དུ་གསལ་བར་བསྟན། །འཆི་དུས་བོན་ཉིད་བར་དོར་མ་བུ་མཇལ། །དེ་ཚེ་འཆར་བ་འོག་ཏུ་བར་དོར་བསྟན། །ཚེ་འདིར་འཆར་བ་རྟོགས་ལྡན་རྩ་ཁ་བྱེ། །རྩ་མདུད་གྲོལ་བས་ཡེ་ཤེས་མངོན་སུམ་འཆར། །”ཞེས་དང་།  “གཞན་ཡང་འཁོར་བའི་ཐོག་མ་མེད་ན་འཁོར་བ་ཡེ་ནས་གྲུབ་ཟིན་པས།  གཞི་ལས་གཞི་སྣང་འཆར་ལུགས་དང་།  དེ་ལས་རྟོགས་འཁྲུལ་བཤད་པ་རྣམས་དགོས་མེད་དུ་འགྱུར་ལ།  འདོད་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་གཏིང་ནས་ལོག་པར་ཐལ་ལོ། །”ཞེས་གཞི་ཀ་དག་ལས་སྣང་བ་འཆར་དུས་མི་འདྲ་བ་གསུམ་ཡོད་པ་མ་རྒྱུད་ཁུངས་སུ་མཛད་ཅིང་།  ཁྱད་པར་རྫོགས་པ་ཆེན་པོའི་ལུགས་ལ་འཁོར་འདས་མ་གྱེས་པའི་གཞི་བཤད་པ་ཚིག་ཟིན་ལྟར་བཞེད་ཅིང་།  དེ་ལྟར་མིན་པར་གཞི་དེ་བར་དོར་འགྲེལ་བ་ནི་རྩ་བའི་གཞུང་དོན་དང་འགལ་བར་གསལ་པོ་བསྟན་པ་དེ་ཡིན།  གནད་འདི་ལ་ཤར་རྫ་རིན་པོ་ཆེ་ནི་རྫོགས་པ་ཆེན་པོའི་གཞུང་ཆེན་རྣམས་ཀྱི་དགོངས་པ་ཇི་བཞིན་འཛིན་མཁན་ཞིག་ཡིན་པ་ཡང་ཤུགས་ལས་རྟོགས་ཐུབ།
   ༣༽  གོང་འཁོད་བྲུ་རྗེ་སོགས་ཐོག་མ་ཡོད་པ་དང་། དཔལ་ཆེན་སོགས་མེད་པར་བཞེད་པའི་ཕྱོགས་དེ་དག་ལ་དཔྱད་བརྗོད་ཀྱི་བསྡོམས་ཚིག་གཞན་ཞིག་བཀོད་པ་ནི། གདན་ས་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་འགྲུབ་ཀྱིས«འཁོར་བའི་ཐོག་མ་ཡོད་མེད་ལ་དཔྱད་པ»ལས། “བསྟན་དོན་འགལ་མེད་དུ་སྒྲུབ་པ་དྲང་བརྗོད་ཚངས་པའི་ཐིག་ཤིང་། ཞེས་པ་ནས། སྤང་ལམ་མཚན་ཉིད་ཐེག་པའི་ལུགས་ལ།  འཁོར་བའི་ཐོག་མ་མེད་པས་མཁས་མཆོག་དཔལ་གྱིས་བཞེད་པ་ཡང་འཐད་ལ།  སྔགས་སེམས་ཡང་རྩེ་བའི་ལུགས་ལ་འཁོར་བའི་ཐོག་མ་ཡོད་པར་གྲུབ་པས་བློ་གྲོས་ཆེན་པོ་ལ་སོགས་གཡས་རུའི་རིགས་པ་སྨྲ་བའི་བཞེད་སྲོལ་དེ་ཡང་ལེགས་པར་འཚམས་པ་ཡིན་ནོ། །”ཞེས་འཁོར་བ་ཐོག་མ་ཡོད་མེད་དཔྱད་ཚེ་ཐེག་པ་གོང་འོག་སོ་སོར་ཕྱེ་བའི་ཐོག་ནས་མདོ་ལྟར་ན།  མ་རིག་རྒ་ཤི་གཅིག་གིས་གཅིག  །བསྐྱེད་ཕྱིར་རྟེན་འབྲེལ་ཐོག་མཐའ་མེད། །ཅེས་པ་ལྟ་བུ་དང་།  རྫོགས་ཆེན་ལྟར་ན་ཐོག་པའི་གཞི་ལས་གཞི་སྣང་གཡོས་ཏེ་འཁོར་བ་གྲུབ་ཚུལ་མདོ་དང་ཐུན་མིན་འགྲེལ་དུ་ཡོད་སྟབས།  བྲུ་དང་རྨེའུའི་ལུགས་གཉིས་ཀ་མི་འགལ་བར་གསུངས་པ་ནི། གལ་ཏེ་ཁོང་རྣམ་གཉིས་ཀྱི་དགོངས་གཞི་དེ་ལྟར་ཡིན་པའི་དབང་དུ་བྱས་ན་འཐད་ཚུལ་གསུངས་པའམ།  ཡང་ན་གཞི་རྩའི་ཁོང་རྣམ་གཉིས་ཀྱི་དགོངས་པར་དེ་ལྟར་ཡོད་པས་ལུགས་གཉིས་ཀ་འཐད་ཅེས་པ་གང་ཞིག་ཡིན་དུ་ཆུག་ཀྱང་། གཞི་རྩའི་བྲུ་རྗེ་དང་དཔལ་ཆེན་སྐབས་སོགས་སུ་དེའི་སྐོར་དགག་སྒྲུབ་མཛད་པའི་ཚེ་ན་དེ་ལྟ་བུའི་ཐེག་པའི་ཁྱད་པར་ཡོད་ཚུལ་ད་ཡོད་དཔྱད་གཞིའི་ཡིག་ཆ་ཁག་ཏུ་མ་གསལ་ཞིང་།  ཡང་ན་མཁས་པ་དེ་རྣམས་ཀྱི་དགོངས་གཞི་སོ་སོར་སོང་སྟེ། ཕྱོགས་ཕན་ཚུན་གོ་བརྡ་གསལ་པོ་མ་འཕྲོད་པའི་དབང་གིས་རྩོད་སྒྲུབ་དེ་འདྲ་བྱུང་བ་རེད་ཅེས་ཟེར་ནའང་འཚམས་པོ་དེ་ཙམ་མ་རེད་སྙམ། དཔེར་ན་སྒ་སྟོན་གྱིས། “བྱེ་བྲག་ཏུ་དགག་པ་ནི། །བརྟགས་པས་དགག་སྟེ། འཁོར་བ་ཡིན་ན་སྐྱེ་བ་བར་མ་དོ་དང་། སྐྱེ་ས་རིས་དྲུག་གཉིས་སུ་ཁ་ཚོན་ཆོད། རིས་དྲུག་ལ་མཐོ་རིས་ངན་སོང་གཉིས་སུ་ཁ་ཚོན་ཆོད་དེ།  དེ་གསུམ་གང་ལ་ཐོག་མ་ཡོད། ཡོད་ན་མཐོ་རིས་ཀྱི་ཐོག་མ་ནི་དགེ་བ་ཟག་བཅས་ལས་བྱུང་ལ།  ངན་སོང་གི་ཐོག་མ་ནི་སྡིག་པ་ལས་བྱུང་ཞིང་། བར་མ་དོ་ནི་སྔར་གྱི་རྟེན་འཕོས་པ་ལས་བྱུང་བས། དེ་གསུམ་འཁོར་བའི་ཐོག་མ་མ་ཡིན་པར་འགྱུར་ཏེ།  ལས་དེ་དག་དང་། དེ་སྤྱོད་བྱེད་ཀྱི་གང་ཟག་སྔོན་དུ་སོང་བས་སོ། །ཐལ་འགྱུར་འདི་ནི་སྔ་རབས་པས་རྟོགས་པ་མེད་དེ།  ཁོ་བོའི་རྣམ་བཞག་གོ །”ཞེས་སྐྱེ་སྲིད་དང་བར་སྲིད་གང་ཡིན་རུང་རིགས་མཐུན་གྱི་རྒྱུ་རྐྱེན་སྔོན་དུ་འགྲོ་དགོས་པ་ཁྱབ་པའི་རིགས་པ་ཞིག་ཁོང་གིས་གསར་དུ་རྙེད་པ་ལས།  གཞན་ཐེག་པ་གོང་འོག་གི་ཁྱད་པར་ཡོད་ཚུལ་ནི་མ་གསལ་ལ།  ཤར་རྫ་རིན་པོ་ཆེས་ཀྱང་། “སྔ་རབས་པ་རྣམས་ལས་བྲུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ཀ་དག་གི་གྲུབ་མཐའ་འཛིན་ལ། ཞུ་ཆེན་པོ་རྗེས་འབྲེང་དང་བཅས་པས་ལྷུན་གྲུབ་ཀྱི་གྲུབ་མཐའ་འཛིན་པར་བཤད་དེ།  གཤེན་རབ་ཀྱི་བཀའ་མེ་ལོང་སོགས་མཆན།བཙན་པས་ཕྱིས་ནས་ལུང་རིགས་ཀྱི་མངའ་བདག་ཆེན་པོ་འགྲོ་མགོན་བློ་གྲོས་དང་སྤྱན་གཅིག་པ་སོགས་ཀྱིས་བཀག་པར་མཛད་དོ། །”ཞེས་གཞི་རྩའི་ཆེན་པོ་བྲུ་ཞུ་རྣམ་གཉིས་ཀྱི་ལུགས་དེ་ཡང་དགོངས་གཞི་གཞན་ཞིག་ལ་སྦྱར་ཏེ་གནད་ལ་ཁེལ་ཚུལ་ཡང་མ་གསུངས་པ་དེ་ལྟར་ངེས་སམ་སྙམ།
   ༤༽ཡང་གཡོར་མེ་བ་ལྟ་བུ་མཁས་པ་འགའ་ཞིག་གིས་ནི་ཐོག་མའི་གཞི་ཡི་བཞེད་མཚམས་དང་འཁོར་བའི་ཐོག་མ་ཡོད་མེད་སྐོར་དགག་སྒྲུབ་གནང་ཕྱོགས་དེ་དག་ལ་ཐུགས་སྣང་ཆེར་མ་མཛད་པའི་ཐོག བཞེད་པ་དེ་དག་ཀྱང་ཉེ་འདོད་རིང་དུ་སོང་སྟེ་གཞི་ཐད་ཀར་ངོས་འཛིན་དཀའ་བའི་ཚུལ་གྱི་དགོངས་པ་ཡང་འཁྲུངས་ཡོད་པ་ནི། གཡོར་པོ་མེ་དཔལ་གྱིས་མཛད་པའི། «ངོ་སྤྲོད་རིན་ཆེན་གསལ་འདེབས»ལས། “ཁ་ཅིག་གཞའ་དཀའ༼གཞི་ཀ་དག༽འཁོར་བ་ཐོག་ཡོད་བཞེད་ལ།  ཁ་ཅིག་གཞིའ་ལྷུན་གྲུབ་དང་འཁོར་བ་ཐོག་མེད་དུ་བཞེད་ལ། ཁ་ཅིག་གཞིའ་བར་དོ་ཆེན་པོ་ལ་འབྱུང་བར་བཞེད་དོ། །དེ་རྣམས་ཐམས་ཅད་བྱ་ཁྱུང་ཞོན་ནས་བྱ་ཁྱུང་འཚོལ་བ་དང་འདྲ་སྟེ།    ཉེ་འདོད་རིང་སྐོར་དུ་སོང་ནས། གཞིའ་ཅར་ཕོག་དུ་ངོས་མ་ཟིན་པར་གདའོ། །”ཞེས་གསུངས་པ་འདིས་ཤེས་ཐུབ་པ་འདུག  དེ་ལྟར་འཁོར་བའི་ཐོག་མ་ཡོད་མེད་སྐོར་ལ་བསྐྱར་ཞིབ་ཕྲན་བུ་ཞུས་པ་འདི་ཡང་གཅིག་ནས་སྔོན་བྱོན་མཁས་དང་གྲུབ་པའི་སྐྱེས་མཆོག་དེ་དག་གི་དགོངས་དོན་ཇི་བཞིན་གོ་སྟབས་བདེ་ཕྱིར་ཕྱོགས་གཅིག་ཏུ་དྲིལ་བ་དང་།  གཉིས་ནས་དུས་རིམ་མི་འདྲ་བའི་ནང་དུ་བརྗོད་གཞི་དེ་ལ་དབྱེ་ཞིབ་དང་འགྱུར་ལྡོག་གང་འདྲ་བྱུང་ཡོད་མེད་ཤེས་པའི་ཆེད་དུའང་ཡིན་མོད་དེ། ད་དུང་རང་བློ་འཁྲུལ་པའི་དཔུང་འཐུག་སྟབས་འགལ་དང་ནོངས་པ་ཅི་མཆིས་རིས་མེད་མཁས་དབང་རྣམས་ཀྱི་དྲུང་དུ་བཟོད་གསོལ་དང་སྦྲགས་སླད་མར་གནད་དོན་འདི་རིགས་ལ་དཔྱིད་ཕྱིན་པའི་ཞིབ་འཇུག་གང་ལེགས་ཡོང་བའི་རེ་བསྐུལ་དང་བཅས་དེ་ཙམ་གྱིས་གྲུབ་པར་བྱས་སོ།།  །།             
དཔྱད་གཞིའི་ཡིག་ཆ།
⑴ སྟོན་པ་སངས་རྒྱས།  «ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར» སྒོ་བཞི་མཛོད་ལྔའི་ཡང་བཅུད།  དེབ་ཕྲེང་ལྔ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⑵བླ་ཆེན་དྲན་པ་ནམ་མཁའ།  «བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིག་པའི་རྒྱ་མཚོ»   སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་ཕྲེང་བརྒྱད་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༨
⑶བླ་ཆེན་དྲན་པ་ནམ་མཁའ།  «དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང» སྒོ་བཞི་མཛོད་ལྔའི་ཡང་བཅུད།   དེབ་ཕྲེང་ཉེར་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⑷ བླ་ཆེན་དྲན་པ་ནམ་མཁའ།  «རྫོགས་པ་ཆེན་པོ་སྙན་བརྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་འགྲེལ་བ» སྒོ་བཞི་མཛོད་ལྔའི་ཡང་བཅུད།   དེབ་ཕྲེང་ཉེར་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⑸  རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན། «རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ» ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་།  དེབ་ཕྲེང་བཅུ་དགུ་པ།  ༢༠༠༥
⑹ མེ་སྟོན་ཤེས་རབ་འོད་ཟེར།  «ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ་དང་།  ལྟ་སྒོམ་ལམ་གྱི་རིམ་པ། ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་བཅས»  དེབ་གཟུགས། ཕུན་ཚོགས་རྣམ་རྒྱལ་གྱིས་དཔར།
⑺  སངས་རྒྱས་ཞུ་ཆེན། «གབ་འགྲེལ་རིག་པའི་བང་མཛོད»  ལུང་ཚིག་ཡོང་ཁུངས«འཁོར་བའི་ཐོག་མ་ཡོད་མེད་ལ་དཔྱད་པ»ཞེས་པའི་རྩོམ། རྩོམ་པ་པོ། སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ།  ཧི་མ་ལ་ཡའི་བོན་དྲྭ་ཚིགས།
⑻ སུམ་ལྡན་གཡོར་པོ་མེ་དཔལ།  «ངོ་སྤྲོད་རིན་ཆེན་གསལ་འདེབས» ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པ་དང་བོགས་འདོན་གེགས་སེལ་བཅས་ཀྱི་གདམས་པ།  ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད།  ༢༠༠༢
⑼ འགྲོ་མགོན་བློ་གྲོས་རྒྱལ་མཚན། «ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན» གཡུང་དྲུང་བོན་གྱི་ཚད་མ་རིག་པའི་དཔེ་ཚོགས།  དེབ་ལྔ་པ།  ༢༠༠༥
 ⑽ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། «བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག»   ལྔ་རིག་བོན་གྱི་སྙིང་གཏེར།  དེབ་དང་པོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༥
⑾ བྲུ་སྟོན་རྒྱལ་བ་གཡུང་དྲུང། «གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད» སྒོ་བཞི་མཛོད་ལྔའི་ཡང་བཅུད།  དེབ་ཕྲེང་བཅུ་དགུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
 ⑿ བྲུ་སྟོན་རྒྱལ་བ་གཡུང་དྲུང། «ངོ་སྤྲོད་རིན་ཆེན་གསལ་འདེབས་རྒྱབ་སྐྱོར་གྱི་གདམས་པ» སྒོ་བཞི་མཛོད་ལྔའི་ཡང་བཅུད།  དེབ་ཕྲེང་ཉི་ཤུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⒀  རྨེའུ་རྒྱལ་མཚན་མཆོག་ལེགས།  «གཞི་ལམ་འབྲས་གསུམ་གྱི་དོན་གསལ་བར་བཤད་པའི་རྣམ་བཤད་ཐར་ལམ་གསལ་བྱེད» དེབ་གཟུགས།  ཡ་གླིང་གློག་རྡུལ་དཔེ་རྙིང་དཔེ་སྐྲུན་ཁང་།
⒁ མཉམ་མེད་ཤེས་རབ་རྒྱལ་མཚན།  «སྣང་སྲིད་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒོན་མེ»སྒོ་བཞི་མཛོད་ལྔའི་ཡང་བཅུད།  དེབ་ཕྲེང་བཅུ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⒂ མཉམ་མེད་ཤེས་རབ་རྒྱལ་མཚན། «གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག»  གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཕྱོགས་སྒྲིག   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠
⒃ ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན། «གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ་ཐར་ལམ་གསལ་བའི་སྒྲོན་མ» ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ།  དེབ་ཕྲེང་བདུན་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥
⒄ཡོངས་འཛིན་རྣམ་དག་འོད་ཟེར།  «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་བདུན་པའི་ཚིག་དོན་དཀའ་གནད་རབ་གསལ»  སྒོ་བཞི་མཛོད་ལྔའི་ཡང་བཅུད།  དེབ་ཕྲེང་བཅུ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣
⒅ཤར་རྫ་བཀྲ་ཤིས་རྒྱལ་མཚན། «སྡེ་སྣོད་རིན་པོ་ཆེའི་མཛོད་ལས་འབྲས་བུ་གསང་སྔགས་ཐེག་པའི་འགྲེལ་པ་གསང་དོན་གསལ་བའི་སྒྲོན་མ»  སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར་ཞེས་བྱ་བ།  སྨད་ཆ།  ནུབ་མཚོ་ས་ཁྲ་པར་འདེབས་བཟོ་གྲྭས་དཔར།
⒆ ཤར་རྫ་བཀྲ་ཤིས་རྒྱལ་མཚན། «དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན»  ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ།  དེབ་བཅུ་གཅིག་པ།  གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།  ༢༠༡༦
⒇ ཡོངས་འཛིན་བསྟན་འཛིན་རྣམ་དག  «སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ» དེབ་ཕྲེང་བཅུ་གསུམ་པ།  ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༥
(21)སྤ་སྟོན་འོད་གསལ་རྒྱལ་མཚན། «རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ» རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།  དེབ་ཕྲེང་བཅོ་བརྒྱད་པ།  ༢༠༠༥
(22) རྒྱལ་ཚབ་ཀུན་བཟང་བློ་གྲོས།   «ཞང་བོད་ཀྱི་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་སྨད་ཆ»  རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ།  དེབ་ལྔ་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
(23) བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།  «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»  ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།  ༢༠༡༤
ཁོང་ནི་ཡོངས་གྲགས་བྲུ་ཆེན་ནམ་མཁའ་གཡུང་དྲུང་ཞུ་བ་དེ་ཡིན་ལ་འཁྲུངས་འདས་ཀྱི་ལོ་ཚིགས་ནི༼༩༩༤-༡༠༥༤༽ལོ་ཡིན་པར་གསལ།
འདི་ལ་བཞེད་ཚུལ་འགའ་ཞིག་འདུག་རུང་ཞུ་སྐྱེ་སེ་ཆེན་པོ་ཡིན་པར་སྙམ་སྟེ། ཞུ་ཆེན་པོ་ནི་ཞུ་སྐྱེ་སེ་ཆེན་པོ་ཞེས་པའི་བར་གྱི་སྐྱེ་སེ་བསྡུས་པ་ཙམ་ཡིན་ལ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས༼༩༩༩-༡༠༧༨༽ཡིན་པར་ཁྱུང་སྤྲུལ་བསྟན་རྩིས་ལྟར་བྱས་ཤིང་གཞན་དེ་དང་མི་འདྲ་བའང་ཡོད་འདུག
ཞང་བོད་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་།  སྨད་ཆ།  ཤོག་ངོས།  ༡༡༩  པར་གསལ།
མཁས་པ་དཔལ་ཆེན་པོའི་རྣམ་ཐར།  ཤོག་ངོས།  ༡༨  པར་གསལ།
ཐེག་འགྲེལ་མེ་ལོང་དགུ་སྐོར།  ཤོག་ངོས།  ༧༤ པར་གསལ།
གོང་གསལ་ཤོག་ངོས།  ༧༧ པར་གསལ།
བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིག་པའི་རྒྱ་མཚོ། ཤོག་ངོས། ༧༩ པར་གསལ།
གོང་དང་མཚུངས།
གོང་མཚུངས་ཤོག་ངོས།  ༨༠ པར་གསལ།
གོང་མཚུངས་ཤོག་ངོས། ༨༡ པར་གསལ།
མཆོང་འདི་རྣམས་སྔོན་མ་ཡོད་རུང་ད་ལྟ་འགའ་ཤས་ལས་མེད་པ་འདྲ།
དགོད་འདོད་གསལ་བྱེད་བཤད་གཞིའི་མཆོང་།  ཤོག་ངོས། ༢༠༦  པར་གསལ།
གོང་མཚུངས་ཤོག་ངོས།  ༢༡༢  པར་གསལ།
ཁམས་ཆེན་པོ་བརྒྱད་ལས་དབྱིངས་ཁམས་ཀྱི་འགྲེལ་པ།  ཤོག་ངོས།  ༤༠༦ པར་གསལ།
ལྟ་བའི་རིམ་པ།  ཤོག་ངོས།  ༡༩  པར་གསལ།
གབ་འགྲེལ་རིག་པའི་བང་མཛོད།  འཁོར་བའི་ཐོག་མ་ཡོད་མེད་ལ་དཔྱད་པ་ཞེས་པའི་རྩོམ་ཡིག   ཧི་མ་ལ་ཡའི་བོན་དྲྭ་ཚིགས་སུ་གསལ།
ངོ་སྤྲོད་རིན་ཆེན་གསལ་འདེབས།  ཤོག་ངོས།  ༡༡   པར་གསལ།
གལ་མདོ་དྲི་མེད་གསལ་སྒྲོན།  ཤོག་ངོས།  ༡༡༧  པར་གསལ།
སྒ་སྟོན་གྱི་མཛོད་ཀུན་བཏུས་རང་འགྲེལ།  ཤོག་ངོས།  ༢༠༢ པར་གསལ།
སྒ་སྟོན་གྱི་གཞི་ལམ་འབྲས་བུའི་རང་འགྲེལ།  ཤོག་ངོས།  ༡༣ པར་གསལ།
ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མ་ཤེས་རུང་ཞང་བོད་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་དུ།  “གཅེན་ག་གྲགས་ལ་སྲས་གསུམ་སྟེ།  སུམ་སྟོང་ལྷ་འབུམ། རྒྱལ་མཚན་མཆོག་ལེགས། དམ་པ་རང་གྲོལ་དང་གསུམ།” ཞེས་དང་།  ཡིག་ཆ་དེར། རྨེའུ་སྨྲ་སེང་བཅུ་གསུམ་གྱི་སྐབས་སུའང་།  བརྒྱད་པ་སུམ་སྟོང་ལྷ་འབུམ།  དགུ་པ་སྒ་སྟོན་ཚུལ་རྒྱན། བཅུ་པ་རྒྱལ་མཚན་མཆོག་ལེགས། བཅུ་གཅིག་པ་གཡོར་མེ་བ་ཡིན་པར་གསལ།  ཡང་བོན་བརྒྱའི་བསྟན་རྩིས་སུ་སུམ་སྟོན་ལྷ་འབུམ༼༡༡༣༥༽ལོར་འཁྲུངས་པར་གསལ་བས་ཁོང་ཡང་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་དགོས་པར་འདྲ་ཞིང་།  ཡིན་ནའང་ཁོང་སྒ་སྟོན་གྱི་རྗེས་སུ་ཡིན་དགོས་ཤིང་སྒ་སྟོན་དུས་རབས་བཅུ་གསུམ་ནང་བྱོན་པ་ལྟར་ན་འགྲིག་དཀའ་བས་འདིའི་སྐོར་དཔྱད་དགོས་འདུག
གཞི་ལམ་འབྲས་གསུམ་གྱི་རྣམ་བཤད།  ཤོག་ངོས།  ༡༥ པར་གསལ།
རྒྱབ་སྐྱོར་གྱི་གདམས་པ། ཤོག་ངོས།  ༡༦༨  པར་གསལ།
གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད། ཤོག་ངོས།  ༡༡༡པར་གསལ།
རྗེ་ཡི་མཛོད་འགྲེལ།  ཤོག་ངོས།  ༡༩༠  པར་གསལ། 
གསང་དོན་རྣམ་འབྱེད་གཞུང་།  ཤོག་ངོས། ༣༦༠  པར་གསལ། 
གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ།  ཤོག་ངོས།  ༥༦པར་གསལ།
ཤེར་ཕྱིན་སྐབས་བདུན་པའི་རྣམ་བཤད།  ཤོག་ངོས།  ༡༩༡ པར་གསལ།
སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་གསང་དོན་གསལ་བའི་སྒྲོན་མ།  ཤོག་ངོས།  ༩༧༠  པར་གསལ།
དབྱིངས་རིག་རིན་པོ་ཆེའི་མཛོད།  སྟོད་ཆ།  ཤོག་ངོས།  ༡༩༡  པར་གསལ།
གོང་མཚུངས་ཤོག་ངོས།  ༢༤༤ པར་གསལ།
དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ།  ཤོག་ངོས།  ༥༦ པར་གསལ།
སྤྱིར་ན་བྲུ་ཆེན་དང་ཞུ་སྐྱེ་སེ་རྣམ་གཉིས་དུས་སུ་ཐེག་རིམ་གྱི་སྐོར་དང་།   ནམ་མཁའ་འཕྲུལ་མཛོད་སོགས་ད་དུང་གཞི་ནས་འབྱུང་དགོས་པ་འདྲ་སྟེ།  ནམ་མཁའ་འཕྲུལ་མཛོད་སྙན་དུ་བརྒྱུད་ས་ལུང་བོན་ལྷ་གཉན་སྤྱི་ལོ༼༡༡༡༢༽འཁྲུངས་པར་ཧོར་པ་དྲུང་རམས་པས་བཞེད་ཅིང་དེ་བཞིན་ཐེག་རིམ་སོགས་ཀྱང་བརྒྱུད་རིམ་ལ་བརྟགས་ན་ལུང་བོན་གོང་དུ་ཡུན་རིང་སོང་བའི་བཟོ་མི་འདུག   དེས་ན་ལུང་བོན་ལས་བྲུ་ཆེན་ལོ༼༡༡༨༽སྔ་ཞིང་ཞུ་ཆེན་ཡང་མ་མཐའ་ལོ༼༤༨༽ཙམ་སྔ།  ད་དུང་ལུང་བོན་ལ་སྙན་བརྒྱུད་དགུང་ལོ་སོ་གཅིག་ཐོག་གཞི་ནས་བྱུང་བར་བཤད་པས་ཀྱང་བརྟག་བྱ་ཡོད་འདུག  གུ་བཀྲའི་ཆོས་འབྱུང་དུ།  བན་དེ་མི་གསུམ་གྱི་གཏེར་སློབ་གཉགས་སྟོན་ལྷ་འབར།  དེའི་སྲས་དྲི་མེད་ཟླ་ཤར།  དེའི་སློབ་མ་འདར་འཕྱར་བ་ཡིན་ཚུལ་ཞིག་འདུག་ཅིང་།  འདར་འཕྱར་བ་ནི་ས་པཎ་དང་དུས་མཉམ་ཡིན་པ་ཆོས་འབྱུང་དེར་གསལ་ཞིང་།  ས་པཎ༼༡༡༨༢༽ལོར་འཁྲུངས།  གོང་གི་ཐེག་རིམ་སྐོར་ནི་འབྲེ། རྐྱང་།  སུམ་པ་སྟེ་བན་དེ་མི་གསུམ་གྱི་གཏེར་ཡིན་པར་བན་བོན་གཉིས་ཀར་གྲགས་ཤིང་།  དེ་ལྟར་ན། ཀོང་སྤྲུལ་གྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ།  ས་པཎ་དང་།  གྲུབ་ཐོབ་འདར་འཕྱར།  འབྲེ་རྐྱང་སུམ་པ་སུམ་ཚོགས་སོགས་རབ་བྱུང་གསུམ་པའི་ནང་བྱོན་པར་གསུངས་པས་ཀྱང་ཤེས་སོ །
གཞི་ལམ་རྣམ་འབྱེད་རང་འགྲེལ།  ཤོག་ངོས། ༡༢ པར་གསལ། 
དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ།  ཤོག་ངོས།  ༥༨ པར་གསལ།
གཞི་ལམ་འབྲས་གསུམ་གྱི་རྣམ་བཤད།  ཤོག་ངོས།  ༡༤ པར་གསལ།
དབྱིངས་རིག་རིན་པོ་ཆེའི་མཛོད།  སྟོད་ཆ།  ཤོག་ངོས།  ༢༡༧  པར་གསལ།
གོང་མཚུངས་ཤོག་ངོས།  ༢༤༤ པར་གསལ།
འདིར་བཀོད་པའི་མཁས་པ་འགའ་ཞིག་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་དཔྱད་ཞིབ་བྱས་ཏེ་བཀོད་པ་མ་ཡིན་པས་ད་དུང་དཔྱད་དགོས་ཡོད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།