བན་བོན་གྱི་ཡིག་ཆ་གོ་བསྡུར་ནས་བོན་གྱི་གཏེར་ཡིག་གླེང་བ།

[ཟླ་ཚེས། 2020-08-16 17:08:11][རྩོམ་པ་པོ། ལྷ་རབས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཤེན་ཆེན་ཀླུ་དགའི་གཏེར་གནས་ལྷོ་འབྲིག་འཚམས་མཐའ་དཀར།
གནད་བསྡུས། འདིའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྦ་གསལ་སྣང་གིས་མཛད་པར་གྲགས་པའི《རྦ་བཞེད》གཙོས་པའི་སྟོན་པ་ཐུབ་པའི་རིང་ལུགས་འཛིན་པ་རྣམས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་འབྱུང་སོགས་ཀྱི་ནང་དུ། སྤྱི་ལོ་༡༠༡༧ལོ་སྟེ་གཤེན་ཆེན་ཀླུ་དགས་བོན་གཏེར་ཡིག་མ་བཏོན་གོང་བོན་དཔེའི་གནས་བབ་སྟེ།  བོད་རྒྱལ་སྤུ་ལྡེ་གུང་རྒྱལ་གྱི་སྐབས་དང་། ལྷ་ཐོ་ཐོ་རུ་སྙན་བཙན།  བོད་རྒྱལ་སྲོང་བཙན་སྒམ་པོ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་ཀྱི་དུས་སུ་བོན་དཔེ་ཇི་ལྟར་དར་བ་འགལ་རྐྱེན་དབང་གིས་ཚུལ་ཅི་ལྟར་སྦས་པ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་གུ་གེའི་ཕྱོགས་སུ་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་སྤེལ་ཆེད་བོན་དཔེ་དུ་མ་ཞིག་རྩ་མེད་དུ་གཏོང་ཚུལ་ཁོང་གི་རྣམ་ཐར་སོགས་སུ་གསལ་པོར་འཁོད། དེ་དག་བོན་གྱི་དཔེ་གཞུང་རྣམས་ལ་བསྡུར་ཏེ་ཡོང་ན་བོན་གྱི་གཏེར་ཡིག་སྐོར་གྱི་དཔྱད་གཞི་མཐོང་སྣེ་མང་དུ་མཐོང་ཐུབ།    བོན་གྱི་འགག་རྩའི་གནད་དོན་ཞིག་ནི། བོན་གྱི་གཏེར་སྟོན་པ་གྲགས་ཅན་གཤེན་ཆེན་ཀླུ་དགའ་ཡིན་ལ་བོན་གྱི་བསྟན་པ་ཕྱི་དར་གྱི་ཐོག་མ་གཤེན་ཆེན་ཀླུ་དགས་བོན་གཏེར་བཏོན་པ་ནས་འཇོག། འོན་ཀྱང་། གཤེན་ཆེན་ཀླུ་དགའི་འཁྲུངས་ལོའི་ཐད་ལ་སྔོན་བོན་གྱི་མཁས་པ་འགའ་བཞེད་ཕྱོགས་གཅིག་གྱུར་མེད་གཤིས་དེ་དག་དཔྱད་བསྡུར་བྱས་ན་ཀུན་མཁྱེན་ཉི་མའི་བཞེད་ཕྱོགས་འཐད་ལྡན་འགྲོ་བའི་སྒྲུབ་བྱེད་གང་འཚམས་འགོད་ནུས་པ་དང་། དེ་མཚུངས་གཤེན་ཆེན་ཀླུ་དགའི་སྐུ་ཚེའི་རྒྱུད་རིམ་ལ་བརྟགས་ནས་ཡོང་དུས་ཁོང་གྲུབ་ཐོབ་ཅིག་ཡིན་ནའང་ཐ་སྙད་རིག་གནས་ཀྱི་མཁས་པ་ཞིག་མིན་པའི་ཚུལ་གསལ་བས་ཐུའུ་བཀན་སོགས་ཀྱི་དགོངས་པ་དེ་ལ་ཡང་སྙིང་རྒྱུ་མཚན་ཅི་འདྲ་ཡིན་པའི་སྐོར་ལ་དོགས་འདྲི་བྱས་པ་བཅས་སོ།།
གནད་ཚིག  ཆོས་འབྱུང་།  བོན་གཏེར།  གཤེན་ཆེན་ཀླུ་དགའ།  བོན་བསྟན་ཕྱི་དར།

དབུས་བསམ་ཡས་དང་བསམ་ཡས་ཀྱི་མཆོད་རྟེན་ནག་པོ།

གླེང་གཞི།
   རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་ཚང་གིས་དང་ཐོག་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་(༡༡༨༢—༡༢༥༡)གྱིས་གཏེར་དཔེ་རྣམས་ཁུངས་བཙན་ཡིན་མིན་དོགས་འདྲི་བྱས་ཤིང་། རྗེས་སུ་འབྲི་གུང་དཔལ་འཛིན་(༡༤༠༠ལོར་ཆོས་དང་ཆོས་མིན་རྣམ་འབྱེད་མཛད་)གྱིས་གཏེར་མ་ཞེས་པ་ནི་རྙིང་མ་བས་རྫུན་བཟོ་བྱས་པ་ཞིག་གོ་ཞེས་ཐད་ཀར་བཤད་ཡོད་[1]ཅེས་གོ་རིམ་གྱི་སྡོམ་ཚིག་ཅིག་བཀོད་ཡོད་པ་ལྟར་གཏེར་དཔེ་ལ་དམིགས་བསལ་གྱི་ལྟ་ཚུལ་འཛིན་མཁན་མང་པོ་བྱུང་ཡོད།  ལྷག་དོན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་མཛད་པར་གྲགས་པའི་(༡༡༤༣—༡༢༡༧)《དགོངས་གཅིག་ཡིག་ཆ》[2]འི་ནང་གཤེན་ཆེན་ཀླུ་དགའི་བོན་གཏེར་རྣམས་རྫུན་བཟོ་ཡིན་པར་བཤད་ཅིང་རྗེས་སུ་དགེ་ལུགས་པའི་བླ་མ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་(༡༧༣༦—༡༨༠༢)“གསུམ་པ་ཐ་མར་བསྒྱུར་བ་ནི།  གླང་དར་གྱིས་བསྟན་པ་བསྣུབས་རྗེས་གཙང་བསྟོད་ན་གཤེན་རྒུར་ཀླུ་དགའ་བྱ་བས། དར་ཡུལ་སྒྲོ་ལག་བྱ་བ་དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་ཏུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམས་ཆེན། ཉི་ཤུ་རྩ་ལྔ་ལ་ཁམས་ཆུང་། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ཅེས་བཏགས། བརྡ་ཆད་དང་བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་དྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས།  ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན།”[3]ཞེས་གོང་གི་རྗེས་སུ་འབྲངས་ཏེ་མཐའ་གཅིག་ཏུ་རྫུན་བཟོ་ཡིན་པའི་སྐོར་བཤད་ཡོད། དཔེ་ཆ་འདི་ནི་དེང་དུས་ཁྱབ་རྒྱ་ཆེ་གཤིས་ཞིབ་འཇུག་པ་དང་བན་ཕྱོགས་ཀྱི་མཁས་པ་མང་པོའི་སེམས་སུ་མཐའ་ད་རུང་དེ་ནི་དེ་བཞིན་ནོ་སྙམ་ནས་མགྲིན་པ་གཟེངས་སུ་བསྟོད་དེ་བརྗོད་བཞིན་ཡོད། འོན་ཀྱང་། དེ་འདྲའི་སྡོམ་ཚིག་བཀོད་པ་ལྟར་གྱི་ལས་སླ་མོ་ཞིག་མ་ཡིན་པར་ད་ལན་ཚད་འཛིན་གྱི་ཆོས་འབྱུང་དུ་མའི་ནང་ནས་བོད་རྗེ་སྲོང་བཙན་སྒམ་པོ་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་བོན་དཔེ་དུ་མ་ཞིག་གཏེར་དུ་སྦས་ཡོད་པའི་སྐོར་འཁོད་པ་དང་། ཕྱིས་སུ་བོན་དཔེ་གཏེར་ནས་སྟོན་མཁན་ལ་ཡང་ནེ་པ་ལ་ནས་ཡིན་པའི་གནས་སྐོར་བ་དང་། ལུག་རྫི་སོགས་མདོར་ན་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱེད་མ་མྱོང་བའི་གཏེར་སྟོན་དུ་མ་ཞིག་ཡོད་ལ། དཔེར་ན་བསམ་ཡས་ནས་གཏེར་ཞལ་འཕྱེ་མཁན་གྱི་ཨ་ཙ་ར་དཀོན་མཆོག་གྲགས་པ་དང་། ཉ་མོ་མགོན་པོ། སད་ཀུན་རཏྣ་གསུམ་དང་།  བསམ་ཡས་ཅ་ཏི་དམར་པོའི་མཆོད་རྟེན་འོག་ནས་གཏེར་བཏོན་མཁན་བན་སྡེ་མི་གཉིས།  གཤེན་ཆེན་ཀླུ་དགའ་སོགས་དེ་ཡི་གྲལ་དུ་གཏོགས་པ་ཞིག་ཡིན། རྒྱུ་མཚན་དེ་དག་དབང་གིས་ང་ཚོས་ནན་གྱིས་དབྱེ་ཞིབ་ཐོན་ན་དགོས་པ་མ་གཏོགས་ཟེར་སྒྲོས་ཙམ་གྱིས་ཆོག་པ་ཞིག་མ་ཡིན།  ཕྱོགས་གཞན་ནས་གླེང་ན་ད་ལྟའི་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱི་སྟོན་པ་གཤེན་རབ་མི་བོའི་མཐའ་ཡས་པའི་མཛད་པ་རྣམས་དང་། ད་ལྟར་བཤད་བཞིན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྣམས་ཀུན་གྱི་གྲོལ་གཞི་བོན་གྱི་གཏེར་ཡིག་རང་ལ་ཐུག་ཡོད་གཤིས་རྩོད་གཞི་དུ་མ་ཞིག་འདི་ཡི་ལམ་ནས་ཐག་གཅོད་དགོས་པ་དང་། ཁུངས་ལྡན་ཡིན་མིན་གྱི་གནད་དུ་མ་ཞིག་ཀྱང་ཡང་འདི་ཡི་ལམ་ནས་རྙེད་དགོས་པ་ཞིག་ཡིན། དེས་ན་ང་ཚོས་དུས་རབས་བཅུ་གཅིག་པའི་ཡར་སྔོན་གྱི་བོན་གྱི་གནས་བབ་དེ་བོན་དཔེ་རང་གི་འགྲེལ་བཤད་ཙམ་ལ་གཞི་མི་བཅོལ་བར་ཆོས་འབྱུང་ཁག་ལས་ཅི་ལྟར་བཤད་ཡོད་པའི་ཚུལ་ལ་བལྟ་རྒྱུ་གལ་ཆེའི་གནས་སུ་མཐོང་།

དང་པོ།         བོན་གྱི་གཏེར་ཡིག་མ་ཐོན་གོང་གི་བོན་དཔེའི་གནས་བབ།
   བོན་གཏེར་མ་ཐོན་གོང་གི་བོན་དཔེ་ཟེར་བ་ནི་གཤེན་ཆེན་ཀླུ་དགས་སྤྱི་ལོ་༡༠༡༧ལོར་ཅོག་རོ་འབྲི་འཚམས་ནས་གཏེར་ཞལ་མ་ཕྱེས་གོང་གི་བོན་དཔེའམ་གཏེར་ནས་མ་བཏོན་པའི་བོན་དཔེའི་གནས་བབ་ཐུབ་བསྟན་རིང་ལུགས་འཛིན་པའི་ཆོས་འབྱུང་རྣམས་ལས་བཤད་ཚུལ་དེ་ཡིན་ཞིང་།  ང་ཚོས་རིམ་གྱིས་འོག་ནས་ལུང་འདྲེན་དང་ལྷན་ཁ་ཇེ་གསལ་དུ་བཏང་ན། བོད་བཙན་པོའི་སྐབས་ཀྱི་ཡིག་ཆར་གྲགས་པའི་《སྦ་བཞེད་ཞབས་བཏགས་མ》ལས།  ཁྲི་སྲོང་ལྡེ་བཙན་གྱི་(༧༤༢—༧༩༦)སྐབས་སུ་“སླད་ཆར་བོན་མི་བྱ་བ་ད༌། ཤིད་མི་འདུར་བ་ཆད། ཞང་ཞུང་དང་ཚེ་མིས་རྗེའི་སྐུའི་བར་ཆད་སེལ་བའི་ཕྱིར་འདྲེ་སྲིན་ལ་དུས་བོན་རེ་བྱ་བ་ལས་གཞན་མི་བྱ་བ་དང༌། གཤིན་ཆེད་དུ་རྟ་དང་སྲོག་ཆགས་གསོད་པ་དང༌། དངོས་སུ་ཤ་མི་ཟ་བར་ཆད། བོན་གྱི་དཔེ་ཀུན་ཆུ་ལ་བསྐྱུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན། དེས་སླན་ཆད་ཆོས་བྱ་བ་དང༌། ལྷ་ཁང་བརྩིག་པར་ཆད་པས། བློན་འགོས་རྒན་བཤུམས།”[4]ཞེས་བཤད་ཅིང་དེ་དང་ཁ་མཐུན་དུ་སོང་བ་བོན་དཔེ་བྱང་གཏེར་གསང་བའི་བོན་སྐོར་《བསྒྲགས་པ་གླིང་གྲགས》དང་། ལྷག་དོན་ཁོད་པོ་བློ་གྲོས་ཐོག་མེད་ཀྱིས་གཏེར་ལས་དྲངས་པའི་(༡༣༠༡—)《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས།  ཁྲི་སྲོང་ལྡེ་བཙན་སྐབས་ཏེ་“ཀླུ་འབུམ་དང་སེམས་ཕྱོགས་པོ་ཏི་བརྒྱད། བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་སྦས་སོ།། ཆབ་དཀར་ཀློང་གི་བོན་འབུམ་དང༌། སྲིད་པའི་གྱེར་བོན་མཛོ་ཁལ་བརྒྱད། བྱང་ཁ་སྣ་བརྒྱད་དུར་ཕར་བསྣམས་སོ།། བོན་གསང་བ་མདོ་སྡེ་གཅིག བསམ་ཡས་དབུ་རྩེའི་ནང་དུ་སྦས་ཏེ། ངར་ཆེན་ཁྲོ་ཆུ་ཡིས་རྒྱས་བཏབ་བོ།།”[5]ཞེས་བསམ་ཡས་མཆོད་རྟེན་ནག་པོར་སྦས་པའི་དཔེ་ཆ་དེ་དག་ནི་ད་ལྟར་བན་བོན་གཉིས་ཀའི་དགོན་པ་དང་གྲོང་སྡེ་རྣམས་ཀྱིས་འདོན་བཞིན་པའི་ཀླུ་འབུམ་དང་།  བོན་པོ་དང་རྙིང་མ་གཉིས་ཆར་གྱིས་སྤྱོད་བཞིན་པའི་རྫོགས་ཆེན་སེམས་ཕྱོགས་ཀྱི་བོན་སྡེ་འགའ་ཞིག་ཡིན་པར་གསལ། གོང་དྲངས་རྦ་བཞེད་ལ་སླད་སྐྱོན་ཅན་མང་ཡང་ལུང་དུམ་འདི་དཔའ་བོ་གཙུག་ལག་ཕྲེང་བས་དྲངས་ནས་འཐད་ཕྱོགས་སུ་བཤད་ཡོད་པ་འདི་ལྟར་ཏེ།  (༡༥༠༤—༡༥༦༦)《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་ཁྲི་སྲོང་ལྡེ་བཙན་སྐབས་སུ་“རྗེའི་སྐུ་རིམ་དང་བར་ཆད་སེལ་བ་ལ་འདྲེ་སྲིན་ལ་དུས་བོན་རེ་བྱེད་ན་ཚེ་མི་དང་། ཞང་ཞུང་མ་གཏོགས་གཞན་བགྱིད་དུ་མི་གནང་བར་བཅང་སྟེ།  བོན་གྱི་དཔེ་ཀུན་ཆུ་ལ་བསྐུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན་ནོ།།”[6]ཞེས་བྱུང་ཡོད། ཡང་སྙིང་མཆོད་རྟེན་ནག་པོའི་སྐོར་དེ་ཅི་འདྲ་ཡིན་ན་ཟེར་ན་སྐབས་དེར་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གི་ཕྱོགས་མཚམས་རྣམས་སུ་མཆོད་རྟེན་བཞི་ཙམ་བཞེངས་ཡོད།  དེ་ཡང་བྱང་ཤར་མཚམས་སུ་མཆོད་རྟེན་སྔོན་པོ་དང་།  ཤར་ལྷོའི་མཚམས་སུ་མཆོད་རྟེན་དཀར་པོ།  ལྷོ་ནུབ་མཚམས་སུ་མཆོད་རྟེན་དམར་པོ[7]།  བྱང་ནུབ་ཕྱོགས་སུ་མཆོད་རྟེན་ནག་པོ་བཅས་བཞི་ཡོད་པ་ལས་འདི་ནི་བྱང་ནུབ་ཕྱོགས་སུ་ཡོད་པ་དེ་ཡིན།  དེ་མཚུངས་གཞི་རྩའི་ཆ་ནས་བསམ་ཡས་ཀྱི་ཉེ་སྐོར་ནས་ཐོན་པའི་བོན་དཔེ་མང་པོ་ཞིག་ཡོད་ཅིང་། ལྷག་པར་དུ་མཆོད་རྟེན་ནག་པོ་ལས་ཐོན་པའི་བོན་འགའ་ཞིག་ངོ་སྦྲོད་བྱས་ན། གཏོར་ཟློག་ཉེར་གཅིག་གི་གཞུང་སོགས་ཡོད[8]།  དེ་བཞིན་དུས་རབས་བཅུ་གཅིག་པའི་ནང་དུ་ཇོ་བོ་རྗེས་(སྤྱི་ལོ་༩༨༢འཁྲུངས་༡༠༣༧ལོར་བོད་དུ་ཕེབས༡༠༥༤ལོར་འདས་)གཏེར་ལས་དྲངས་པར་གྲགས་པའི་རྙིང་མའི་གཏེར་ཆོས《པདྨ་བཀའ་ཐང་》གི་ནང་དུ། ཁྲི་སྲོང་ལྡེ་བཙན་སྐབས་སུ ་ “གཤེན་རྣམས་ལ་ཁལ་དང་བོང་བུ་བྱིན།།  བ་གླང་གསོན་མར་གཡུང་དྲུང་བོན་རྣམས་བཀལ།། འབངས་ཀྱི་གཙང་སྟོད་བྱེ་མ་གཡུང་དྲུང་བསྐྱལ།། རྩྭ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ།། གླང་གི་གྱིམ་ཤོད་ཡུ་མོ་མགུལ་གྱི་ཡུལ།། སོག་པོ་སྤྲེལ་ལྷག་ཅན་གྱི་ཡུལ་དུ་སྤྱུགས།།”[9]ཞེས་བཤད་ལ། ད་སྐབས་ངོས་འཛིན་ཐུབ་པའི་ས་ཆ་ཁ་ཤས་ནི་གཙང་གི་བྱེ་མ་གཡུང་དྲུང་ད་ལྟ་མངའ་རིས་ས་ཁུལ་འབྲོང་པ་རྫོང་གི་ཁོངས་སུ་ཡོད། བོན་གྱི་དཔེ་གཞུང་སྤྱི་ལས་སྔར་གྲི་གུམ་དང་ཁྲི་སྲོང་གཉིས་ཀས་བོན་བསྣུབས་དུས། བོན་པོ་རྣམས་དེར་འཚོགས་ནས་གྲོས་བགྱིས་པའི་གཏམ་རྒྱུད་འཁོད། དུས་ཕྱིས་འདི་ནས་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་གཏེར་ལས་དྲངས[10]།   གླང་གི་གྱིམ་ཤོད་ནི་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གི་མངའ་ཁོངས་སུ་ཡོད།  ལྗང་མོ་མིག་དགུ་ཡུལ་ཞེས་པ་འཇང་ཡུལ་མིན་ན་སྙམ་སྟེ། བོན་གཞུང་རྣམས་ལས་བོད་རྒྱལ་ཁྲི་སྲོང་སྐབས་བོན་པོ་རྣམས་འཇང་ཡུལ་དུ་གྲོས་པའི་གནས་ཚུལ་འཁོད་ཅིང་ཆོས་འབྱུང་འགའ་ལས་ཐོན་ཡོད་ཁར་འཇང་གི་བརྡ་རྙིང་དུ་ལྗང་ཞེས་འབྲི་བས་ཀྱང་གོ་ནུས་སྙམ།  དེ་བཞིན་《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》ལས། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ། “ཆོས་རྒྱལ་གུ་རེའི་གསུངས་ལྟར་བོན་དཔེ་རྣམས་ཕྱི་ནང་ཕྱེས།།  བོན་ཕྱི་རྣམས་གཏེར་དུ་བཞག།། དེ་ནས་བོན་ནང་པ་རྣམས་ཞང་ཞུང་དང་བོད་ཀྱི་ས་མཐར་སྤྱུགས།།”[11] ཞེས་གཏོ་ཆོག་སྐོར་རམ་བོན་གྱི་ཐུན་མོང་མ་ཡིན་པའི་དཔེ་གཞུང་དུ་མ་ཞིག་གཏེར་དུ་སྦས་པའི་སྐོར་འཁོད་ཡོད་ཁར་བོད་ཀྱི་ས་མཚམས་ཞང་ཞུང་སོགས་ལའང་མཐར་སྤྲད་བཏང་ཡོད་པར་བརྗོད། དེའི་ཕྱོགས་སུ་བརྟགས་ནས་ཡོང་ན་རྗེས་སུ་ལྷ་བླ་ཡེ་ཤེས་འོད་ཀྱི་སྐབས་སུ་མངའ་རིས་ཕྱོགས་སུ་གཏེར་དུ་མ་སོང་བའི་བོན་དཔེ་དུ་མ་ཞིག་ཡོད་པར་ཁོང་གི་རྣམ་ཐར་སོགས་སུ་གསལ་བས་འབྲེལ་བ་མཐོང་ཐུབ།   དེ་མཚུངས་རྦ་བཞེད་སོགས་ལ་གཞི་བྱས་ནས་ས་སྐྱ་བསོད་ནམས་རྒྱལ་མཚན་(༡༣༧༢—)གྱི་ 《རྒྱལ་རབས་གསལ་བའི་མེ་ལོང》་ལས།  ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ “ཆོས་དང་བོན་གཉིས་རྩོད་པ་འགྲན་པས། བོན་ཁུངས་ངན་པར་བྱུང་ནས། བོན་ཆོས་ཐམས་ཅད་བྲག་དམར་ལ་སོགས་པར་གཏེར་དུ་སྦས་སོ།། ལ་ལ་ཆུ་ལ་བསྐྱུར། འཕྲལ་གྱི་འགལ་རྐྱེན་ཟློག་པ་ཙམ་མིན་པ་མ་གནང་ངོ་།།”[12]   ཞེས་གསུངས་འདུག་པ་ལ་བརྟགས་ན་སྐབས་དེར་གཏེར་དུ་སྦས་པ་མ་ཟད་ལྷག་ཏུ་གཞི་ལམ་འབྲས་གསུམ་གྱི་སྐོར་རམ་ནང་དོན་རིག་གཞུང་སྐོར་རྣམས་གཏེར་དུ་སྦས་པ་དང་ཆུ་ལ་བསྐུར་བ་སོགས་བྱས།  གནས་སྐབས་རྐྱེན་ཟློག་དང་བར་ཆད་སེལ་བའི་རྒྱུ་བོན་འགའ་ཞིག་ད་དུང་མ་བསྣུབ་པར་བཀོལ་སྤྱོད་གནང་གི་ཡོད་པའི་ཚུལ་ཁ་གསལ་དུ་ཐོན། གཏེར་སྦས་ཡུལ་གྱི་བྲག་དམར་ཟེར་བ་འདི་བསམ་ཡས་ཡིན་པ་སྔོན་གྱི་ཡིག་ཆ་ནང་དུ་བྲག་དམར་བསམ་ཡས་ཞེས་འཁོད་པའི་གོ་ནུས་ལ་བསམ་ཡས་ནས་དྲངས་པའི་བོན་གཏེར་རབ་ཏུ་མང་པོ་ཡོད་པ་མདོ་གཟེར་མིག་དང་། བན་དྷེ་མི་གསུམ་གྱིས་དྲངས་པའི་ཐེག་རིམ་རྩ་འགྲེལ་གཉིས། ཨ་ཙ་ར་མི་གསུམ་གྱིས་བཏོན་པའི་སྟག་སྒྲོ་དང་། གཟིག་སྒྲོ། དོམ་སྒྲོ་གསུམ་ལས་དོན་པའི་བོན་སྡེ་རྣམས་སོ།། 
   འདི་ཡི་ཡར་སྔོན་ཏེ་དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེས་གཏེར་ལས་བཏོན་ཞིང་བོད་རྒྱལ་སྲོང་བཙན་སྒམ་པོ་ཁོང་གིས་མཛད་པར་གྲགས་པའི་《བཀའ་ཆེམས་བཀའ་ཁོལ་མ》ལས།  རྗེ་བོ་སྲོང་བཙན་(༦༡༧—༦༥༠)ཁོང་གི་སྐབས་སུ“ལྷོ་བྲག་འཁོན་མཐིང་ལྷ་ཁང་དུ་གཡུང་དྲུང་བོན་གྱི་གཏེར་སྦོས་ཤིག།”[13] ཅེས་འཁོད་པའི་ལྷོ་བྲག་ཁོ་འཐིང་ལྷ་ཁང་འདི་ནི་ད་ལྟར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་གི་ཁོངས་སུ་ཡོད་ཅིང་།   ལྷ་ཁང་འདི་སྔོན་བོད་ཀྱི་སྲིན་མོ་གན་རྐྱལ་གྱི་ས་ཁྲའི་ནང་གི་གྲུ་མོ་གཡོན་པའི་སྟེང་དུ་ཡོད་པ་ཞིག་ཡིན། འདི་ནས་གཏེར་བཏོན་པའི་བན་དྷེ་ལ་《སློབ་དཔོན་ཆེན་མོ་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་གི་གཏེར་མ》་ཞེས་པ་ཞིག་ཡོད་འདུག  བོན་པོ་ལ་བཞོད་སྟོན་དངོས་གྲུབ་གྲགས་པས་སྤྱི་ལོ་༡༠༨༨ལོར་ལྷོ་བྲག་ཁོམ་འཐིང་ནས་གཏེར་དྲངས་པ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་སོགས་ཡོད[14]།  དེ་མཚུངས་《ཆོས་འབྱུང་མཁས་པའི་དགའ་སྟོན》་ལས། རྗེ་སྲོང་བཙན་སྒམ་པའི་སྐུ་དུས་ཏེ “ཕྱི་རབས་ཀྱིས་རིག་པའི་ཆོས་གོ་བར་བྱ་བའི་་ཕྱིར་གག་སྤང་དང་ཀ་གཞུ་དང་གདུང་ཕྲན་སོགས་ལ་སྒྲུང་དང་ལྡེའུ་དང་བོན་ཤ་བ་ནམ་མཁའ་ལ་འགྲོ་བ་སོགས་བྲིས།  བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་ཏུ་སྦས་རི་མོ་རྣམས་མ་འོངས་ཉམས་པ་གསོ་བའི་ཆེད་དུ་ཕྱི་མོ་བེ་བུམ་དུ་བྱས་ཏེ་དཀོར་མཛོད་དང་ཀེའི་ཚང་(ཀེའི་ཚང་ཞེས་པ་བྲག་ཕུག་ལ་གོ)དུ་བཞག།”[15]  ཅེས་བཤད་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནི་ད་ལྟ་ཡོངས་གྲགས་སུ་ལྷ་སའི་གཙུག་ལག་ཁང་ཞེས་པ་འདི་ཡིན་ཞིང་། བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་བལ་བཟའ་ཁྲི་བཙུན་གྱིས་སྤྱི་ལོ་༦༣༩ལོར་བཞེངས་པ་ཡིན། འདིའི་ཀ་འོག་ཏུ་བོན་དཔེ་མང་པོ་ཞིག་སྦས་ཡོད་པའི་སྐོར་བརྗོད་བཞིན་ཡོད་འདུག་ནའང་འདི་ནས་དྲངས་པར་གྲགས་པའི་བོན་དཔེ་ཞིག་ཡོད་མེད་ད་ལན་མ་ཤེས།     རེད་དེ་འདིའི་འོག་ཏུ་བོན་དཔེ་དུ་མ་ཞིག་སྦས་ཡོད་པའི་སྐོར་ནི་བརྗོད་བཞིན་པ་ནི་འདིའོ།།  ད་དུང་འདིའི་ཡར་སྔོན་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་(༤༠༦—༤༩༣)གྱི་སྐབས་སུ་ཆོས་འབྱུང་རྣམས་ཞལ་གཅིག་མཐུན་དུ་ནམ་མཁའ་ནས་བབས་པའི་དཔང་ཀོང་ཕྱག་རྒྱ་མ་སོགས་པོ་ཏི་དེ་དག་བན་བོན་གང་གི་ཡིན་མིན་ཐེ་ཚོམ་ཟ་ཞེས་བརྗོད་ཡོད་པས། དུས་མཚམས་དེར་བོན་དཔེ་ལར་ནས་མེད་ན་ཐེ་ཚོམ་གྱི་ཡིད་གཉིས་ཀྱི་བློ་ཞིག་སྐྱེ་དོན་མེད་པས་ཟུར་ནས་སྐབས་དེར་བོན་དཔེ་ཡོད་པ་རང་ཤུགས་ཀྱིས་ཁས་བླངས་ཡོད།
   དེར་དང་མཚུངས་ཉང་རལ་ཉི་མ་འོད་ཟེར་གྱི་(༡༡༢༤—༡༡༩༢)《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། བོད་རྒྱལ་སྤུ་ལྡེ་གང་རྒྱལ་གྱི་སྐབས་སུ “དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་་་་རྡོལ་་་བོན་བྱུང་སྟེ། ཨུ་རྒྱན་གྱི་ཚུ་རོལ། ཁ་ཆའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་༼འ༽ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང་། དེས་འཇིག་རྟེན་པའི་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ནས་འདྲེན་ནུས་པ། མི་དང་ལྷ་སྲིད་དུ་དམངས་སྡུམ་ཤེས་པས་ཀུན་རྫོབ་ཐམས་ཅད་སྒོང་ང་ལས་སྐྱེས་པར་འདོད་པས་སྔ་རྟགས་དང་།  ད་ལྟ་ཇི་ལྟར་ཡིན་པ་ཐོལ་ཐོལ་དུ་སྨྲ་ཤེས་པ། ”[16]ཞེས་བཤད་པའི་སྐད་ཆ་འདི་སྦ་བཞེད་ཕུད་པའི་ད་ཕན་མཐོང་ཡུལ་དུ་གྱུར་པའི་ཆོས་འབྱུང་རྣམས་ལས་སྔ་ཤོས་ཡིན་སྲིད་ཅིང་།  བཤད་སྒྲོས་འདི་གང་ནས་བྱུང་མིན་དང་ཡང་སྙིང་སྲིད་པ་སྒོང་སྐྱེས་རིག་པའི་ལྟ་བ་འདི་རྣམས་གཞན་ནས་དར་མིན་སོགས་ལ་ད་ལྟ་རིག་གཞུང་ཞིབ་འཇུག་གི་ཐོག་ཏུ་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད་ནའང་། ང་ཚོས་འདི་ནས་ཤེས་ཐུབ་པ་ནི་ཁོང་གིས་བོད་རྒྱལ་སྤུ་ལྡེའི་སྐབས་སུ་བོན་གཞུང་ཞིག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་བཤད་པ་གོ་ཐུབ། དེ་བཞིན་ས་སྐྱ་བསོད་ནམས་རྒྱལ་མཚན་(༡༣༧༢—)གྱི་ 《རྒྱལ་རབས་གསལ་བའི་མེ་ལོང》་ལས། བོད་རྒྱལ་སྤུ་ལྡེ་གུང་རྒྱལ་དུས་སུ་“གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོ་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།”[17]ཞེས་བོན་གྱི་ལོ་རྒྱུས་རྣམས་ལས་རྒྱལ་པོ་འདི་ཡི་རིང་ཞང་ཞུང་སྐད་ནས་ཁམས་ཆེན་བོད་སྐད་དུ་བསྒྱུར་བ་ཡིན་པར་བཤད་ཅིང་ཁོང་གིས་ཀྱང་འདི་ཞལ་བཞེས་གནང་གི་ཡོད་འདུག དེ་བཞིན་(༡༥༠༤—༡༥༦༦)《ཆོས་འབྱུང་མཁས་པའི་དགའ་སྟོན》དུ།  སྤུ་ལྡེ་གུང་རྒྱལ་གྱི་སྐབས་སུ།  “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས།། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།། གཤེན་ཡུལ་བོན་མོ་ལུང་རིང་ཟེར་བ་དབུས་ཀྱི་འོན་ཏུ་རུས་གཤེན་གྱི་བྱིས་པ། བོང་བུའི་རྣ་བ་ཅན་བྱུང་བ་ལོ་བཅུ་ལོན་ཚེ་འདྲེས་ཁྲིད་ནས་ལོ་བཅུ་གཉིས་སུ་མི་ཁྱུར་མར་ཚུད།”[18]ཅེས་འོལ་མོ་ལུང་རིང་ནས་བོན་གཤེན་ཞིག་བྱོན་ཏེ་བོན་གྱི་རིག་གཞུང་ཞིག་དར་སྤེལ་གཏོང་གི་ཡོད་པའི་ཚུལ་བརྗོད་ཡོད་ལ། དེ་དང་འདྲ་བར་རྒྱལ་དབང་ལྔ་པའི་(༡༦༡༧—༡༦༨༢)《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་དུ་སྤུ་ལྡེ་གང་རྒྱལ་གྱི་སྐབས་སུ། “ཡབ་ཀྱི་རིང་ལ་ཞང་ཞུང་དང་།། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང་།། སྲས་ཀྱི་རིང་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས།། སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་།།”[19] ཞེས་སྐབས་དེར་བོན་གྱི་རིག་གནས་བོད་ཡུལ་དུ་བར་འཕེལ་འགྲོ་གི་ཡོད་པའི་ཚུལ་བརྗོད་ལ།  སྐབས་དེ་དུས་ཀྱི་ཞང་ཞུང་ནི་ད་ལྟ་མངའ་རིས་ས་ཁུལ་སྒར་རྫོང་ཁྱུང་ལུང་དངུལ་མཁར་གཙོས་པའི་མངའ་རིས་ཀྱི་ཆ་ཇི་སྙེད་ཅིག་ལ་གོ་བ་དང་། བྲུ་ཤ་ནི་ད་ལྟ་ཞིབ་འཇུག་པ་འགའ་ཡིས་གནའ་བོའི་དྲི་ཟའི་ཡུལ་གྱི་རྒྱལ་ས་རྙིང་པ་ལ་ཐོ་གར་དང་གསར་བའི་མིང་ལ་བྲུ་ཤ་ཟེར་ཞིང་། ད་ལྟ་པྰ་ཀི་སི་ཐན་གྱི་མངའ་ཁོངས་པིས་ཧར་ཟེར་བ་དེ་ཡིན་[20]ཟེར་ཞིང་།  དེ་ལྟར་ན་གནའ་དུས་ཞང་ཞུང་དང་ཉེ་བའི་ས་ཆ་ཞིག་ཡིན། དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་སྤྱི་ལོ་༡༥༣༨ལོར་བརྩམས་པའི་《དེབ་ཐེར་དམར་པོ་གསར་མ》་ལས། “སྲས་པུ་དེ་གུང་རྒྱལ་སྐབས་སུ། ཆབ་སྲིད་བོན་གྱིས་བསྐྱངས་པར་གྲགས་ཏེ།   འདིའི་དུས་སུ་མཐའ་ཁབ་ཏག་ཟིག་གི་ཡུལ་དུ་སྐྱེས་པའི་སྟོན་པ་གཤེན་རབས་ཀྱིས་ཞང་ཞུང་གི་ཡུལ་ནས་བོན་བསྒྱུར་ཏེ་དར་བར་བྱས་པ་ཞིག་ཡིན་འདུག  བོན་རང་གི་ཡིག་ཚང་ཁག་ཅིག་ལས་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བར་ཡང་བཤད།”[21]ཅེས་པའི་ཏག་ཟིག་དང་ཞང་ཞུང་གཉིས་བན་བོན་གཉིས་ཀའི་དཔེ་ཆ་རྣམས་ལས་སྐབས་རེར་གཅིག་པའི་ཚུལ་དུ་བརྗོད་ལ་མཚམས་རེར་སོ་སོར་བཤད་ཡོད། འོན་ཀྱང་། ཞང་ཞུང་མངའ་ཐང་རྒྱས་ཏེ་གངས་ཏི་སེའི་ནུབ་བརྒྱུད་ཏག་ཟིག་གམ་ད་ལྟ་དབྱི་རན་ཟེར་བའི་ས་ཆ་ཇི་སྙེད་ཅིག་བདག་བཟུང་བྱས་པས་ཞང་ཞུང་སྟག་གཟིག་ཅེས་ཐོགས་པ་མིན་ན་སྙམ། ཡིན་ནའང་གནའ་དུས་ཏག་ཟིག་གི་ས་ཡི་ཁྱབ་ཁོངས་ཀྱི་མཐའ་མཚམས་འདི་ཞེས་བརྗོད་ཐབས་བྲལ། སྟོན་པ་གཤེན་རབ་ཀྱི་འཁྲུངས་གཞིས་ཞང་ཞུང་སྟག་གཟིག་འོལ་མོ་ལུང་རིང་ནི་བོན་དཔེ་གཞི་བཞག་བྱས་ཏེ་སོང་ན་ཆུ་བོ་བཞི་འདུས་ཀྱི་འགོ་བོ་ད་ལྟ་པྰ་ཀི་སི་ཐན་དང་། རྒྱ་གར་ཀྲུང་གོ་བཅས་རྒྱལ་ཁབ་གསུམ་གྱི་ས་འདུས་པའི་གངས་ཏི་སེའི་ནུབ་རྒྱུད་དེ་ཡིན་པར་ཐེ་ཚོམ་མེད་སྙམ། མདོར་ན་དེ་ནས་སྐབས་དེ་དུས་བོན་དཔེ་མང་པོ་ཞིག་ཕབ་སྒྱུར་གནང་ཡོད་པའི་སྐོར་བརྗོད་ཡོད།
   གཞན་ཡང་གཤེན་ཆེན་ཀླུ་དགས་བོན་གཏེར་མ་སྟོན་གོང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོན་དཔེ་དུ་མ་ཞིག་འབྱུང་བའི་བག་ཏུ་གཟིམ་པར་བྱས་ཡོད་པ་ནི། གུ་གེ་པན་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར》་ལས།(ལྷ་བླ་མ་ཡེ་ཤེས་འོད་སྤྱི་ལོ་༩༥༩ལོར་འཁྲུངས་༡༠༡༩འདས་) “བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་༡་ཏུ་བཅུགས་དེ་ཧོམ་ལ་གཤེགས་སུ་གསོལ།  བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས།  འགའ་ཞིག་ཞུགས་གསོལ། འགའ་ཞིག་དྲི་བཞོན་ལ་སྤྱན་དྲང་བར་བྱའོ། ཁྱོད་ཀྱི་ཤེས་རབ་འབར་བའི་འོད་ཟེར་དང་།། ཕྱི་རོལ་ཤིང་ལས་བྱུང་བ་བསྲེག་ཟའི་མེས། བོད་ཡུལ་རྨོངས་པའི་མུན་ནག་སྟུག་པོ་དང་།། བོན་སོགས་ལོག་ལྟའི་ཚང་ཚིང་མཐའ་དག་བསྲེག། གཤིན་པོའི་དོན་དུ་ནོར་དུར་དུ་སྦེད་པའི་ལུགས་ཡོད་པ་བཀག་ནས། དགེ་བ་བྱེད་དུ་བཅུག བོན་ཉི་ཚེ་ཙམ་གཅིག་མཛད་དུ་བརྩལ་བ་ལ། བོན་པོས་ཀྱང་། སྔོན་གྱི་བོན་གཞུང་རྙིང་པ་བཞག་པ་དེ་ཉིད་ལས། བསར་ཆོས་སུ་ཆོས་བོན་བསྲེས་པ་ལྟར་མི་བགྱིད། བགྱིས་ན་བོན་ཡིག་བསྲེག་པའི་འོག་ཏུ་འཆད་པ་རྟ་རེ་སྤྱད།”[22]ཅེས་བོན་སྣུབ་ཆོས་སྤེལ་གྱི་བྱ་འགུལ་ཤུགས་ཆེན་སྤེལ་བའི་ཁྲོད་བོན་དཔེ་མང་པོ་ཞིག་མེར་བསྲེག་ཆུ་སྐུར་ཐལ་བ་རླུང་སྤུར་བྱས་པ་གསལ་ལ་དཔེ་ཆ་དེ་དག་གཤེན་ཆེན་ཀླུ་དགའ་སོགས་གཏེར་སྟོན་པ་རྣམས་ཀྱིས་གཏེར་དྲངས་པ་ཞིག་མ་ཡིན་པས། གཏེར་ལས་མ་དྲངས་གོང་ལ་གཏེར་དུ་མ་སོང་བའི་བོན་དཔེ་དུ་མ་ཞིག་གཤེན་ཆེན་ཀླུ་དགའི་སྐབས་སུ་མངའ་རིས་སུ་རྩ་གཏོར་བྱས་ཡོད། རྒྱུ་མཚན་ལྷ་མ་ཡེ་ཤེས་འོད་དང་གཤེན་ཆེན་ཀླུ་དགའ་གཉིས་དུས་མཉམ་པ་མ་ཟད་བོན་གཏེར་དྲངས་ནས་ལོ་གསུམ་མཚམས་ནས་ལྷ་བླ་མ་ཡེ་ཤེས་འོད་སྐུ་གཤེགས་པས་གོ་ནུས།  སྐབས་དེར་མངའ་རིས་གུ་གེའི་ཕྱོགས་ཀྱི་བོན་པོ་རྣམས་ལ་འདི་འདྲའི་རྡུང་རྡེག་བཏང་ཡོད་ནའང་།  དམངས་ཀྱི་ཁྲོད་དུ་དུས་ཕྱིས་དུས་རབས་བཅུ་གསུམ་པའི་ནང་ལ་བོན་པོའི་ཆོས་ལུགས་ཤུགས་ཆེན་ཡོད་པར་གསལ་ཏེ།  སྤྱི་ལོ་༡༢༤༠ལོར་འཁྲུངས་པའི་ཆོས་པ་མན་ལུང་གུ་རུའི་《ལམ་ཡིག》ལས། “གུ་གེ་གྲོ་ལིང་ན་ལོཙྩ་བ་རིན་ཆེན་བཀང་པོས་བཞེངས་པའི་ལྷ་ཁང་ནི་ཧོར་གྱིས་མེ་བརྒྱབས་ནས་མེད། དུས་ཕྱི་དུས་ཤིག་ལ་བྱས་པའི་ལྷ་ཁང་སུམ་བརྩེགས་ལ་འོག་ཁང་གི་ནང་ན་གསང་འདུས་ཀྱི་དཀྱིར་འཁོར་དང་། གྱང་རིས་སོགས་སྔར་དང་ཆ་མཐུན་ཙམ་འདུག གུ་གེའི་ཡུལ་དེ་ཞང་ཞུང་གི་བོན་པོའི་ཡུལ་དུ་འདུག། དེའི་སྨད་ན་ད་ལྟ་ཡང་བོད་སྐད་མ་ཡིན་པའི་ཁོ་རང་ཚོས་སྐད་ཟུར་པ་ཞིག་ལབ་པ་ཡིན།” [23]ཞེས་བཤད་པའི་གོ་ནུས་སོ།།

གཉིས་པ།         བོན་གྱི་གལ་ཆེའི་མི་སྣ་གཤེན་ཆེན་ཀླུ་དགས་བོན་གཏེར་བཏོན་ཚུལ་སྐོར།
   གཤེན་ཆེན་ཀླུ་དགའི་འཁྲུངས་འདས་ལོ་ཚིགས་གཤེན་མཁས་གྲུབ་དང་སྨན་རི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གཉིས་བཞེད་ཕྱོགས་གཅིག་གྱུར་དུ་སོང་མེད་གཤིས། བོན་ལུགས་སུ་ཁོང་གི་འཁྲུངས་འདས་ལོ་ཚིགས་གཅིག་གྱུར་དུ་བྱུང་མེད་ཟེར་ནས་བཤད་ཆོག། ཡིན་ནའང་འཁྲུངས་འདས་ཀྱི་ལོ་ཚིགས་གཏན་ལ་འབབ་པར་ཁོང་དང་དུས་མཉམ་པའི་མི་སྣ་གཞན་དང་དཔྱད་གཞིར་བཟུང་ནས་བལྟས་ཏེ་སོང་ན་གང་འཚམ་དོགས་དཔྱོད་གནད་ཕིག་ཏུ་འགྲོ་བའི་སྒྲུབ་བྱེད་འགོད་ཐུབ་ཅིང་།  གཞི་རྩའི་ཆ་ནས་བོན་གྱི་མཁས་གྲུབ་སྔ་མ་རྣམས་བོན་གཏེར་བཏོན་པའི་ལོ་མེ་སྦྲུལ་ཡིན་པར་གཅིག་མཐུན་དུ་སོང་བས་དཔྱད་གླེང་བྱ་བ་སྟབས་བདེ་རུ་སོང་ཡོད།  ཀུན་མཁྱེན་ཉི་མའི་《བསྟན་རྩིས》ལྟར་ན་མེ་མོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་༩༩༦ལོར་འཁྲུངས་ཤིང་མེ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༠༡༧ལོར་ཅོག་རོ་འབྲིག་མཚམ་ནས་བོན་གཏེར་བཞེས། སྤྱི་ལོ་༡༠༣༥ལོར་སྐུ་གཤེགས་པ་གསལ།  གཤེན་མཁས་གྲུབ་ཀྱི་དགོངས་པ་ལྟར་ན་ཀུན་མཁྱེན་གྱི་བསྟན་རྩིས་ལས་དྲུག་ཅུ་སྐོར་གཉིས་ཀྱི་འཕྱི་བ་སྟེ་སྤྱི་ལོ་༡༠༥༦ལོར་སྐུ་འཁྲུངས་པར་བཤད། ད་དུང་ལ་ལས་རབ་བྱུང་གཉིས་པའི་མེ་སྤྲེལ་ལ་འདོད། ཡིན་ནའང་ང་ཚོས་ཁོང་དང་འབྲེལ་བའི་མི་སྣ་གཞན་དང་བསྡུར་ནས་གླེང་ན་དུས་རབས་གཏན་ལ་ཕབ་ཐུབ་ནུས་ཏེ།ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱི་《གླེང་གཞི་བསྟན་པའི་འབྱུང་ཁུངས》ལས།  “དེ་ཡང་རྒྱལ་བའི་གདུང་རབས་ནི་ཁྲི་སྲོང་ནས། ལྷ་བླ་མ་བར་བདུན་ཙམ་སོང་སྟེ། དེ་ནི་གཤེན་ཀླུ་དགའ་དང་དུས་མཉམ་མོ།། ”[24]ཞེས་ལྷ་བླ་མ་ཡེ་ཤེས་འོད་དང་དུས་མཉམ་པར་བཤད་ལ་ལྷ་བླ་མ་ཡེ་ཤེས་འོད་སྤྱི་ལོ་༩༥༩ལོར་འཁྲུངས་༡༠༡༩འདས་ཞེས་དཔྱད་ཞིབ་བསྟན་རྩིས་འགའ་ལས་གསལ། དེ་བཞིན་ཁྱུང་པོ་བླ་ཆུང་ཁོང་གི་《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས》ལས།“བཅུ་དགུ་ལ་ཧྲད་ཀྱི་མཁར་ཆེན་བྲག་དཀར་དུ། སློབ་དཔོན་ར་ལྗགས་བླ་ཆེན་སྒྱེས་སྦོམ་ལ། གཏེར་སྟོན་ཡང་ངོས་ནས་རྒྱུད་པའི་གཡུང་དྲུང་ཞི་རྒྱས་ཁྲོ་རྒྱས་གཉིས་དང་། ཨ་ནུ་འཕྲག་ཐག་གིས་མཛད་པ་ཡི་མཆོད་གཏོར་ཤོག་གཅིག་མ་དང་གསུམ་ཞུས་ནས་ཐུགས་དམ་མཛད།”[25]  ཞེས་ར་ལྗགས་བླ་ཆེན་གྱི་དྲུང་ནས་གཏེར་སྟོན་རང་ནས་རྒྱུད་པའི་བོན་རྣམས་ཞུས་པའི་སྐོར་འཁོད། གླང་དར་གྱི་སྲས་འོད་སྲུང་གི་སྐུ་གཤེན་དྲང་ང་དཔལ། དེའི་ཚ་བོ་དྲང་ང་མདོ་ལ་སྐྱེས་ལོ་བཅུ་གསུམ་སྐབས་སུ་ར་ཤག་འདྲེ་ཆུང་ཤོག་སེར་ཁྱེར་ནས་ར་ལྗགས་ལ་གནང་བའི་སྐོར་དར་རྒྱས་གསལ་སྒྲོན་དུ་གསལ།[26]  ཀུན་མཁྱེན་གྱི་《བསྟན་རྩིས་པན་ཙ་ལི་ཀའི་ཆུན་པོ》ལས།   “ཁ་ཅིག་གཤེན་ཆེན་ཀླུ་དགའ་རབ་བྱུང་གཉིས་པའི་ཁོངས་སུ་(སྤྱི་ལོ་༡༡༡༦ལོར་འཁྲུངས་པར་འདོད)བྱོན་ཟེར་བ་ནི་མ་ཡིན་ཏེ། གཞན་སྡེ་ཡི་བན་དྷེ་བཅུས་བླ་ཆེན་མུ་ཐུར་ལས་སྡོམ་པ་བླངས་པར་བཤད་པའི་ཡ་གྱལ་གཅིག་ནི། ལོ་སྟོན་རྡོ་རྗེ་དབང་ཕྱུག་ཡིན་ལ་དེ་གཤེན་གྱི་གཏེར་བདུད་ཡིན་པས། དུག་དྲངས་ཏེ་གཤེན་ཆེན་ཀླུ་དགའ་ཡང་བདེ་བར་གཤེགས་སོ།། ཁོ་ཡང་ཡེ་ཤེས་དབལ་མོས་བཀའ་ཆད་ཀྱིས་ཞག་གསུམ་ནས་སྙིང་གཟེར་དུ་ཤི་བར་གསུངས་པ་དང་འགལ་ལོ།།”[27]  ཞེས་གཤེན་ཆེན་ཀླུ་དགའི་ཞོ་ལ་དུག་གསེས་ནས་སྐུ་དཀྲོང་བའི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ལོ་ཚིགས་དང་བསྡུར་ནས་བཤད་ཡོད་ཅིང་། ལོ་སྟོན་གྱི་འཁྲུངས་འདས་ལོ་ཚིགས་ཁ་གསལ་མ་རྙེད་ཀྱང་ཁོང་གིས་མེ་མོ་བྱའི་ལོ་སྟེ་སྤྱི་ལོ་༩༩༨ལོར་རྒྱན་གོང་གཙུག་ལག་ཁང་བཞེངས་ཞེས་བཤད་ཡོད་ལ་དེ་བཞིན་ཁོང་གི་སྡོམ་པ་ཞུ་སའི་བླ་ཆེན་དགོངས་པ་རབ་གསལ་སྤྱི་ལོ་༨༩༢ལོར་འཁྲུངས་དགུང་ལོ་ཉེར་བདུན་ནམ་ཡང་ན་ང་བཞི་ཡས་མས་སུ་ལོ་སྟོན་སོགས་དབུས་གཙང་གི་མི་བཅུ་ལ་སྡོམ་པ་གནང་། དགུང་གྲངས་བརྒྱད་ཅུ་གྱ་བཞི་སྟེ་སྤྱི་ལོ་༩༧༥ལོར་སྐུ་གཤེགས་ཞེས་འགོས་ལོའི་དེབ་སྔོན་སོགས་ཀྱི་དགོངས་པ་དུང་དཀར་རིན་པོ་ཆེ་སོགས་ཀྱིས་བཞེད།
   གཏེར་སྟོན་རང་གི་དངོས་སློབ་ཞུ་ཡས་ལེགས་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་ཞལ་མཇལ་བྱུང་ནས་གཞུང་ལུགས་བར་གྱི་བགྲོ་གླེང་གང་མང་བྱས་པའི་སྐོར་《ཞུ་ཡས་ལེགས་པོའི་རྣམ་ཐར》གསལ་པོར་འཁོད་ཡོད་པ།  “རི་དགོན་རྩེ་མོ་ཆོས་གླིང་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་འོང་ནས། བདག་གི་ཡུལ་འདིར་ཅི་ལ་འོང་། ཟླ་བ་ལྔ་ཡི་སྐུ་མཚམས་ལ། ཉམས་རྟོགས་དགོངས་པ་འཕེལ་ལགས་སམ་་་་རྒྱ་བོད་ཆོས་ལ་བགྲོ་གླེང་བྱེད།”ཅེས་དང་“པཎྟི་ཨ་ཏི་ཤ་ལ་ལྷོ་འབྲི་འཚམས་མཐའ་དཀར་ནས་དངོས་གྲུབ་པའི་མཚན་ཉིད་འདུལ་བ་ཕར་ཕྱིན་ལ་སོགས་ཀྱི་འགྲེལ་བ་དང་ཡན་ལག་ཆ་ལག་མང་དུ་ཕུལ་ལོ།།”[28] གཤེན་ཆེན་ཀླུ་དགས་བོན་གཏེར་དྲངས་རྗེས་སུ་མཇལ་བ་གསལ་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་སྤྱི་ལོ་༩༨༢་ལོར་འཁྲུངས་༡༠༥༤་ལོར་འདས་ཞེས་བན་དྷེའི་བསྟན་རྩིས་རྣམས་སུ་གསལ།
     གཤེན་ཆེན་ཀླུ་དགའི་འཁྲུངས་གཞིས་ནི་ད་ལྟའི་སྲིད་འཛིན་ས་ཡི་ཁྱབ་ཁོངས་ལྟར་ན་གཞིས་ཀ་རྩེ་གཏིང་སྐྱེས་རྫོང་རྡོ་བྲག་ཤང་ཁོངས་སུ་ཡིན།  སྔ་དུས་གཤེན་ཚང་གི་གདུང་བརྒྱུད་ཐོག་མར་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་རྐོང་ཚ་དབང་ལྡན་འཁྲུངས་པ་ནས་བཤད་ཅིང་། ཁོང་ལ་སྲས་གསུམ་ཡོད་པའི་ཆེ་བ་འོད་ཀྱི་རྒྱལ་པོའི་སྲས་རྒྱུད་གཤེན་ནམ་མཁའ་སྣང་བ་མདོག་ཅན་འཇའ་ལུས་སུ་གཤེགས་ནས་གདུང་རྒྱུད་ཆད། འབྲིང་བ་ཐོག་གི་རྒྱལ་པོའི་རྒྱུད་པ་བླ་ཆེན་དྲན་པ་ནམ་མཁའ་ཡབ་སྲས་གསུམ་གྱི་མཇུག་ནས་གདུང་རྒྱུད་ཆད། སྐུ་སྲས་ཆུང་བ་འབྲུག་གི་རྒྱལ་པོའི་སྲས་རྒྱུད་ནུབ་ཏག་ཟིག་དང་བོད་སོགས་གང་སར་བྱུང་བ་ལས་བར་དུ་བན་བོན་དར་ནུབ་དབང་གིས་ཆོས་ལུགས་གཞན་དབང་དུ་གྱུར་པ་དང་རིགས་རྒྱུད་མདོ་སྨད་ཤར་ཙོང་ཀ་མཚོ་སྔོན་དུ་ཆད་ཅིང་སྲིང་མོའི་ཁྱིམ་རྒྱུད་ལ་གཤེན་ཚ་ཚང་དང་། སྲས་ཀྱི་ཁྱིམ་གཞིས་ལ་གཤེན་ཚང་ཞེས་གཉིས་སུ་ཡོད་པ་གྲགས།   གཏེར་སྟོན་གཤེན་ཆེན་ཀླུ་དགའི་ཡབ་ནས་ཡར་བརྩིས་པའི་མི་རབས་གཉིས་པའམ་ཡང་མྱེ་མེས་པོ་བཀྲ་གསལ་ཀླུ་ཡི་རྒྱལ་པོ་དང་། ཕྱི་མོ་ལྷ་རྒྱལ་མོ་གཉིས་སྤྱི་ལོའི་དུས་རབས་དགུ་པ་དང་བཅུ་པ་ཡས་མས་སུ་མདོ་སྨད་ཤར་ཙོང་ཀ་ནས་ཅོག་རོ་འབྲི་འཚམས་སུ་ཡོང་ནས་ཁྱིམ་གཞིས་སྐྱོང་། 
     ཁོང་གཉིས་ལ་སྲས་མི་གཡོ་མགོན་པོ་དང་། དབང་ཕྱུག་མགོན་པོ། རྡོ་རྗེ་མགོན་པོ་གསུམ་འཁྲུངས་ཤིང་། སྲས་ཆེ་བ་མི་གཡོ་མགོན་པོས་བོན་པོའི་ཁྱིམ་རྒྱུད་མཁའ་འགྲོ་མ་ཞིག་ཕྱག་རྒྱར་བཞེས་པ་ལ་སྲས་དཔལ་མགོན་གསས། འབྲུག་གསས། རྒོད་གསས་གསུམ་བྱུང་བ་དང་། དཔལ་མགོན་གསས་ཞང་པོ་རབས་ཆད་པའི་ལེ་གུ་བསྐྱངས་པ་སྣང་གཤེན་གྱི་བོན་ལ་མཁས་པ་སོགས་གྱུར་པས་སྲས་གཤེན་ཆེན་ཀླུ་དགའ། ཀླུ་རྩེག གེ་ཁོད་གསུམ་ཡང་བོན་སྒོར་ཞུགས་པའི་མཐུན་རྐྱེན་དུ་གྱུར་ཡོད། གཤེན་ཆེན་ཀླུ་དགའ་དགུང་ལོ་བཅུ་གསུམ་སྟེ་སྤྱི་ལོ་༡༠༠༨་ཁོང་གི་སྐུ་མཆེད་ཀླུ་རྩེས་མི་གསུམ་བསད་པས་ཁོ་རང་ཚུར་བསད་པར་དོག་ནས་ལོ་ལྔ་ཙམ་ལ་ཡུལ་གྱལ་དུ་འགྲོ་དགོས་ཐུག།  ལོ་དེར་གཤེན་ཆེན་ཀླུ་དགའ་དང་། གེ་ཁོད་གཉིས་ཕ་མས་སྤང་རྒྱན་དཀར་པོ་དང་སྤྲ་བ་འཐུ་རུ་མངགས་པ་ལ་གཤེན་ཆེན་ཀླུ་དགའ་མཐའ་ལུང་བྲག་ལ་སྤྲ་བ་འཐུ་རུ་ཏུ་ཕྱིན་པར་ནམ་མཁའ་ནས་གཟུགས་མེད་སྐད་ཀྱི་སྒྲ་གྲགས་ནས་བོན་གཏེར་ཐོན་པའི་སྔ་བལྟས་ཤར་བར་བཤད། དེ་ནས་ཁོང་དགུང་ལོ་བཅོ་བརྒྱད་སྐབས་ཏེ་སྤྱི་༡༠༡༣ལོར་གཉེན་རྩེའི་སྤྲག་ཕྱུག་པོས་(སྦྲ་ནག་ཕྱུག་པོ)སོ་མཚམས་ཀྱི་མཁར་བརྩེགས་དུས་སྣེ་ནག་གྱད་པ་བྱ་བ་དང་ཕོ་ཤད་འགྲན་ཏེ་གྱད་པས་སོ་ཕག་བཅོ་བརྒྱད་ཁུར་ལ་ཀླུ་དགས་ཉི་ཤུ་ཁུར་ཞིང་སྐས་གདང་བཅུ་གཅིག་གི་ཁ་ནས་ལྷུང་སྟེ་སྐེད་ཚིགས་བུད་ནས་སྒུར་པོ་སོང་བ་ལ་གཤེན་ཀླུ་སྒུར་བྱ་བའི་མིང་ཡང་ཐོགས།   
  དགུང་ལོ་བཅུ་དགུ་སྟེ་ཤིང་སྟག་སྤྱི་ལོ་༡༠༡༤ལོར་ཧྲད་ཀྱི་མཁར་ཆེན་བྲག་དཀར་དུ་སློབ་དཔོན་ར་ལྗགས་ཆེན་བླ་ཆེན་སྒྱེས་སྦོམ་ལ། གཏེར་སྟོན་ཡང་ངོས་ནས་བརྒྱུད་པའི་གཡུང་དྲུང་ཞི་རྒྱས་ཁྲོ་རྒྱས་གཉིས་དང་། ཨ་ནུ་འཕྲག་ཐག་གིས་མཛད་པ་ཡི་མཆོད་གཏོར་ཤོག་གཅིག་མ་གསུམ་ཞུས་ནས་འབྲིག་འཚམས་མཐའ་དཀར་དུ་གཡའ་སྐྱེལ་རང་ཤོང་ཙམ་ཞིག་ནང་དུ་ཐུགས་དམ་མཛད་ནས་ལོ་གསུམ་ལ་བཞུགས།  དགུང་ལོ་ཉེར་གཅིག་སྟེ་བོད་མེ་འབྲུག་ལོ་སྤྱི་ལོ་༡༠༡༦ལོར་ག་ཟ་དཔལ་སྒྲོན་ཁབ་ཏུ་བསུས།   དེའི་ཕྱི་ལོ་དགུང་ལོ་ཉེར་གཉིས་བོད་མེ་སྦྲུལ་ཏེ་སྤྱི་ལོ་༡༠༡༧ལོར་ད་དུང་ལོ་སྐོར་གཅིག་གསང་དགོས་པའི་མ་སྲིང་མཁའ་འགྲོའི་ལུང་བསྟན་ཡོད་ནའང་ལོ་བརྒྱད་ལས་གསང་མ་ཐུབ། ཁོང་གིས་ལོ་དེར་བོན་དཔེ་རྣམས་གཏེར་ལས་དྲང་སྙམ་ནས་སྐུ་ལྕམ་ག་བཟའ་དཔལ་སྒྲོན་བཏང་སྟེ་གེ་ཁོད་ལ་ཏོག་ཙེ་(ས་རྐོ་བྱེད་ཀྱི་འཇོར་སོགས་ལ་ཟེར)སྐུར་ནས་ཐོངས་ཞེས་གསུངས། སྐུ་མཆེད་གེ་ཁོད་དང་ཁོང་གཉིས་ཀས་ཕ་བོང་སློག་གྲབས་བྱས་ཀྱང་མ་ཐུབ། རྒྱུ་མཚན་སྐབས་འདིར་ཅུང་ཟད་བཤད་དགོས་པ་ཞིག་ལ་ཁྱུང་པོ་བློ་གྲོས་རྒྱལ་མཚན་སོགས་ཀྱིས་སྐུ་མཆེད་གེ་ཁོད་བཟའ་བདུད་ཀྱི་སྤྲུལ་པ་ཡིན་པས་ཡིན་ཟེར་ལ། སྤ་བསྟན་རྒྱལ་བཟང་པོའི་《དར་རྒྱས་གསལ་སྒྲོན》སོགས་ལས་སྐུ་མཆེད་གེ་ཁོད་གཤེན་ཆེན་ཀླུ་དགའ་དགུང་ལོ་བཅོ་ལྔ་ཡས་མས་སུ་དབུས་གཙང་དང་ཞུ་ཡས་གཉིས་ཀྱི་འཐབ་འཁྲུག་བར་དུ་སྐུ་བཀྲོངས་ཞེས་བཤད་ཡོད།[29]  འོན་ཀྱང་། སྐབས་དེར་གེ་ཁོད་ཀྱིས་རོགས་བྱས་དང་། ཡང་ན་ག་བཟའ་དཔལ་སྒྲོན་གྱིས་བྱས་པ་གང་རུང་ཞིག་ཡིན་པར་ཡོད་ཆེས་བྱ་ཆོག། དེ་ནས་གཤེན་ཆེན་ཀླུ་དགས་གེ་ཁོད་དམ་ཡང་ན་ག་བཟའ་དཔལ་སྒྲོན་ལ་ས་འདི་འདྲ་བོན་གཏེར་ཅི་འདྲ་འོང་། ཉི་ར་བཟོ་བསམ་པ་ཡིན་ཁྱེད་རང་སོང་ཟེར་ནས་མངགས། ཁོ་རང་གི་ཏོག་ཙེས་རྐོས་ནས་ལོ་དེའི་དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་བཞི། གཟའ་ཟླ་བ་སྐར་མ་ཁྲ་ཉི་མ་ཕག་གི་ཉིན་མོར་ཉི་མ་ཤར་བ་དང་ལྷན་དུ་བོན་དཔེ་རྣམས་གཏེར་ལས་དྲངས།[30] བོན་གྱི་མཁས་པ་རྣམས་གཞི་རྩའི་དྲུག་ཅུ་སྐོར་རེ་ངོས་འཛིན་མི་འདྲ་བ་གྱུར་ཡོད་ཀྱང་། གཞན་པའི་ལོ་ཟླ་ཞག་གྲངས་ནི་ཀུན་ཞལ་གཅིག་མཐུན་དུ་སོང་ཡོད།
  འོ་ན་ཡང་སྙིང་གཏེར་དཔེ་དེ་དག་ཇི་ལྟར་སྦས་ཡོད་པ་དང་ཤོག་ལྷེ་གང་འདྲའི་ཐོག་ཏུ་བྲིས་ཡོད་པ་དཔེ་གཟུགས་ཅི་འདྲ་ཡིན་པ་སོགས་ནི་ནམ་རྒྱུན་རྒྱུགས་ཆེན་བའི་དྲི་བ་གལ་ཆེན་ཡིན་ཞིང་། བདག་གིས་ད་ལན་དེ་ཡི་ལན་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས》གཙོ་བོར་བཟུང་ནས་བཤད་རྒྱུ་ཡིན། དེ་ལས། “དང་པོ་ཐ་རྡོ་སྨུག་ལྟ་ཐ་ཅིག་བྱུང་། དེ་ནས་སོལ་བ་མང་པོ་བྱུང་། དེ་ནས་ཕ་བོང་གྲུ་བཞི་པ་སློག་པའི་འོག་ནས། གཡའ་མ་སྔོན་པོ་ཅིག་བྱུང་། དེའི་སྟེང་ནས་ཡང་ཕ་བོང་གྲུ་བཞི་ལ་མཚལ་དང་ཤེལ་གྱི་གཡུང་དྲུང་རིས་བྲིས་པ་ཅིག་གདའ།  དེ་སློག་པའི་ཇོའི་མཆོད་རྟེན་བཞི་གཤིབ་ནས་འདུག དེ་སློག་པའི་བྲག་ཕུག་རང་བཞིན་གྱི་གསལ་བའི་དབུས་ནས། དཀྱིལ་འཁོར་གཅིག་གི་སྟེང་ན། རྫ་བུམ་མདའ་དར་གྱིས་རྒྱན་པ་ལྔ་ཡོད་པའི་ཐ་མ་ན། དབྱུག་པ་གཅིག་དང་ལྕགས་ཐུར་ཅིག་སྣང་། བྱང་ཤིང་ཡི་གེ་དབུ་ཅན་ཆུང་ངུན་མང་པོས་སྐོར་ནས་འདུག ཕུག་རྡོ་གྲུ་བཞི་པའི་སྒོ་ལ། གཡུང་དྲུང་རིན་པོ་ཆེ་འབར་བ་བྲིས་པ། དེ་གཉིས་ཀྱི་འོག་ནས་ས་སྤྱིན་ཁྱད་པར་ཅན་ལ་ཕྱག་རྗེས་ཆེན་པོ་ཡོད་པ་འདུག ཤར་ནས་བྱང་ཤིང་བླངས་ཏེ་ཡི་གེར་བལྟས་པས། སྒམ་དང་པོ་གཉིས་ན་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་པ་དང་། གཏན་ཚིགས་རྒྱས་པ་ཡོད་པ།”[31] ཞེས་སོགས་སྐབས་དེ་དུས་གཏེར་ཡིག་རྣམས་ཇི་ལྟར་སྦས་ཡོད་མེད་གསལ་པོར་བཤད་ཡོད། འདིར་འདི་དང་འདྲ་བའི་ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་སྦ་ཞབས་བྲག་དཀར་ནས་གཏེར་བཏོན་ཚུལ་སྐུ་དངོས་ཀྱི་གཏམ་བཤད་ཅིག་དྲངས་ན་《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས། “དང་པོ་བྲག་དཀར་གྱི་ཕྲག་གོང་ན། བྲག་སེང་གེའི་གདོང་བ་འདྲ་བའི་གོང་ན། ལ་བཙས་ཅིག་འདུག་པ་དེ་བཤིགས་པའི་ནང་དུ། ཡུལ་དེ་ན་མེད་པའི་རྡོ་རིང་སྔོན་པོ་གསུང་རབ་འདྲ་བ། ས་ལ་གྲུ་གང་ནུབ་པ་ཡར་ལ་གྲུ་གང་དཔག་པའི་ངོས། མཛུབ་སོར་གྱིས་སྨར་ཡིག་མང་པོ་བྲིས་ནས་འདུག དུས་མཐའ་ལས་ཅན་གྱི་སྐྱེས་བུ་ཀུན། འདི་ནས་མར་ལ་འཇལ་བའི་ཁྲུ་ལྔའི་ས་ན་གཏེར་ཡོད་ཟེར་བ་བྲིས་ནས་གདའ། འདི་ན་བོན་གཏེར་ཡོད་པ་དེ། ཟླ་དགུའི་བར་དུ་གསང་རྒྱ་སྦས་རྒྱ་ཨུ་ཡ་ཨག་ཐམ་ཟེར་བ། རྡོ་རིང་རྒྱབ་ཏུ་བྲིས་ནས་གདའ་འོ། །དེར་རྡོ་རིང་དེའི་འོག་ཏུ་བྲག་སྲིན་པའི་མིག་འདྲ་བའི་ཝ་རོ་[རྡོ་རིང་དྲུང་]དུ་མར་བརྐོས་པ་ལ་དང་པོ་རྡོ་རྦང་གི་ཕྱེ་མ་མང་པོ་སྣང༌། དེ་ནས་རྩ་གཡམ་རུམ་པ་ཅིག་བུད་ནས་བྱུང༌། དེ་ཕར་བཏོན་ནས་བརྐོས་པ་ལ། རྡོ་ཤེལ་གྱི་ཕྱེ་མ་མང་པོ་བྱུང༌། དེའི་ཞབས་སུ་ཤུག་པའི་སོལ་བ་མང་པོ་འདུག དེ་བཏོན་ནས་མར་བྲུས་པ་ལ། ཆུ་རྡོ་དང་འདམ་པ་ལ་བརྩིགས་པའི་རྡོའི་སྒྲོམ་ཅིག་གདའ། རྡོ་སྒྲོམ་དེའི་ཁ་ཕྱེ་ནས་བལྟས་པ་ལ། ནང་དུ་ཙན་དན་གྱི་ཕྱེ་མ་མང་པོ་ཡིས་བཙངས་ནས་ཡོད། དེ་རྣམས་ཡར་ཕྱུངས་ནས་བསལ་བ་ལ༑ དེའི་ཞབས་སུ་ཤིང་གི་སྒྲོམ་བུ་གྲུ་བཞི་བ་གཅིག་འདུག དེའི་ཁ་ལ་སྦལ་སྦྲུལ་དང་སྡིག་པའི་གཟུགས་འདྲ་བ་མང་པོ་སྣང་། དེ་རྣམས་ལ་འཇིགས་སྐྲག་མ་སྐྱེས་པར་ཕར་ལ་བསལ་ནས་ཐལ་བ་བཞིན་དུ་སོང༌། དེ་ནས་ཤིང་སྒྲོམ་དེའི་ཁ་ཕྱེ་ནས་བལྟས་པ་ལ། ནང་དུ་སྨན་སྤོས་ཀྱི་ཕྱེ་མའི་གསེབ་ཏུ། ཤོག་སེར་མང་པོ་བརྩིགས་ནས་འདུག ཤིང་སྒྲོམ་ལོག་ལ་མཚལ་གྱི་ཁ་ཡིག་བྲིས་ཏེ་འདུག གཡུང་དྲུང་གི་བོན་འཕྲུལ་ངག་བདེན་པའི་རྒྱུད་སྡེ་འདི་རྣམས། ལས་ཅན་སྐྱེས་བུ་ཅིག་གིས་དྲངས་པར་ཤོག”[32]ཅེས་ཁོད་པོ་བློ་གྲོས་ཐོག་མེད་ཁོང་གིས་གཏེར་ཞལ་ཇི་ལྟར་ཕྱེས་པའི་སྐོར་འདི་ཡིས་གོང་དུ་གཤེན་ཆེན་ཀླུ་དགས་བོན་གཏེར་བཞེས་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་གཞིའི་གཞོག་འདེགས་བྱས་ཡོད།  དེ་བཞིན་བོན་གྱི་གཏེར་སྟོན་པ་མང་པོ་ཞིག་གིས་བོན་གཏེར་བཏོན་ཚུལ་འདི་བཞིན་ཡིན་པར་རྣམ་ཐར་སོགས་སུ་བཤད་ཡོད།
   གཤེན་ཆེན་ཀླུ་དགས་ལྷོ་འབྲིག་འཚམས་ནས་དྲངས་བའི་བོན་གཏེར་འདི་དག་ནི་སྔོན་བོད་རྒྱལ་གྲི་གུམ་བཙན་པོས་བོན་བསྣུབ་པའི་སྐབས་སུ་སྦས་བཞག་པ་ཡིན་པར་བོན་གྱི་མཁས་གྲུབ་རྣམས་ཀྱིས་ཞལ་གཅིག་མཐུན་དུ་གསུངས་བཞིན་ཡོད།  ང་ཚོས་གོང་དུ་དྲངས་པའི་ལུང་དུམ་དེ་དག་ལ་བལྟས་ཏེ་ཡོང་ན་སྐབས་དེར་དྲངས་པའི་བོན་དཔེ་རྣམས་བྲག་དང་ས་འོག་སོགས་སུ་མེ་ཆུ་རླུང་གསུམ་གྱིས་གནོད་པ་མི་ཚུགས་པར་བྱས་ནས་སྦས་ཡོད་པར་ཤེས་ལ། གཏེར་བྱང་ཞེས་པའི་བརྡ་རྟགས་ཤིག་ཡོད་པ་དང་དེར་བརྟེན་ནས་ས་འོག་སོགས་ནས་བཙལ་འཚོལ་བྱ་གྱི་ཡོད་པ་ཡང་རྟོགས་ཡོང་།  གོང་དྲངས་ཀྱི་ལུང་ཚིག་ནང་དུ་སོལ་བ་བླུགས་ཡོད་ཅེས་བརྗོད་ཅིང་། སྔ་དུས་དངོས་རྫས་རྣམས་ས་འོག་ཏུ་སྦས་དུས་དེ་དག་རུལ་མི་འགྲོ་བའི་ཆེད་དུ་སོལ་བ་བླུགས་ཀྱི་ཡོད་པར་དེང་སོང་ས་འོག་སྔོགས་འདོན་སྐབས་སུ་མཐོང་རྒྱུ་ཡོད་འདུག  དུ་དུང་འདི་ནས་བཤད་རྒྱུ་མང་དུ་ལྷག་ཡོད་ཀྱང་རེ་ཞིག་དེ་མཚམས་འཇོག།
   གོང་དུ་གཏེར་ནས་དྲངས་པའི་བོན་དཔེའི་ནང་གཞུང་ཇི་འདྲ་ཡོད་རྒྱུ་རེད་ཟེར་ན་སྒ་སྟོན་གྱི་《གཏེར་གྱི་ཁ་བྱང》དང་།  ཁྱུང་པོ་བློ་གློས་རྒྱལ་མཚན་གྱི་《ལྷོ་གཏེར་བོན་གྱི་ལོ་རྒྱུས》དེ་བཞིན་སྤ་བསྟན་རྒྱལ་བཟང་པོའི་《དར་རྒྱས་གསལ་སྒྲོན》སོགས་སུ་གསལ་བའི་སྡེ་ཚན་གྱི་གྲངས་ཀ་རགས་བསྡུས་ཤིག་བཀོད་ན། མདོ་ཡི་སྐོར།  ཁམམས་ཆེན་དུམ་པ་བཅུ་དྲུག  སྦ༼གུད་དུ་ཕྱུང་བའི་མཆོང་དམ་པ་བཞི། ༽ སེམས་ཕྱོགས་སྐོར། སེམས་སྨད་སྡེ་དགུ། གབ་པ་དགུ་སྐོར། གསེར་གྱི་ལུང་ནོན། ལུང་ཆུང་སེམས་ཀྱི་ཅོག་བཞག རིག་པ་སེམས་ཀྱི་ཁུ་བྱུག རིག་པ་རྒྱུན་ཐག ལུང་རྒྱུན་ཐག ལྷུང་འཇུག་ལྟ་སྒོམ་ཤོག་གཅིག་མ།   སྔགས་ཀྱི་སྐོར། ནང་མ་ལ་ཞི་བ་ཡོངས་རྫོགས། ཐིག་ལེ་དབྱིངས་ཆད། ཀུན་རིག་སྡེ་ལྔ། སྤྱི་སྤུངས། ཁྲོ་བོ་དབང་ཆེན། སྤ་༼ མན་ངག་ཐིག་ལེ་དབྱིངས་ཆར་རྩ་འགྲེལ་དང་བཅས་པ།  དབང་ཆུ་བོ་རབ་འབྱམས་ཆེ་ཆུང་། དུས་དྲུག་མ་མོ། སྲིད་རྒྱལ་དྲེའུ་དམར་མོའི་སྐོར། མ་མོ་འདུས་པ་ཡང་སྙིང་གི་བརྒྱུད། ༽ སྔགས་ཕྱི་མ་ལ་རྣམ་དག།  ཆབ་གཏོར། གླེགས་བམ་མངའ་གསོལ།  ལྡེར་སོའི་སྤྱན་དབྱེ། མུ་ཏྲ་ལྷའི་ཕྱག་རྒྱ། ཚ་ཚ་ཤོག་གཅིག་མ། སྤ་༼ཐང་མ་འོད་རྒྱལ་གྱི་མཆོད་གཏོར་རྩ་གའྲེལ་དང་བཅས་པ། ཀུན་སྣང་ཁྱབ་པའི་དཀྱིལ་འཁོར། ༽མཚན་ཉིད་སྐོར།  སྲིད་པའི་མཛོད་ཕུགས་གནས་ཆེན་བཅུ་བདུན་པོ།  འབྲེལ་(འགྲེལ་)ཆུང་དང་བཅས་པ་སོགས་ཡོད་པར་གསལ་འདི་ནི་གཙོ་བོ་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ལྟར་བཀོད་ཡོད་ལ་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་ཡང་འདི་དང་ཕལ་ཆེར་མཐུན།  དཔེ་ཆ་འདི་དག་དང་པོ་གཏེར་དཔེ་དངོས་དེ་དཔེ་གཟུགས་ཤོག་དྲིལ་དང་། གླེགས་བམ། ལྟེབས་མགོ་མ། ལྟེབས་འགྲིག་མ། ལྟེབས་ཟུར་མ་སོགས་གང་ཡིན་སྙམ་མ་མང་པོ་ཞིག་ཤོག་དྲིལ་མངོན་ཏེ་སྤ་བསྟན་རྒྱལ་བཟང་པོས་“ཁམས་ཆེན་ཤོག་དྲིལ་སུམ་བཅུ་རྩ་གསུམ་བྱུང་བའི”[33]སྐོར་ཞིག་བཤད་འདུག་ལ་བོན་དཔེ་དུ་མའི་མཇུག་བྱང་ནང་དུ་ཤོག་དྲིལ་ཡིན་པར་གསུངས། ཤོག་དྲིལ་ནི་ཉེ་དུས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གཏེར་ཡིག་གི་དཔེ་གཟུགས་དང་ཆ་མཚུངས་ཡིན། འདི་དག་ཉར་ཚག་བདེ་བའི་ཆེད་དུ་ཤོག་དྲིལ་ཐོག་ཏུ་ཕབ་པ་མ་གཏོགས་ཆོ་ག་ཕྱག་ལན་སྐབས་འདོན་སྟབས་མི་བདེ་བས་སྔ་དུས་གཏེར་ཡིག་འདི་དག་ཕར་སྦས་ཁར་བོན་གྱི་དཔེ་གཟུགས་རྣམས་འདི་རང་ཡིན་པའི་ངེས་པ་མེད་སྙམ།
      སློབ་རྒྱུད་གྱེས་ཚུལ་ནི་སྤྱིར་བསམ་གྱིས་མི་ཁྱབ་པ་ཡོད་ནའང་སྒ་སྟོན་གྱི་《གཏེར་གྱི་ཁ་བྱང་》[34]ནང་དུ་བཀོད་པ།  དེ་ཡང་མྱང་སྟོད་ཀྱི་དཔོན་བཞི་ནི། སྐྱིད་མཁར་གྱི་ཞུ་ཡས་ལེགས་པོ། ཀུ་འདུར་གྱི་ཅོག་ལ་གཡུ་སྐྱིད། མེ་ཉག་གི་མེ་ཉག་བོན་ཅིག།  སྒྲེའི་མཚེ་མི་བྲན་དང་བཞིའོ།།  མྱང་སྨད་ཀྱི་ཀ་བ་བརྒྱད་ནི། རོང་ཀུ་གཡུང་དྲུང་གཙུག་ཕུད། རོང་ཀུ་ཨ་ཙ། ཕུག་པ་རྒོད་གསོས། དག་སྒོམ་གཙང་བོ་འབར། ར་ལྗགས་འཕགས་པ་སྐྱབས། ར་ལྗགས་ཡོན་སྐྱིད།  སྐྱིད་དཔར་འདུས་གསས། བྲུ་ཤ་གསས་དང་བརྒྱད་དོ།།  རྒྱལ་མཚན་ཐོབ་པའི་མི་བཞི་ནི། ཇོ་སྒོམ་གཡུང་རྒྱལ་མཚན། མར་པ་ཤེས་རབ་རྒྱལ་མཚན། འཛི་བོན་དབང་གི་རྒྱལ་མཚན། བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་བཞི་བཅས་ཁྱོན་སློབ་མ་བཅུ་དྲུག་པོས་ཁོང་གི་ཞབས་སུ་གཏུག་ནས་ཐོས་བསམ་འཆད་ཉན་བྱས།  སྤ་བསྟན་རྒྱལ་བཟང་པོའི་《དར་རྒྱས་གསལ་སྒྲོན》དང་། ཁྱུང་པོ་གློ་གྲོས་རྒྱལ་མཚན་གྱི་《ལྷོ་གཏེར་བོན་གྱི་ལོ་རྒྱུས》[35]གཉིས་ནང་དུ་ད་དུང་ཅོག་རོ་སྲིད་པའི་མི་ལྔ་ནི། ར་ཞག་ས་མུ་མཁར། བྲི་བོན་ཡེ་ཤེས་ཟླ་བ། འཛི་བོན་འཕེན་སྣང་། འདི་ཟི་ལྷ་རྩེ།   ཤུད་ཀྱེ་ཀྱི་འཁྲུག་དང་ལྔ་ལ་ཟེར།  མྱང་སྟོད་གསུམ་ནི། ཟུ་ཡེ་ཤེས། ཟུ་མགོན་ནེ། རྒྱ་བོན་དགེ་བསྙེན་གཙུག་ཕུད་གསུམ་ཡིན།  ད་དུང་ལ་སྟོད་སུམ་བོན་སྟག་སླག། ཤབ་ཀྱི་རྡོ་བོན་རྒོད་པོ། ཉི་ཉལ་གྱི་མདའ་མེ་ཤྰཀྱ་གསུམ་དང་། ག་གཙུག་ཕུད། ག་ཨ་ཙ་ར། ཟུར་ཚང་སྐྱིད་དཔལ། འབྲིག་འཚམས་པ་རྣམས་སོགས་བརྗོད་ཡོད་ཀྱང་བཀའ་བབས་འཆད་ཉན་གྱི་སྡེ་སོ་སོར་སྐྱོང་བ་ནི།   བྲུ་ཞུ་སྤ་རྨེའུ་བཞི་ཡིན་པས་སོ་སོར་བརྗོད་ན།  བྲུ་ཚང་གི་བྲུ་ནམ་མཁའ་གཡུང་དྲུང་(༩༩༤འཁྲུངས་༡༠༣༦ལོར་འདས་)དང་། བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་བཀའ་བབས་ནས་གཞུང་གབ་མཛོད་ས་གསུམ་ལ་མཚན་ཉིད་འཆད་ཉན་གྱི་སྡེ་བཙུགས་ནས་གཡས་རུ་དབེན་ས་ཁ་ཞེས་པའི་བོན་གྱི་གལ་ཆེན་དེ་བྱུང་བ་ཡིན།  ཞུ་ཚང་གི་ཞུ་ཡས་ལེགས་པོ་ལ་སེམས་ཕྱོགས་ཀྱི་བོན་སྡེའི་བཀའ་བབ་མཛད་ནས་རྫོགས་ཆེན་གྱི་བསྟན་པའི་མངའ་བདག་ཏུ་གྱུར།  སྤ་ཚང་གི་བླ་མ་སྲ་སྟོན་དཔལ་མཆོག་གིས་གཤེན་ཆེན་ཀླུ་དགའ་སྐུ་གཤེགས་ཁར་ཞལ་མཇལ་ནས་གཤེན་ཆེན་ཀླུ་དགས་ཁྲོ་བོ་དབང་ཆེན་དང་། དབང་ཆུ་རབ་འབྱམས་སོགས་ཀྱི་ཤོག་སེར་དང་བཅས་པ་གནང་ནས་གསང་སྔགས་ཀྱི་བསྟན་པའི་བདག་པོར་གྱུར།  རྨེའུ་ཚང་གིས་གཤེན་ཆེན་པོ་སྐུ་དངོས་ཀྱི་དྲུང་ནས་བོན་ཞུས་མིན་མ་གསལ་ཡང་ཅོག་ལ་གཡུ་སྐྱིད་ལ་འབུམ་སྡེ་ཁམས་ཆེན་བཀའ་བབས་དེ་ཉིད་རྗེས་སུ་རྨེའུ་ཚང་གིས་འཆད་ཉན་གཙོ་བོར་མཛད་པས་ཁམས་ཆེན་མདོ་ཡི་བསྟན་པའི་མངའ་བདག་ཏུ་གྱུར་ཏེ་མཁས་པ་རྨེའུ་ཚང་ཞེས་པའི་མཚན་སྙན་བྱུང་།
   དེ་ནས་བོད་མེ་སྦྲུལ་ལོ་སྟེ་སྤྱི་ལོའི་༡༠༡༧ལོར་བོན་གཏེར་དྲངས་པ་ནས་ལོ་སྐོར་གཅིག་སྟེ་ལོ་བཅུ་གཉིས་ལ་གཞན་ལ་རྒྱུད་བསྒྲགས་མི་བྱེད་པར་གསང་རྒྱ་བྱེད་དགོས་ཀྱི་ཡོད་ནའང་“ལོ་བརྒྱད་ལས་གསང་མ་ཐུབ་པར་”[36] དགུང་ལོ་ཉི་ཤུ་རྩ་བརྒྱད་སྐབས་ཏེ་སྤྱི་ལོ་༡༠༢༤ལོར་མེ་ཉག་ན་གུ་དང་ཞུ་ཡས་ལེགས་པོ་སོགས་ལ་ཁྲོ་བོ་དབང་ཆེན་སོགས་བཀའ་དབང་སྩལ་བས་གཤེན་ཆེན་མོའི་མཚན་སྙན་གང་སར་རྒྱས་པ་མ་ཟད་ཕྱོགས་གཞན་ནས་བོན་གྱི་བསྟན་པ་ཡང་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཚུགས། དེས་དབང་གིས་བོན་སྣུབ་ཆོས་སྤེལ་མཁན་རྣམས་ཀྱི་སེམས་སུ་རྨ་ཁ་ཆེ་པོར་བཟོས་ཡོད་པས་དགུང་གྲངས་བཞི་བཅུ་སྟེ་སྤྱི་ལོ་༡༠༣༥ལོར་བན་དྷེའི་བཙུན་པ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་དུག་དྲངས་ཏེ་བོན་གྱི་གཏེར་སྟོན་པ་གཤེན་ཆེན་ཀླུ་དགའ་སྐུ་གཤེགས།
དཔྱད་མཆན།
[1]མཁར་རྨེའུ་བསམ་གཏན་རྒྱལ་མཚན།  མདའ་དང་འཕང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྟོད་ཆ།  ཤོག་གྲངས། ༢༦༨སྟེང་།
[2] འཇིག་རྟེན་མགོན་པོས་བརྩམས་པའི་དགོངས་གཅིག་ཡིག་ཆ།  ལག་བྲིས་མ། ཤ༡༩༢ནས་༢༩༥བར།  ལ་ལས་འདི་ཁོང་གི་སློབ་མས་ཟིན་ཐོ་བཀོད་པ་ཞིག་ཡིན་ནམ་ཟེར་བ་སོགས་ཡོད་ཀྱང་། ཐུའུ་བཀྭན་གྱིས་འཇིག་རྟེན་མགོན་པོའི་ཅན་ཡིན་པར་བཤད་ཡོད།
[3] ཐུའུ་བཀྭན་གྲུབ་མཐའ།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠ལོར་དཔར་ཐེངས་གཉིས་པ།  ༤༢༤ སྟེང་གསལ།
[4]བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་སྦ་བཞེད་ཞབས་བཏགས་མ་བཞུགས་སོ།།  མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོར་དཔར་ཐེངས་གསུམ་པ་དཔར། ཤོག་ངོས། ༢༥སྟེང་།
 [5]སྲིད་པ་རྒྱུད་ཀྱི་ཁ་བྱང་། གངས་ཅན་རིག་མཛོད།  དེབ་ཕྲེང་། ༥༥    ཤོག་གྲངས།  ༢༦༣ སྟེང་།
  [6]དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོར་དཔར་ཐེངས་གསུམ་པ་དཔར།   ཤོག་ངོས། ༢༧༦ སྟེང་།
 [7] བསམ་ཡས་མཆོད་རྟེན་དམར་པོ་ནང་ནས་བོན་དཔེ་གྲགས་ཅན་མདོ་འདུས་སྤྱི་ལོ་༩༥༦ལོར་ཐོན།
  [8]བསམ་ཡས་མཆོད་རྟེན་ནག་པོ་ལས་བཏོན་པའི་བོན་དཔེ། རིན་པོ་ཆེ་གཏོར་ཟློག་གི་གཞུང་། སྟེང་དགོན་དེབ་གཟུགས་བཀའ་འགྱུར་ཨང་༢༨པ་དེ་ཡིན། སད་ཀུ་བན་དྷེས་གཏེར་ལས་བཏོན་པའི་སྤྱི་གཙུག་ཨུ་དུ་འབར་བའི་བརྒྱུད། དེབ་གཟུགས་ཨང་༡༢༣་ནང་དུ་ཡོད།
  [9]པདྨ་མ་བཀའ་ཐང་།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༡ལོར་དཔར་ཐེངས་དྲུག་པ་དཔར།    ཤོག་ངོས། ༣༨༩སྟེང་།
[10] གཙང་སྟོད་བྱེ་མ་གཡུང་དྲུང་ནས་བཏོན་པའི་བོན་དཔེ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་སྟེང་དགོན་བཀའ་འགྱུར་དེབ་གཟུགས་ཨང་༥༡པའི་ནང་དུ་ཡོད།
  [11]མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར། ཟི་ཁྲོན་མིག་རིགས་དཔེ་སྐྲུན་ཁང་གིས༡༩༨༩ལོར་བསྐྲུན་པའི་ཤོག་ངོས་༡༥༥གསལ།
[12]  ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོར་དཔར་ཐེངས་བཅུ་གཅིག་པ་དཔར།   ཤོག་ངོས།  ༢༤༨ སྟེང་།
  [13]སྲོང་བཙན་སྒམ་པོ།  བཀའ་ཆེམས་བཀའ་ཁོལ་མ།   ཤོག་ངོས། ༡༦༨སྟེང་།
[14]  ལྷོ་བྲག་ཁོམ་འཐིང་ནས་དྲངས་པའི་བོན་དཔེ། བཞོད་སྟོན་དངོས་གྲུབ་གྲགས་པས་གཏེར་ལས་བཏོན་པ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ། སྟེང་དགོན་བཀའ་འགྱུར་དེབ་གཟུགས་ཨང་༡༣༧པ་དེ་ཡིན།   སོག་སྤྲུལ་བརྟེན་འགྱུར་ནང་ཡོད་པ་ཡང་རྩེ་ཀློང་ཆེན། རྫོགས་ཆེན་ལུང་དྲུག་འགྲེལ་བ།  ལི་ཤུའི་སྒྲུབ་སྐོར་སོགས་ཡོད།  བཞོད་སྟོན་དངོས་གྲུབ་གྲགས་པའི་སྐོར་གཟིགས་འདོད་ན་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་《གཤད་བྱང་འཕྲུལ་གྱི་ལྡེ་མིག》ནང་དུ་གཟིགས།
 [15] དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོར་དཔར་ཐེངས་གསུམ་པ་དཔར།   ཤོག་ངོས།   ༡༢༨སྟེང་།
  [16]ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་།  གངས་ཅན་རིག་མཛོད། དེབ་ལྔ་པ།  ༡༤༨སྟེང་།
 [17] ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོར་དཔར་ཐེངས་བཅུ་གཅིག་པ་དཔར།   ཤོག་ངོས། ༧༡ནས་༧༢་བར་གསལ།
 [18]དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་མཁས་པའི་དགའ་སྟོན།  མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོར་དཔར་ཐེངས་གསུམ་པ་དཔར།   ཤོག་ངོས།   ༨༩སྟེང་།
[19]རྒྱལ་དབང་ལྔ་པ་ཆེན་མོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོའི་དཔར་ཐེངས་བཞི་པའི་ཤོག་ངོས།  ༡༣སྟེང་གསལ།
[20]  ཚངས་དབང་དགེ་འདུན་བསྟན་པ། གཟི་དམར།  ༢༠༡༨ སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་།  ༤༢སྟེང་།
[21]  གངས་ཅན་ཁྱད་ནོར་དཔེ་ཚོགས།  པོད་ཕྲེང་བཞི་བཅུ་ང་གཉིས།   ཤོག་ངོས། ༡༢སྟེང་།
  [22]ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན།  ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་།  ༤༢༠སྟེང་།
  [23]མན་ལུང་གུ་རུ།  ལམ་ཡིག་ཕྱོགས་བསྒྲིགས།   དེབ་བདུན་པ།   ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།  ༢༠༡༨ལོར་དཔར།   ༩༠སྟེང་།
[24]ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན།  གླེང་གཞི་བསྟན་པའི་འབྱུང་ཁུངས།  གངས་ཏི་སེ་བོན་གཞུང་རིག་མཛོད།   ༤༤༥སྟེང་།
  [25]ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན།  གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས། 
  [26]བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།  གཡུང་དྲུང་བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ།   ཤོག་ངོས། ༢༣༣་་་༢༣༤སྟེང་།  སྒ་སྟོན་གྱི་གཏེར་གྱི་ཁ་བྱང་། ༡༢༩སྟེང་།  འདི་ཚོའི་བར་མི་མཐུན་པས་ཅུང་ཟད་དཔྱད་དགོས་པར་སྣང་།
  [27]བསྟན་རྩིས་པན་ཙ་ལི་ཀའི་ཆུན་པོ། དགེ་རྩེའི་ཀུན་ཁྱབ་ཀྱིས་བསྒྲིགས།   ༤༩སྟེང་།
[28]  དབང་ལྡན་ཞུ་ཡས་ལེགས་པོའི་རྣམ་ཐར།  ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས།   ཤོག་ངོས།༢༧་་་་་༡༨སྟེང་། [29]བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།  གཡུང་དྲུང་བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ།   ཤོག་ངོས། ༡༠༤་་་་་༡༠༧སྟེང་།
  [30]འགྲོ་མགོན་གྱི་(སྤྱི་ལོ་༡༡༩༨ལོར་འཁྲུངས་༡༢༦༣ལོར་འདས)《མཛོད་འགྲེལ་》ལས།  ལས་དང་སྐལ་པ་ལྡན་པའི་རིན་པོ་ཆེ་གཤེན་སྒུར་གྱིས། གཡུང་དྲུང་ཞི་རྒྱས་ཁྲོ་རྒྱས་པ་དང་མཆོད་གཏོར་ཤོག་མ་བསྒྲུབ་པའི་ཚེ་ལོ་ཟླ་ཞག་དང་ཟ་མ་ཉམས་རྟགས་བྱུང་ནས་དངོས་གྲུབ་དངོས་སུ་བྱིན་པའམ་ཤེལ་གྱི་རྟེའུ་ཁྲིད་ནས་སྡོང་པོ་ལ་ཆ་གཅུས་པ་འདྲ་བ་སྟོན་པའི་ཤུལ་དུ་ཁ་བྱང་རྙེད་ནས་མེ་མོ་སྦྲུལ་གྱི་ལོ་ལ་གཏེར་སྒོ་ཕྱེ་ནས་བྲུ་ཞུ་སྤ་ཅོག་སོགས་ལ་བརྒྱུད་པའོ།།  སི་ཁྲོན་མི་རིགས་དཔེ་སྐྲུན་པང་ནས་དཔར། ཤོག་ངོས། ༧༨སྟེང་། རྗེ་རིན་པོ་ཆེའི་《མཛོད་འགྲེལ》་ལས།  གཤེན་འབྲིག་མཚམས་པ་ཆེན་པོས་མེ་མོ་སྦྲུལ་གྱི་ལོ་དགུན་ཟླ་འབྲིང་པོའི་ཉི་ཤུ་བཞི་གདུགས་ལ་འབྲི་འཚམས་མཐའ་དཀར་ནས། བསྟན་པ་རིན་པོ་ཆེ་གདན་དྲངས་ནས་བྲུ་ཞུ་སྤྕོག་ལ་སོགས་ལ་བརྒྱུད་དོ།། སྒོ་བཞི་ལྔའི་ཡང་བཅུད།དེབ༼༡༢༽ ཤོག་ངོས། ༡༦་སྟེང་།
  [31]གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས།  སོག་སྤྲུལ་བརྟེན་འགྱུར། པོད༼༢༠༣༽ ཤོག་ལྷེ། ༧ངོས། 
 [32] སྲིད་པ་རྒྱུད་ཀྱི་ཁ་བྱང་། ཆང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།   ཤོག་ངོས། ༢༠༥སྟེང་།
 [33] བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།  གཡུང་དྲུང་བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ།   ཤོག་ངོས། ༢༠༩སྟེང་།
 [34]སྒ་སྟོན་གྱི་གཏེར་གྱི་ཁ་བྱང་།  བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས། ཤོག་ངོས། ༡༠༡སྟེང་།
  [35]བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།  གཡུང་དྲུང་བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ།   ཤོག་ངོས། ༢༡༠སྟེང་།
གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས།  སོག་སྤྲུལ་བརྟེན་འགྱུར། པོད༼༢༠༣༽ ཤོག་ངོས། ༡༢ ཀྱི་རྒྱབ།
 [36] སྒ་སྟོན་གྱི་གཏེར་གྱི་ཁ་བྱང་།  བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས། ཤོག་ངོས། ༡༠༡སྟེང་།
 ལྷ་རབས་པས་རྩོམ་ཡིག་འདི་༢༠༡༨ལོར་བྲིས་༢༠༢༠ལོར་བསྐྱར་བཅོས་བྱས་ཏེ་སྤེལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།