གཡུང་དྲུང་བོན་ལུགས་ཀྱི་མཆོད་རྟེན་བརྒྱད་ཀྱི་སྐོར་ལ་དཔྱད་ཙམ་བྱས་པ།
[ཟླ་ཚེས། 2020-05-30 20:21:36][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཆོད་རྟེན་རྣམ་བརྒྱད་ཀྱི་ནང་ཚན་སྐུ་གདུང་གི་མཆོད་རྟེན།
[གནད་བསྡུས] བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད་ཀྱི་སྐོར་ལ་བཞེད་སྲོལ་འགའ་ཞིག་མཆིས་པ་ལས་གཡུང་དྲུང་བོན་གྱི་ལུགས་སུ་སྟོན་པ་སངས་རྒྱས་ཀྱི་བཀའ«མཆོད་རྟེན་གྱི་གཞུང»ཞེས་པ་ལས་དངོས་སུ་བསྟན་པའི་མཆོད་རྟེན་བརྒྱད་པོའི་མཚན་དང་། བྱུང་རིམ། བཞེངས་སྟངས་སྐོར་རྣམས་དགོས་པའི་དབང་གིས་ལྟ་བདེར་ཟུར་ཕྱུང་ཞུས་ཤིང་། ཡིག་ཆ་གཞན་པ«བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི་ཆ་ཚད་དགའ་དབང་འཁྱིལ་བའི་གཏེར་མཛོད»སོགས་ནས་བསྟན་པའི་མཆོད་རྟེན་ཆ་བརྒྱད་ཀྱང་ཟུར་གླེང་གིས་དེ་དག་གི་ཁུངས་གང་ཡིན་སྐོར་ལ་དཔྱད་དགོས་པའི་ཚུལ་བཅས་རོབ་ཙམ་གླེང་ཡོད།
[གནད་ཚིག] མཆོད་རྟེན་བརྒྱད། བྱུང་ཁུངས། ཆ་ཚད།
དེ་ཡང་སྤྱིར་ན་ལྷོ་གཏེར«མཆོད་རྟེན་གྱི་གཞུང»དང་སྙན་བརྒྱུད«མདོ་དྲི་མེད་གཟི་བརྗིད»གཉིས་སུ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སོགས་མང་དུ་གསུངས་ཤིང་། དེ་མཚུངས་དངོས་སུ་བཞེངས་བཀོད་ཀྱི་རིམ་པ་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་མཛད་པའི«ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གྱི་ཐིག་ཚད»ཅེས་པ་སོགས་ནས་ཤེས་པར་བྱ་འོས་ལ། ཡང་མཆོད་རྟེན་ཆ་བརྒྱད་ཅེས་པ་གཞན་ལུགས་དང་ཆ་མཚུངས་སུ་བཞེད་པ་འགའ་ཞིག་བྱུང་འདུག་པ་དང་། དེ་དག་གི་ཁུངས་གང་ཞིག་ཡིན་མིན་དང་། རང་ལུགས་སུ་མཆོད་རྟེན་བརྒྱད་ཅེས་དམིགས་བཀར་ཡོད་མེད་ཀྱི་དྲི་གླེང་ཡོང་བ་སོགས་ལ་དམིགས་ཏེ། འདིར«མཆོད་རྟེན་གྱི་གཞུང»ནས་བསྟན་པའི་གཞི་རྩའི་མཆོད་རྟེན་བརྒྱད་ཀྱི་སྐོར་ཞིག་ཟུར་དུ་གླེང་འདོད་པ་ལ། གཤེན་ཆེན་ཀླུ་དགའི་གཏེར་མ«མཆོད་རྟེན་གྱི་གཞུང»ཞེས་པ་ལས། “སྤྱིའི་མཆོད་རྟེན་གྱི་གླེང་གཞི་ལ་ཡང་། དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དེ་གང་ཞེ་ན། བོན་ཉིད་སྐུའི་མཆོད་རྟེན་དང་གཅིག དབྱིངས་ཀྱི་མཆོད་རྟེན་དང་གཉིས། སྤྲུལ་པའི་མཆོད་རྟེན་དང་གསུམ། རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དང་བཞི། སྲིད་པའི་ཁ་གནོན་དང་། རི་རབ་ཀྱི་ལྡེག་ནན་མཆོད་རྟེན་དང་ལྔ། འདུས་བྱས་དང་གཟུགས་བརྙན་གྱི་མཆོད་རྟེན་དང་དྲུག སྐུ་གདུང་དང་རིང་སེལ་གྱི་མཆོད་རྟེན་དང་བདུན། ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་རྟེན་དང་བརྒྱད་དོ། །”ཞེས་གཞི་རྩའི་མཆོད་རྟེན་ལ་རིགས་བརྒྱད་བསྟན་པ་དང་། དེ་དག་རྒྱུ་མཚན་དང་བཅས་པའི་སྒོ་ནས་ངོས་འཛིན་ཇི་ལྟར་བྱེད་དགོས་པ་ཡང་གཞུང་དེ་ཉིད་དུ་གསལ་བ་ལྟར་འདིར་མདོར་བསྡུས་སུ་བཤད་པ་ལ།
དེ་ཡང་སྤྱིར་ན་ལྷོ་གཏེར«མཆོད་རྟེན་གྱི་གཞུང»དང་སྙན་བརྒྱུད«མདོ་དྲི་མེད་གཟི་བརྗིད»གཉིས་སུ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སོགས་མང་དུ་གསུངས་ཤིང་། དེ་མཚུངས་དངོས་སུ་བཞེངས་བཀོད་ཀྱི་རིམ་པ་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་མཛད་པའི«ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གྱི་ཐིག་ཚད»ཅེས་པ་སོགས་ནས་ཤེས་པར་བྱ་འོས་ལ། ཡང་མཆོད་རྟེན་ཆ་བརྒྱད་ཅེས་པ་གཞན་ལུགས་དང་ཆ་མཚུངས་སུ་བཞེད་པ་འགའ་ཞིག་བྱུང་འདུག་པ་དང་། དེ་དག་གི་ཁུངས་གང་ཞིག་ཡིན་མིན་དང་། རང་ལུགས་སུ་མཆོད་རྟེན་བརྒྱད་ཅེས་དམིགས་བཀར་ཡོད་མེད་ཀྱི་དྲི་གླེང་ཡོང་བ་སོགས་ལ་དམིགས་ཏེ། འདིར«མཆོད་རྟེན་གྱི་གཞུང»ནས་བསྟན་པའི་གཞི་རྩའི་མཆོད་རྟེན་བརྒྱད་ཀྱི་སྐོར་ཞིག་ཟུར་དུ་གླེང་འདོད་པ་ལ། གཤེན་ཆེན་ཀླུ་དགའི་གཏེར་མ«མཆོད་རྟེན་གྱི་གཞུང»ཞེས་པ་ལས། “སྤྱིའི་མཆོད་རྟེན་གྱི་གླེང་གཞི་ལ་ཡང་། དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དེ་གང་ཞེ་ན། བོན་ཉིད་སྐུའི་མཆོད་རྟེན་དང་གཅིག དབྱིངས་ཀྱི་མཆོད་རྟེན་དང་གཉིས། སྤྲུལ་པའི་མཆོད་རྟེན་དང་གསུམ། རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དང་བཞི། སྲིད་པའི་ཁ་གནོན་དང་། རི་རབ་ཀྱི་ལྡེག་ནན་མཆོད་རྟེན་དང་ལྔ། འདུས་བྱས་དང་གཟུགས་བརྙན་གྱི་མཆོད་རྟེན་དང་དྲུག སྐུ་གདུང་དང་རིང་སེལ་གྱི་མཆོད་རྟེན་དང་བདུན། ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་རྟེན་དང་བརྒྱད་དོ། །”ཞེས་གཞི་རྩའི་མཆོད་རྟེན་ལ་རིགས་བརྒྱད་བསྟན་པ་དང་། དེ་དག་རྒྱུ་མཚན་དང་བཅས་པའི་སྒོ་ནས་ངོས་འཛིན་ཇི་ལྟར་བྱེད་དགོས་པ་ཡང་གཞུང་དེ་ཉིད་དུ་གསལ་བ་ལྟར་འདིར་མདོར་བསྡུས་སུ་བཤད་པ་ལ།
དང་པོ། བོན་ཉིད་སྐུའི་མཆོད་རྟེན།
བོན་ཉིད་སྐུའི་མཆོད་རྟེན་ཞེས་པ་ནི། མཆོད་རྟེན་འདི་ནི་དངོས་སུ་དབྱིབས་དང་ཐིག་ཚད་ཡོད་པ་མ་ཡིན་པར་དོན་དམ་གནས་ལུགས་བོན་སྐུར་སྦྱར་བའི་མཆོད་རྟེན་ཏེ། གཞུང་དེ་ཉིད་ལས། “དེ་ལ་བོན་ཉིད་སྐུ་ཡི་མཆོད་རྟེན་ཞེས་བྱ་བ་ནི། བོན་གྱི་སྐུ་བདལ་པ་ཆེན་པོ་ཞེས་བྱ་བ་དེ་ལ། སྟེང་དང་འོག་ཏུ་མེད་པ། མཐའ་དང་དབུས་མེད་པ། ཕྱོགས་དང་མཚམས་མེད་པ། རྟག་ཆད་གཉིས་ཀྱི་ཐ་སྙད་དང་བྲལ་བ། ཡོད་མེད་གཉིས་ཀྱི་མཐའ་ལས་འདས་པ། འདི་ཞེས་བྱ་བའི་གཟའ་གཏད་མེད་པ་དེ་ཁོ་ན་ཉིད་ལ་བྱ་སྟེ།” ཞེས་གསུངས་པ་ལྟར་དང་། འོ་ན་འདི་ཉིད་དངོས་སུ་བཞེངས་བཀོད་མེད་པས་མཆོད་རྟེན་ཡིན་པའི་ཚུལ་གང་ཡིན་སྙམ་ན། དེ་ཉིད་ལས། “འོ་ན་དེ་ལ་མཆོད་རྟེན་བྱ་བ་ཅི་སྟེ་ཞེ་ན། དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཆེན་པོ་ནས། ཞེས་པ་ནས། མཐའ་བོན་ཉིད་ཀྱི་སྐུ་ལ་ཐིམ་པས། བསོད་ནམས་ཐམས་ཅད་ཀྱང་། བྱུང་ཡང་བོན་གྱི་སྐུ་ལས་བྱུང་ལ། ཐིམ་ཡང་བོན་གྱི་སྐུ་ལས་ཐིམ་པས། བོན་གྱི་སྐུ་མཆོད་པའི་རྟེན། ཕྱག་གི་གནས། བསོད་ནམས་ཀྱི་དཔལ་མངོན་དུ་གྱུར་པས། བོན་ཉིད་སྐུའི་མཆོད་རྟེན་ཞེས་བྱའོ། །”ཞེས་གསུངས་པ་ལྟར་ཤེས་སོ། །
གཉིས་པ། དབྱིངས་ཀྱི་མཆོད་རྟེན།
དབྱིངས་ཀྱི་མཆོད་རྟེན་ཞེས་པ་ནི། གོང་་གསལ་བོན་སྐུའི་ཐུགས་རྗེ་བྱིན་རླབས་ལས། བོན་ཉིད་དབྱིངས་ཀྱི་སྐུ་གསུམ་དང་སྦྱར་བའི་མཆོད་རྟེན་གསུམ་བསྟན་པ་ནི། ཁྱབ་བདལ་ཀུན་འདུས་མི་གཡོ་རྫོགས་པ་ཆེ། གཡུང་དྲུང་ཡོངས་སུ་རྫོགས་པའི་མཆོད་རྟེན་དང་། ལྷུན་གྲུབ་རྒྱན་བཟང་དཔེ་བྱད་གཞན་ལས་འཕགས། གཡུང་དྲུང་ཁྲི་རྐོས་མཆོད་རྟེན་དང་། སྤྱོད་འཇུག་ཀུན་སྤྲུལ་འཕྲོ་འདུ་སྟོབས་དང་ལྡན། གཡུང་དྲུང་སྤྲུལ་པའི་མཆོད་རྟེན་དང་གསུམ་སྟེ། དེ་དག་གི་ཡིན་ལུགས་དང་མཚོན་དོན་སོགས་རྒྱས་པར་གཞུང་དུ་གསལ་བ་ལས་འདིར་མ་དྲངས།
གསུམ་པ། སྤྲུལ་པའི་མཆོད་རྟེན།
སྤྲུལ་པའི་མཆོད་རྟེན་ཞེས་པ་ནི། སྐུ་གསུམ་གྱི་ཐུགས་རྗེ་ཡས་སྤྲུལ་ལ་བརྟེན་ནས་བྱུང་བའི་མཆོད་རྟེན་ཏེ། དེ་ལ་དབྱེ་ན་ཕྱོགས་བཞིར་འབྱུང་བཞིའི་གདན་ལ་རིགས་ཀྱི་མཆོད་རྟེན་བཞི་བྱུང་བ་ནི། ཤར་ཕྱོགས་སྐུ་འབྱུང་བསྐྱེད་རྫོགས་སྤྱོད་ཚུལ་ཐབས་ཀྱི་བདག ཆོ་འཕྲུལ་བསྟན་པའི་མཆོད་རྟེན་དང་། བྱང་ཕྱོགས་དགེ་ལ་དད་མཆོག་རབ་ཚུལ་དམྱེས་དགའ། དགེ་ལྡན་ཡོན་ཏན་འབྱུང་བའི་མཆོད་རྟེན། ནུབ་ཕྱོགས་སྒྲ་འགྱུར་གཟི་བརྗིད་མདངས་ལྡན། གཡུང་དྲུང་དབང་གི་མཆོད་རྟེན། ལྷོ་ཕྱོགས་དགའ་བ་དོན་ལྡན་ཀུན་སྐྱོབ་ཤུགས་ཀྱི་བདག ཕྲིན་ལས་སྟོབས་པའི་མཆོད་རྟེན་དང་བཞིའོ། །ཡང་སྟོན་པ་ལྷ་ནས་མི་རུ་བྱོན་སྐབས་སུ་ཐུགས་ཀྱི་སྤྲུལ་པ་འགྲོ་བ་རབ་འདྲེན་སྟོན་པ་ལྷ་ལས་བབས་པའི་མཆོད་རྟེན་ཞེས་པ་དང་། སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་ཚེ་རྒྱ་མཚོའི་གཏིང་ནས་མེ་ཏོག་གི་སྐུ་མཆོད་རྟེན་དུ་བྱུང་བ་དང་། སྟོན་པ་སྐུ་འཁྲུངས་ཚེ་སྐུ་ལས་འོད་ཟེར་འབུམ་ཕྲག་གྲངས་མེད་བྱུང་བ་དེ་དག་ཀྱང་སྤྲུལ་པའི་མཆོད་རྟེན་དུ་གསུངས་སོ། །
བཞི་པ། རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན།
རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ཞེས་པ་ནི། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཞིང་ཁམས་དང་དགའ་ཚལ་བརྒྱད་དུ་རང་བྱུང་གི་མཆོད་རྟེན་བརྒྱད་བྱུང་བ་སྟེ། ཤར་ཕྱོགས་སུ་གཡུང་དྲུང་བརྩེགས་པའི་མཆོད་རྟེན། བྱང་ཕྱོགས་སུ་འཁོར་ལོ་བསྒྱུར་བའི་མཆོད་རྟེན། ནུབ་ཕྱོགས་སུ་བདེ་ལྡན་པད་མའི་མཆོད་རྟེན། ལྷོ་ཕྱོགས་སུ་ལེགས་གྲུབ་རིན་ཆེན་བརྩེགས་པའི་མཆོད་རྟེན། ལྷོ་ཤར་དུ་རབ་དགའ་མུན་སེལ་སྒྲོན་མའི་མཆོད་རྟེན། བྱང་ཤར་དུ་ཐུགས་རྗེ་རྒྱུན་མེད་དག་པའི་མཆོད་རྟེན། བྱང་ནུབ་ཏུ་བསམ་གླིང་འཕྲུལ་གྱི་མཆོད་རྟེན། ལྷོ་ནུབ་ཏུ་སྙིང་རྗེ་བརྩེགས་པའི་མཆོད་རྟེན་བཅས་བསྟན་ཞིང་། གོང་མ་བཞི་བཞུགས་པའི་ཞིང་ཁམས་དང་ཁྲི། མཆོད་རྟེན་གྱི་མདོག་བཅས་བསྟན་ཞིང་། འོག་མ་བཞི་བཞུགས་པའི་ཚལ་བཞི་བཅས་གཞུང་དུ་གསལ་ལོ། །
ལྔ་པ། སྲིད་པའི་ཁ་གནོན་རི་རབ་ལྡེག་ནན་གྱི་མཆོད་རྟེན།
སྲིད་པའི་ཁ་གནོན་རི་རབ་ལྡེག་ནན་གྱི་མཆོད་རྟེན་ཞེས་པ་ནི། སྲིད་པའི་རྩེ་མོའི་ཕྱོགས་བཞིའི་གླིང་བཞི་རུ་ཡོད་པའི་མཆོད་རྟེན་བཞི་སྟེ། ཤར་གླིང་དུ་དྲི་ཟ་འདུལ་ཞིང་ས་གཡོ་གནོན་པ། དུང་གི་ཁྲི་འཕངས་དགུ་པའི་མཆོད་རྟེན་དང་། བྱང་གླིང་དུ་གནོད་སྦྱིན་འདུལ་ཞིང་རླུང་སྒོ་འགེགས་པ། ཟོ་བོ་ཁྱུང་ལག་གི་མཆོད་རྟེན། ནུབ་གླིང་དུ་ཀླུ་དབང་འདུལ་ཞིང་ཚང་འགྱུར་བྲེད་མཛད་པ། དགུ་ར་དགུ་ཁྱུད་ཀྱི་མཆོད་རྟེན། ལྷོ་གླིང་དུ་གཤིན་རྗེ་འདུལ་ཞིང་རྒྱ་མཚོའི་དམིག་འགེགས་པ། ལྕགས་ཀྱི་ཟོ་བོ་རྩེ་དགུའི་མཆོད་རྟེན་བཅས་སོ། །དེ་དག་ནི་ཕྱོགས་བཞིའི་གདོན་ཁ་གནོན་ཞིང་འབྱུང་བཞིའི་འཚེ་བ་བཟློག་པའི་བྱེད་ལས་ཅན་ཡིན་པར་གསུངས་སོ། །
དྲུག་པ། འདུས་བྱས་གཟུགས་བརྙན་གྱི་མཆོད་རྟེན།
འདུས་བྱས་གཟུགས་བརྙན་གྱི་མཆོད་རྟེན་ཞེས་པ་ནི། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་བཞེངས་པའི་མཆོད་རྟེན་དང་། དེ་མཚུངས་གཤེན་ཁ་སྟེ་མུ་ཡ་སོགས་རྗེས་འཇུག་མཁས་དང་གྲུབ་པའི་རིག་འཛིན་ལོ་པཎ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཏེ། སྟོན་པ་སངས་རྒྱས་ཀྱིས་དགའ་ལྡན་ལྷ་ཡི་ཡུལ་དུ་ལྷ་སྲིན་སྡེ་བརྒྱད་བཀའ་འོག་ཏུ་བསྡུས་ཏེ་བཞེངས་པ་གཡུང་དྲུང་ལྷ་རྩེའི་མཆོད་རྟེན་དང་། ཁྲི་བརྩེགས་རྒྱལ་བ་མང་པོ་འདུས་པའི་མཆོད་རྟེན། དེ་བཞིན་ལྷ་ཡུལ་དུ་ལོ་པཎ་དགུ་བརྩེགས་ཀྱི་མཆོད་རྟེན། ལྷ་མིན་ཡུལ་དུ་རྒྱལ་བ་རྩེ་དགུའི་མཆོད་རྟེན། འཛམ་གླིང་མིའི་ཡུལ་དུ་ལོ་པཎ་དབུ་ལྔའི་མཆོད་རྟེན། ཀླུ་ཡི་ཡུལ་དུ་དགའ་བ་པད་མ་བརྩེགས་པའི་མཆོད་རྟེན། བདུད་ཀྱི་རི་ནག་ཁ་རུ་བདུད་འདུལ་སྒྲ་བསྒྲགས་གཡུང་དྲུང་བརྩེགས་པའི་མཆོད་རྟེན། འཇིག་རྟེན་བཀྲ་ཤིས་ཆེད་དུ་གཡུང་དྲུང་བཀྲ་ཤིས་སྒོ་མང་ངམ་ཁྲི་རྐོས་ལྡེམ་མྱག་མཆོད་རྟེན་བཅས་མཆོད་རྟེན་བརྒྱད་དང་། དེ་བཞིན་ཐེག་པ་དགུའི་གཞུང་དང་སྦྱར་བའི་མཆོད་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་པ་དང་། དེ་བཞིན་ཞང་ཞུང་གི་ཡུལ་བྱེ་མ་ལ་མི་འགྱུར་གཡུང་དྲུང་ཚལ་དུ་གཤེན་ཁ་སྟེ་མུ་ཡ་དང་ཚངས་པ་གཙུག་ཕུད་ཀྱིས་བཞེངས་པ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། གཙང་སྟོད་བྱེ་མ་གཡུང་དྲུང་དུ་ལོ་པཎ་འབྲིའི་བོན་ཤ་རིས་བཞེངས་པ། གཡུང་དྲུང་སྤྲུལ་པའི་མཆོད་རྟེན། བྲག་དམར་འགྲན་གྱི་རི་བོ་ཆེ་ལ་སྐུ་སྲུང་སྡེ་བཞིས་བཞེངས་པ། ལོ་པཎ་དབུ་ལྔའི་མཆོད་རྟེན། རྒྱ་ཡི་གོང་བུ་དམར་རུ་ལ་གེ་སར་དམག་གི་རྒྱལ་པོས་བཞེངས་པ། རྒྱལ་བ་རྩེ་དགུའི་མཆོད་རྟེན། ཁྲི་བོང་རུ་ཐང་དུ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱས་བཞེངས་པ། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། བསམ་ཡས་སུ་ངན་ལམ་སྟག་ར་ཀླུ་གོང་གིས་བཞེངས་པ། བདུད་འདུལ་སྒྲ་བསྒྲགས་གཡུང་དྲུང་བརྩེགས་པའི་མཆོད་རྟེན་བཅས་བཞེངས་པ་དང་། དེའི་རྗེས་བོན་བསྟན་ལ་གོད་ཆག་བྱུང་ནས་རེ་ཞིག་འདུས་བྱས་ཀྱི་མཆོད་རྟེན་བཞེངས་རྒྱུའི་སྲོལ་ནུབ་པ་དང་། འོན་ཀྱང་གཤེན་དྲན་པ་ནམ་མཁས་བོན་བསྟན་རིམ་པར་དར་ཞིང་། དེ་བཞིན་མཆོད་རྟེན་གྲངས་མེད་འབྱུང་བའི་སྨོན་ལམ་བཏབ་པར་གསུངས་སོ། །
བདུན་པ། སྐུ་གདུང་དང་རིང་བསྲེལ་གྱི་མཆོད་རྟེན།
སྐུ་གདུང་གི་མཆོད་རྟེན་ཞེས་པ་ནི། སྟོན་པ་དང་སྐྱེས་བུ་དམ་པའི་སྐུ་གདུང་མཆོད་པའི་རྟེན་དུ་བཞེངས་པ་སྟེ། སྔོན་སྟོན་པ་སྲིད་པའི་རྩེ་ནས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པའི་དུས་སུ་གཤོག་པ་གཡས་གཡོན་བརྡབས་པས་ཉིད་གདུང་ཉིད་ཀྱིས་བཤིག་སྟེ་གདུང་ཤ་རི་རམ་དང་། སྐུ་ཕུང་བཏང་བ་སླད་མའི་གཤེན་ཕྲན་རྣམས་ཀྱི་མཆོད་པའི་རྟེན་དུ་བཞེངས་པ་དང་། དེ་བཞིན་སྟོན་པས་སླད་མའི་གཤེན་པོ་རྣམས་གཤེགས་ཚེ་སྐུ་གདུང་ཞུགས་པ་སྦྱངས་ཏེ་མཆོད་པའི་རྟེན་དུ་བཞེངས་པ་རྣམས་ཡིན་པར་གསུངས་སོ། །རིང་བསྲེལ་གྱི་མཆོད་རྟེན་ནི། སྒྲིབ་སྦྱོང་དང་སྡིག་གཤགས་སོགས་ཀྱི་ཆེད་དུ་བཞེངས་པའི་མཆོད་རྟེན་ཏེ། དེ་ཡང་དཔེར་མཚོན་དུ་སྟོན་པ་སངས་རྒྱས་ཀྱིས་ཚ་བུ་སྟག་བུ་ཐུང་དང་གཟིག་བུ་ཐུང་གཉིས་བཏུལ་བའི་འགྱོད་བཤགས་ཀྱི་ཚུལ་དུ་ལོ་པཎ་གཤེན་གྱི་མཆོད་རྟེན་ཞེས་པ་བཞེངས་པ་དང་། གཏོ་བུ་ལག་ངན་གྱིས་ཕ་མ་བསད་པའི་སྡིག་བཤགས་སུ་ཐུགས་རྗེ་རྒྱུན་མེད་དག་པའི་མཆོད་རྟེན་བཞེངས་པར་གསུངས་པ་ལྟ་བུའོ། །
བརྒྱད་པ། ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་རྟེན།
ཏིང་ངེ་འཛིན་དང་ཡིད་ཀྱི་མཆོད་རྟེན་ཞེས་པ་ནི་གོང་གསལ་གྱི་མཆོད་རྟེན་དེ་དག་དངོས་སུ་བཞེངས་པ་མ་ཡིན་ནའང་ཏིང་འཛིན་གྱིས་གསལ་བར་བསྒོམས་ལ་དེ་དག་ལ་མཆོད་བསྟོད་བཀུར་བསྟི་བྱ་བ་དང་། ཡང་བདེ་བར་གཤེགས་པ་རྣམས་མཆོད་པའི་རྟེན་དུ་གསལ་ཞིང་དེ་ལ་མཆོད་ཚོགས་འབུལ་བ་དང་། ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་རྣམས། སེམས་ཅན་ཡེ་ཤེས་ཀྱི་སྒྲོས་ཐོགས་པ་རྣམས་ཀྱིས་བདེར་གཤེགས་ཡི་དམ་རྣམས་ལ་མཆོད་འབུལ་གསོལ་འདེབས་དམིགས་པ་རྣམས་ཡིན་པར་གསུངས་སོ། །དེ་ལྟར་རྩ་བའི་མཆོད་རྟེན་བརྒྱད་ཀྱི་གླེང་གཞི་དང་འབྲེལ་བའི་ངོས་འཛིན་མདོ་ཙམ་བཤད་པ་ལགས་ཤིང་། དེ་དག་གི་སྐོར་རྒྱས་པར་མཁྱེན་དགོས་ཚེ་གཞུང་དུ་ཞིབ་པར་བསླབ་ཅིང་དཔྱད་དགོས་པ་སྟེ། «མཆོད་རྟེན་གྱི་གཞུང»ལས། “སྤྱིའི་མཆོད་རྟེན་ཞེས་བྱ་བ་ཡང་། ཡོན་ཏན་གྱི་བཞེད་གཞུང་གི་རྩིས་འགོ་རྣམ་པ་དྲུག་གིས་བསྟན་ཏེ། བོན་ཉིད་ཀྱི་སྐུ་ལས། གཡུང་དྲུང་གི་བོན་སོ་སོར་གསལ་ལ་ཕྱེ་བ་མེད་པ། སུམ་བརྒྱ་དྲུག་ཅུ་རུ་བཤད་པ་དང་གཅིག མཆོད་རྟེན་གྱི་གཞུང་ཆེན་པོ་ལས། བཞེད་གཞུང་རེ་རེ་དང་། ཡོན་ཏན་དོན་རེ་རེ་དང་། མཆོད་རྟེན་རེ་རེ་བཞིན་དུ་འབྱུང་བ་བཞིན་དུ་བཤད་པ་དང་གཉིས། མཆོད་རྟེན་གྱི་སྐུ་རེ་རེ་དང་། ལྷའི་སྐུ་རེ་རེ་བཤད་པ་དང་གསུམ། མཆོད་རྟེན་འཇིག་རྟེན་གྱི་གཏོས་དང་སྦྱར་ཏེ་བཤད་པ་དང་བཞི། མཆོད་རྟེན་བདག་ཉིད་དང་དབྱེ་རུ་མེད་པར་བཤད་པ་དང་ལྔ། མཚན་དང་དཔེ་བྱད་ལས་འབྲུ་བཅོམ་སྟེ་བཤད་པ་དང་དྲུག་གོ །”ཞེས་གསུངས་པ་འདི་དག་བྱུང་བའི་ཁུངས་བཙུན་ཞིང་། དཔེ་དོན་མཚོན་ཚུལ། སྦྱོང་བྱ་དང་སྦྱོང་བྱེད། སྦྱོང་ཚུལ་སོགས་གོ་དོན་རྒྱ་ཆེ་ལ་གཏིང་ཟབ་པ་འབའ་ཞིག་ཏུ་ཡོད་འདུག་པ་ལྟར་དེ་བཞིན་ཉམས་སུ་ལེན་རྒྱུ་བྱུང་ན་སྐལ་པ་རེ་བཟང་ངོ་སྙམ་མོ། །གོང་གསལ་བཞེངས་སུ་ཡོད་པའི་མཆོད་རྟེན་དེ་དག་སྤྱི་ཡི་ཐིག་ཚད་ནི«གཡུང་དྲུང་ལས་དག་གི་རྒྱུད»དུ་གསལ་བ་ལྟར་སྦྱར་བར་རིགས་ཤིང་། བྱེ་བྲག་སོ་སོའི་བཀོད་པ་ནི་གཞན་དང་རིགས་འགྲེས་སམ་གང་འོས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་། །
དགུ། འཕྲོས་དོན་གཞན་གླེང་བ།
དེ་ཡང་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི«བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི། །ཆ་ཚད་རྩ་ཚིག་འབེལ་བའི་གཏམ། །ཀུན་གྲོལ་གྲགས་པས་དཔལ་དེས་པས༼གྲགས་པའི་དཔལ་དེས་སྤེལ་བ༽དགེའོ»ཞེས་པ་ལས། “གཤེན་རབ་མཆོག་ལ་ཕྱག་འཚལ་ནས། །སྐུ་གདུང་ཆ་བརྒྱད་ཆ་ཚད་བྲི། གཡུང་དྲུང་བཀོད་ལེགས་མཆོད་རྟེན་ནི། །ཞེས་པ་སོགས་ནས། སྐུ་གདུང་ཆ་བརྒྱད་བཀོད་པ་འདི། །གཤེན་བསྟན་གསལ་བའི་སྒྲོན་མེར་ཤོག །”ཅེས་པ་ཡན་གྱིས་རྩ་བ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་། དེ་མཚུངས་རྣམ་པར་རྒྱལ་བའི་མཆོད་རྟེན། པདྨ་བརྩེགས་པའི་མཆོད་རྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན། ལྷ་ལས་བབས་པའི་མཆོད་རྟེན། བདུད་འདུལ་སྒྲ་གྲགས་མཆོད་རྟེན། སངས་རྒྱས་མྱང་འདས་མཆོད་རྟེན། དགེ་འདུན་གཡེན་བསྡུམ་མཆོད་རྟེན་བཅས་མཆོད་རྟེན་ཆ་བརྒྱད་ཀྱི་མཚན་དང་། གོ་རིམ། ཆ་ཚད་བཅས་གསལ་པོར་བསྟན་ཞིང་དེ་མཚུངས«བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི་ཆ་ཚད་དགའ་དབང་འཁྱིལ་བའི་གཏེར་མཛོད»ཅེས་པའི་ནང་དུའང་རྒྱས་པར་གསལ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་མཛད་པའི«བདེར་གཤེགས་ཐུགས་རྟེན་མཆོད་རྟེན་ཐིག་རྩ་ཆུ་ཤེལ་ཟླ་བའི་མེ་ལོང»ཞེས་པ་ལས། “གསུམ་པ་ཐིག་རྩ་དངོས་བཤད་པ་ལ། རྨིང་གཞི་ནམ་མཁའི་དཀྱིལ་འཁོར་གྱི། །རྒྱ་ལ་ཆ་ཆེན་བཅོ་བརྒྱད་དང་། ཞེས་པ་ནས། གཡུང་དྲུང་བཀོད་ལེགས་མཆོད་རྟེན་ནོ། །རྩ་བ་དེ་ལས་གྱེས་པ་ནི། །རྣམ་པར་རྒྱལ་བའི་མཆོད་རྟེན་ནི། །”ཞེས་སོགས་ནས། པདྨ་བརྩེགས་པའི་མཆོད་རྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན། ལྷ་ལས་བབས་པའི་མཆོད་རྟེན། བདུད་འདུལ་སྒྲ་གྲགས་མཆོད་རྟེན། སངས་རྒྱས་མྱང་འདས་མཆོད་རྟེན། དགེ་འདུན་གཡེན་བསྡུམ་མཆོད་རྟེན་བཅས་མཆོད་རྟེན་བརྒྱད་གོང་དང་མཚུངས་པར་གསལ་བ་དང་། གཡུང་དྲུང་གླིང་གི་དཔོན་སློབ་རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱིས་བརྩམས་པའི«བདེར་གཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས»ཞེས་པ་ལས། “འདི་ལ་རྩ་བ་མཆོད་རྟེན་རྣམ་བརྒྱད་དེ། དང་པོ་གཡུང་དྲུང་བཀོད་ལེགས་གྱི༼ཀྱི༽མཆོད་རྟེན། གཉིས་པ་རྣམ་པར་རྒྱལ་བའི་མཆོད་རྟེན། གསུམ་པ་བཀྲ་ཤིས་སྒོ་མང་མཆོད་རྟེན། བཞི་བ༼པ༽བདུད་འདུལ་སྒྲ་སྒྲོགས་མཆོད་རྟེན། ལྔ་བ་པད་མ་སྤུངས་བའི༼པའི༽མཆོད་རྟེན། དྲུག་པ་རི་རྒྱལ་དབྱེན་ཟླུམ་གྱི་མཆོད་རྟེན། བདུན་པ་ལྷ་བབས་གློ་འབུར་སྐས་གདེངས། བརྒྱད་པ་མྱང་འདས་ཆིག་ཟླུམ་མཆོད་རྟེན་དང་བརྒྱད་དོ། །”ཞེས་གཞི་རྩ་གོང་གསལ་ཡིག་ཆ་གཉིས་དང་མཚུངས་ལ་གོ་རིམ་ཐད་ཅུང་ཟད་འདྲ་མི་འདུག འདིར་བསྟན་མཆོད་རྟེན་བརྒྱད་པོ་ལས་འགའ་ཞིག«མཆོད་རྟེན་གྱི་གཞུང»སོགས་ལས་གསལ་མོད། དམིགས་བཀར་འདི་བརྒྱད་པོའི་ཁུངས་གཞུང་གཅིག་ཏུ་བསྟན་པའམ་དེ་ལྟར་བསྟན་པའི་རྒྱུ་མཚན་བཅས་དེ་སྔོན་ཞིབ་གསལ་མ་མཇལ་བས་བློ་ལྡན་དག་གིས་དཔྱད་པར་འོས་སོ། །
དཔྱད་གཞིའི་ཡིག་ཆ།
(1)སྟོན་པ་སངས་རྒྱས། «མཆོད་རྟེན་གྱི་གཞུང» དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། དེབ་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩
(2) ཀུན་གྲོལ་གྲགས་པ། «བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི་ཆ་ཚད་དགའ་དབང་འཁྱིལ་བའི་གཏེར་མཛོད» དཔེ་གཟུགས། གློག་དཔར།
(3)ཀུན་གྲོལ་གྲགས་པ། «བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི། །ཆ་ཚད་རྩ་ཚིག་འབེལ་བའི་གཏམ། །ཀུན་གྲོལ་གྲགས་པས་དཔལ་དེས་པས༼གྲགས་པའི་དཔལ་དེས་སྤེལ་བ༽དགེའོ» དཔེ་གཟུགས། གློག་དཔར།
(4) རིག་འཛིན་ཀུན་གྲོལ་གསང་བ་རྩལ། «བདེར་གཤེགས་ཐུགས་རྟེན་མཆོད་རྟེན་ཐིག་རྩ་ཆུ་ཤེལ་ཟླ་བའི་མེ་ལོང» སོག་སྡེ་སྤྲུལ་སྐུས་དཔར་བའི་བརྟེན་འགྱུར། པོད། ༥༩
(5)རྒྱལ་ཚབ་ཀུན་བཟང་བློ་གྲོས། «བདེར་གཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས» རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ། དེབ་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
(6)ཡོངས་འཛིན་བསྟན་འཛིན་རྣམ་དག «ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གྱི་ཐིག་ཚད» སྒོ་བཞི་མཛོད་ལྔའི་ཡང་བཅུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
(1)སྟོན་པ་སངས་རྒྱས། «མཆོད་རྟེན་གྱི་གཞུང» དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། དེབ་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩
(2) ཀུན་གྲོལ་གྲགས་པ། «བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི་ཆ་ཚད་དགའ་དབང་འཁྱིལ་བའི་གཏེར་མཛོད» དཔེ་གཟུགས། གློག་དཔར།
(3)ཀུན་གྲོལ་གྲགས་པ། «བདེར་གཤེགས་སྐུ་གདུང་ཆ་བརྒྱད་ཀྱི། །ཆ་ཚད་རྩ་ཚིག་འབེལ་བའི་གཏམ། །ཀུན་གྲོལ་གྲགས་པས་དཔལ་དེས་པས༼གྲགས་པའི་དཔལ་དེས་སྤེལ་བ༽དགེའོ» དཔེ་གཟུགས། གློག་དཔར།
(4) རིག་འཛིན་ཀུན་གྲོལ་གསང་བ་རྩལ། «བདེར་གཤེགས་ཐུགས་རྟེན་མཆོད་རྟེན་ཐིག་རྩ་ཆུ་ཤེལ་ཟླ་བའི་མེ་ལོང» སོག་སྡེ་སྤྲུལ་སྐུས་དཔར་བའི་བརྟེན་འགྱུར། པོད། ༥༩
(5)རྒྱལ་ཚབ་ཀུན་བཟང་བློ་གྲོས། «བདེར་གཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས» རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ། དེབ་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
(6)ཡོངས་འཛིན་བསྟན་འཛིན་རྣམ་དག «ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་གྱི་ཐིག་ཚད» སྒོ་བཞི་མཛོད་ལྔའི་ཡང་བཅུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
༢༠༢༠་༥་༣༠