གཙང་གཤེན་སྙན་ངག་རང་གྲོལ་སྐོར་ལ་དཔྱད་པ།

[ཟླ་ཚེས། 2020-06-04 22:51:38][རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཙང་གཤེན་སྙན་ངག་རང་གྲོལ་སྐོར་ལ་དཔྱད་པ།
རྩོམ་པ་པོ། གཙུག་གཤེན་རྒྱལ་མཚན།
[ནང་དོན་གནད་བསྡུས།] རྩོམ་འདིར་བོན་གྱི་གནའ་དཔེ་ཁག་ལ་གཞི་བཅོལ་ཏེ་གཙང་གཤེན་སྙན་ངག་རང་གྲོལ་གྱི་མཚན་དང་འཁྲུངས་ཡུལ།  སྒྲུབ་གནས་བཅས་ཀྱི་ཐད་ནས་དོགས་སློང་དང་། ཁོང་གིས་བརྩམས་པའི་དཔེ་རྙིང་ཞིག་གི་སྐོར་ནས་དཔྱད་གླེང་།  གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་གྲལ་དུ་བཞུགས་པའི་དཔེ་ཆ《 སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།》ཞེས་པ་དང་དབྱུག་པ་ཅན་གྱིས་བརྩམས་པའི་སྙན་གཞུང《 མེ་ལོང་མ།》གཉིས་ཀྱི་བར་གཤིབ་བསྡུར་བྱས་ཏེ།《 སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།》ནི་བོན་ཕྱོགས་ཀྱི་མཁས་པ་འགའ་ཞིག་གི་བཤད་སྲོལ་ལྟར་གཙང་གཤེན་སྙན་ངག་རང་གྲོལ་གྱིས་བརྩམས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཀྱི་སྙན་གཞུང་ཞིག་མ་ཡིན་པར། གཙང་གཤེན་སྙན་ངག་རང་གྲོལ་གྱིས་སཾསྐྲྀ་ཏའི་སྐད་ལས་བོད་སྐད་ཐོག་བསྒྱུར་བ་ཞིག་ཡིན་པའི་སྐོར་ནས་དཔྱད་གླེང་བྱས་ཡོད།
[གནད་ཚིག་གཙོ་བོ།] གཤེན་ཆེན་སྙན་ངག་བོན་པོ།  ཤར་ཕྱོགས་ཇོ་མོ་གངས་དཀར།  སྣ་བོན་ལེའུ་བཅུ་གསུམ།  སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།
སྔོན་གླེང་།
   སྤྱིར་ན་གཙང་གཤེན་སྙན་ངག་རང་གྲོལ་སྐོར་ལ་ཞིབ་འཇུག་བྱ་དགོས་ན་ཁོང་དང་འབྲེལ་བའི་དཔེ་ཆ་དུ་མ་ཞིག་ལ་དཔྱད་ཞིབ་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། ཕྲན་རང་གིས་ད་ལན་རྩ་བའི་བླ་མ་རྩེ་དྲུག་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་གིས་དཔྱད་གཞིའི་དཔེ་དཀོན་མཁོ་འདོན་གནང་བའི་བཀའ་དྲིན་ལ་བརྟེན་ནས་གཙང་གཤེན་སྐོར་ལ་དོགས་སློང་དང་དགག་སྒྲུབ། ཚོད་དཔག་གང་འཚམ་ཞིག་བྱས་ཡོད། སྤྱིར་ན་ཁོང་ནི་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པའི་རིག་འཛིན་ཞིག་ཡིན་ཏེ། མ་རྒྱུད་གྲུབ་ཆེན་བརྒྱད་ཅུ་ལས། མཐའ་འདུལ་གཤེན་དགུའི་གཙོ་བོ་རུ་བསྟན་ཡོད་པས། བོན་གྱི་ཡི་དམ་མ་རྒྱུད་སྒྲུབ་པའི་རྣལ་འབྱོར་བ་ཞིག་ཡིན་པ་གསལ་ལོ།། གཞན་ཁོང་ནི་པི་ཝང་དཀྲོལ་བ་དང་གླིང་བུ་འབུད་པ་སོགས་སྒྱུ་རྩལ་སྣ་མང་ལ་མཁས་པ།  སྐད་རིགས་མི་གཅིག་པ་དུ་མ་མཁྱེན་ཞིང་སྙན་ངག་དང་ཚིག་གི་སྡེབ་སྦྱོར་ལ་བྱང་བའི་སྐྱེས་བུ་ཞིག་ཡིན་པ་མ་རྒྱུད་སོགས་ཀྱི་ལུང་ཚིག་དག་ལས་ཤེས་སོ།།
   གཞན་ཡང་ཁོང་ནི་སྤྱོད་པ་ངེས་མེད་ཀྱི་རྣལ་འབྱོར་བ་ཞིག་ཡིན་པ་ཕུད།  བོད་ཀྱི་གཉེན་སྒྲིག་ཆོ་ག་སྤེལ་སྐབས་གཏོ་བཅའ་མཁན་གྱི་ལྷ་བོན་ཞིག་ཀྱང་ཡིན་པ་གནའ་དཔེ་ཞིག་ལས་གསལ་ལ། འདིའི་ལྷ་བོན་ནི་སྤྱིར་བཏང་གི་གཏོ་བཅའ་མཁན་ཙམ་མ་ཡིན་པར། སྐབས་དེའི་མིང་སྲིང་དཔལ་བགོ་བ། ཁྱོ་ག་ལ་གསེར་གྱི་རྣ་རྒྱན་ནམ་བླ་གསེར་སྤྲོད་རྒྱུ། མནའ་མ་ལ་བླ་གཡུ་སྤྲོད་རྒྱུ། ཕྱྭ་གཡང་འགུག་རྒྱུ། མིང་དང་ལྷ་འདོགས་རྒྱུ། སྲིད་པའི་བྱུང་རབས་བཤད་རྒྱུ་སོགས། གཉེན་སྒྲིག་སྐབས་མེད་དུ་མི་རུང་བའི་གལ་ཆེན་མི་སྣ་ཞིག་ཆགས་ཡོད་ཅིང་མིང་གཞན་ལ་སྔགས་འཆང་རྒྱལ་པོ་ཞེས་ཀྱང་བྱ། འདིའི་སྐོར《 མིང་སྲིང་དཔལ་བགོས་དང་ལྷ་འདོགས།》དང《 སྣ་བོན་ལེའུ་བཅུ་གསུམ།》ཞེས་པའི་དཔེ་རྙིང་དག་ལ་བལྟས་ན་ཤེས་པས་འདིར་རྒྱས་བཤད་མི་བྱ།
དང་པོ། གཙང་གཤེན་སྙན་ངག་རང་གྲོལ་གྱི་མཚན་གྱི་སྐོར།
གཅིག མིང་དེ་དག་གི་བྱུང་ཁུངས་སྐོར།
   ཁོང་གི་མཚན་གྱི་རྣམ་གྲངས་ལ། གཙང་གཤེན་སྙན་ངག་རང་གྲོལ་དང་།གཤེན་ཆེན་སྙན་ངག་བོན་པོ། གཙང་གཤེན་སྙན་ངག་རྒྱལ་བ། གཙང་གཤེན་སྙན་ངག་མཁན་པོ། ཞེས་མིང་མི་འདྲ་བ་འགའ་ཞིག་སྣང་ལ། དང་པོ་གཙང་གཤེན་སྙན་ངག་རང་གྲོལ་ནི《ཨེར་སངས་ལྷ་མོའི་མགུལ་རྒྱན།》 དང《སྙན་ངག་མེ་ལོང་མ་མ་དར་བའི་སྔོན་གྱི་བོད་རང་གི་སྙན་ངག་གི་གཞུང་ལུགས་གླེང་བ། 》 སོགས་ཕྱིས་ཀྱི་བོན་ཕྱོགས་ཀྱི་སྙན་གཞུང་དང་སྙན་ངག་དང་འབྲེལ་བའི་དཔྱད་རྩོམ་དུ་མ་ཞིག་གི་ནང་གསལ་ཞིང་། དེ་དག་གི་ཁུངས་ནི《མ་རྒྱུད་ཕྱག་མཆོད་ཆེན་མོ།》 ལས“གཙང་གཤེན་སྙན་ངག་རང་གྲོལ་སྨྲ”ཞེས་དང“རང་གྲོལ་སྨྲ་དབང་ཁྱོད་ཕྱག་འཚལ།”ཞེས་པ་དག་ལ་བཅོལ་ཡོད་པ་རེད། གཙང་གཤེན་སྙན་ངག་རྒྱལ་བ་ཞེས་པའི་མིང་འདི་བོན་གྱི་གཏོ་ཡིག་ཁྲོད་བཞུགས་པའི་གནའ་དཔེ《སྤང་སྐོང་ནེ་ར་བརྒྱད་གསུམ།》ལས་གསལ་བ་ཞིག་རེད། གཞན་གཤེན་ཆེན་སྙན་ངག་བོན་པོ་ནི་ཁོང་དང་འབྲེལ་བའི་ཕྱིས་བྱུང་གི་རྩོམ་དག་ཁྲོད་དུ་མཐོང་དཀོན་ཞིང་། ཡོངས་གྲགས་ཀྱི་མིང་དག་དང་ཅུང་ཟད་མི་འདྲ་བ་ཞིག་རེད། དེ་ནི་བོད་ཀྱི་གནའ་བོའི་བག་མ་གཏོང་ལེན་དང་འབྲེལ་བའི་ཆོ་ག《སྣ་བོན་ལེའུ་བཅུ་གསུམ་བཞུགས།》ཞེས་པ་ལས་གསལ་ཞིང་། དཔེ་ཆ་དེ་ནི་ཚིག་ལ་བརྡ་རྙིང་གིས་བརྒྱན་ཞིང་ནང་དོན་ལ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་ཟབ་པས་དོན་སྙིང་ལྡན་པའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་པ་རེད། གཙང་གཤེན་སྙན་ངག་མཁན་པོ་ནི་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་ལས། 《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》གི་རྩོམ་པ་པོའི་མཚན་བྱང་དུ་བཀོད་ཡོད་ལ། གཞན་ཡང་དཔེ་ཚོགས་དེའི་ཁྲོད་བཞུགས་པའི་ཀུན་གྲོལ་འཇའ་ཚོན་སྙིང་པོས་བརྩམས་པའི《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བཞུགས་སོ།།》ཞེས་པ་ལས་ཀྱང་དེ་ལྟར་བཏགས་ཡོད། དེ་ནི་ཀུན་གྲོལ་གྱིས་འགྲེལ་བ་བརྩམས་པ་ནས་བྱུང་བ་ཡིན་པ། གོང་དུ་དྲངས་པའི་གནའ་དཔེ་དག་ལས་མཁན་པོ་ཞེས་པའི་ཚིག་མ་བྱུང་བས་ཤེས་སླ་ལ། དུས་རབས་བཅུ་གསུམ་པའི་གོང་དུ་བོན་ཕྱོགས་ནས་འདུལ་བ་གནང་མཁན་གྱི་མཁན་སློབ་མ་གཏོགས་མཁས་པ་དང་གཞུང་ལུགས་སྨྲ་བ་དག་ལ་མཁན་པོ་ཞེས་པའི་ཐ་སྙད་འདོགས་སྲོལ་མེད་པར་སྟོན་པ་ཞེས་ཐ་སྙད་འདོགས་བཞིན་ཡོད་པ་རེད། དཔེར་ན། གཡས་རུའི་སྟོན་པ་བཅོ་བརྒྱད་དང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། སྐྱབས་སྟོན་རིན་ཆེན་འོད་ཟེར་སོགས་ལྟ་བུ་རེད། ཕྱིས་སུ་བོད་ཀྱི་གྲུབ་མཐའ་ཁག་གིས་དགོན་པའི་བླ་མ་དང་སློབ་དཔོན་དག་ལ་མཁན་པོ་ཞེས་པའི་ཐ་སྙད་འདོགས་སྲོལ་གྱི་ཚ་རླབས་ཤིག་འཕྱུར་བ་འདྲ། དེ་དག་གིས་ཤུགས་རྐྱེན་ལས་ཀུན་གྲོལ་སོགས་ཀྱིས་ཁོང་ལ་གཙང་གཤེན་སྙན་ངག་མཁན་པོ་ཞེས་བཏགས་ཡོད་པ་རེད།
གཉིས། མིང་དེ་དག་གི་གོ་དོན་དང་འཇུག་ཚུལ་སྐོར།
   མིང་དེ་དག་ལ་ཅུང་ཟད་དཔྱད་ན། ཚང་མའི་ནང་སྙན་ངག་ཅེས་པའི་ཐ་སྙད་འདི་ཐོན་ཡོད་པས། ང་ཚོས་དེ་བས་ཀྱང་ཁོང་དང་སྙན་ངག་གི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཐག་བཅད་ནས་བཤད་ཐུབ། འདིར་གསལ་བཤད་དགོས་པ་ཞིག་ལ་སྤྱིར་བོན་གྱི་བཀའ་རིན་པོ་ཆེའི་ཁྲོད་དུ་སྙན་ངག་ཅེས་པའི་ཐ་སྙད་བྱུང་མེད་པ་མིན་ཏེ། མཛད་མདོ་རྒྱས་པ《དྲི་མེད་གཟི་བརྗིད།》ལས“འཆད་པ་འཕྲུལ་གྱི་སྙན་ངག་ཚིག”[1]ཅེས་པ་ལྟ་བུ་མང་དུ་བྱུང་ཡང་། དེ་ནི་ངག་སྙན་མོ་ཞིག་ལ་གོ་བ་ལས་རིག་གནས་ཆུང་བ་ལྔ་ཡི་ནང་ཚན་རྩོམ་ལུས་བྱེ་བྲག་པ་ཞིག་ལ་གོ་བ་མིན། འདིར་སྐབས་སུ་དེ་ཙམ་ལ་གོ་བ་མ་ཡིན་པར་སྒྱུ་རྩལ་རྩོམ་རིག་གི་རྩོམ་ལུས་བྱེ་བྲག་པ་ཞིག་ལ་གོ་བ་ཡིན། ང་ཚོས་གཙང་གཤེན་སྙན་ངག་རང་གྲོལ་བཞུགས་པའི་དུས་སྐབས་དེར་བོད་རང་ལ་སྙན་ངག་གི་གཞུང་ལུགས་ཡོད་མེད་རྟོགས་དཀའ་རུང་། སྙན་ངག་འབྲི་བའི་ལུགས་སྲོལ་དང་སྙན་ངག་ཅེས་པའི་རིག་ཚན་བྱེ་བྲག་པ་ཞིག་འདོད་བཞིན་པ་ཤེས་ཐུབ། དུས་རབས་དྲུག་པའི་གཡས་གཡོན་དུ་མཚོན་ན་རྒྱ་གར་གྱི་ཡུལ་ནི་སྙན་ངག་ཆེས་དར་བའི་ཡུལ་གྲུ་ཞིག་ཡིན་པ་རེད། དེ་དག་གིས་ཤུགས་རྐྱེན་ལས་བོད་ལ་སྙན་ངག(ད་ལྟའི་བོད་ཁུལ་དུ་རྒྱུག་ཆེ་བའི་སྲོལ་རྒྱུན་ཚིག་བཅད་སྙན་ངག་ལ་གོ་དགོས)དར་འགོ་བརྩམས་པ་ཡིན་ནམ་སྙམ་པ་བྱུང་མོད། འདིའི་སྐོར་ནས་ད་དུང་དཔྱད་རྒྱུ་ལུས་ཡོད།
   གཞན་གཙང་ནི་ཁོང་གི་འཁྲུངས་ཡུལ་ཡིན་པ་འོག་ནས་འབྱུང་ཞིང་། གཤེན་ཞེས་པའི་ཐ་སྙད་འདི་ལ་མཚོན་ན། དམུ་གཤེན་གྱི་གདུང་རྒྱུད་ལ་འཇུག་པ། མགོན་སྐྱབས་ལ་འཇུག་པ། གཏོ་བཅའ་མཁན་གྱི་བོན་གཤེན་ལ་འཇུག་པ།  ཁྱབ་པའམ་བདལ་བ་ལ་འཇུག་པ། བྱོན་པ་སོགས་དུ་མ་ཞིག་ལ་འཇུག་པ་རེད། དབྲ་ཁྱུང་སྐལ་བཟང་ནོར་བུ་ལགས་ཀྱིས་བརྩམས་པའི་སྙན་ངག་གི་འགྲེལ་བ《ཨེར་སངས་ལྷ་མོའི་མགུལ་རྒྱན།》ལས“གཙང་གཤེན་སྙན་ངག་རང་གྲོལ་འདི་ནི།  དམུ་རིགས་གཤེན་གྱི་གདུང་འཛིན་སྔགས་འཆང་པ་ཞིག་མིན་ནམ་སྙམ།”ཞེས་གཤེན་ཞེས་པའི་ཐ་སྙད་དེ་ཁོང་གི་གདུང་རུས་ལ་འཇུག་པ་ཡིན་མིན་དོགས་སློང་བྱས་ཡོད་ལ།  དེ་མིན་ཁྱུང་པོ་དཔལ་རྒྱལ་ལགས་ཀྱིས་བརྩམས་པའི《ཞང་བོད་ཀྱི་སྙན་ངག་གི་བྱུང་བརྗོད་ལུག་རྫི་བུ་མོའི་གླུ་དབྱངས།》[2]ཞེས་པ་དང་།  རིག་གཞུང་ཞིབ་འཇུག་པ་ཁྲི་གཡུང་དྲུང་ལགས་ཀྱིས་བརྩམས་པའི《 ཞང་ཞུང་བླ་མ་ལི་ཤུ་སྟག་རིང་དང་ཁོང་གི་ཞལ་གདམས།》 སོགས་ལས་ཁོང་དམུ་གཤེན་གྱི་གདུང་འཛིན་ཡིན་པ་ཐག་བཅད་ནས་བཤད་ཡོད།  མ་གཞི་ཁོང་ནི་མ་རྒྱུད་གྲུབ་ཆེན་བརྒྱད་ཅུ་ལས་མཐའ་འདུལ་གཤེན་དགུ་རུ་གཏོགས་ཤིང་། མ་རྒྱུད་ཀྱི་གཞུང་འདི་དམུ་གཤེན་ཉི་མ་རྒྱལ་མཚན་གཙོས་དམུ་རིགས་གཤེན་ཚང་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་བཤད་མི་དགོས་པ་རེད།   འོན་ཏེ་དཔྱད་དགོས་པ་ཞིག་ལ་མཐའ་འདུལ་གཤེན་དགུའི་ཁྲོད་དུ་གཤེན་ཞེས་པའི་ཐ་སྙད་མང་དུ་བྱུང་སྟེ། དཔེར་ན།“ཡར་གཤེན་ལྡེམ་བུ།”“ཐང་གཤེན་ཕྱ་དཀར”ལྟ་བུ་རེད།  དེ་དག་ཚང་མ་དམུ་གཤེན་གྱི་གདུང་རྒྱུད་རེད་ཟེར་ནས་བཤད་དགོས་ན་དཀའ་མོ་རེད། དེར་བརྟེན་སྐབས་འདིའི་གཤེན་དེ་དམུ་གཤེན་གྱི་གདུང་རྒྱུད་ལ་གོ་ན་མི་འགྲིག་པར་སྣང་ངོ་།། དེས་ན་ཕྲན་རང་གི་བསམ་ཚུལ་ལ་སྐབས་འདིའི་གཤེན་ནི་གཏོ་དང་རིམ་འགྲོ་སོགས་སྒྲུབ་མཁན་གྱི་བོན་གཤེན་ལ་འཇུག་པ་སྣང་སྟེ། གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ནས་རྙེད་པའི་བོན་གྱི་དཔེ་རྙིང་ལས“རྩང་གཤེན་སྙལ་ངག་གྱི།། གཏོ་དང་དཔྱད་བགྱིས་ན།། ཡེ་དེ་ལྷ་བསང་འཚལ།། མར་དེ་དྲི་འདུལ་འཚལ།། རྩང་གཤེན་སྙལ་ངག་གྱིས།། རྩང་ཤ་མཁར་བུ་ལ་བསང་དེ་བཏང་ངོ་།།”[3] ཞེས་གསལ་ལ།《མ་རྒྱུད་ཕྱག་མཆོད་ཆེན་མོ》ལས།“ཡར་གཤེན་ལྡེམ་བུས་ཡ་བདུད་བཅོམ།། ཐང་གཤེན་ཕྱ་དཀར་ཐབས་ལ་མཁས།།”[4]ཞེས་པས་ཤེས། གཞན་ཡང་གཙང་གཤེན་མཆོག་ནི་གཏོ་ཐབས་རིམ་འགྲོ་སྒྲུབ་མཁན་ཞིག་ཡིན་པ་ནི་《སྤང་སྐོང་ནེ་ར་བརྒྱད་གསུམ།》ལས་ཡུལ་ལ་གཉན་ནད་སྣ་ཚོགས་བྱུང་བར་རིམ་འགྲོ་སྒྲུབ་པ་དང་།《སྣ་བོན་ལེའུ་བཅུ་གསུམ་བཞུགས།》ལྟ་བུ་བག་མ་གཏོང་ལེན་དང་འབྲེལ་བའི་ཆོ་ག་བརྩམས་མཁན་དང་དེ་དག་ལ་སྤྱོད་པའི་སྔགས་འཆང་རྒྱལ་པོ་ཞིག་ཡིན་པས་རྟོགས་ཐུབ། གཞན་ཡང་གཞུང་དེ་ལས་ཁོང་གི་མཚན་ལ་གཤེན་ཆེན་སྙན་ངག་བོན་པོ་ཞེས་བཏགས་ཡོད་པས། བོན་པོ་ཞེས་པ་ནི་དེང་གི་ཆར་ཡང་གྲོང་བར་ལ་གཏོ་དང་རིམ་འགྲོ་སྒྲུབ་མཁན་གྱི་སྔགས་པ་དག་ལ་འཇུག་པས་ཁོང་ནི་བོན་གཤེན་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་པ་ཡིན།
གཉིས་པ། ཁོང་གི་འཁྲུངས་ཡུལ་སྐོར།
   ཁོང་གི་འཁྲུངས་ཡུལ་ནི་དབུས་གཙང་རུ་བཞི་ལས་གཙང་གཡས་རུའི་ཕྱོགས་སུ་ཡིན་པ། བོན་དཔེ《མ་རྒྱུད་ཕྱག་མཆོད་ཆེན་མོ》ལས“གཡས་རུ་གངས་ཀྱི་རི་ཁྲོད་ན།། རྣལ་འབྱོར་རྟུལ་ཤུགས་སྤྱོད་པ་སྐྱོངས།། གཙང་གཤེན་སྙན་ངག་ཅེས་བྱ་བ།།”[5]ཞེས་དང་།《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ལས“གཙང་གཤེན་སྙན་ངག་གཡས་རུའི་གངས་ཁྲོད་བཞུགས།། བརྟུལ་ཤུགས་ཉམས་མྱོང་སྐད་རིགས་དུ་མ་སྨྲ།། ཚིག་སྙན་སྒྲ་བསྡེབ་པི་ཝང་གླིང་བུ་བསྒྱུར།། སྨྲ་བའི་དབང་ཕྱུག་རིག་འཛིན་གྲུབ་པ་བསྙེམས།།”[6]ཞེས་པས་ཤེས་ཐུབ། འོན་ཏེ་གཡས་རུའི་ནང་གསེས་ཡུལ་གྲུ་གང་ཞིག་ལ་འཁྲུངས་མིན་དེ་སྔོན་གསལ་བཤད་ཁ་གསལ་མ་བྱུང་ཞིང་། མར་ནང་ཚང་ཁྲི་གཡུང་དྲུང་ལགས་ཀྱིས《ཞང་ཞུང་བླ་མ་ལི་ཤུ་སྟག་རིང་དང་ཁོང་གི་ཞལ་གདམས།》ཞེས་པའི་རྩོམ་ལས་ཁོང་གི་འཁྲུངས་ཡུལ་བྲུ་ཚང་གི་གདན་ས་གཡས་རུ་དབེན་ས་ཁ་ལ་[7]ངོས་འཛིན་བྱས་ཡོད་མོད། གཡས་རུ་དབེན་ས་ཁ་ནི་རྣམ་གླིང་རྫོང་ཁོངས་སུ་གཏོགས་ཤིང་། གཙང་གཤེན་སྙན་ངག་རང་གྲོལ་མཆོག་གི་འཁྲུངས་ཡུལ་ནི་རྣམ་གླིང་ཁུལ་དུ་མ་ཡིན་པར། ཡར་ཀླུང་གཙང་པོའི་བྱང་རྒྱུད་གཙང་གི་སྙི་མོ་ཞེས་པ་དེ་ཡིན་པ། བོན་གྱི་དཔེ་དཀོན《སྤང་སྐོང་ནེ་ར་བརྒྱད་གསུམ》ལས།“སྔོན་རྩང་ཡུལ་ས་སྐོར་སྙིང་མོའི་ཡུལ་ནས། ཁྱིམ་བདག་དད་པ་ལྡན་པའི་བཀྲ་ཤིས་ལྷ་རྒྱལ་ཞེས་བྱ་བ་དེ་ཡི་རིང་ལ། ཡུལ་དེ་ན་སྔ་ན་མ་མཐོང་བའི་རུ་གླང་དཀར་པོ་དམར་བའི་མདངས་ཆགས་པ། ར་སྨུག་གཡུའི་འོད་དང་ལྡན་པ་ཅིག་ཡུལ་དེ་ཡི་ཕུའི་རྩ་ཟོས། མདའི་ཆུ་འཐུང་ནས་ཡོད་ཙམ་ནས། ཁྱིམ་བདག་བཀྲ་ཤིས་དཔལ་འབར་ཞེས་བྱ་བ་དེས། གླང་དེ་ལ་མདའ་ཕོག་ནས་ཤ་དང་ཁྲག་འཐོར་བ་དེ་ལ། གཉན་ལྷོག་ནག་པོ་ཧག་ཤི་དང་། ལྷོག་པ་ས་འཛིན་དང་། ཁོང་ལྷོང་ནག་པོ་ལངས་ཤི་དང་། ལྷོག་བདུད་མཁར་མ་ཟུར་ཡ་དང་། དེ་དག་ལ་སོགས་གཉན་ནད་སྣ་ཚོགས་ཀྱིས་ཡུལ་དེའི་མི་རྣམས་མི་བདེ་བ་དང་སྡུག་བསྔལ་ནས་ཡོད་ཙམ་ན། ཡུལ་དེའི་གཙང་གཤེན་སྙན་ངག་རྒྱལ་བ་དེ་ལ། རིན་པོ་ཆེ་མཎྡལ་ཕུལ་ནས་འདི་སྐད་ཞུས། འགྲོ་ལ་ཕན་སེམས་བསྐྱེད་པའི་གཙང་གཤེན་ལགས།”[8]ཞེས་གསལ་འདུག་པས་ཤེས་ཐུབ།  སྙེ་མོ་ནི་དབུས་གཙང་རུ་བཞི་ལས་གཡས་རུའི་ཁོངས་སུ་གཏོགས་པ། སྙེ་མོའི་ཁོངས་སུ་གཏོགས་པའི་ཟངས་རི་རྨེའུ་ཚང་དགོན་ནམ་དཔལ་ལྡན་བཟང་པོ་རི་གཡས་རུའི་ཤངས་ཀྱི་ཁོངས་སུ་གཏོགས་པས་ཤེས་ཐུབ་ལ།《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》ལས་རྨེའུ་མཁས་པ་དཔལ་ཆེན་མཆོག“གཡས་རུ་ཤངས་ཀྱི་གུར་ཞོག་ཏུ་རྨེའུ་ལྷ་རིའི་སྲས་སུ་རབ་བྱུང་དང་པོའི་ཆུ་འབྲུག་ལོར་སྐུ་འཁྲུངས།”[9]ཞེས་གསུངས་ཤིང་། གུར་ཞོག་ནི་དཔལ་ལྡན་བཟང་པོ་རི་ཡིན་པ། 《ལེགས་བཤད་མཛོད་།》ལས། རྨེའུ་ཚང་གི“གདན་ས་ནི་ཤངས་ཀྱི་གུར་ཞོག་ད་ལྟ་དཔལ་ལྡན་བཟང་པོ་རི་བྱ་བ་ཉིད་དོ།།”[10]ཞེས་པས་ཤེས་ཐུབ། གཞན་ཡང་སྙེ་མོར་ཡོད་པའི་ཤར་ཕྱོགས་ཇོ་མོ་གངས་དཀར་ཡང་གཡས་རུ་ཤངས་ཀྱི་ཁོངས་སུ་ཡོད་པ《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།》ལས“ཤངས་ཀྱི་ཇོ་མོ་རི་ཉམས་ལེན་གནང་སྟེ་བཞུགས། སྙི་མོ་ཆུ་ཕུག མཚོ་ཉ་སྨན་གོང་སོགས་སྒྲུབ་གནས་ཀུན་ཏུ་ཚེ་དང་སྒྲུབ་པ་མཉམ་སྐྱེལ་མཛད།”[11]ཞེས་པ་སོགས་ཀྱིས་རྟོགས་ཐུབ་སྙམ་མོ།།
གསུམ་པ། ཁོང་གི་སྒྲུབ་གནས་སྐོར།
   སྤྱིར་ན་བོན་གྱི་སྔ་རབས་རིག་འཛིན་དང་བླ་མ་དག་དབེན་ཁྲོད་དུ་བརྟེན་པར་ཐུགས་དགྱེས་པ། དཔེར་ན།《མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས།》ལས“གཡའ་རི་གངས་བྲག་བདེ་བའི་ཕོ་བྲང་དུ།། རིག་འཛིན་ལོ་པཎ་གཤེན་བརྒྱད་ལ་གསོལ་བ་འདེབས།།”[13]ཞེས་པས་རྟོགས་ལ། གཙང་གཤེན་རང་གྲོལ་ལགས་ཀྱང་གཙང་གཡས་རུའི་རྒྱུད་ཀྱི་གངས་རི་དང་ཐག་ཉེ་བའི་རི་ཁྲོད་ཅིག་ལ་བཞུགས་པ་གསལ་ཏེ། བོན་དཔེ《མ་རྒྱུད་ཕྱག་མཆོད་ཆེན་མོ》ལས“གཡས་རུ་གངས་ཀྱི་རི་ཁྲོད་ན།། རྣལ་འབྱོར་རྟུལ་ཤུགས་སྤྱོད་པ་སྐྱོངས།། གཙང་གཤེན་སྙན་ངག་ཅེས་བྱ་བ།། པི་ཝང་ལྡིང་བ་བསིར་ཞིང་བསྒྱུར།། རང་གྲོལ་སྐད་རིགས་དུ་མ་སྨྲ།། གླིང་བུ་འབུད་ཅིང་བཤུགས་སྒྲ་འབྱིན།། རེ་འགའ་སྙན་ངག་ཚིག་བརྡེབས་སྦྱོར།། རང་གྲོལ་སྨྲ་དབང་ཁྱོད་ཕྱག་འཚལ།།”[14]ཞེས་དང་།《 གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 ལས“གཙང་གཤེན་སྙན་ངག་གཡས་རུའི་གངས་ཁྲོད་བཞུགས།།”[15]ཞེས་པའི་ཚིག་དག་གིས་དཔོག་ཐུབ།  འོན་ཏེ་གངས་ཀྱི་རི་ཁྲོད་དེ་ཡང་སྙིང་ས་གནས་གང་ཞིག་ལ་ཡོད་པ་དང་མིང་ལ་ཅི་ཞིག་ཟེར་བ་ནི་དཔྱད་དགོས་པ་ཞིག་རེད། ཁོང་གི་བཞུགས་ཡུལ་གཙང་སྙེ་མོ་ཡིན་པ་གོང་དུ་སོང་ལ། སྙེ་མོར་རོང་སྦུག་ཅེས་པའི་ལུང་པའི་ཕུ་བྱང་གི་གཡས་ཀྱི་ལུང་ཕུ་ན་ཤར་ཕྱོགས་ཇོ་མོ་གངས་དཀར་ཞེས་གངས་རི་ཞིག་ཡོད་ཅིང་། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས་ལས“ཤར་ཕྱོགས་ཇོ་མོ་གངས་ཀྱི་སྒྲུབ་གནས་སུ།། རྟོགས་ལྡན་སྒོམ་ཆེན་འབར་བ་ལ་གསོལ་བ་འདེབས།།”[16]ཞེས་རྨེའུ་རི་ཁྲོད་པའི་སློབ་མ་རྟོགས་ལྡན་སྒོམ་ཆེན་འབར་བའི་སྒྲུབ་གནས་གངས་རི་དང་ཆེས་ཐག་ཉེ་བའི་སྒྲུབ་ཕུག་ཅིག་ཡོད་པ་རེད། ད་ལྟ་སྒྲུབ་ཕུག་དེ་གངས་དང་འདྲེས་མཚམས་སུ་ཡོད་ཅིང་། བོད་ཡུལ་གྱི་གངས་རི་དག་སྔོན་མ་ལས་ལྟོས་བཅས་ཀྱིས་མར་བྲི་བཞིན་ཡོད་པ་ཀུན་གྱིས་མཐོང་གསལ་ལགས་ན། འདས་ཟིན་པའི་མི་ལོ་སྟོང་ཕྲག་གི་ཡར་སྔོན་ན་ཕལ་ཆེར་སྒྲུབ་ཕུག་འདི་གངས་ཀྱི་ཁྲོད་དུ་ཡོད་ཆོག་པ་རེད། དེར་བརྟེན་ཁོ་བོས་དཔྱད་ན་ཕལ་ཆེར་དེ་ནི“གཡས་རུའི་གངས་ཁྲོད་བཞུགས”ཞེས་པའི་གཙང་གཤེན་སྙན་ངག་རང་གྲོལ་གྱི་སྒྲུབ་གནས་དེ་མིན་ནམ་སྙམ་བྱུང་། འདི་ནི་དཔྱོད་ལྡན་དག་ལ་དཔྱད་གཞིར་ཕུལ་བ་ཡིན།

ཤར་ཕྱོགས་ཇོ་མོ་གངས་དཀར།

བཞི་པ། ཁོང་གིས་མཛད་པའི་གནའ་དཔེ་ཞིག་གླེང་བ།
   ཁོང་ནི་སྙན་ངག་སྨྲ་བ་ཞིག་ཡིན་པ་གནའ་དཔེ་དག་ལས་གསལ་ཞིང་། བོད་རང་གི་ཆེས་ཐོག་མའི་སྙན་གཞུང་རྩོམ་མཁན་ཞིག་ཡིན་པ་བཤད་ལ།《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》ཞེས་པའི་སྙན་གཞུང་གི་རྩོམ་པ་པོ་ཡིན་པ་དང་། གཞུང་འདི་ནི་བོད་ཀྱི་ཆེས་ཐོག་མའི་སྙན་གཞུང་ཡིན་པ་བཞེད་མཁན་བྱུང་ཡོད། འདིའི་སྐོར་འོག་ནས་འབྱུང་ཞིང་།  སྐབས་འདིར་ཁོང་གིས་མཛད་པའི་དཔེ་ཆ་ཞིག་དང་འབྲེལ་ཏེ། དེའི་ཚིག་དོན་ལ་ཅུང་ཟད་དཔྱད་པར་བྱ། འདི་ནི་བོད་རང་གི་བག་མ་གཏོང་ལེན་དང་འབྲེལ་བའི་གཏོ་ནག་ཁྲོད་ཀྱི་དཔེ་ཆ་ཞིག་སྟེ།《སྣ་བོན་ལེའུ་བཅུ་གསུམ་བཞུགས།།》ཞེས་པ་འདི་རེད།  འདིའི་མཇུག་ཏུ་འདི་ལྟར་བྲིས་ཡོད་དེ“འདི་ནི་སྔོན་རྒྱལ་བུ་ཐིང་གེའི་སྨན་བཙུན་དཀར་མོ་ཁབས་སུ་བཞེས་དུས།  གཤེན་ཆེན་སྙན་ངག་བོན་པོའི་དེས་སྟོན་པ་ལ་ཞུས་སོ།། ”ཞེས་གསལ།  འོན་ཏེ་འདིར་ཅུང་དཔྱད་དགོས་པར་སྣང་སྟེ།  གཤེན་ཆེན་སྙན་ངག་བོན་པོས་སྟོན་པ་ལ་ཞུས་ཞེས་པ་འདི་སྟོན་པ་གཤེན་རབ་ལ་གོ་རྒྱུ་མ་ཡིན་པ་ལེའུ་ཁོ་རང་ནས་གསལ་ཏེ།“སྔོན་གྱི་བསྐལ་པ་དང་པོ་ལ།   གྲོང་ཁྱེར་ཆེན་པོ་ལང་ལིང་ན།  བུ་མོ་དེ་ནི་རྒྱལ་བཞེད་ན།  རྒྱལ་བོན་ཐོད་དཀར་ཁབས་སུ་བཞེས།   དམུ་རྒྱལ་གཤེན་གྱི་ཐིམ་སྐས་ཀྱི།   སྣ་འདྲེ་ཐུར་དུ་བཀར།   སྲི་མནན་གླུ་བོར་བྱུར་རྣམས་ཕུད།   དམུ་ཐག་བཏག་ཅིང་ཕྱྭ་གཡང་ལེན།   མི་ནོར་འཕེལ་ཞིང་ཅི་བསམ་འགྲུབ།  ད་ལྟ་སྔགས་འཆང་སྒྲུབ་གཤེན་གྱིས།   སྔོན་གྱི་དཔེ་དང་ལུང་བཞིན་དུ།”ཞེས་གསལ་བས་སྟོན་པ་ལ་ཞུས་ཟེར་བ་དེ་མི་འགྲིག་ལ།  འདི་མཛད་པའི་དུས་ཀྱང་སྔོན་རྒྱལ་བུ་ཐིང་གེའི་སྨན་བཙུན་དཀར་མོ་ཁབ་ཏུ་བཞེས་སྐབས་སུ་མ་ཡིན་ཏེ།  ལེའུ་ཁོ་རང་ལས“སྔོན་རྒྱལ་བུ་ཐེང་གེ་དེས།  སྨན་བཙུན་དཀར་མོ་ཁབ་ཏུ་བཞེས།  མི་འཕེལ་ནས་བས་འཕེལ།  ནོར་གཡང་དེ་ལས་ཆགས།  སྲིད་མཐའ་ཆུ་ལས་རིང་།”  ཞེས་དང་། རིམ་པ་བཞིན་དུ“མི་ཆེན་དབུ་དཀར་གྱིས།  ལྷ་སྨན་འོད་དེ་ཁབ་ཏུ་བཞེས།” “ཡང་འདོད་པ་དགུ་འགྲུབ་བྱ་བ་དེས།  བྲམ་ཟེ་བུ་མོ་ཁབ་ཏུ་བཞེས། ”“དེ་རིང་ཡོན་གྱི་བདག་པོ་ཡིས།  རིགས་བཟང་བུ་མོ་ཁབ་ཏུ་བཞེས།”ཞེས་པ་དག་ལ་བརྟག་ན་མཇུག་བྱང་འདི་ཕྱིས་སུ་བསྒྱུར་བཅོས་བྱས་ཡོད་པ་རྟོགས་ཐུབ་བོ།།   དེས་ན་མཇུག་བྱང་འདི་ལེའུ་ཁོ་རང་གི་མ་ཡིག་དངོས་མིན་རུང་གཞུང་འདི་གཤེན་ཆེན་སྙན་ངག་བོན་པོས་བརྩམས་པ་ནི་ཐག་གཅོད་ཆོག་སྟེ།  མཇུག་བྱང་དུ་བྱུང་བའི་རྒྱལ་བུ་ཐེང་གེ་སོགས་ནི་ལེའུ་རང་དུ་བྱུང་བ་དག་མ་དཔྱད་པར་དེའི་དུས་ཡིན་པར་རློམ་ནས་བྲིས་པ་དང་།   སྟོན་པ་ལ་ཞུས་ཞེས་པ་ནི་པོ་ཏི་ཡོད་ཚད་བཀའ་ཡིན་པ་འཛིན་ནས་ཐོ་ཅོ་བྱས་པ་ཡིན་ཏེ།  གསུངས་སའི་གནས་དང་གཤེན་ཆེན་སྙན་ངག་བོན་པོས་སྟོན་པ་མཆོག་ལ་ཞུས་ལན་བྱས་པ་མ་གསལ་བས་སོ།།   འོན་ཏེ་གཤེན་ཆེན་སྙན་ངག་བོན་པོ་ཞེས་པ་ཞིག་ལེའུ་གཞུང་ལས་མ་གསལ་ལ།  ཁོས་ཀྱང་གསར་དུ་བཟོ་མི་ཤེས་པས།  མ་ཡིག་གི་མཇུག་བྱང་ལ་གཤེན་ཆེན་སྙན་ངག་བོན་པོ་ཞེས་ཡོད་པ་དེ་ལ་ཕྱིས་སུ་སྣོན་འབྲི་བྱས་པ་ཤེས་ཐུབ་བོ།།
   དཔེ་ཆ་འདི་ནི་མཁར་རྨེའུ་བསམ་གཏན་ལགས་ཀྱིས་བོད་ཀྱི་གཉེན་སྒྲིག་བྱེད་སྲོལ་ཞིག་ལས་གཉེན་སྒྲིག་དངོས་སུ་མ་བྱས་པའི་སྔོན་དུ་(གླང་ཆེན་སྣ་སྒྱུར)ཞེས་པའི་ཆོ་ག་ཞིག་སྤེལ་སྲོལ་ཡོད་རེད། ཅེས་པའི་ཆོ་ག་དེ་སྤེལ་བྱེད་ཅིག་ཡིན་པ་རེད། ཆོ་ག་འདིའི་སྐོར་གྱི་དཔེ་ཆ་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ལག་སོན་བྱུང་མེད་པ་གསུངས་ཡོད། [17] ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས《མདའ་དང་འཕང》ལས། གཉེན་སྒྲིག་ཆོ་གའི་སྐོར་གྱི་རྩོམ་དེར་གཙོ་བོའི་དཔྱད་གཞིའི་ཡིག་ཆ་གཉིས་དྲངས་ཡོད་པ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས (1813-1899)མཛད་པའི《བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད།》 ཞེས་པ་དེ་དང་།  དཔེ་རྙིང《མིང་སྲིང་དཔལ་བགོས་དང་ལྷ་འདོགས།》ཞེས་པ་གཉིས་རེད། ཀོང་སྤྲུལ་གྱིས་བརྩམས་པ་དེ་ལ་ལེའུ་བརྒྱད་ཡོད་ལ། བརྒྱད་ལས་སྣ་འདྲེ་བསྐྲད་པ། མནོལ་གྲིབ་བཀྲུ་བ། མིང་འདོགས་པ་གསུམ་དཔེ་རྙིང《མིང་སྲིང་དཔལ་བགོས་དང་ལྷ་འདོགས།》སུ་མི་གསལ་བ་བཤད།  གཞན་གདན་བཏིང་བ། དཀར་གསུམ་གྱིས་ངོ་གསོ་བ། ལྷ་ལ་འདོགས་པ། གཡང་འགུགས་པ། མཐའ་རྟེན་བཀྲ་ཤིས་བརྗོད་པ་བཅས་ལྔ་ནི་དཔེ་རྙིང་དེར་གསལ་བ་བཤད་ཡོད།   ཏག་ཏག《སྣ་བོན་ལེའུ་བཅུ་གསུམ་བཞུགས།།》ཞེས་པ་ལས། སྣ་འདྲེ་བསྐྲད་པ་གསལ་ཏེ། ལེའུ་དྲུག་པ་སྣ་མེ་འབུད་པ་ཞེས་པ་ལས། “སྣ་འདྲེ་མེ་ལ་བསྲེགས་པ་ཡིན། མེ་འདི་ཡན་ལ་སྣ་འདྲེ་མ་འོང་ཅིག”ཅེས་པས་རྟོགས་ལ། མནོལ་གྲིབ་བཀྲུ་བ་ཞེས་པའི་ལེའུ་དམིགས་གསལ་མེད་རུང་། སྣ་མེ་འབུད་པའི་ལེའུ་གྲུབ་རྗེས་སྐབས་འདིར་ཁྲུས་བྱ་ཞིང་གཞི་ནས་བག་མ་ཁྱིམ་ལ་འགྲོ་དགོས་པ་བསྟན་འདུག མིང་འདོགས་པ་ཞེས་པ་ནི་དཔེ་ཆ་འདིར་སྲུང་བཙུགས་ཀྱི་ལེའུ་ཞིག་འདུག་པ་དེ་ཡིན་པར་སྣང་སྟེ།“དེ་ནས་སྲུང་བཙུག་ཅིང་མཚན་མཁན་གྱིས་མིང་གསོལ་སྟེ།”ཞེས་བྱུང་བས་ཤེས་སོ།། དེས་ན་ཀོང་སྤྲུལ་གྱི་དཔེ་ཆ་དེར་གསལ་བའི་དོན་ཚན་ཧ་ལམ་འདིར་ཚང་བ་ལྟ་བུ་ཞིག་རེད། མཁར་རྨེའུ་བསམ་གཏན་ལགས་ནས་ཀོང་སྤྲུལ་གྱི་གཉེན་སྒྲིག་སྐོར་གྱི་དཔེ་ཆ་དེ་བོན་གྱི་གཉེན་སྒྲིག་སྐོར་གྱི་དཔེ་ཆ་དག་ལ་དཔྱད་གཞི་མཛད་ཡོད་ཚུལ་གསུངས་པས།《སྣ་བོན་ལེའུ་བཅུ་གསུམ་བཞུགས།།》ཞེས་པ་འདི་ནི་ཀོང་སྤྲུལ་གྱིས་དཔྱད་གཞི་བྱས་པའི་བོན་གྱི་གཏོ་གཞུང་གྲལ་གྱི་དཔེ་ཆ་ཞིག་ཡིན་ནམ་སྙམ་བྱུང་། མཁར་རྨེའུ་ལགས་ཀྱིས་ཀོང་སྤྲུལ་གྱི་དཔེ་ཆ་དེ་ལ“སངས་རྒྱས་ཆོས་ལུགས་ཀྱི་མཆོད་པའི་ནང་དོན་གྱིས་ཡོངས་སུ་བཏུམས”ཡོད་པ་གསུངས་པས། དཔེ་ཆ་འདི་ནི《མིང་སྲིང་དཔལ་བགོས་དང་ལྷ་འདོགས།》ཞེས་པའི་དཔེ་རྙིང་ལྟར་སྐྱ་བོའི་རིག་གནས་ཀྱི་ནང་དོན་གྱིས་ཕྱུག་པ་ཞིག་ཡིན་པ་ལས།  ཐུབ་བསྟན་ཆོས་ལུགས་ཀྱི་ནང་དོན་གྱིས་བཏུམ་པ་ཞིག་མ་ཡིན་པས་དེས་ཀྱང་དཔེ་ཆ་འདི་ནི་དཔེ་རྙིང་ཞིག་ཡིན་པ་དང་མཛད་པ་པོ་གཙང་གཤེན་སྙན་ངག་རང་གྲོལ་ལགས་ནི་ཐུབ་བསྟན་བོད་ལ་མ་དར་བའི་སྔོན་དུ་བྱོན་པའི་མཁས་པ་ཞིག་ཡིན་པའི་ངེས་ཤེས་སྐྱེ་ཐུབ་པ་ཡིན། མཚམས་འདི་ནས《སྣ་བོན་ལེའུ་བཅུ་གསུམ་བཞུགས།།》ཞེས་པའི་དཔེ་ཆ་འདིའི་ཚིག་དོན་སྐོར་ནས་ཅུང་ཟད་གླེང་བར་བྱ།
གཅིག ཚིག་གི་ཆ་ནས་གླེང་བ།
   དཔེ་ཆ་འདིའི་ནང་བོད་རང་གི་ཐུན་མིན་གྱི་ཐ་སྙད་མང་དུ་བྱུང་སྟེ། དཔེར་ན།“འབྲང་རྒྱས་ཞལ་དཀར། སྨྲང་སྒྲོ་སྨུག་པོ། འཕྲུལ་གཟི་ཟ་འོག བྱུར་ཤ་ཀྲེ་ལོང་། དཔལ་ཤ་ངར་རྗེ། སྒབ་འདྲེ། ཨ་སྒྱུགས། ཨ་རྐུད། རྒིས་པ། སྦང་མ། གྱོད་པོ། རྒྱུག་མོ།”འདི་དག་ལ་བརྟག་ན་བརྡ་རྙིང་གིས་བརྒྱན་པའི་སྔོན་མའི་དཔེ་ཆ་ཞིག་ཡིན་པ་ཤེས་ཐུབ།  གཞན་ཡང་སྒྱུ་རྩལ་གྱི་ཉམས་ལྡན་པའི་ཚིག་ཀྱང་དུ་མར་སྣང་སྟེ།
“ཁྲག་གི་ཁྱི་དམར་རྗེས་ནས་འབྲིང་།
རྒྱ་ལམ་སྐྱ་མོ་རྟ་རུ་ཞོན།
མུན་པ་ནག་པོ་གོས་སུ་གྱོན།”ཞེས་པ་འདི་ལས་ཁོང་ལ་སྒྱུ་རྩལ་གྱི་ཉམས་འདོན་སྟངས་ཅུང་མི་འདྲ་བ་ཞིག་ཡོད་པ་ཤེས་ཐུབ། གཞན་ཡང་“གྱོད་པོ་རི་རྒྱལ་ལྷུན་པོ་འདྲ།
རྒྱུག་མོ་མཚོ་ལ་དར་ཆགས་འདྲ།
ཚེ་རོགས་དཔལ་གྱི་ནོར་བུ་འདྲ།
ཨ་སྐུད་སྐྱ་ཁྲ་ཧོར་པ་འདྲ།
མནའ་མ་གཡུ་ཆུང་དྲུག་དཀར་འདྲ། ”ཞེས་དཔེ་བཀོད་ཅིང་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡང་ཐོན་ཡོད། དེ་མིན་བོན་གྱི་གནའ་དཔེ་ཁག་ལས་གསལ་བའི་ཚིག་སྦྱོར་བཀོལ་སྟངས་ཤིག་སྟེ།
“ཡ་ཐོད་མདངས་རེ་གསལ།
འཛང་ལ་འཕྲུལ་ཆ་ཆགས།
ལག་པ་ཟས་རེ་བཟང་།
གཡང་གི་སྒོ་རེ་དམ།
ལུས་པོ་དཔལ་རེ་ཆེ།”ཞེས་དང་།
གཞན་ཡང་། “དཔའ་མདའ་སྒྲོ་དཀར་འདི།
ཇོ་བོ་གྲལ་གྱི་ནོར།
དཔའ་བོའི་རྟེན་དུ་འཛུགས།
དཔལ་གྱི་ལྷ་རྟེན་མདའ།
མིང་པོའི་ཕྱག་ཏུ་འབུལ།  བཀྲ་ཤིས་མིང་ལ་ཤེས།”ལྟ་བུ་འདི་དག་རེད། འདི་དག་ནི་བོད་ཀྱི་གནའ་བོའི་རྐང་པ་མི་མཉམ་པའི་སྙན་ཚིག་བཀོད་སྟངས་ཤིག་རེད། འདི་དག་འགའ་ཞིག་གིས་བོད་ལ་གནའ་སྔ་མོ་ནས་རང་མོས་སྙན་ངག་ཡོད་པའི་སྒྲུབ་བྱེད་བྱས་ཡོད། ད་དུང་བོད་ཀྱི་དམངས་ཁྲོད་དུ་གྲགས་པའི་གླུ་ཚིག་གི་ཆ་ཤས་ཀྱང་སྣང་སྟེ།“ཀྱེ་ང་ནི་སྔགས་འཆང་རྒྱལ་པོ་ཡིན།
ཁྱོད་ད་ནང་འོང་བ་གང་ནས་འོང་།
དོ་ནུབ་འགྲོ་བ་གང་དུ་འགྲོ།
ཀྱེ་ང་ད་ནང་འོང་བ་ཤར་ནས་འོང་།
དོ་ནུབ་འགྲོ་བ་ནུབ་ཏུ་འགྲོ།”ཞེས་པ་ལྟ་བུ། ཁྱུང་པོའི་སྟོད་ཕྱོགས་ཀྱི་ཡུལ་སྐད་དུ་ཤར་ནས་ཡོང་བ་ལ་འོང་ཞེས་སྒྲ་བརྗོད་བཞིན་ཡོད་པ་རེད། འདིས་ཀྱང་དམངས་ཁྲོད་ཀྱི་སྐད་བརྡ་ལ་གནའ་བོའི་བརྡ་རྙིང་གི་ཁྱད་ཆོས་ཡོད་པ་གསལ་བཤད་བྱས་ཡོད། གཞུང་འདིར་“གཡུ་ཆུང་དྲུག་དཀར། དཔལ་གྱི་ལྷ་རྟེན”སོགས་བོད་རང་གི་ཁྱད་ཆོས་ལྡན་པའི་ཐ་སྙད་དུ་མ་ཞིག་ཀྱང་བཀོལ་ཡོད་པ་རེད། དེར་བརྟེན་ཁོང་ནི་བོད་རང་གི་སྐབས་དེའི་ཐ་སྙད་བཀོལ་སྟངས་དག་ལ་བྱང་ཆ་དང་ནུས་པ་ཐོན་པའི་མཁས་པ་ཞིག་ཡིན་པ་ར་སྤྲོད་ཐུབ་པ་ཡིན།
གཉིས།  ནང་དོན་གྱི་ཆ་ནས་གླེང་བ།
   འདི་ནི་ལེའུ་བཅུ་གསུམ་ལས་གྲུབ་པ་ཞིག་སྟེ། ༡མིང་སྲིང་དཔལ་བགོས་པའི་ལེའུ། ༢གཡང་ལེན་པའི་ལེའུ། ༣ཡུམ་གྱི་ཁ་ད་བརྗོད་པ། ༤སྣ་སྒྱུར། ༥ཐོ་བསྒྱེལ། ༦སྣ་མེ་འབུད་པ། ༧གནམ་ཁྱི་ཐེ་ཁྱིམ་བཅོས་པ། ༨ལྷ་འདོགས། ༩དཔལ་ཐགས་འདོགས་པ། ༡༠སྲུང་བཙུགས་པ། ༡༡ནས་གཏོར་པ། ༡༢དཔལ་སྐྱེད། ༡༣བཀྲ་ཤིས་སྨོན་ལམ་གྱི་ལེའུ། ཞེས་ལེའུ་བཅུ་གསུམ་དེ་དག་ལས་བོད་རང་གི་ཐུན་མིན་བག་མ་གཏོང་ལེན་བྱེད་ཚུལ་བསྟན་ཡོད།  འདི་ནི་གོང་དུ་དྲངས་པའི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི《བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད།》དང་།  དཔེ་རྙིང《མིང་སྲིང་དཔལ་བགོས་དང་ལྷ་འདོགས།》གཉིས་ལས་ཀྱང་བག་མ་གཏོང་ལེན་སྐོར་ཆ་ཚང་བར་བསྟན་པའི་དཔེ་ཆ་ཞིག་རེད།
   དེ་ཡང་ལེའུ་དང་པོར་བག་མ་རང་ཁྱིམ་ལ་ཡོད་སྐབས་མིང་སྲིང་གཉིས་ཀྱི་དཔལ་གཡང་སོགས་བགོ་སྟེ། “དཔའ་མདའ་སྒྲོ་དཀར་འདི། ཇོ་བོ་གྲལ་གྱི་ནོར། དཔའ་བོའི་རྟེན་དུ་འཛུགས། དཔལ་གྱི་ལྷ་རྟེན་མདའ། མིང་པོའི་ཕྱག་ཏུ་འབུལ། བཀྲ་ཤིས་མིང་ལ་ཤེས། ཁུ་ཡི་གཡང་སུ་ལེན། གསེར་འཕང་གཡུ་ལོ་འདི། སྲིང་མོ་ལྕམ་གྱི་ནོར། མ་ལྷ་འཕྲུལ་གྱི་རྟེན། སྲིང་མོའི་ཕྱག་ཏུ་འབུལ། ཞལ་དྲོ་ལྕལ་ལ་དྲོ། ”ཞེས་སོགས་ལས་བོད་ཀྱི་གདོད་མའི་ལྷ་འདྲེའི་ལྟ་བ་སྟེ། དགྲ་བླ་དང་ཕོ་ལྷ། མ་ལྷ་སོགས་བསྟོད་ཅིང་བཀུར་བའི་ལུགས་སྲོལ་མཐོང་ཞིང་། དེ་ནས་གཡང་འགུག་པའི་བྱ་བ་བྱ་སྟེ།“ཀྱེ་དཔལ་ཤོག་སྟེང་ནས་གཡང་ཅིག་ལེན། རེག་འཇམ་གོས་ཀྱི་གཡང་ཅིག་ལེན། ཟས་གཡང་ལག་པའི་ནང་ནས་ལེན། བཙན་ཕྱུག་འཕེན་དར་གཡང་གཅིག་ལེན། ཕྱྭ་དང་གཡང་རྣམས་འདི་རུ་བྱོན། ”ཞེས་པ་སོགས་ཀྱིས་བོད་ཡུལ་སྟོད་སྨད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་ཕྱྭ་འགུག་གཡང་འགུག་གི་ལུགས་སྲོལ་རྣམས་གསལ་བ་བསྟན་ཏོ།།  དེ་ནས་བུ་མོ་ལམ་ལ་ཆས་ཁར་ཨ་མས་བསླབ་བྱ་བྱེད་པ་སྟེ།“ཀྱེ་བུ་མོ་གཙང་ལྕམ་ཚུར་ཉོན་དང་། ཁྱོད་ནངས་པར་ལོངས་པའི་སྔ་ཞོགས་གྱིས། ནུབ་མོ་ཉལ་བའི་ཕྱི་ཞོགས་གྱིས། བསྲི་བཞག་སྨྱུག་གུའི་སོ་འདྲ་གྱིས། གོ་རིག་ཉི་མའི་ཟེར་འདྲ་གྱིས། གསལ་འཇང་ཟླ་བའི་འོད་འདྲ་གྱིས། དེ་ལྟར་བུ་མོའི་སེམས་ལ་ཞོགས། སེམས་ལ་ཞོགས་ནས་གནས་ལ་གཤེགས།”ཞེས། མ་ཡིས་བུ་མོ་གནས་ལ་འགྲོ་ཁར་གནང་བའི་བསླབ་བྱ་དག་ལས། ཡ་རབས་དང་གཞུང་དྲང་ལྡན་ཞིང་ལས་ལ་བརྩོན་པའི་ཆུང་མ་ཞིག་དགོས་པ་བསྟན་པ་དག་ལས་བོད་ཀྱི་ཐུན་མིན་ཡ་རབས་གོམས་སྲོལ་དག་མཚོན་ཐུབ་བོ།།“ཀྱི་དེ་རིང་སྲིད་པའི་གནམ་གང་ལ། གཏོ་འདི་གླང་ཆེན་སྣ་སྒྱུར་ཏེ། སྟོབས་ལྡན་གླང་ཆེན་འདི་དག་ནི། རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། རྒྱབ་ན་ཡས་རྟགས་སྣ་ཚོགས་བཀལ། སྣ་ལ་མཚོན་ར་གྲི་ཐོགས། ཁ་ནི་བག་མའི་སྣ་ལ་བསྟན། སྒྱུ་ནི་བག་མའི་སྣ་འདྲེ་སྒྱུར། ཟློགས་ནི་བག་མའི་བགབ་འདྲེ་ཟློགས།”ཞེས་བོན་གྱི་གཏོ་ཐབས་དང་འདྲེ་བཀར་གདོན་མནན་བྱེད་པའི་ཆོ་ག་དག་བསྟན་འདུག གཞན་ཡང་ལྷ་འདྲེ་ཐོ་ཡིས་གཅོད་པ་དང་བག་མའི་སྣ་འདྲེ་མེ་ལ་བསྲེགས་པའི་ཆོ་ག་བཅས་གྲུབ་རྗེས། བག་མ་ལ་ཁྲུས་བྱ་དགོས་པ་བསྟན་འདུག དེང་གི་ཆར་ཡང་བོད་ཀྱི་ས་ཆ་མང་པོར་བག་མ་ཁྱིམ་ལ་ཡོང་ཁར་བླ་མས་ཁྲུས་བྱེད་པའི་ལུགས་སྲོལ་མ་ཉམས་པ་ཡོད་པ་རེད། དེ་མཚམས་བག་མ་ཁྱིམ་ལ་འགྲོ་སྟེ། གདན་དཀར་སྟེང་དུ་ནས་ཀྱིས་གཡུང་དྲུང་བྲིས་པ་དང་བསང་དང་གཡང་འབོད་བྱེད་པ། གཟའ་སྐར་ལྟ་བ། སྲུང་འཛུགས་པ། དཔལ་འདོགས་པ། མིང་གསོལ་བ། བག་མའི་ལུས་ལ་བཀྲ་ནས་གཏོར་བ། ལག་ན་ཚེ་གཡང་གི་མདའ་དར་ཐོགས་བཅུག་པ། སྙུག་མ་དང་མདའ་དར། དར་ཚོན་སོགས་ཀྱི་བཤད་པ། བཀྲ་ཤིས་སྨོན་ཚིག་གིས་རྒྱས་གདབ་པ་སོགས་དེང་སང་མ་ཉམས་པར་ཡོད་པའི་བོད་ཀྱི་ལུགས་སྲོལ་དག་དཔེ་ཆ་འདི་རུ་གསལ་འདུག མདོར་ན་གཙང་གཤེན་སྙན་ངག་རང་གྲོལ་གྱིས་མཛད་པའི་དཔེ་ཆ་འདི་ལས་བོད་ཀྱི་བག་མ་གཏོང་ལེན་དང་ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་ཀྱི་ནང་དོན་འབའ་ཞིག་བསྟན་ཡོད་པ་རེད།
ཇོ་མོ་གངས་ཁྲོད་བཞུགས་པའི་སྒྲུབ་ཕུག
ལྔ་པ། མེ་ལོང་མ་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གཉིས་བར་གྱི་གཤིབ་བསྡུར།

གཅིག དོན་རྒྱན་སྐོར།
   མཚམས་འདི་ནས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་གྲལ་དུ་བཞུགས་ཤིང་གཙང་གཤེན་སྙན་ངག་རང་གྲོལ་གྱིས་བརྩམས་པར་གྲགས་པའི《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》དང་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་ཤིང་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་བསྒྱུར་བའི་སྙན་གཞུང་མེ་ལོང་མ་གཉིས་བར་ལ་གཤིབ་བསྡུར་ཞིག་བྱ་རྒྱུ་ཡིན།  འོག་ནས་མེ་ལོང་མ་ལ《མེ་ལོང》ཞེས་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ལ《རྒྱན་གསུམ》ཞེས་ཚིག་བསྡུས་ཡོད།  སྙན་གཞུང《མེ་ལོང་མ》དང《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།》གཉིས་ལ་རྩ་བའི་ས་བཅད་འཇོག་སྟངས་དང་མཚན་ཉིད་འཇོག་སྟངས་མཚུངས་ལ། བྱེ་བྲག་དབྱེ་བ་སོ་སོར་ཡང་མིང་འཇོག་སྟངས་མཚུངས་པ་རེད། མི་འདྲ་ས་ཞིག་ཡོད་པ་ནི་རྒྱས་བསྡུས་ཀྱི་གྲངས་ཀ་མི་འདྲ་བ་རེད། དཔེར་ན། དཔེ་རྒྱན་ལ《མེ་ལོང》༣༢ 《རྒྱན་གསུམ》༧ ཡོད། གཟུགས་རྒྱན་ལ《མེ་ལོང》༢༠《རྒྱན་གསུམ》 ༩ ཡོད། གསལ་བྱེད་རྒྱན་ལ《མེ་ལོང》༡༢ 《རྒྱན་གསུམ》༨ཡོད། བསྐོར་བའི་རྒྱན།《མེ་ལོང》 ༣《རྒྱན་གསུམ》༣ཡོད། འགོག་རྒྱན་ལ། 《མེ་ལོང》 ༢༣《རྒྱན་གསུམ》 ༣ཡོད། དོན་གཞན་བཀོད་པའི་རྒྱན། 《མེ་ལོང》༨ 《རྒྱན་གསུམ》༨ཡོད། ལྡོག་པ་ཅན་ལ《མེ་ལོང》༡༠《རྒྱན་གསུམ》༤ ཡོད། སྲིད་པ་ཅན་གྱི་རྒྱན།《མེ་ལོང》༣《རྒྱན་གསུམ》༣ ཡོད། བསྡུས་བརྗོད་རྒྱན།《མེ་ལོང》 ༤ 《རྒྱན་གསུམ》 ༤ ཡོད། ཕུལ་བྱུང་རྒྱན།《མེ་ལོང》༤ 《རྒྱན་གསུམ》༤ ཡོད། རབ་རྟོག་རྒྱན། 《མེ་ལོང》༣《རྒྱན་གསུམ》༣ ཡོད། རྒྱུ་ཡི་རྒྱན་ལ《མེ་ལོང》༡༦《རྒྱན་གསུམ》༥ཡོད། ཕྲ་མོའི་རྒྱན།《མེ་ལོང》 ༢《རྒྱན་གསུམ》༢ཡོད། ཆ་ཡི་རྒྱན།《མེ་ལོང》 ༤ 《རྒྱན་གསུམ》༢ ཡོད། རིམ་པ་ཅན་གྱི་རྒྱན།《མེ་ལོང》༡《རྒྱན་གསུམ》༡ཡོད། དགའ་བའི་རྒྱན།《མེ་ལོང》༢《རྒྱན་གསུམ》༢ཡོད། ཉམས་ལྡན་གྱི་རྒྱན། 《མེ་ལོང》 ༨《རྒྱན་གསུམ》༢ཡོད། གཟི་བརྗིད་ཅན་གྱི་རྒྱན།《མེ་ལོང》༡《རྒྱན་གསུམ》༡ཡོད། རྣམ་གྲངས་བརྗོད་པའི་རྒྱན། 《མེ་ལོང》༡《རྒྱན་གསུམ》༡ཡོད། ཀུན་ཕན་གྱི་རྒྱན།《མེ་ལོང》༡ 《རྒྱན་གསུམ》༡ཡོད། རྒྱ་ཆེ་བའི་རྒྱན།《མེ་ལོང》 ༢《རྒྱན་གསུམ》༢ཡོད། བསྙོན་དོར་རྒྱན།《མེ་ལོང》༣《རྒྱན་གསུམ》༣ཡོད། སྦྱར་བའི་རྒྱན།《མེ་ལོང》༨《རྒྱན་གསུམ》༢ཡོད། ཁྱད་པར་བརྗོད་པའི་རྒྱན།《མེ་ལོང》༥《རྒྱན་གསུམ》༥ཡོད། མཚུངས་སྦྱོར་གྱི་རྒྱན།《མེ་ལོང》༢《རྒྱན་གསུམ》༢ ཡོད། འགལ་བའི་རྒྱན། 《མེ་ལོང》༦ 《རྒྱན་གསུམ》༦ ཡོད། སྐབས་མིན་བསྟོད་པའི་རྒྱན།《མེ་ལོང》༡ 《རྒྱན་གསུམ》༡ ཡོད། ཟོལ་བསྟོད་ཀྱི་རྒྱན།《མེ་ལོང》༣《རྒྱན་གསུམ》༣ཡོད། ངེས་བསྟན་གྱི་རྒྱན།《མེ་ལོང》 ༢《རྒྱན་གསུམ》༢ཡོད། ལྷག་ཅིག་བརྗོད་པའི་རྒྱན།《མེ་ལོང》 ༣ 《རྒྱན་གསུམ》༣ཡོད། ཡོངས་བརྗེས་ཀྱི་རྒྱན།《མེ་ལོང》༡ 《རྒྱན་གསུམ》༡ཡོད། ཤེས་བརྗོད་ཀྱི་རྒྱན།《མེ་ལོང》༡《རྒྱན་གསུམ》 ༡ཡོད། རབ་སྤེལ་གྱི་རྒྱན། 《མེ་ལོང》༡《རྒྱན་གསུམ》༢ཡོད། དགོངས་པ་ཅན་གྱི་རྒྱན། 《མེ་ལོང》 《རྒྱན་གསུམ》གཉིས་ཀར་མཚུངས་ཏེ་ཁྱད་གཞི་བསྟན་པ་དང་ཁྱད་ཆོས་བཞིས་རྒྱས་པར་བཤད་པ་བཅས་གཉིས་ཡོད། དེ་ལྟར་དོན་རྒྱན་སོ་ལྔའི་སྐབས་སུ་གཞུང་གཉིས་ཀྱི་དཔེར་བརྗོད་མང་ཉུང་མི་འདྲ་བ་མ་གཏོགས། ཡོད་པ་དག་གི་གཉིས་ཀར་མཚན་ཉིད་དང་དཔེར་བརྗོད་དག་ཚིག་དོན་དང་དཔེ་དོན་གཅིག་པར་སྣང་བ་ལས། མི་འདྲ་ས་ཆེར་མེད། གཞན་ཅུང་ཟད་མི་འདྲ་ས་ཡོད་པ་ནི《རྒྱན་གསུམ》ལས་མཚན་ཉིད་དང་དཔེར་བརྗོད་ལས་གཞན་རྒྱན་སོ་སོའི་བར་གྱི་མཇུག་བསྡུ་བའི་ཚིགས་བཅད་དང་དཔེ་དོན་སོ་སོར་རྒྱས་བཤད་བྱས་པ་ཡང་མང་སྟེ། དཔེར་ན། དངོས་པོའི་རྒྱུ་ཡི་དཔེར་བརྗོད། “ལྷ་ཡི་ལྗོན་པ་གཞོན་ནུ་མ།། ལྷོ་ཕྱོགས་མ་ལ་ཡ་རླུང་གིས།། བསྐྱོད་པར་བྱེད་པའི་དྲི་ཞིམ་པོས།། ལུས་ཅན་གང་ལའང་དགའ་བ་བསྐྱེད།།”ཞེས་དཔེ་དང་དེའི་དོན་ལ“དགའ་བར་བསྐྱེད་པ་འོས་པའི་རྒྱུ།། རང་བཞིན་ཉེ་བར་སྦྱར་བ་འདི།། རྒྱན་ཉིད་དུ་ནི་རབ་ཏུ་བསྟན།། ལྡོག་པ་དག་ཀྱང་དེ་དང་མཚུངས།།”ཞེས་དཔེ་དོན་སོ་སོར་བྱུང་བ་ལྟ་བུ་རེད།། དེ་བཞིན་རྒྱན་འགའ་ཞིག་གི་མཇུག་ཏུ་ཆེད་དུ་རྒྱན་དེར་བསྟོད་བསྔགས་བྱས་པ་ཡང་ཡོད་དེ། ཕུལ་བྱུང་རྒྱན་གྱི་མཇུག་ཏུ“རྒྱན་ནི་གཞན་པ་དག་ལས་ཀྱང་།། སྙན་ངག་མཁན་གྱིས་མཆོད་འོས་པ།། ཕུལ་བྱུང་རྒྱན་ཞེས་བརྗོད་པ་འདི།། མཆོག་ཏུ་བརྗོད་པ་གཅིག་པུ་འོ།།”ཞེས་བྱུང་བ་ལྟ་བུ་རེད།《མེ་ལོང་མ》ཡི་གཞུང་དུ་མཚན་ཉིད་དང་དཔེར་བརྗོད་ལས་མཇུག་བསྡུ་བྱེད་དང་དོན་བཤད་པ་སོགས་མ་བྱུང་།  དེར་བརྟེན་རྒྱན་གསུམ་ནི་རྩ་བ་དང་དེའི་འགྲེལ་བ་གཉིས་མཉམ་དུ་ཚིགས་བཅད་པ་ལྟ་བུའི་གནས་ཚུལ་ཞིག་ཆགས་ཡོད། གཞན་ཞིག་ནི་མེ་ལོང་མར་ལེགས་སྦྱར་གྱི་ཐ་སྙད་དཔེར་བརྗོད་དག་གི་གསེང་ན་རང་སོར་བཞག་པ་མང་རུང་། རྒྱན་གསུམ་ལས་ལྟོས་བཅས་ཀྱིས་ཉུང་ལ་དེ་ཡང་མེད་པ་མིན། ད་དུང་གཞུང་འདི་གཉིས་ལས་བྱུང་བའི་དཔེ་བརྗོད་དག་ལ་ཚིག་དོན་མི་འདྲ་ས་ཆེར་མེད་ཐོག་དཔེ་དོན་དག་གི་མིང་ལ་མངོན་བརྗོད་མི་འདྲ་བ་སྦྱར་བ་ལྟ་བུའི་སྣང་ཚུལ་ཡང་དུ་མ་བྱུང་སྟེ། དོན་གཞན་བཀོད་པའི་རྒྱན་ལས་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པའི་དཔེར་བརྗོད། མེ་ལོང་ལས“བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད།། དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་།། དྲི་མ་ཅན་གྱིས་སྤྱོད་པའི་ལས།། དག་པས་མི་འོས་པ་མིན་ནམ།།”ཞེས་དང་། རྒྱན་གསུམ་ལས།“རི་བོང་འཛིན་གྱིས་ཉམས་པར་བྱེད།། དཔྱིད་ཀྱི་དུས་ནི་ཅི་ཕྱིར་གདུང་།། སྐྱོན་གྱི་དྲི་མ་ཅན་སྤྱོད་པའི།། ལས་ཀྱང་རྣམ་པར་དག་མིན་ནམ།།” ཞེས་དང་། མི་འོས་ཤིང་འོས་པའི་དོན་གཞན་བཀོད་པའི་དཔེར་བརྗོད། མེ་ལོང་ལས“ཀུ་མུད་ལྡན་ཡང་སྲེག་བྱེད་ན།། པད་མའི་འབྱུང་གནས་ཅིས་མི་བྱེད།། ཟླ་བས་བཟུང་རྣམས་རྩུབ་པ་ན།། ཉི་མས་བཟུང་བ་འཇམ་མི་འགྱུར།།”ཞེས་དང་རྒྱན་གསུམ་ལས།“ཀུ་མུད་ཟླ་བས་མངོན་བསྲེག་ན།། པདྨའི་གཉེན་པོའི་ཅིས་མི་བྱེད།། བསིལ་ཟེར་རྗེས་སུ་བཟུང་རྩུབ་ན།། འོད་བཀྲའི་གདུང་བ་འཇམ་མི་འགྱུར།།”ཞེས་གསལ་བ་བཞིན་རེད།
   གཞན་རྒྱན་གསུམ་འདི་ནི་བོད་རང་གི་སྙན་གཞུང་ཐོག་མ་ལ་ངོས་འཛིན་མཁན་བྱུང་མོད། གཞུང་རང་ལས་འདིའི་གོང་ན་རབ་བརྟགས་རྒྱན་སོགས་ཀྱི་འདོད་སྟངས་མི་མཐུན་བའི་མཁས་པ་དུ་མ་ཡོད་པ་བསྟན་ཏེ། དཔེར་ན། སེམས་ལྡན་རབ་བརྟགས་དཔེ།“ཉི་མས་གདུང་བའི་གླང་པོ་དག། བསིལ་ཆེད་པད་མཚོར་འཇུག་པ་ལགས།། དེ་ཕྱོགས་གྱུར་པའི་པདྨ་རྣམས།། གཞོམ་འདོད་ཡིན་ནོ་ཞེས་སྒྲོ་བཏགས།།”ཞེས་པ། འདིའི་དོན་ལ་གཞུང་ལས“ལག་ལྡན་པད་རྩྭ་བཟའ་ཕྱིར་དུ།། ཆུར་འཇུག་དེ་ནི་ཉི་མའི་ཕྱོགས།། པདྨར་འཁོན་ལན་གླན་ཕྱིར་ཞེས།། སྨྲ་དབང་རྣམས་ཀྱི་རབ་བརྟགས་བརྗོད།། ”ཞེས་པས་ཤེས་ལ། རབ་བརྟགས་བཞིན་སྒྲ་ཅན་གྱི་དཔེར་བརྗོད་ལ་དགག་བཞག་བྱས་པ་ལས་ཀྱང་རྟོགས་ཐུབ།    དེ་བཞིན་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཀྱང་དེའི་གོང་ན་མཁས་པ་གཞན་གྱིས་བརྩམས་པའི་སྙན་གཞུང་ཡོད་པ་[18]བཤད་འདུག།
འདིར་སྒྲ་རྒྱན་ལ་ཆེད་དུ་གཤིབ་བསྡུར་མི་བྱེད་པ་ནི་ཀུན་གྲོལ་འཇའ་ཚོན་སྙིང་པོས་བརྩམས་པའི《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བཞུགས་སོ།།》ཞེས་པ་ལས་རྒྱ་དཔེ་དང་ཟུང་འབྲེལ་དུ་བཀོད་འདུག་པས་དེར་བལྟས་ན་ཤེས་ཐུབ་པས། རྒྱས་བཤད་བྱེད་པའི་ངལ་བ་མ་བྱས་ཤིང་བོད་འགྱུར་ལ་གཞུང་གཉིས་པོ(མེ་ལོང་མ་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།)རྒྱས་བསྡུས་མི་འདྲ་བ་དང་། ཚིག་རྐང་རིང་ཐུང་ཐ་སྙད་སྦྱར་སྟངས་ལས་རྒྱ་དཔེ་གཅིག་རང་ལ་བཞག་འདུག
གཉིས། གབ་ཚིག་རྒྱན་སྐོར།
   གབ་ཚིག་རྒྱན་ལ་གཉིས་ཀར་རྣམ་གྲངས་འཇོག་ཚུལ་གཅིག་སྟེ། དཔེར་ན། ༡ཀུན་ཏུ་ཚོགས་པའི་གབ་ཚིག ༢བསླུ་བྱེད་ཀྱི་གབ་ཚིག ༣རིམ་པ་དང་བྲལ་བའི་གབ་ཚིག ༤ རབ་བཅོམ་གྱི་གབ་ཚིག ༥ མཐུན་གཟུགས་གབ་ཚིག ༦རྩུབ་མོའི་གབ་ཚིག ༧གྲངས་ཀྱི་གབ་ཚིག ༨རབ་བརྟགས་ཀྱི་གབ་ཚིག ༩མིང་དུ་འདུས་པའི་གབ་ཚིག ༡༠སྒྲིབ་པའི་གབ་ཚིག ༡༡མཐུན་པའི་སྒྲའི་གབ་ཚིག ༡༢རྨོངས་པའི་གབ་ཚིག ༡༣ཡོངས་འཕྲོག་གི་གབ་ཚིག ༡༤ བསྒྲིགས་པའི་གབ་ཚིག ༡༥ གཉིས་ཀ་སྒྲིབ་པའི་གབ་ཚིག ༡༦ ཡོངས་འདྲེས་ཀྱི་གབ་ཚིག  བཅས་བཅུ་དྲུག་རེ་ཡོད་པ་ལྟ་བུ་རེད། དེ་ཀུན་ལ་གཉིས་ཀར་མཚན་ཉིད་དང་དཔེར་བརྗོད་གཉིས་རེ་བཀོད་འདུག་ལ། གཞུང་གཉིས་སུ་བསྟན་པའི་མཚན་ཉིད་དག་དོན་གཅིག་པ་ཙམ་མ་ཚད། ཐ་སྙད་ཡོངས་རྫོགས་གཅིག་པ་ཡང་འདུག་སྟེ། དཔེར་ན། བསླུ་བྱེད་གབ་ཚིག་གི་མཚན་ཉིད་ལ།《མེ་ལོང》 ལས“ གཞན་ལ་གྲགས་པའི་སྒྲ་དག་གིས།། གང་དུ་སླུ་བ་སླུ་བྱེད་ཉིད།།”《 རྒྱན་གསུམ།》“ གཞན་ལ་གྲགས་པའི་སྒྲ་དག་གིས།། གང་དུ་སླུ་བ་སླུ་བྱེད་ཉིད།།” ཞེས་བྱུང་བ་ལྟ་བུ་གཞན་ཡང་མང་ངོ་།། འོན་ཏེ་རྒྱ་གཞུང་ལས་བསྟན་པའི་དཔེར་བརྗོད་དེ་དག་ལ་ཤོ་ལོ་ཀ་གཅིག་ཆ་ཚང་ཡོད་ཅིང་། རྒྱན་གསུམ་ལས་ཚིག་རྐང་གཉིས་སུ་བསྡུས་འདུག རེད་དེ་ནང་དོན་ལ་ཁྱད་པར་གང་ཡང་མི་འདུག  གཞན་ཡང་རྒྱན་གསུམ་ལས་བུད་མེད་དང་འདོད་བརྩེ་སོགས་དང་རྒྱ་གར་གྱི་བུ་མོ་ཚོའི་ཆ་ལུགས་ཀྱང་བསྟན་ཡོད་དེ། བཞི་པ་རབ་བཅོམ་གབ་ཚིག་རྒྱན་གྱི་དཔེར་བརྗོད། “བུ་མོ་ཁྱོད་ཀྱི་རྐང་གདུབ་སྒྲོག། མངོན་གསུམ་ཉིད་གྱུར་སྲོག་བརྟན་མིན།། ”ཞེས་རྒྱ་གར་བུ་མོ་དག་གིས་མཛེས་རྒྱན་ལ་རྐང་པར་རིན་པོ་ཆེའི་གདུབ་བུས་བརྒྱན་པ་ལྟ་བུ་རེད། བོད་རིགས་བུ་མོ་ཚོས་འདི་ལྟ་བུའི་རྒྱན་འདོགས་སྲོལ་མེད་པ་རེད། གཞན་ཡང་ཕོ་གཞོན་དག་གིས་བུད་མེད་གཞོན་ནུའི་བརྩེ་བ་ཐོབ་ཆེད་རྐང་པར་ཕྱག་འཚལ་བ་སོགས་བྱེད་པའི་ལུགས་སྲོལ་བསྟན་ཏེ། ཀུན་ཕན་རྒྱན་གྱི་དཔེར་བརྗོད་ལ“གྲོགས་ཀྱི་ཁེངས་པ་གཞོམ་ཕྱིར་དུ།། དེ་དག་ལ་ནི་ཕྱག་བཙལ་ཀྱང་།། དེ་ལ་ཕན་ཕྱིར་སྐལ་པ་ཡིས།། འབྲུག་གི་སྒྲ་ནི་གྲག་པར་འགྱུར།།”ཞེས་དང་། འདོད་ལྷ་ལ་ཕྱག་འཚལ་བའི་ལུགས་སྲོལ་ཡང་མངོན་ཡོད་དེ་སྒྲ་རྒྱན་སྦྲུལ་གྱི་འཁྱོག་འགྲོའི་དཔེར་བརྗོད་ལ།“མྱོས་པར་འདྲ་བའི་ཟུར་མིག་གི། མཚོན་གྱི་འདོད་ལྷ་རྒྱལ་གྱུར་ཏེ།། གལ་ཏེ་བདག་ཀྱང་སྡིག་ཟད་ན།། འདོད་པའི་ལྷ་ལ་ཐལ་མོ་སྦྱར།། ” ཞེས་གསལ་བ་བཞིན་མུ་སྟེགས་པའི་ལུགས་སྲོལ་དང་སྤྱོད་པ་དུ་མ་ཞིག་གིས་ཁྱབ་ཡོད་པ་རེད།  བོན་གྱི་བཀའ་དང་བཀའ་རྟེན་ཁྲོད་ན་འདི་ལྟ་བུའི་ཐ་སྙད་བྱུང་བ་དཀོན་ཏེ།  ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྒྲ་དོན་གང་ལ་ཡང་གྲོང་ཚིག་འཇུག་པ་སྤང་བྱ་བསྟན་སྐབས“ཚེ་སྟོད་ལང་ཚོ་དར་བའི་དུས།།  ཡིད་འོང་མ་དེའི་ཨེ་དབྱིངས་སུ།། དབང་ཕྱུག་ཁྲོས་པའི་ལས་སྦྱོར་ལ།།  ཚིམས་པ་མེད་པར་ཡང་ཡང་ཞུགས།།  འདི་འདྲའི་ཚིག་སྦྱོར་གྱ་ཉེས་པ།།  སྙན་ངག་མཁན་གྱིས་ནམ་ཡང་མིན།།  སྙན་ངག་གཞུང་དང་དཔེར་བརྗོད་འགར།། འདི་འདྲ་ཤ་སྟག་མ་ཡིན་ནམ།།  ཞེ་ན་སྲེད་ལྡན་བརྐམ་ཆགས་ཀྱིས།།  མནར་བའི་ངག་ལ་ཡིད་རྟོན་ཅི།།  རང་རེའི་བཀའ་ལུང་ཕལ་མོ་ཆེ།།  སྙན་པའི་ངག་དང་མི་ལྡན་པའི།།  ཚིག་གཅིག་མེད་ཀྱང་འདི་ལྟ་ནི།།  རུ་སྦལ་སྤུ་བས་དཀོན་ལ་སོམས།།”(321)ཞེས་དགག་པ་བྱས་དང་།  ཁོང་གིས་སྙན་གཞུང་རིན་ཆེན་ལྡེ་མིག་མཇུག་ཏུ་གཞི་བཅོལ་སའི་དཔེ་ཆ་དག་དྲངས་སྐབས་གཙང་གཤེན་གྱིས་བརྩམས་པར་གྲགས་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་མཚན་ཙམ་མེད་པ་འདིས་ཀྱང་དོགས་གཞི་ཞིག་འབྱུང་བཞིན་ཡོད། 
གསུམ། སྐྱོན་སེལ་གྱི་སྐོར།
   《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང།》དང《སྙན་གཞུང་མེ་ལོང་མ།》བར་གྱི་ས་བཅད་འཇོག་སྟངས་དང་རྣམ་གྲངས་གཅིག་ཏུ་འདུག་སྟེ། དཔེར་ན། གཉིས་ཀར་རྩ་བའི་ས་བཅད་ལ་མདོར་བསྟན་དང་རྒྱས་བཤད་གཉིས་སུ་བསྟན་པ་དང་། ༡དོན་ཉམས་པའི་སྐྱོན། ༢དོན་འགལ་བའི་སྐྱོན། ༣དོན་གཅིག་པའི་སྐྱོན། ༤ཐེ་ཚོམ་གྱི་སྐྱོན། ༥རིམ་པ་ཉམས་པའི་སྐྱོན། ༦སྒྲ་ཉམས་པའི་སྐྱོན། ༧ ངལ་གསོ་ཉམས་པའི་སྐྱོན། ༨ སྡེབ་སྦྱོར་ཉམས་པའི་སྐྱོན། ༩ མཚམས་སྦྱོར་ཉམས་པའི་སྐྱོན། ༡༠ ཡུལ་འགལ་བ་སོགས་ཀྱི་སྐྱོན། ཞེས་རྩ་བའི་དབྱེ་བ་དང་སོ་སོ་ལའང་མཚན་ཉིད་རེ་དང་མཚན་གཞི་རེ། དམིགས་གསལ་རེ་རེ་ཡོད་པ་ལྟ་བུ་རེད། འོན་ཏེ་ཕྲན་ཙམ་མི་འདྲ་ས་ཞིག་ནི《མེ་ལོང》ལས་སྐྱོན་སེལ་དགུ་པོ་ཀུན་གྱི་དམིགས་གསལ་ལ་དཔེར་བརྗོད་རེ་བཞག་ཡོད་མོད།《 རྒྱན་གསུམ།》ལས་དམིགས་གསལ་ལ་མཚན་ཉིད་དང་མཚན་གཞི་དོན་བཤད་པ་ལྟ་བུ་སོགས་ཡོད་དེ། དཔེར་ན། དོན་འགལ་གྱི་དམིགས་གསལ་ལ་སྐབས་བསྟན་དང་མཚན་གཞི་གཉིས་ཡོད། དོན་གཅིག་པའི་དམིགས་གསལ་ལ་མཚན་ཉིད་དང་མཚན་གཞི་གཉིས་ཡོད། ཐེ་ཚོམ་གྱི་དམིགས་གསལ་ལ་མཚན་ཉིད་དང་དཔེར་བརྫོད་དོན་བཤད་པ་གསུམ་ཡོད། རིམ་པ་ཉམས་པའི་དམིགས་གསལ་ལ་མཚན་ཉིད་དང་དཔེར་བརྗོད་གཉིས་ཡོད། སྒྲ་ཉམས་པའི་དམིགས་གསལ་ལ་དཔེར་བརྗོད་དང་སྒྲུབ་ཚུལ་གཉིས་ཡོད། ངལ་གསོ་ཉམས་པའི་དམིགས་གསལ་ལ་དངོས་དང་སྒྲུབ་བྱེད་གཉིས་ཡོད་པ་ལྟ་བུ་དམིགས་གསལ་ས་བཅད་འཇོག་སྟངས་མ་ངེས་པ་ལྟ་བུ་རེད། སྡེབ་སྦྱོར་ཉམས་པ་ལ་གཉིས་ཀར་མཚན་ཉིད་དང་དཔེར་བརྗོད་ལས་དམིགས་གསལ་བསྟན་མེད་པ་ལྟ་བུ་རེད།
   གཞན་མཚན་ཉིད་དང་དཔེར་བརྗོད་ཀྱི་ཚིག་དོན་ཕལ་ཆེར་འདྲ་བ་མ་གཏོགས་མི་འདྲ་ས་མེད་ལ། ཤོག་ལོ་ཀ་གཅིག་གི་འགོ་མཇུག་ཆ་ཚང་གཅིག་པ་གཅིག་རྐྱང་ཆགས་པ་ཡང་དུ་མ་སྣང་སྟེ། དཔེར་ན། ཐེ་ཚོམ་སྐྱོན་གྱི་རྒྱན་གྱི་མཚན་ཉིད་ལ།《མེ་ལོང》ལས“ངེས་པའི་དོན་དུ་རབ་སྦྱར་བའི།། ཚིག་རྣམས་ཉིད་ཀྱིས་གལ་ཏེ་ནི།། ཐེ་ཚོམ་སྐྱེད་པར་བྱེད་ན་འདི།། ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད།།”《 རྒྱན་གསུམ།》 ལས“ངེས་པའི་དོན་དུ་རབ་སྦྱར་བའི།། ཚིག་རྣམས་ཉིད་ཀྱིས་གལ་ཏེ་ན།། ཐེ་ཚོམ་བསྐྱེད་པར་བྱེད་ན་ནི།། ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད།།”ལྟ་བུ་དང་། རིམ་པ་ཉམས་པའི་དཔེར་བརྗོད།《མེ་ལོང》 ལས“འགྲོ་བ་རྣམས་ཀྱི་གནས་པ་དང་།། སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ།། བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི།། སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས།།”《 རྒྱན་གསུམ།》ལས“འགྲོ་བ་རྣམས་ཀྱི་གནས་པ་དང་།། སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ།། བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི།། སྐྱེ་གནས་ཅན་གྱི་ཁྱོད་རྣམས་སྲུངས།།”ཞེས་པ་ལྟ་བུ། ངལ་གསོ་ཉམས་པའི་སྐྱོན་གྱི་མཚན་ཉིད་ལ།《 རྒྱན་གསུམ།》ལས“ཚིག་བཅད་རྣམས་ལ་ངེས་པའི་གནས།། ཚིག་གི་གཅོད་མཚམས་ངལ་གསོར་རིགས།། དེ་ཉམས་གཅོད་མཚམས་ཉམས་པ་སྟེ།། ཉན་པོ་དགའ་མིན་སྐྱེད་དེ་དཔེར།།”《མེ་ལོང》ལས“ ཚིག་བཅད་རྣམས་ལ་ངེས་པའི་གནས།། ཚིག་གི་གཅོད་མཚམས་ངལ་གསོར་རིགས།། དེ་ཉམས་གཅོད་མཚམས་ཉམས་པ་སྟེ།། ཉན་པོ་དགའ་མིན་སྐྱེད་དེ་དཔེར།།”ཞེས་པ་ལྟ་བུ། དེའི་དཔེར་བརྗོད་ལ།《 རྒྱན་གསུམ།》ལས“བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར།། མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ལ་སོགས་སྐྱོན།།”《མེ་ལོང》ལས“བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར།། མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ལ་སོགས་སྐྱོན།།”ཞེས་གཅིག་པ་གཅིག་རྐྱང་ཆགས་པ་ལྟ་བུ་རེད།  ཡུལ་སོགས་འགལ་བའི་སྐྱོན་བཅུ་སྟེ། ཡུལ་དང་དུས། སྒྱུ་རྩལ། འཇིག་རྟེན། རིག་པ། ལུང་བཅས་འགལ་བ་དྲུག་གཉིས་ཀར་བསྟན་ཅིང་། དཔེར་བརྗོད་ཀྱི་ཚིག་དོན་མཚུངས་ལ། འོན་ཏེ་མེ་ལོང་མར་དཔེར་བརྗོད་གཅིག་པུ་བསྟན་ལ་རྒྱན་གསུམ་ལས་སྒྱུ་རྩལ་འགལ་བ་དང་རིག་པ་འགལ་བ་གཉིས་ལ་དམ་བཅའ་དང་དཔེར་བརྗོད། དོན་བསྡུ་བ་བཅས་གསུམ་བསྟན་འདུག གཞན་དཔེར་བརྗོད་དག་གི་ཚིག་དོན་དང་ཚིག་རྐང་མང་ཉུང་བཅས་གཅིག་ཏུ་སྣང་སྟེ། དཔེར་ན། ཡུལ་དང་འགལ་བའི་དཔེར་བརྗོད་ལ། 《 རྒྱན་གསུམ།》ལས“ག་བུར་རྐང་འཐུང་ལ་རེག་པའི།། མ་ལ་ཡའི་རླུང་དྲི་བཟང་ཅན།། ཀ་ལངྐི་ཡི་ནགས་སྐྱེས་པའི།། ས་སྲུང་དག་ནི་རི་དྭགས་རིགས།། ཙོ་ལ་ཀ་ཡི་རི་ངོགས་ཀྱི།། ཨ་ཀ་རུ་དག་ནག་པོ་སྔོ།། ཞེས་པ་ཡུལ་དང་འགལ་བ་ཡི།། ཚིག་གི་འཇུག་པ་འདི་འདྲ་མང་།། ” 《 མེ་ལོང》“ག་བུར་རྐང་འཐུང་ལ་རེག་པའི།། མ་ལ་ཡ་རླུང་དྲི་བཟང་ཅན།། ཀ་ལིང་ཀ་ཡི་ནགས་སྐྱེས་པའི།། གླང་པོ་དག་ནི་རི་དྭགས་རིགས།། ཙོ་ལ་ཀཱ་བེ་རི་ངོགས་སུ།། ཨ་ཀ་རུ་ནི་ནག་པོ་སྔོ།།”ཞེས་པ་ལྟ་བུ་མངོན་བརྗོད་མི་འདྲ་རེ་དང་གསལ་བཤད་ཅུང་ཟད་ཐོན་པ་ལས་གཞན་ཚིག་དོན་ལ་ཁྱད་པར་མེད་པ་ལྟ་བུ་རེད། མདོར་ན་ཚིག་གི་ཆ་ནས་སཾསྐྲྀ་ཏའི་སྐད་འགའ་ཙམ་ཐོན་ཞིང་། དོན་གྱི་ཆ་ནས་གོང་དུ་བྱུང་བ་བཞིན་འཇིག་རྟེན་པའི་དགའ་བ་དང་འདོད་པ། གནའ་བོའི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ཀྱིས་བརྒྱན་པ་ཞིག་རེད།
དྲུག་པ། སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོངགཙང་གཤེན་སྙན་ངག་རང་གྲོལ་གྱིས་བརྩམས་པ་མ་ཡིན་པ།
   གཞུང་འདི་གཉིས་འདྲ་བསྡུར་བྱས་པ་བརྒྱུད་ནས་རྒྱས་བསྡུས་མི་འདྲ་བ་ཞིག་ལས། གཞུང་གཅིག་ཁོ་ན་ཡིན་པ་ལས་མི་གཉིས་ཀྱིས་བརྩམས་པ་མ་ཡིན་པ་ཐག་ཆོད། འོ་ན་འདི་དབྱུག་པ་ཅན་གྱིས་བརྩམས་པ་ཡིན་ནམ། གཙང་གཤེན་གྱིས་བརྩམས་པ་རེད་ཟེར་ན། ཐོག་མར་ཤེས་དགོས་པ་ཞིག་ལ་མེ་ལོང་མ་ནི་དབྱུག་པ་ཅན་གྱིས་བརྩམས་པ་ཡོངས་གྲགས་རེད་ལ། [19]ཁོང་ནི་དུས་རབས་བདུན་པའི་ཡར་སྔོན་དུ་བྱུང་བའི་གནའ་བོའི་རྒྱ་གར་སྙན་ངག་པ་ཞིག་ཡིན་པ་བཤད་ཡོད། གཙང་གཤེན་སྙན་ངག་རང་གྲོལ་ནི[20]དུས་རབས་བདུན་པའི་སྟོད་ཙམ་དུ་བྱུང་བ་ཡིན་པ་ངོས་འཛིན་བྱས་ཡོད།  དུས་རབས་ནམ་ཞིག་འཁྲུངས་པ་ཡིན་མིན་ནི་དཔྱད་གཞི་ཞིག་རེད། ཁ་གསལ་པོར་བཤད་ན《རྒྱན་གསུམ་གསལ་བའི་མེ་ལོང》ནི་སྙན་གཞུང《མེ་ལོང་མ》ལས་བཏུས་པ་ཞིག་ཡིན་པ་ལས་གཙང་གཤེན་སྙན་ངག་རང་གྲོལ་གྱིས་བརྩམས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རང་གི་སྙན་གཞུང་ཞིག་མིན། གང་ཡིན་ཟེར་ན། ཐོག་མར་གཞུང་འདི་གཉིས་ལ་མི་འདྲ་ས་ཆེར་མེད་པ་གོང་དུ་སོང་ལ། གལ་སྲིད་གཙང་གཤེན་གྱིས་བརྩམས་པ་ཡིན་ན། དུས་རབས་དེའི་བོད་ཀྱི་རྩོམ་གཤིས་དང་ཁྱད་ཆོས་ཡོད་དགོས་ལ། ཁོང་བོད་ཡུལ་དབུས་ཀྱི་མི་ཞིག་ཡིན་པའི་ངོས་ནས་ཁོང་གི་རྩོམ་ལ་བོད་ཀྱི་བརྡ་རྙིང་གི་ཁྱད་ཆོས་ཡོད་དགོས་རུང་། རྒྱན་གསུམ་དུ་དེ་ལས་ལྡོག་སྟེ་སཾསྐྲྀ་ཏའི་ཐ་སྙད་དུ་མ་ཞིག་བྱུང་བ་རེད།《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》ནི་ཁོང་གིས་བརྩམས་པའི《སྣ་བོན་ལེའུ་བཅུ་གསུམ།》ལས་བྱུང་བའི་དམངས་གླུ་དང་གཏོ་གཞུང་གི་ཐ་སྙད་སྦྱོར་ཚུལ་དང་ཧ་ཅང་མི་འདྲ་བ་རེད།《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》གི་བརྗོད་བྱ་ལུས་ཀྱི་ཆ་ནས་བཤད་ན་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་འཚོ་བ་སྤྱོད་སྟངས། འདུ་ཤེས་འཛིན་སྟངས་དག་ཡོད་དགོས་མོད། དེ་དག་མཐོང་དུ་མེད་ལ་དེར་མངོན་པ་ནི་མེ་ལོང་མར་བྱུང་བའི་ཆགས་གཏམ་དང་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད། ཆ་ལུགས། འདུ་ཤེས་འཛིན་སྟངས་དག་བྱུང་ཡོད་པ་རེད། གཞན་ཡང་གཙང་གཤེན་མཆོག་ནི་སྙན་ངག་པ་ཁོ་ན་ཞིག་མ་ཡིན་པར་ཁོང་ནི་མ་རྒྱུད་ཉམས་སུ་ལེན་མཁན་གྱི་གྲུབ་ཆེན་ཞིག་ཡིན་པ་རེད། དེའི་ངོས་ནས་ཁོང་གི་རྩོམ་གཞུང་འདིར་བོན་གྱི་སྟོན་པ་དང་རིག་འཛིན་ཁོང་གི་བླ་མ་དག་གི་བསྟོད་པ་དང་བོན་གྱི་གྲུབ་མཐའི་ཐ་སྙད་དག་འབྱུང་དགོས་པ་ཡིན་རུང་།《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང》 ལས་དེ་དག་བྱུང་མེད། མདོར་བསྡུས་ན་རྒྱ་གར་གྱི་མི་ཞིག་དང་བོད་ཡུལ་དབུས་ཀྱི་མི་ཞིག་གིས་བརྩམས་པའི་གཞུང་གཉིས་ལ་མིང་འདོགས་སྟངས་དང་ས་བཅད་འཇོག་སྟངས། མཚན་ཉིད་དང་དཔེར་བརྗོད་དག་གི་ཚིག་དོན་དག་འདི་ལྟར་གཅིག་པ་ཡིན་མི་སྲིད་པ་རེད།
བདུན་པ། སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོངནི་སྙན་གཞུངམེ་ལོང་མལས་གཙང་གཤེན་གྱིས་བསྒྱུར་བ་ཡིན་པ།
   འོ་ན་གཙང་གཤེན་སྙན་ངག་རང་གྲོལ་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་མའི་བར་ལ་འབྲེལ་བ་ཡོད་དམ་མེད་ཟེར་ན། འདི་ནི་བསམ་གཞིག་བྱ་དགོས་པའི་དོན་དག་ཅིག་རེད།  བོན་གྱི་གནའ་དཔེ་ཁག་ནས་སྙན་ངག་བོན་པོ་དང་སྙན་ངག་རྒྱལ་པོ་ལྟ་བུའི་ཚིག་བྱུང་བ་ཉུང་ལ། བོན་གྱི་གནའ་དཔེ་ཁག་ནས་ལེགས་བཤད་དང་གདམ་ངག མགུར་གླུ་ཞེས་པ་ལྟ་བུའི་ཐ་སྙད་མང་དུ་བྱུང་བ་ལས་དེ་དག་ལ་སྙན་ངག་ཅེས་པའི་ཐ་སྙད་འདོགས་སྲོལ་ཡོད་མེད་དཔྱད་གཞི་ཞིག་རེད། འོན་ཏེ་གཙང་གཤེན་སྙན་ངག་རང་གྲོལ་ཞེས་དང་གཙང་གཤེན་སྙན་ངག་རྒྱལ་པོ་ཞེས། གཙང་གཤེན་མཆོག་དང་མཉམ་དུ་སྙན་ངག་ཅེས་པའི་ཐ་སྙད་བྱུང་ཞིང་། ཁོང་ལ་གྲུབ་ཆེན་གཞན་དང་མི་འདྲ་བར་སྙན་ངག་རང་གྲོལ་དང་སྙན་ངག་རྒྱལ་པོ་ཞེས་ཐ་སྙད་བཏགས་པ་འདི་ལ་དམིགས་གསལ་རྒྱུ་རྐྱེན་ཞིག་ཡོད་ངེས་རེད། དེ་ནི་ཁོང་གིས《སྣ་བོན་ལེའུ་བཅུ་གསུམ།》སོགས་གཏོ་གཞུང་དང་མགུར་གླུ་འགའ་ཞིག་བརྩམས་པས་ཡིན་མི་སྲིད་དེ། སྔོན་བྱོན་རིག་འཛིན་དག་གི་ཁྲོད་དུ་ཚིག་གི་སྡེབ་སྦྱོར་ལེགས་པའི་མགུར་གླུ་དང་གཏོ་ཐབས་བརྩམས་མཁན་ནི་དུ་མ་ཞིག་བྱུང་ཡོད་པ་རེད། དཔེར་ན། སྙ་ལི་ཤུ་སྟག་རིང་དང་ཅོ་བཟའ་བོན་མོ། སྟོང་རྒྱུང་མཐུ་ཆེན་སོགས་ལྟ་བུ་རེད། འོ་ན་ཁོང་ལ་ཅིའི་ཕྱིར་དེ་ལྟར་བཏགས་པ་རེད་ཟེར་ན། ཁོང་གིས་དབྱུག་པ་ཅན་གྱིས་བརྩམས་པའི་སྙན་གཞུང《མེ་ལོང་མ》སཾསྐྲྀ་ཏའི་སྐད་ལས་བོད་སྐད་དུ་བསྒྱུར་བས་རེད། ཁོང་གིས་བསྒྱུར་བའི་རྒྱུ་མཚན་གང་ཡིན་ཟེར་ན། དབྱུག་པ་ཅན་ནི་དུས་རབས་བདུན་པའི་སྔོན་དུ་བྱུང་བ་བཤད་ལ་གཙང་གཤེན་ནི་དུས་རབས་བདུན་པའི་སྟོད་ཙམ་དུ་བྱུང་བ་བཤད། དེ་བདེན་ན་ཁོང་གཉིས་བར་ལ་དུས་རབས་ཀྱི་འགལ་སྐྱོན་འབྱུང་གི་མེད། དེ་གཅིག་རེད། གཉིས་ནས་གཙང་གཤེན་སྙན་ངག་རང་གྲོལ་ནི་སྐད་རིགས་དུ་མ་མཁྱེན་མཁན་ཞིག་ཡིན་ཏེ། བོན་དཔེ《མ་རྒྱུད་ཕྱག་མཆོད་ཆེན་མོ》ལས“གཡས་རུ་གངས་ཀྱི་རི་ཁྲོད་ན།། རྣལ་འབྱོར་རྟུལ་ཤུགས་སྤྱོད་པ་སྐྱོངས།། གཙང་གཤེན་སྙན་ངག་ཅེས་བྱ་བ།། པི་ཝང་ལྡིང་བ་བསིར་ཞིང་བསྒྱུར།། རང་གྲོལ་སྐད་རིགས་དུ་མ་སྨྲ།། ”[22]ཞེས་དང《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》ལས།“གཙང་གཤེན་སྙན་ངག་གཡས་རུའི་གངས་ཁྲོད་བཞུགས།། བརྟུལ་ཤུགས་ཉམས་མྱོང་སྐད་རིགས་དུ་མ་སྨྲ།། ཚིག་སྙན་སྒྲ་བསྡེབ་པི་ཝང་གླིང་བུ་བསྒྱུར།། སྨྲ་བའི་དབང་ཕྱུག་རིག་འཛིན་གྲུབ་པ་བསྙེམས།།”[23]ཞེས་གསལ་བ་ལྟར་རེད། དེར་བརྟེན་ཁོང་གིས《མེ་ལོང་མ》སཾསྐྲྀ་ཏའི་སྐད་ཐོག་ནས་བོད་བསྒྱུར་བྱས་པ་མ་ཡིན་པའི་ངེས་པ་མེད། གསུམ་ནས་བོན་གྱིས་བཤད་སྲོལ་ལ་སྙན་གཞུང《རྒྱན་གསུམ་གསལ་བའི་མེ་ལོང》ནི་དབྱངས་ཅན་མས་སཾསྐྲྀ་ཏའི་སྐད་ཐོག་ནས་གཙང་གཤེན་རང་གྲོལ་ལ་སྙན་རྒྱུད་བྱས་པ་ངོས་འཛིན་ལ། དེ་ཡང་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ངོས་འཛིན་བྱེད་ཅིང་རྒྱས་པ་ནི་རྒྱ་གར་དབྱུག་པ་ཅན་ལ་སྙན་དུ་བརྒྱུད་པ་བཤད། དོན་ངོ་མ་ནི་དབྱངས་ཅན་མས་སྙན་བརྒྱུད་བྱས་ཞེས་པ་དེའང་སཾསྐྲྀ་ཏའི་སྐད་ཐོག་ཡོད་པའི་སྙན་གཞུང་ཞིག་བོད་བསྒྱུར་བྱས་པ་ཙམ་རེད། རྒྱས་བསྡུས་ཞེས་པ་ནི་དབྱུག་པ་ཅན་གྱི་མེ་ལོང་མ་གཞུང་དངོས་ལ་རྒྱས་པོ་ཡོད་ལ། སྐབས་འདིར་གཙོ་བོ་དག་བསྒྱུར་ཏེ་རྒྱན་འགའ་ཞིག་གོ་སླ་བར་དགོངས་ཏེ་མ་བསྒྱུར་ནས་བསྡུས་པ་ཞིག་ཡིན་ཏེ།《རྒྱན་གསུམ་གསལ་བའི་མེ་ལོང》ལས“གཟུགས་རྒྱན་དཔེ་རྒྱན་རྣམ་པར་རྟོག། སྤྲོས་པའི་ཟད་མཐའ་ཡོད་མིན་ཏེ།། ཕྱོགས་ཙམ་བསྟན་ལས་མ་བརྗོད་པས།། བློ་ལྡན་རྣམས་ཀྱིས་དཔག་པར་མཛོད།། ”[24]ཞེས་པ་འདིས་ཀྱང་ཧ་གོ་ཐུབ་པ་ཡིན། དེ་བཞིན་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་མཚན་ལ་དང་པོ་སཾསྐྲྀ་ཏའི་སྐད་བྱུང་བ་ཡང་རྒྱུ་མཚན་མེད་པ་མིན་ཏེ། བོན་གྱི་གཞུང་ལུགས་དག་དང་པོ་ཡུལ་གང་དུ་བྱུང་ཞིང་དེ་ནས་གང་དུ་བསྒྱུར་ན། གཞུང་དེའི་དབུ་ན་ཡུལ་དེ་དག་གི་སྐད་འབྱུང་བ་གསུངས་ཏེ།ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་མཛོད》ལས “མདོར་ན་བོད་དང་རྒྱ་དཀར་ནག་གང་དུ་བོན་དར་བ་ཕལ་ཆེར་ཞང་ཞུང་ཡུལ་ནས་སོ་སོའི་ཡུལ་དུ་དར་བ་མང་སྟེ། དབུ་ན་ཞང་སྐད་ཀྱིས་ཁུངས་མཚོན་པ་མང་བའི་ཕྱིར་རོ།། འགའ་ཞིག་ནི་རྒྱ་དཀར་ནག་སུམ་པ་མེ་ཉག་སོགས་ནས་བསྒྱུར་ཏེ། དབུ་ན་དེ་དག་གི་སྐད་འབྱུང་བས་ཤེས་སོ།།”[25]ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “གླེགས་བམ་གྱི་ཐོག་མར་རྒྱ་གར་སྐད་དུ་སྨོན་པ་ཡང་གང་ནས་བསྒྱུར་བའི་ཡུལ་ཤེས་པའི་ཆེད་དུ་སྟེ་ཁ་ཅིག་ལ་རྒྱ་ནག་སྐད་དུ་ཞེས་ཡོད་དོ།།”[26]ཞེས་དང་། ཀུན་གྲོལ་འཇའ་ཚོན་སྙིང་པོས་བརྩམས་པའི《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བཞུགས་སོ།།》ཞེས་པ་ལས།“མིང་དེ་སྐད་གཉིས་ཟུང་སྦྱར་དུ་བཀོད་པའི་དགོས་པ་ཡང་། བོད་པ་རྣམས་ཀྱི་སཾསྐྲྀ་ཏའི་སྐད་དེ་གོ་དཀའ་ལ། རང་རང་གི་སྐད་དུ་བསྒྱུར་བས་གོ་སླ་སྟེ། སྒྱུར་བྱེད་ཀྱི་ལོ་པཎ་ལ་དྲིན་དུ་ཆེ་བར་ཤེས་ཤིང་དྲིན་དུ་གཟོ་བའི་བློ་ཡང་དག་པར་སྐྱེ། སྐད་གཉིས་ཀྱིས་དོན་གཅིག་བརྗོད་པར་མཐོང་བ་གཉིས་པོ་རྣམ་གྲངས་སུ་ཤེས་པའི་དགོས་པ་ཡོད་པས་སོ།།”[27]ཞེས་བྱུང་བ་ལྟ་བུ་རེད།  དུས་ཀྱི་ཆ་ནས་བཤད་ན་དུས་རབས་བརྒྱད་པའི་གཡས་གཡོན་ནི་བོད་པ་རྣམས་ཀྱིས་རྒྱ་གར་དང་ཞང་ཞུང་སོགས་ནས་གཞུང་ལུགས་མང་པོ་ནང་འདྲེན་བྱེད་པའི་དུས་སྐབས་ཤིག་ཡིན་པ་རེད། དཔེར་ན། ཁྲི་སྲོང་སྡེ་བཙན་གྱི་དུས་སུ་ལོ་ཙྭ་བ་བཻ་རོ་ཙ་ནས་ཐེག་འགྲེལ་མེ་ལོང་དགུ་སྐོར་རྒྱུད་འགྲེལ་གཉིས་དང་རྩོད་སྤོང་སྨྲ་བའི་སེང་གེ མུ་སྟེགས་ཚར་གཅོད་གཏན་ཚིགས་ཐེག་པའི་མདོ་རྒྱུད་སོགས་བོན་གྱི་གཞུང་ལུགས་དུ་མ་ཞིག་སཾསྐྲྀ་ཏའི་སྐད་ལས་བོད་སྐད་དུ་བསྒྱུར་བ་རེད་ལ། སྲོང་བཙན་སྒམ་པོ་སོགས་ཀྱི་དུས་སུ་མ་ཧཱ་ཙི་ནའི་ཧ་ཤང་མ་ཧཱ་དེ་བ་དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར། བྲམ་ཟེ་ཤང་ཀར། ཁ་ཆེ་ཏ་ནུ་སོགས་བན་སྡེའི་མཁས་པ་མང་པོ་བོད་ཡུལ་དུ་གདན་དྲངས་ནས་དམ་ཆོས་མང་པོ་བོད་སྐད་དུ་བསྒྱུར་བ་ལྟ་བུ་རེད། རྒྱུ་རྐྱེན་དེ་དག་ལ་བསམ་ཞིང་དཔྱད་ན་གཙང་གཤེན་རང་གྲོལ་གྱིས་སྙན་གཞུང་མེ་ལོང་མ་བོད་སྐད་ཐོག་བསྒྱུར་བ་ཨི་ཡིན་ནམ་སྙམ་པའི་དོགས་གཞི་ཞིག་བྱུང་བ་ཡིན་ནོ།།
   འདིར་དོགས་པ་ཞིག་འབྱུང་བ་ནི་གལ་སྲིད་སྙན་གཞུང་མེ་ལོང་མ་དུས་རབས་དེ་ཙམ་ནས་བོད་སྐད་ཐོག་བསྒྱུར་ཡོད་ན། དུས་རབས་བཅུ་གསུམ་པའི་ནང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མ་བསྒྱུར་བར་དུ་བོད་ལ་ཁྱབ་བརྡལ་མ་བྱུང་བ་དང་། ཡོངས་གྲགས་ཆགས་མ་ཐུབ་པ་གང་ཡིན་ཞེས་ན། སྙན་གཞུང་མེ་ལོང་མ་ནི་བོད་ཀྱི་གནའ་བོའི་ལེགས་བཤད་དང་དམངས་གླུ་དག་དང་བསྡུར་ན་གོ་དཀའ་བ་ཡིན་པས། སྐབས་དེའི་སྤྱི་ཚོགས་ཁྲོད་ལ་དར་ཁྱབ་བྱུང་མ་ཐུབ་པ་རེད་ཅེས་བཤད་ཆོག ཕྱོགས་གཞན་ནས་མེ་ལོང་མར་གླེང་བ་དག་ནི་རྒྱ་གར་གྱི་ཆོས་ལུགས་འདུ་ཤེས་དང་ཆ་བྱད།  ཕོ་མོའི་ཆགས་གཏམ་སོགས་ཡིན་པས་སྐབས་དེའི་བོད་ཀྱི་ཆོས་པ་གཙོས་སྤྱི་ཚོགས་ཀྱིས་དང་ལེན་མ་བྱས་པས་རེད། གཙང་གཤེན་སྙན་ངག་རང་གྲོལ་གྱིས་བསྒྱུར་བ་ཙམ་ལས་དར་ཁྱབ་བྱུང་མ་ཐུབ་པའི་རྒྱུ་རྐྱེན་ནི་དེ་དག་ལ་ཐུག་པ་ཡིན་ནམ་སྙམ་མོ།།
    མེ་ལོང་མའི་ལུགས་ཀྱི་སྙན་ངག་རྒྱག་སྲོལ་འདི་དེང་སང་བོད་ཡུལ་ན་ཅུང་དར་བའང་ཤོང་སྟོན་གྱིས་བསྒྱུར་མ་ཐག་ནས་དར་ཁྱབ་བྱུང་བ་ཞིག་མ་ཡིན་པར། དུས་ཡུན་གང་འཚམ་ཞིག་གི་འགག་འཕྲང་བརྒྱུད་ཡོད་པ་རེད། དཔེར་ན། རྩ་བ་མེ་ལོང་མའི་འཇིག་རྟེན་འཁོར་བ་སྟོན་པའི་བརྗོད་བྱ་དེ་ལས་ལྷ་ཆོས་དང་བསྟོད་རྩོམ་གྱི་ངོ་བོ་ལ་བསྒྱུར་ཏེ། དགོན་སྡེའི་ཁྲོད་དར་ཁྱབ་བཏང་བ་རེད། དེ་ནས་དགོན་སྡེའི་ཤུགས་རྐྱེན་འོག་སྐྱ་བོའི་ཚོགས་ལ་ཕྲན་ཙམ་དར་ཁྱབ་བྱུང་བ་ཞིག་རེད། བོད་མི་རྣམས་ཀྱིས་སྙན་གཞུང་མེ་ལོང་མའི་རྩོམ་གཤིས་ལས་བོད་རང་གི་མགུར་གླུ་ལ་དགའ་པོ་བྱེད་པའང་རྒྱལ་དབང་ལྔ་པས་མེ་ལོང་མའི་འགྲེལ་བ《དབྱངས་ཅན་དགྱེས་པའི་གླུ་དབྱངས།》ཞེས་ཧ་ལས་པ་ཞིག་བརྩམས་རུང་། བོད་མི་ཕལ་གྱིས་རྒྱལ་དབང་ལྔ་པ་ནི་སྙན་ངག་པ་ཞིག་ཡིན་པ་མི་ཤེས་ལ། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོས་མགུར་གླུའི་རྩོམ་སྟངས་བེད་སྤྱོད་བཏང་སྟེ《ཚངས་མགུར།》ཤོ་ལོ་ཀ་དྲུག་ཅུ་ལྷག་ཅིག་བརྩམས་པས་བོད་ཡུལ་ན་སྙན་གྲགས་སྲིད་ན་ཁྱབ་པ་ལྟ་བུ་རེད།
དཔྱད་གཞིའི་ཡིག་ཆ། 
[1] བློ་ལྡན་སྙིང་པོའི་སྙན་རྒྱུད། 《དྲི་མེད་གཟི་བརྗིད།》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
[2] ཁྱུང་པོ་དཔལ་རྒྱལ།《 ཞང་བོད་བུ་ཡིས་བགྲོ་གླེང་། 》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།   227 གསལ། 
[3] གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་དཔེ་རྙིང་།  རྣེལ་དྲི་འདུལ་ཐབས།  [G]  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས།  26  གསལ།   
[4] 《གཏོ་ནག་གི་ཆོ་ག་ཕྱོགས་སྒྲིག་པོད་གཉིས་པ།》གླེགས་བམ་དབུ་མེད་ཅན་དཔར་མ།  ཤོག་ངོས།  395 གསལ།
[5] 《 མ་རྒྱུད་གཤེན་ལུགས་ལྟར་གྱི་སྒྲུབ་སྐོར་ཞེས་བྱ་བ་བཞུགས་སོ།། 》ཤོག་ངོས།  592 གསལ།
[6] དཔལ་ལྡན་ཚུལ་ཁྲིམས།《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། 》[M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས། 231 གསལ།
[7] མར་ནང་དགེ་བཤེས་ཁྲི་གཡུང་དྲུང་།《ཞང་ཞུང་བླ་མ་ལི་ཤུ་སྟག་རིང་དང་ཁོང་གི་ཞལ་གདམས།》རྩོམ་ཁུངས། རྒྱལ་གཤེན་བོན་སྒྲ།
[8]《གཏོ་ནག་གི་ཆོ་ག་ཕྱོགས་སྒྲིག་པོད་གཉིས་པ།》དབུ་མེད་གླེགས་བམ་དཔར་མ།   ཤོག་ངོས། 602གསལ།
[9]བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།》ཞང་བོད་ཤེས་རིག་ཞིབ་འཇུག་ལྟེ་གནས།193 གསལ།
[10] ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M]   མི་རིགས་དཔེ་སྐྲུན་ཁང་།  1985 ལོར་དཔར་དུ་བསྐྲུན།  ཤོག་ངོས།  262 གསལ།
[11] བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།》[M] ཞང་བོད་ཤེས་རིག་ཞིབ་འཇུག་ལྟེ་གནས། 194 གསལ།
[12]སྟོང་སྐོར་ཚེ་རིང་ཐར།《 བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་།》[M]  ཤོག་ངོས། 90 གསལ།
[13]བྲུ་རྒྱལ་བ་གཡུང་དྲུང་། 《མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས།》བཀའ་བརྟེན་ཕྱོགས་བསྒྲིགས། པོད(104)པ། ཁྱུང་པོ་སྟེང་ཆེན་དགོན་ནས་བསྒྲིགས། ཤོག་ངོས། 98 གསལ།
[14] མ་རྒྱུད་གཤེན་ལུགས་ལྟར་གྱི་སྒྲུབ་སྐོར་ཞེས་བྱ་བ་བཞུགས་སོ།།》ཤོག་ངོས། 592གསལ།
[15]དཔལ་ལྡན་ཚུལ་ཁྲིམས།《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》[M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས། 231 གསལ།
[16] བྲུ་རྒྱལ་བ་གཡུང་དྲུང་།《མན་ངག་ཨ་ཁྲིད་བླ་མ་བརྒྱུད་པའི་གསོལ་འདེབས།》བཀའ་བརྟེན་ཕྱོགས་བསྒྲིགས། པོད(104)པ། ཁྱུང་པོ་སྟེང་ཆེན་དགོན་ནས་བསྒྲིགས། ཤོག་ངོས། 99 གསལ།
[17]མཁར་རྨེའུ་བསམ་གཏན།《མདའ་དང་འཕང་།》[M] རྒྱལ་སྤྱིའི་བོད་རིག་པ་དཔེ་སྐྲུན་ཁང་། 321 གསལ།
[18]ཀུན་གྲོལ་འཇའ་ཚོན་སྙིང་པོ། 《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བཞུགས་སོ།།》[M]  གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 34 གསལ་ལོ།།
[19]སྟོབས་ལྡན། 《སྙན་ངག་ཕྱོགས་བསྒྲིགས།》[G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 2 གསལ།
[20] མར་ནང་དགེ་བཤེས་ཁྲི་གཡུང་དྲུང་།《 ཞང་ཞུང་བླ་མ་ལི་ཤུ་སྟག་རིང་དང་ཁོང་གི་ཞལ་གདམས།》རྩོམ་ཁུངས། རྒྱལ་གཤེན་བོན་སྒྲ།
[21]ཤེས་རབ་དགེ་ལེགས། 《སྙན་ངག་མེ་ལོང་མ་མ་བྱུང་བའི་སྔོན་གྱི་བོད་རང་གི་སྙན་ངག་གི་གཞུང་ལུགས་གླེང་བ།》རྩོམ་ཁུངས། རྒྱལ་གཤེན་བོན་སྒྲ།
[22]《མ་རྒྱུད་གཤེན་ལུགས་ལྟར་གྱི་སྒྲུབ་སྐོར་ཞེས་བྱ་བ་བཞུགས་སོ།། 》592གསལ།
[23]དཔལ་ལྡན་ཚུལ་ཁྲིམས། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》[M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 231
[24]《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།》གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 5 གསལ།
[25] ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《 ལེགས་བཤད་མཛོད།》[M]   མི་རིགས་དཔེ་སྐྲུན་ཁང་།  1985 ལོར་དཔར་དུ་བསྐྲུན། ཤོག་ངོས། 154 གསལ།
[26] དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན།》[M] ཤོག་ངོས། 772 གསལ།
[27]ཀུན་གྲོལ་འཇའ་ཚོན་སྙིང་པོ།《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར་བཞུགས་སོ།།》[M] གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 32གསལ་ལོ།།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།