བོན་གྱི་དཔེ་རྙིང«སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང»དང«མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག»གཉིས་དབར་གྱི་དཔྱད་པ།
[ཟླ་ཚེས། 2020-05-25 08:09:30][རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོན་གྱི་དཔེ་རྙིང《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དང《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》གཉིས་དབར་གྱི་དཔྱད་བསྡུར།
[ནང་དོན་གནད་བསྡུས།] གཤམ་གྱི་དཔྱད་རྩོམ་ནང་གི་བརྗོད་དོན་གཙོ་བོ་ནི་བོན་ཕྱོགས་ནས་ཕྱ་གཡང་གི་གཞུང་ཆོག་འདྲ་མིན་གཉིས་ཀྱི་ནང་དོན་ངོ་སྤྲོད་དང་དེ་གཉིས་དབར་གྱི་ཁྱད་ཆོས་གཤིབ་བསྡུར་དང་འབྲེལ་དེ་གཉིས་ནང་གི་གལ་གནད་ཅན་གྱི་ཚིག་བཤད་དུམ་ཚན་འགའ་འདིར་དྲངས་ནས་དེ་འབྲེལ་གྱི་ཁྱད་ཆོས་གཞན་གྱི་གནད་དོན་སྐོར་གླེང་ཡོད། ཡང་ཕྱ་གཡང་གི་ཁྱད་ནུས་ཀྱིས་སྤྱི་ཚོགས་སུ་གོ་གནས་ཇི་ལྟར་བཟུང་མིན་སོགས་ཀྱི་ཐད་ཞིབ་འབྲི་བྱས་པ་དང་། གནའ་བོའི་ཞང་བོད་ཀྱི་རིག་གནས་ཁྲོད་དུ་ཤྭ་བ་དང་གཡང་མོ་ལུག་གཉིས་ཀྱིས་ཐོབ་ཐང་ཇི་ལྟར་བཟུང་བའི་གཡང་རྟེན་གྱི་ལམ་ལུགས་སྐོར་དང་། དེ་བཞིན་འགྲོ་བ་སོ་སོའི་གཡང་རྟེན་གྱི་ཡོན་ཏན་སོགས་རྒྱས་བཤད་བྱས་ཡོད།
[བརྡ་ཆད་གཙོ་བོ།] “ཡབ་བླ་བདལ་དྲུག་”དང་། “མུ་ཡེར་པྲ་ཕུད།” “ཤྭ་བ།” “ཤྭ་རུ།” “གཡང་མོ་ལུག” “ཕྱ་གླུད་”བཅས་སོ། །
སྔོན་གླེང་།
དེ་ཡང་གནའ་བོའི་ཞང་བོད་ཀྱི་རིག་གནས་ཀྱི་ཁྲོད་ནས་ཆབ་ནག་སྲིད་པ་རྒྱུད་གྱི་བོན་ནི། ཞང་བོད་མི་རིགས་ཀྱི་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ལྟར་གྱུར་པའི་ཐུན་མོང་གི་རིག་གནས་རྩ་ཆེན་ཞིག་རེད། ཅིའི་ཕྱིར་ཞེ་ན། དེ་ནི་སྣོད་བཅུད་ཟུང་འབྲེལ་གྱི་འཇིག་རྟེན་འདི་ཉིད་ཞི་མཐུན་མཉམ་གནས་ཀྱི་ཐད་ལ་ཕྱོགས་གང་ནས་ཀྱང་ཕན་ནུས་རླབས་ཆེན་འབྱུང་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཤེས་རིག་མ་ལག་ཀུན་ཚང་ཞིག་ཏུ་གྱུར་པས་སོ། །ཆབ་ནག་གི་ཆོག་གཞུང་དེ་ལ་ཡང་། མོ་རྩིས་གཏོ་དཔྱད། ཤི་བ་གཤེད་འདུར། ཡར་མཆོད་མར་སྦྱིན། འགུགས་ལེན་དང་ཟློག་འཕེན། རི་བསང་སོགས་ཀྱི་རིག་གཞུང་ནི་སྐྱ་སེར་ཐུན་མོང་གིས་བེད་སྤྱོད་བྱ་འོས་པ་དང་བྱེད་ནུས་པའི་རིག་གནས་ཤིག་རེད། དེ་ལ་སྲིད་པ་རྒྱུད་ཀྱི་བོན་1 ནམ་སྲིད་པའི་བོན་ཞེས་བརྗོད། དེའི་ཁྱད་ནུས་ནི་དད་མོས་གཞི་བྱས་པའི་དག་སྣང་གི་ནུས་མཐུ་འབྱིན་ཐབས་དང་། འགྲོ་བ་དག་གི་ལུས་སྲོག་དང་བདེ་སྐྱིད་ཉམས་པ་གསོ་པའི་ནུས་སྟོབས་འཕེལ་ཐབས་དག་ལས་གྲུབ་པའི་ཆོ་ག་ཞིག་ཡིན་པར་བརྗོད་དེ་《མདོ་གཟེར་མིག》ལས། “ཆབ་ནི་འགྲོ་བ་གསོ་བ་ལ། །ནག་ནི་མི་འགྱུར་ཆེན་པོའོ། །”2 ཞེས་དང་། ཡང་《མདོ་དྲི་མེད་གཟི་བརྗིད》ལས། “འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། ཆབ་ནག་ཆུ་བོ་རྒྱུད་ཀྱིས་གསོས།”3 ཞེས་པས་གནད་དོན་དེས་ངེས་ཐུབ་ལ། དེའི་རིག་གནས་ནི་ད་ཆར་ཡོངས་གྲགས་སུ་བརྗོད་པ་ལྟར་ན། གཡུང་དྲུང་བོན་གྱི་བསྟན་པ་འདི་བོད་གངས་ཅན་ལྗོངས་སུ་མ་དར་བའི་གོང་དུ། ཕྱི་སྣོད་ཀྱི་རང་འབྱུང་ཁམས་ཆེན་པོ་སྲུང་སྐྱོང་དང་། དེར་བརྟེན་པའི་ནང་བཅུད་ཀྱི་འགྲོ་བ་མི་གཙོས་པའི་འཇིག་རྟེན་གྱི་དཔལ་མགོན་རྣམས་དང་ལྷ་སྲིན་སྡེ་བརྒྱད་སོགས་མི་མ་ཡིན་གྱི་འགྲོ་བ་ཀུན་ཀྱང་ཕན་ཚུན་ཞི་མཐུན་གཅིག་ཕན་གཅིག་རོགས་སུ་གནས་པའི་ཐབས་སྣ་མང་གཙོར་བཏོན་བྱས་པའི་ཆོ་གའི་རིག་གནས་ཕུན་སུམ་ཚོགས་པ་གྲུབ་པར་རྟོགས་ནུས་སོ། །4སྤྱི་ཚོགས་སམ་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྲིད་པའི་བོན་སྐོར་ལ་ལག་ལེན་གནང་བའི་གང་ཟག་དག་ལ་བོན་གྱི་དཔེ་རྙིང་ཁག་ཏུ་གསལ་བ་ལྟར་ན། ལྡེའུ་དང་། ལེའུ། ལེ་གུ། ལྷེའུ། བོན་པོ་ཞེས་མིང་གི་བླ་དྭགས་ཀྱང་ཅི་རིགས་སུ་བྱུང་མྱོང་འདུག ད་ལྟའི་ཆར་ཡུལ་གྲུ་འགའ་ལའང་དེ་ལྟར་མིང་གི་བེད་སྤྱོད་བྱེད་མུས་སུ་གནས།
དེ་ཡང་གཞུང་དངོས་ཀྱིས་བཤད་པར་འགྱུར་བྱ་ནི་བོན་ཕྱོགས་ནས་གཡང་འགུག་གི་ཆོ་གའི་དཔེ་གཞུང་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དང་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》གཉིས་ཀྱི་དབར་ལ་དཔྱད་བསྡུར་རམ་དེ་གཉིས་ཀྱི་ནང་དོན་གཙོ་ཆེར་ངོ་སྤྲོད་ཅིག་ཞུ་བར་འདོད། ཅིའི་ཕྱིར་འདིའི་སྐོར་སྨོས་དོན་ནི་ཁོ་བོས་སྔར་དམིགས་སུ་བཀར་ནས་ཕྱ་གཡང་གི་རིག་གནས་ལ་ཞིབ་འཇུག་བྱེད་སྐབས་བོན་ཕྱོགས་ནས་གཡང་འགུག་གི་ཕྱག་དཔེ་རྙིང་གྲས་གལ་ཆེན་ཞིག་ཏུ་མཐོང་ནས་དེ་གཉིས་ཀྱི་སྐོར་རོབ་ཙམ་གླེང་འདོད་བྱུང་། སྟབས་མ་ལེགས་པ་ཞིག་ལ་ཁོ་བོས་ད་ཕན་མཐོང་ཆོས་སུ་གྱུར་པའི་དཔེ་ཆ་གཉིས་ཀའི་མཇུག་ཏུ་མཛད་པ་པོའི་མཚན་བྱང་མ་གསལ་བའི་རྐྱེན་པས་དཔེ་ཆ་འདི་གཉིས་དུས་རབས་དང་ལོ་རབས་ག་དུས་ཤིག་བརྩམས་པ་དང་། མཛད་པ་པོའང་སུ་ཞིག་ཡིན་མིན་གྱི་ཐད་ནས་ཀྱང་བརྗོད་ཐབས་བྲལ། འདིར་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཅེས་པའི་དཔྱད་གཞིའི་དཔེ་རྙིང་དེ་ནི་སྤྱིར་སྨན་རིའི་དཔོན་སློབ་ཡང་སྟོན་ཕྲིན་ལས་ཉི་མའི་ཕྱག་དཔེ་ཞིག་ཡིན་པ་5ལས་ཕྱི་ལོ་2002ལོར་མཁར་རྨེའུ་བསམ་གཏན་(Samten G.Karmay) དང་ན་ག་ནོ་(YasuhikoNagano)གཉིས་ཀྱིས་དཔར་དུ་བསྐྲུན་པའི་《ཁུ་བྱུག་སྔོན་མོའི་གསུང་སྙན》 (The Call of the Blue Cuckoo)ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག དེར་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཅེས་པའི་གཞུང་རྐྱང་ཙམ་ལས་གཞན་དེ་འབྲེལ་ཡིག་ཆ་གང་ཡང་མ་མཆིས་སོ། །དཔྱད་གཞི་བོན་གྱི་དཔེ་རྙིང་འདི་ཉིད་ཕར་ཐད་ཀར་བལྟས་ཙམ་ན། ཏུན་ཧོང་ནས་རྙེད་པའི་བོད་ཡིག་གི་ལམ་ནས་བྲིས་པའི་ཡིག་ཆ་དང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་ཁག་གི་ཡིག་གཟུགས་དང་རྣམ་དབྱེ་ཕྲད་སོགས་དེར་མཚུངས་ཀྱི་གྲུབ་ཆའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་མ་མཆིས་ནའང་། དཔེ་ཆ་འདི་ཉིད་ཀྱི་རྩོམ་གྱི་སྒྲོམ་གཞིའི་འགྲོས་ལ་གཞིགས་ཚེ་དུས་རབས་རྙིང་པའི་དཔེའི་ཁྱད་ཆོས་ཤིག་ཡོད་པར་རྟོགས་ནུས་སོ། །སྐབས་འདི་དང་བསྟུན་ནས་ལར་དཔྱད་གཞི་དཔེ་ཆ་ག་གེ་མོ་དེ་དུས་ཚོད་སྔ་ཕྱི་གང་དུ་བྱུང་མིན་གྱི་དཔྱོད་ཐབས་སྐོར་ལ་ཅུང་ཙམ་གླེང་ན། དཔྱད་གཞིའི་དཔེ་ཆའི་མཇུག་བྱང་དུ་རྩོམ་པ་པོའི་མཚན་དང་ལོ་ཚིགས་གསལ་བ་བཅས་ལ་གཞིགས་པ་དང་གཅིག གཞན་ཡང་དཔེ་ཆ་དེའི་རྩོམ་གྱི་སྒྲོམ་གཞིའི་འགྲོས་དང་བརྡ་སྤྲོད་ཀྱི་རྣམ་དབྱེ་སྦྱོར་ཚུལ་སོགས་ལ་དཔྱད་པ་དང་གཉིས། ཡང་ན་དཔྱད་གཞིའི་ནང་དུ་རྩོམ་པ་པོ་གཞན་གྱི་དཔེ་ཆའི་ལུང་ཚིག་དྲངས་པ་ཁག་ལ་གཞིགས་པ་དང་དཔྱོད་ཐབས་གསུམ་པོ་གང་རིགས་ཀྱི་སྒོ་ནས། དཔྱད་གཞིའི་བརྩམས་ཆོས་དེ་ཉིད་སྔ་ཕྱི་གང་ཡིན་ལ་ཤེས་རྟོགས་ཐུབ་པ་བྱ་དགོས་པར་སྨོས་མེད་ལྟ་བུ་རེད། དེས་ན་ད་ལན་ཕྱ་གཞུང་གི་ཕྱག་དཔེ་འདི་ནི། དཔྱོད་ཐབས་བར་མ་ལྟར་ཕྱོགས་ཙམ་གླེང་ཁུལ་སྔར་ཞུས་ཟིན་པ་ཙམ་མོ། །
གཞན་ཁོ་བོས་མཐོང་ཆོས་སུ་གྱུར་བའི་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ཞེས་པའི་པོ་ཏི་འདི་ཉིད་ཡིག་འཕྲེང་དྲུག་གིས་ཆ་མཉམ་དུ་གྲུབ་པའི་དབུ་མེད་(གྲྭ་ལྗིབ་)བྲིས་མ་ཞིག་རེད་ལ། གཞུང་ཆོག་འདིའི་སྟོད་ལ་ཕྱག་བཞེས་དང་སྨད་ལ་གཡང་སྐྱབས་མཆིས་པའི་པོད་ཆེན་ཞིག་འདུག 《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ཞེས་པའི་གཞུང་རྐྱང་ཕུད་པའི་གཞན་ཕྱག་བཞེས་སོགས་ཆ་ལག་རྣམས་ཀྱང་དུས་རབས་བཅོ་བརྒྱད་ནང་འཁྲུངས་པའི་སྤྱང་སྤྲུལ་ནམ་མཁའ་རྒྱལ་མཚན་(1770-1833)སོགས་ཀྱིས་མཛད་ནས་ཆོག་གཞུང་པོད་ཏི་འདི་ཉིད་སྔར་ལས་ཟབ་རྒྱས་སུ་བཏང་ཡོད་པར་དཔོག་ནུས་སོ། །སྟབས་མ་འགྲིག་པ་ཞིག་ལ་ཕྲན་གྱིས་དཔེ་འདི་ཉིད་དཔེ་རྒྱུན་གཞན་ཞིག་དང་གཤིབ་བསྡུར་གྱི་མཐུན་རྐྱེན་མ་བྱུང་། 《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ནི་ཀྲུང་གོ་གསར་པ་མ་བཙུགས་པའི་གོང་དུ་ཨ་མདོ་ཤར་ཁོག་གི་དམངས་ཁྲོད་དུ་ལག་ལེན་བཀོལ་སྤྱོད་བྱེད་ཀྱིན་ཡོད་པར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཡོངས་གྲགས་སུ་ཨ་ཁུ་ཤེས་རབ་(1938-2019)ལགས་ལ་ཕྲན་གྱིས་དེའི་སྐོར་དྲིས་སྐབས་དེ་ལྟར་གསུངས་མྱོང་། དེའི་ལག་ལེན་ནི་ད་ཆར་ཕལ་ཆེར་ཉམས་ཆག་ཏུ་གྱུར་པར་མངོན།
དཔེ་གཞུང་གཉིས་ཀྱི་དབུའི་མཚན་གྱི་སྐོར།
(1) སྐབས་བབ་ཀྱི་ཆོག་གཞུང་དེ་གཉིས་ཀྱི་དབུའི་མཚན་གཅིག་ལ་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ཞེས་པ་དང་། གཅིག་ལ་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཅེས་བྲིས་གནང་འདུག་ལ། གོ་སྐབས་འདིར་བརྒྱུད་སྐབས་བབ་ཀྱི་གཞུང་འདིའི་མཚན་གྱི་སྐོར་དཔྱད་གླེང་མ་བྱས་པའི་གོང་དུ། སྤྱིར་བཏང་ཕྱག་དཔེ་ཁག་གི་བླ་དྭགས་འདོགས་ཚུལ་སྐོར་ཅུང་ཙམ་འཆད་པར་བྱ། གཏེར་སྟོན་གྱི་མཚན་6 དང་། ཞུ་བ་པོའི་མཚན། 7 དཔེ་གཞུང་གི་ལེའུ་ཚན། 8 གཞུང་དངོས་སུ་གཙོ་འབྲེལ་གྱི་གང་ཟག་གི་མིང་སོགས་དང་འབྲེལ་བའི་ཐད་ནས་དཔེ་ཆར་མཚན་འདོགས་སྲོལ་སོགས་དུ་མར་ཡོད་ཀྱང་སྐབས་བབ་ཀྱི་དཔྱད་གཞིའི་ཡིག་ཆ་དེ་གཉིས་ཀྱི་བླ་དྭགས་འདི་ནི་གོང་སྨོས་ཐ་མའི་དབང་དུ་བྱས་ནས་བཏགས་ཡོད་པར་གཤམ་གྱི་དབུ་ཡི་མཚན་གྱི་སྐོར་ནས་ངེས་སོ། །
གོང་དུ་སྨོས་པའི་“ཡབ་བླ་བདལ་དྲུག་”ནི་ཞང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བོད་རྒྱལ་གཉའ་ཁྲི་བཙན་པོའི་གདུང་ཁུངས་འཆད་སྐབས་བསྒྲགས་པ་བོན་ལུགས་སུ་གྲགས་པའི་ཡིག་ཆ་དང་། དེ་བཞིན་བཀའ་གཙིགས། ཏུན་ཧོང་གི་ཡིག་རྙིང་ལས་བོད་བཙན་པོའི་རྒྱལ་རབས་ཀྱི་འབྱུང་ཁུངས་སྨོས་སྐབས་མིང་ཚིག་དེ་ཐོན་ཡོང་གི་ཡོད། དེ་ནི་གཙོ་ཆེར་གྲགས་པ་ལྟར་ན་བོད་བཙན་པོའི་གྲོལ་ཁུངས་ཡིན་པ་བོན་གྱི་དཔེ་རྙིང་ཁག་9 འགའ་དང་རྐོང་པོའི་བྲག་བརྐོས་10 དང་ཏུན་ཧོང་ཤོག་དྲིལ་11སོགས་ལས་གསལ་བ་བཞིན་ནོ། །ལྟ་བ་གཞན་ཞིག་ལ་ཕྱྭ་ཡབ་བླ་བདལ་དྲུག་དང་རྒྱལ་པོ་གཉའ་ཁྲི་བཙན་པོ་གཉིས་གང་ཟག་གཅིག་ཏུའང་བཞེད་སྲོལ་མཆིས་ཏེ་《སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》ལས། “བོད་འབངས་མི་སྲུན་རང་ཁ་མ། །ཡང་དག་དགེ་ལ་རིམ་འཇུག་ཕྱིར། །ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ཉིད། །སྐུ་གཤེན་མཚེ་མའི་བཅོའུ་བཅས། །དགུང་ནས་དོག་ལ་བབས་ནས་ཀྱང་། །གཉའ་ཁྲི་བཙད་པོར་མཚན་གསོལ་ལོ། །”12 ཞེས་དང་། ཡང་《ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན》ལས། “དེ་ནས་ལོ་དྲུག་ཅུ་འདས་པ་ཤིང་བྱི་ལོར་(འབྱུང་ལྡན་༡༥༤)ཕྱྭ་རྗེ་ཡ་བླ་(ཡབ་ལྷ་)བདལ་དྲུག་དེ་ཉིད་སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་བཅས་གངས་ཅན་བོད་ཀྱི་རྗེ་བོར་བྱོན། བོད་ཤེས་པ་ཅན་བཅུ་གཉིས་ཀྱིས་དབུ་ཁྲིད་དེ་བོད་འབངས་རྣམས་ཀྱིས་རྗེ་བོར་བཀུར་ནས་བོད་རྒྱལ་གཉའ་ཁྲི་བཙད་པོ་ཞེས་མཚན་གསོལ། དེའི་དབུ་བླར་གཤེན་ནམ་མཁའ་སྣང་བ་མདོག་ཅན་བཀུར།” 13ཞེས་པ་ལྟར་རོ། །འདིའི་ཐ་སྙད་ཀྱི་འབྲི་ཚུལ་ཐད་ནས་ཀྱང་ཡིག་ཚགས་སོ་སོ་ལས་འདྲ་མིན་མཆིས་ཏེ། ཡབ་བླ་བདག་དྲུག14 ཡབ་ལྷ་བདལ་དྲུག15 ཕྱྭ་ཡ་བླ་བདག་དྲུག16 རྗེ་ཡབ་བླ་བདལ་དྲུག17 རྗེ་ཡབ་ལྷ་བརྡའ་དྲུག18 ཕྱྭ་རྗེ་ཡབ་ལྷ་བདལ་དྲུག19 ཕྱྭ་རྗེ་ཡབ་བླ་བདལ་དྲུག20 རྗེ་ཡབ་བླ་བདལ་ཕྲུག21 རྗེ་གཅིག་ཡབ་ལ་བརྡལ་དྲུག22 སྲིད་པ་ཡབ་ལྷ་བདལ་དྲུག་23 སོགས་ཡོད་ཀྱང་དོན་དངོས་གང་ཟག་གཅིག་གི་སྟེང་ནས་བབས་པ་མ་གཏོགས་ཤེས་རྒྱུད་ཐ་དད་པའི་ངང་ཚུལ་ཞིག་བྱུང་བ་མིན་ནོ། །
དེའི་ཐོག་མའི་བྱུང་ཚུལ་གྱི་གཏམ་རྒྱུད་ལ་ཡང་བོན་གྱི་དཔེ་རྙིང་《མཛོད་སྒྲ་འགྲེལ》ལ་གསལ་བ་ལྟར་ན། སྲིད་པ་སྒོང་སྐྱེས་ཀྱི་ལྟ་བ་བརྗོད་སྐབས། རྒྱུ་འབྱུང་ལྔའི་ཡང་བཅུད་ལས་འོད་སྒོང་དཀར་ནག་གཉིས་སུ་གྲུབ་ནས་དཀར་པོ་དེ་ཡང་ལོགས་བཞི་ཟུར་བརྒྱད་དཔེར་ན་གཡག་མ་གྲུས་ཙམ་སྲིད་པ་ལྟ་བུའོ། །24 སྐབས་འགར་སྒོ་ང་གཅིག་ཕྱེད་དཀར་ཕྱེད་ནག་ཏུ་གྲུབ་པར་འདོད་པའི་ལྟ་བའང་ཡོད་དེ་《མཛོད་ལྷ་འགྲེལ》ལས། “སྲིད་པ་སྔོན་ཀ་ལོག་བསྟན་ཏེ། །ལྔ་ལས་སྒོང་གཅིག་གཉིས་མདོག་སྲིད། །”ཅེས་དང་། དེའི་ལྔའི་བཅུད་ལས་རིན་པོ་ཆེའི་སྒོ་ང་ཕྱེད་དཀར་ཕྱེད་ནག་ཅིག་ཏུ་སྲིད་དོ། །དཀར་ནི་འོད་དང་ཟེར་ལས་བརྡོལ་བྱ་བ་ནི། ཕྱེད་དཀར་པོ་ནི་འོད་དཀར་པོ་བྱུང་སྟེ་རང་བརྡོལ་པ་ལས། འོད་འདིའི་ནང་ནས་ཡོད་ཁམས་སྲིད་པའི་རྒྱལ་པོར་གསལ།”25 ཞེས་པ་ལྟར་རོ། །
སྲིད་པའི་སྒོ་ང་དཀར་པོ་དེ་ཉིད་ཀྱི་སྙིང་པོ་ལས་ཡབ་སྲིད་པ་སངས་པོ་འབུམ་ཁྲི་(ཡོད་ཁམས་སྲིད་པའི་རྒྱལ་པོའང་ཟེར་)གྲུབ་ནས་ཡུམ་ཆུ་ལྕམ་རྒྱལ་མོ་ཉིད་དང་ཡིད་ཀྱི་བཤོས་པའི་སྟོབས་ཀྱིས་སྲིད་པའི་དྲལ་པོ་དགུ་དང་ལྕམ་མོ་དགུ་བཅས་བཅོ་བརྒྱད་དུ་གཏམས། དེའི་ནང་ནས་བུ་དང་པོ་གསུམ་ནི་གཞན་བུ་དྲུག་ལས་གལ་ཆེ་བར་བརྗོད་ཡོད་པ་ནི་ཕྱ་སྲིད་སྐོས་གསུམ་ཞེས་པ་དེ་རེད། འདིའི་ཕྱ་ནི་ཕྱ་རྗེ་རིང་དཀར་(ཕྱ་རྗེ་སྒམ་པོ་ཡང་ཟེར་)ཞེས་བརྗོད་ལ། ཁོང་ནི་སེམས་ཅན་གྱི་སྲོག་སྐྱོང་བའམ་འཚོ་བར་བྱེད་པའི་ལྷ་རུ་བརྩི་སྲོལ འདུག དེ་ལ་བུ་ཕྲུག་བརྒྱད་ཡོད་པ་ལས་བཞི་ནི་སྲས་དང་བཞི་ནི་སྲས་མོ་ཡིན། གདགས་ཀྱི་དྲལ་བཞི་ནི་ལྷེ་རྗེ་རིང་དཀར། ཡབ་ལྷ་བདལ་དྲུག མུ་ཡེར་པྲ་ཕུད། ཚངས་སྡང་བྱ་འོག་དང་བཞིའོ། །སྤྱིར་བཏང་ཕྱ་རྗེ་རིང་དཀར་གྱི་བཞུགས་གནས་ནི་མགོན་བཙུན་ཕྱྭའི་ཡུལ་དུ་བཞུགས་ཡོད་སྐད་སྲས་བརྒྱད་ཀྱང་དེར་གནས་པར་གྲགས། སྐབས་བབ་ཀྱི་སྨོས་བྱ་ནི་ཕྱ་རྗེ་རིང་དཀར་གྱི་སྲས་གཉིས་པ་“ཡབ་ལྷ་བདལ་དྲུག་”དེ་ཉིད་ཀྱི་བཞུགས་གནས་ལའང་ལྟ་བ་འདྲ་མིན་མཆིས་སོ། །“ཡབ་ལྷ་བདལ་དྲུག་”ནི་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་བཞུགས་ཏེ་ལྷ་ཐམས་ཅད་ཀྱི་འགོ་གཙོར་མཛད་པར་གྲགས་26པས་ཁོང་གི་མཚན་གྱི་ཆེ་བརྗོད་ལའང་“ཕྱྭ་རྗེ་”ཡབ་བླ་བདལ་དྲུག་ཅེས་འབོད་པ་དེའོ། །སྐབས་འགར་ནང་པའི་མཛོད་གཞུང་ལས་བཤད་པའི་རིའི་རྒྱལ་པོ་རི་རྒྱལ་ལྷུན་པོའི་ཡང་སྟེང་དུ་སུམ་ཅུ་རྩ་གསུམ་དབུས་སུ་གནས་པའང་གྲགས། 27 གནས་དེ་གཉིས་ནི་གསང་བ་ལྐོག་གྱུར་ཅིག་ཡིན་སྟབས་གནས་གཅིག་པ་ཡིན་མིན་ཡང་འདིར་བརྗོད་ཐབས་བྲལ། རྗེ་ཡབ་བླ་དེ་ཉིད་ཀྱང་རྩ་གསུམ་གྱི་ལྷའི་རྒྱལ་པོའང་བཤད་ཡོད། 28 ཁོང་ནི་ནོར་རྫས་སོགས་ཀྱི་ཡང་བཅུད་དམ་ཡང་སྙིང་། ཡང་ན་ཕྱ་གཡང་གི་བདག་པོ་གྱུར་པའི་ལྷ་རུ་བརྩི་སྲོལ་ཡོད་ཅིང་། སྐབས་བབ་ཀྱི་ཕྱ་གཞུང་འདི་ནི་གཡང་འགུག་གི་ཆོག་གཞུང་ཞིག་ཡིན་པས་ན། དགུག་བྱ་ཕྱ་གཡང་དང་དེའི་བདག་པོ་ལྷའི་མཚན་བཅས། དཔེ་ཆའི་དབུའི་བླ་དྭགས་སུ་གསོལ་བར་རྟོགས་ནུས་ཏེ་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ཞེས་པས་ངེས་སོ། །
བོན་གྱི་དཔེ་རྙིང་《གནག་རབས》ལ་བཤད་པ་ལྟར་ན། “ཡབ་བླ་བདལ་དྲུག་”ལ་ངམ་རྒྱལ་ཤེ་ལེ་རུ་ཚེས་བདུད་དུ་བབས་པའི་དུས་དེ་ཙམ་ན། མོ་བོན་གྱི་ལུང་བསྟན་ལྟར་“ཡབ་བླ་བདལ་དྲུག་”གིས་བོན་གཤེན་བཞི་29གདན་དྲངས་ཏེ། གཤེན་བཞིས་ཀྱང་བརྔན་དང་ཡས་ཀྱི་ཆོ་ག་སོགས་སྤེལ་ནས་ཕར་ལ་གླུད་དང་གཏོར་མ་སོགས་འཕངས་ནས་ཚུར་ཡབ་བླ་བདལ་དྲུག་གི་བླ་སྲོག་སོགས་འགུགས་པའི་བོན་ཆོག་སྤེལ་ཚུལ་གསལ། 30 གཤམ་དུ་གལ་གནད་ཅན་གྱི་ལུང་ཚིག་དུམ་ཚན་ཞིག་དྲངས་པ་འདི་ནི། གོང་གི་གཤེན་བཞིས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་ཆེད་དུ་གཏོ་བཅོས་ཀྱི་བོན་སྒོ་སྤེལ་ཚུལ་སྐོར་ཡིན།
《གནག་རབས》ལས། “གནམ་རྀམ་པ་བཅུ་གསུམ་གྱི་སྟེང་ན། བདུད་ཤེ་ལེ་རུ་ཚེ་བཞུགས། ས་རྀམ་པ་རྒུའྀ་འོག་ན། ལྟས་ངན་གྱི་རྒྱལ་པོ། གང་པར་གེ་བེར་བཞུགས་སྟེ། (ཏེ) ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་གྱིས། ཆྀབས་སུ་ཅྀ་བཅྀབས་ན། ཟངས་ཀྱི་གླ་བ་རྐང་པ་གསུམ་འོག་གསུམ་བ་ཅྀག་བཅྀབས་ནས། གནམ་གྱི་ཡ་བླ་ནས། བདུད་ཀྱྀ་རྒྱལ་པོ་ཤེ་ལེ་རུ་ཚེའི་ཞལ་ན་རེ། ས་རྀམ་པ་རྒུའི་འོག་ན། ལྟས་ངན་གྱི་རྒྱལ་པོ། གང་པར་གེ་བེར་ལས་ཆེ་ཞྀང་བཙན་བ་མེད་ཟེར། ན། བྱ་བློན་པུབ་ཤུད་སོང་ལ། བདུད་ལ་ཡོར་མོའི་གོང་དུ། བདུད་དང་ལྟས་ངན་མཇལ་གསུངས། བྱ་བློན་ཐན་ཟན་ཕྲིན་ཟན་གསལ་ནས། གསེར་མཐུར་སེར་མོ་མཐུར། བྱ་བློན་གྱིས་ལྟས་ངན་སྙན་དུ་ཞུས། ལྟས་ངན་གྱིས་ཆིབས་སུ་ཅི་བཅིབས་ན། ཟངས་ཀྱི་དྲིའུ་རྟ་རྐང་དམར་ལ། ལྕགས་ཀྱི་ཚ་ཚ་མྱིག་རྒུ་ཅན་ཅྀག་བཅིབས། ལྟས་ངན་རྒྱལ་པོའི་ཞལ་ནས། བདུད་ཡས་གཤགས་ཅིག བདག་མས་མཆི་བོ། ལྟས་ངན་གྱི་རྒྱལ་པོ་འིས། བྱ་བློན་པུབ་ཤུད་ལ། ཐན་དང་ཕྲྀན་ངན་དུ། ཟབ་བསླག་ཁྲ་བོ་བསྐོན་ནོ། ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་གྱིས། སྐུ་ལ་ཅྀ་གསོལ་ན། ལྟས་ངན་སྤྲུལ་པ་སྣ་ཚོགས་དང་། བྱ་སྤུ་སྣ་ཚོགས་ཀྱི་སླག་པ་སྐུ་ལ་གསོལ་དེ། མས་མཆིས་ན། ལྟས་ངན་གྱི་རྒྱལ་པོས་ཡན་ཀལ་གནམ་ལ་བཤལ། མན་ཀལ་ས་ལ་བཤལ། མྱིག་གཡས་པ་གདགས་རི་དཀར་ལ་བཤལ། མྱིག་གཡོན་པ་སྲྀབས་རི་གནག་ལ་བཤལ་དེ། དེ་ལྟར་བསྡད་པ་ལ། བདུད་ཀྱི་རྒྱལ་པོ་ཡང་ལྟས་ངན་གྱི་ཚུལ་ལྟར་སྤྲུལ་དེ། ལྟས་ངན་ལ་ལྟར་གཤགས་སྟེ། ཆྀབས་སུ་ཅི་བཅྀབས་ན། ལྕགས་ཀྱི་ཤ་བ་རྐང་གསུམ་འགོ་གསུམ་བ་ཅྀག་བཅྀབས། བདུད་གོས་བན་མོ་བུན་མོ་སྐུ་ལ་གསོལ་ནས། ཡས་ཀྱིས་གཤགས་ན། བདུད་ལ་ཡོར་མོའི་གོང་དུ་བདུད་དང་ལྟས་ངན་མཇལ་ན། བདུད་ཀྱི་རྒྱལ་པོས། ལྟས་ངན་རྒྱལ་པོ་མཐོང་ནས། བདུད་ཡེད་ཀྱིས་སྔངས་ནས། བརྒྱལ་དེ་བཞུགས་ན། དེ་ནས་བདུད་ཀྱི་རྒྱལ་པོ། བརྒྱལ་སངས་ནས། བདུད་ཀྱིས་ལྟས་ངན་ལ་མ་ཐུབ། བདུད་ཀྱིས་མ་ཐུབ་པ་ཡང་མྱེད། བྱས་ཤྀང་ཁ་མ་བཅགས་པ་ཡང་མྱེད། གནམ་གྱི་སྦྲང་ཆར་གྱིས་མ་ཕོག་པ་ཡང་མེད། གནམ་སྔོན་པོ་འོག་ས་དྲོ་བོའི་སྟེང་ན། ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་ལས་ཆེ་ཞིང་བཙན་བ་མ་མཆིས་པ་དྲའ། བདུད་ཀྱིས་ལྟས་ངན་ལ་མ་ཐུབ་ཀྱིས། ལྟས་ངན་ཁྱོད་ཀྱིས་སྣ་དྲོངས་ཤྀག བདུད་ངས་ཁྱོད་གར་གྲོ་བར་འོང་གྱིས་བགྱིས་ན། ལྟས་ངན་རྒྱལ་པོའི་ཞལ་ན་རེ། གནམ་གྱི་ཡ་བླ་རྒུང་གྱི་ཡ་སྟེངས་ན། རྗེ་ཡབ་བླ་བདལ་དྲུག་ལ། བདུད་དང་ལྟས་ངན་བསྡོངས་ལ། ལོ་གསུམ་གྱི་དཔྱ་བླང་། སྙིང་གསུམ་གྱི་རྣལ་བླང་། དེ་སྐད་བགྱིས་པ་ལ། རྗེ་ཡབ་བླ་བདལ་དྲུག་ལ། ཁྱྀམ་ཕྱྀ་ན་རྒྱ་ཅྀག་འཁོར། བདུད་ཀྱི་རྐྱ་ཅིག་འཁོར། ལྟག་ཕྱི་ན་རྨག་ཅིག་བབ། ལྟས་ངན་གྱི་རྨག་ཅིག་བབ། གནམ་གྱི་བོན་མོ་སྡིང་ང་སྡྀང་ལོམ་དང་། ས་འྀ་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀྱིས། ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉྀས་ལ། གཏོ་དང་མོ་བགྱིས་ན། བདུད་དང་ལྟས་ངན་བབ། གཤེན་བཞི་སྤྱན་དྲང་འཚལ། གླུད་བཞི་གཏང་བར་བཟང་། བདུད་བོན་དྲེང་ནག་ཆུ་ལྕགས་དང་། ཐར་བོན་དྲུ་སྐྱོལ་དང་། གླུད་བོན་ངག་སྙན་དང་། གཤེན་རབ་མྱི་བོ་བཞི། ཡབ་བླ་བདལ་དྲུག་གྱིས། གཤེན་བཞི་སྤྱན་དྲངས་སོ། རྔན་དུ་བ་ཕུལ། ཡས་སུ་གསེར་དྲངས་སོ། གཏེའུ་དུ་བུ་བཞག་ནས། བདུད་བོན་དྲེང་ང་དྲེང་ཁུག་གྱིས། བདུད་མདའ་ལྟོང་ནག་ལ། བདུད་དར་མཐྀང་ནག་བཏགས། མདའ་རྒྱུད་ཚིགས་གསུམ་ལ། དཔགས་བུ་དྲའ་ཆགས་བཏགས། བདུད་ལུག་ནག་པོ་སྤྱི་གར་ལ། བདུད་མཚེ་ཁ་ནག་བ་འབྲྀ་གཡས་ལ་བཏགས། བདུད་དུང་ཁྱིལ་ནག་ནྀ། བ་འབྲི་གཡོན་ལ་བཏགས། རས་ཀྱི་ཕྲག་སྒྱེ་བཀལ་དེ། བདུད་བོན་དྲེང་ང་དྲེང་ཁུག་གྱིས། སྲོད་ལ་བསྒྱེར་བསྒྱེར་ནས། ཐོ་རས་གླུད་དུ་བཏང་། གླུད་སུ་ལ་ཕུལ་ན། བདུད་ཀྱི་རྒྱལ་པོ། ཤེ་ལེ་རུ་ཚེ་དང་། བློན་པོ་སྙ་ལྡེ་ངག་རྩན་དང་། བདུད་ཀྱི་ཇོ་བོ་རི་ཆེ་འགོང་ཉག་དང་། ནག་པོ་བཀྲག་མེད་དང་། ཤེས་པོ་དང་། མཐོངས་པོ་དང་། དེ་རྣམས་ཀྱི་ཕྱག་དུ་ཕུལ་ན། རྗེ་ཡབ་བླ་བདལ་ཕྲུག་ནི། བདུད་ལག་ནས་བླུས་སོ། བྱ་མགུལ་ནས་སྙྀ་བཀྲོལ། ཤ་རྐང་ལས་གདོས་བཅད་དོ། །ཡང་ཐར་བོན་དྲུ་སྐྱོལ་གྱིས། ཐར་སྦྲ་དཀར་མོ་ཕུབ། དར་དཀར་ཡོལ་བ་བྲེས། ཟ་བུག་གྱི་གུར་ཕུབ། ཐར་ཕྱིང་གོང་བཀྲའ་བཏྀང་། ཐར་ཡས་ཆོ་རྒུ་བསགས། མདའ་རྒྱུད་ཚིགས་གསུམ་དང་། ཐར་ལ་ནྀ་ཡོན་དུ་བཀྱེ། མདའ་བམ་ཐགས་གསུམ་དང་། དརྨར་མཚོན་ཟ་བུག་དང་། སྨུག་མཚོན་ཁར་ཐབས་དང་། ཐར་གཡག་གཤམ་པོ་དང་། སྐྱོགས་དགར་ནྀ་དྲལ་དུ་མངར། སྲོད་མ་ནྀ་བསྒྱེར་བསྒྱེར་ནས། ཐོ་རས་གླུད་དུ་གཏང་། ནམ་གྱི་ནི་སུམ་ཆ་ན། རྒུང་གྱི་ནི་བཞི་འབྲུམ་ན། བཙན་གསུམ་ཕྱག་དུ་ཕུལ། བཙན་སུམ་ཐུགས་གྱེས་སྟེ། མཉམ་གཉིས་བརྗེ་རུ་གནང་ངོ་། གནའ་ཕན་དེ་ལྟར་ཕན་ནོ། །ཡང་གླུད་བོན་ངག་སྙན་གྱིས། གླུད་དུ་ཅི་བཏང་ནའ། གསེར་གྱི་མོ་འཕང་ལ། གཡུ་འི་མོང་ལོ་གསལ། བདུད་བྱ་སྐྱུང་ཁ་གསོན་མ་ལ། གསེར་གྱི་དྲིལ་ཆེན་བཏགས། གླུད་བོན་ངག་སྙན་གྱིས། སྲོད་ལ་བསྒྱེར་བསྒྱེར་ནས། ཐོ་རས་གླུད་དུ་ཕུལ། ཕུལ་བ་ནྀ་སུ་ལ་ཕུལ། རྗེ་བཙུན་ནྀ་ཕོ་བ་དང་། རྒྱ་བཙུན་ནི་རྨང་བ་དང་། གཡུ་བཙུན་ང་ར་གསུམ་གྱིས། སྲྀང་མོ་ལྕམ་གསུམ་ནའ། ཨ་མ་ཡ་མོ་གཅིག རབ་མྰ་དེ་ཤོར་གཉིས། ཤོ་མ་མྱི་བདག་བཙུན་མོར་གསུམ། ལྕམ་དྲལ་གསུམ་གྱི་ཕྱག་དུ་ཕུལ། མྱིང་པོ་བདུད་ཟངས་སྟེ་འཚེར་བ་དང་། སྲྀང་མོ་རྒུ་རི་ཟའི་ཕྭ་སངས་མའྀ་ཕྱག་དུ་ཕུལ། མ་གདོན་བདུད་དྲམ་པའི་ཕྱག་དུ་ཕུལ། རྗེ་ཡབ་བླ་བདལ་དྲུག་ཀྱི་བརླ་དང་གླུད་དུ་བརྗེས་དེ། དེ་ལྟར་ཕན་ནོ། །ཡང་གཤེན་རབ་མྱི་བོ་འིས། སྐུ་ལས་བྱོལ་ཅིག་གཏང་བ་དང་། ཐར་ལུག་ཡང་ངས་བཟུང་། བདུད་ལ་ཡོར་མོའི་གོང་དུ། བྱོལ་ཆ་སྣ་རྒུ་དང་། ཐར་ལུག་ཡ་གངས་ཀྱི་ཁོང་ནས་སྙྀང་ཕྱུང་སྟེ། བདུད་དར་མཐྀང་ནག་དུ་དྲིལ་དེ། ཕྱི་འི་རྒྱན་དུ་དར་དང་ཟབ། ནང་གྱི་རྒྱན་དུ་གསེར་དང་གཡུ། མྱི་སྙིང་འཕར་བ་དང་། ལུག་སྙིང་འཕར་བ་བརྗེ་རུ། ལུག་སྙིང་འཕར་བ་ནྀ་དར་ཀར་གྱི་རྒུ་ལྡོང་ནང་དུ་གསལ། གདས་མ་སུ་ལ་གདས་ན། བདུད་ཀྱི་སྤྱང་ངར་འདས། བདུད་ཀྱིས་གཟིགས་པ་ལ། གསེར་གྱི་གཏུན་བུ་རྒྱན་དུ་བཅུག་པ་དྲའ། ཡབ་བླ་བདུད་མཉེས་ནས། རྗེ་ཡབ་བླ་བདལ་དྲུག་གྱི། མྱི་སྙིང་འཕར་བ་དང་། ལུག་སྙིང་བརྗེས་དེ་ཕན་ནོ། །”31 ཞེས་པ་ལྟར་རོ། །
གོང་གི་《གནག་རབས》ལས་གསལ་བའི་གཤེན་བཞིའི་ཡ་གྱལ་གཤེན་རབ་མྱི་བོ་ཞེས་པ་དེ་དང་《མདོ་རྣམ་འགྲེལ་པར་ཏི་ཀ》ལས། “ཡང་ཡབ་བླ་བདལ་དྲུག་ཞལ་ན་རེ། གཤེན་རབ་ཡབ་ཅིག་མཁས་པ་སྟེ། དང་པོ་ལྷ་ཁམས་གང་ལས་ཆད། ལྷ་ཡི་རྟེན་མཁར་གང་ལ་བཙུགས། ལྷ་ཡི་རྒྱལ་ཐབས་ཇི་ལྟར་ཐོབ། ལྷ་རབ་མང་པོ་ཇི་ལྟར་འགྲོལ། བདག་ཅག་རྣམས་ལ་བཤད་དུ་གསོལ།” 32ཞེས་པ་དང་། ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1068,0087;33 P.T.1068,0090;34 P.T.1134,0061;35 P.T.1134,0065;36 P.T.1136,0051;37 P.T.1136,0052;38 P.T.1194,0005;39 P.T.1194,0016;40 P.T.1289,0612;41ཁག་ལས་གསལ་བའི་གཤེན་རབ་མྱི་བོ་ཞེས་པ་གཉིས་གོ་དོན་གཅིག་ཏུ་འགྱུར་ན་“ཡབ་བླ་བདལ་དྲུག་”དང་། བོན་གྱི་“སྟོན་པ་གཤེན་རབ་མི་བོ་གཉིས་དུས་ཐོག་གཅིག་ལ་བྱོན་པ་ལྟ་བུར་སྣང་། འོན་ཀྱང་《རྩ་རྒྱུད་ཉི་ཟེར་སྒྲོན་མ》 ལྟར་ན་“ཡབ་བླ་བདལ་དྲུག་”ནི་སྟོན་པ་རབས་དགུའི་42 ནང་ཚན་སྟོན་པ་འཁོར་བ་ཀུན་འདྲེན་གྱི་བསྟན་པའི་སྐབས་ཡིན་པར་མངོན་པ་མ་ཟད་ཚེ་ལོ་ཡང་བརྒྱད་ཁྲིའི་དུས་ཡིན་པ་ལྟ་བུར་བསྟན་ཡོད་པ་རེད། 43
(2)དཔེ་ཆ་གཉིས་པ་དེའི་མཚན་ལ་“མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་”ཅེས་སྨོས་ཡོད་ལ། དེ་ཡང་འཇིག་རྟེན་ཆགས་རིམ་འཕེལ་ཚུལ་སྐོར་ལས་སྲིད་པ་སྒོང་སྐྱེས་ཀྱི་ལྟ་བ་ནི་བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་པ་གོང་ཞུས་ལྟར། དེ་ལས་“མུ་ཡེ་པྲ་ཕུད་”ནི་ཡབ་བླ་བདལ་དྲུག་གི་སྤུན་མཆེད་གསུམ་པ་དེ་ཡིན་པར་གསལ་བཤད་བྱས་ཡོད། དེའི་ཁུངས་ནི་བོན་གྱི་དཔེ་རྙིང་《མཛོད་སྒྲ་འགྲེལ》ཕུད་པའི་གཞན་ཕྱག་དཔེ་སྔ་ཕྱི་ཇི་སྙེད་ལས་སྣེ་ཙམ་ཡང་བྲིས་མེད། དེ་ལས་ཀྱང་མུ་ཡེ་པྲ་ཕུད་ཀྱི་མཚན་ཙམ་མ་གཏོགས་དེའི་བུ་རབས་ཚ་རྒྱུད་སོགས་ཀྱི་སྐོར་ཅི་གང་སྨོས་མེད་སྟབས་ཕྲན་གྱིས་ཀྱང་འདི་ནས་དེའི་སྐོར་བརྗོད་ཐབས་ཀྱང་བྲལ་ལོ། །ཡང་“མུ་ཡེ་པྲ་ཕུད་”ནི་གཡང་གི་བདག་པོའམ་གཡང་གི་འགོ་ལྷ་ཞིག་ཡིན་པ་སྨོས་ཡོད་དེ་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “གཡང་གསས་ལྷ་རྣམས་སྤྲུལ་པའི་སྐུ་བཞེངས་ལ། མུ་ཡེ་པྲ་ཕུད་གཡུང་དྲུང་ལྷའི་ལྷ།”44 ཞེས་པས་ངེས་སོ། །གཞན་བོན་དཔེ་《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》ལས། “མུ་ཡེ་པྲ་ཕུད་དང་གཡང་ལྷ་དགུ་སྐོར་གཉིས་ཕྱ་ཡི་ཕུགས།”45 ཞེས་པ་གོང་གསལ་གྱི་དཔྱད་གཞི་སོགས་ལས་གསལ་བ་ལྟར་ན་“མུ་ཡེ་པྲ་ཕུད་”ནི་ཕྱ་གཡང་གི་ལྷའམ་དེའི་གྲོལ་ཕུགས་ཞིག་ཏུ་ངོས་འཛིན་གནང་ཡོད་ཀྱང་། ཕྱའི་མཐར་ཐུག་ཅིག་ལ་བཞེད་མེད། ཕྱ་ཡི་མཐར་ཐུག་ཅེས་པ་ནི་དཔེ་གཞུང་ཞིག་གི་དོན་ལྟ་བུར་སྨོས་ཡོད་དེ་《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》ལས། “སངས་པོ་ཕྱ་གཞུང་ནི་ཕྱ་ཡི་མཐར་ཐུག་གོ། །” 46ཞེས་པས་སོ། །དེ་མཚུངས་སུའང་སྐབས་བབས་ཀྱི་དཔེ་ཆ་འདི་ནི་མུ་ཡེ་པྲ་ཕུད་ཀྱི་གཡང་ཆོག་གི་གཞུང་ཞིག་ཡིན་སྟབས། དཔེའི་མཚན་ལའང་“མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་”ཅེས་སྨོས་ཡོད་དོ། །དེས་ན་དཔྱད་གཞི་ཁག་ཏུ་གསལ་བ་ལྟར་ན་“ཕྱ་ཡི་མཐར་ཐུག་”ཅེས་པ་ཕྱ་གཞུང་ངམ་གཡང་སྐྱབས་ཀྱི་གཞུང་གཙོ་གྲས་ཤིག་གི་དོན་ཅན་ལ་བརྡ་སྦྱར་འདུག་པར་སྙམ།
གཞུང་དངོས་ཀྱི་བརྗོད་དོན་སྐོར་གླེང་བ།
འདིར་གཙོ་བོར་བརྗོད་པ་དེ་ནི་དད་མོས་ཀྱི་ཆོ་གའི་ནང་གི་གཏོའི་ཡ་གྱལ་ཞིག་རེད་ལ། སྤྱིར་བོན་གྱི་གཏོ་ཆོག་ཕལ་ཆེར་གྱི་ནང་དུ་ཐོག་མར་འཇིག་རྟེན་ཆགས་ཚུལ་འཕེལ་རིམ་དག་གི་སྨྲང་དེ་གླེང་ཅི་ཐུབ་བྱེད་པ་ནི་ཆོག་གཞུང་ཀློག་པ་པོ་རྣམས་ལ་བག་ཆགས་ཟབ་མོ་བཞག་རྒྱུ་དེ་རེད། དེ་བཞིན་བླ་མ་རྣམས་ཀྱི་བརྒྱུད་རིམ་སྐོར་ཀྱང་སྔ་དར་བརྒྱུད་པ་དང་ཕྱི་དར་བརྒྱུད་པ་ཞེས་སོགས་ཀྱིས་ངེས་སོ། །གཏམ་རྒྱུད་ནང་གི་དོན་རྐྱེན་ནི་འགྲོ་བ་སྤྱིའི་གྲོལ་ཁུངས་དང་ཞང་བོད་ཀྱི་མྱེས་པོ་དང་འབྲེལ་བ་ཡོད་ཚུལ་ཇི་སྙེད་ཅིག་སྨོས་ཡོད། བོན་ལུགས་ལྟར་ན། སྒོང་སྐྱེས་ཀྱི་ལྟ་བའི་འདུ་ཤེས་བརྗོད་པ་གཅིག་མཐུན་ཡིན་ནའང་གྲོལ་ཁུངས་སམ་ཐོག་མའི་འབྱུང་གཞིའི་སྒོ་ངའི་གྲངས་ལ་གཅིག་གྱུར་ནི་མེད། ཁོ་བོས་ད་ཕན་མཐོང་ཆོས་སུ་གྱུར་པའི་སྒོང་སྐྱེས་ཀྱི་ལྟ་བ་གླེང་བའི་བོན་གྱི་དཔེ་ཆ་ཇི་སྙེད་ཅིག་ནང་ཕུགས་བཙན་ཤོས་ནི་《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས》དང་《མཛོད་སྒྲ་འགྲེལ》དང་《མཛོད་ལྷ་འགྲེལ》དག་ཡིན་པས་གོང་མ་གཉིས་དང་ཕྱི་མའི་ལྟ་བ་འཁྱེར་ཚུལ་འདྲ་བ་མི་སྣང་ལ། གོང་མ་གཉིས་ལས་ལས་ལ་དཀར་ནག་གཉིས་ཀྱིས་ངེས་པས་གཞི་སྒོ་ངའང་གཉིས་སུ་ཡོད་པ་བཞེད་པ་བཞིན་དེ་གཉིས་ཀྱི་ས་གནས་ཀྱང་སོ་སོར་ཡོད་པར་བསྟན། ལྷ་རིགས་སོགས་ཀྱི་གྲོལ་ཁུངས་ཀྱི་སྒོ་ང་དེ་ལ་འོད་སྒོང་དང་། བདུད་རིགས་སོགས་ཀྱི་གྲོལ་གཞིའི་སྒོ་ང་དེ་ལ་མུན་སྒོང་ཞེས་འབོད། དེ་གཉིས་ལ་ཕན་གནོད་ཀྱིས་སེམས་ཅན་ཞེས་བརྗོད་པའང་ཡོད། གཞུང་ཕྱི་མའི་ནང་སྒོ་ང་གཅིག་ལས་ཡེ་ངམ་གཉིས་གྲུབ་ཚུལ་གྱི་ལྟ་བ་གླེང་ཡོད་དོ། །
སྐབས་བབ་ཀྱི་དཔེ་གཞུང་གཉིས་ཀྱི་ནང་དུ་ནང་བཅུད་ཀྱི་འགྲོ་བ་གྲུབ་ཚུལ་གྱི་ལྟ་བ་གླེང་སྐབས་གཏམ་རྒྱུད་མི་འདྲ་བ་ཞིག་སྣང་། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལྟར་ན་ལོ་རྒྱུས་སྤྱི་འགྲོས་ལྟར་མ་མཐུན་པའི་གླེང་ཚུལ་ཞིག་ཡོད་པ་ནི་“སྲིད་པ་ཡབ་བླ་བདལ་དྲུག་”ནི་སྲིད་སྐོས་ཕྱ་གསུམ་གྱི་ཡབ་ཡིན་ཚུལ་འཁོད་47འདུག་པ་དེ་རེད། སྤྱི་འགྲོས་ནི་གོང་དུ་ཞུས་པ་ལྟར་རོ། །གཤམ་དུ་ཆོ་ག་དེ་སྤེལ་སྐབས་གཞུང་གི་གོ་རིམ་གྱི་རྣམ་པར་གནད་དོན་སྐོར་རོབ་ཙམ་གླེང་།
དང་པོ། ཕྱ་གཞི་འཚོལ་བའི་གཏམ་རྒྱུད་དང་ཕྱ་འགུག་པའི་ཐོག་མའི་གཏམ།
དེ་ཡང་འདི་ནས་གཞུང་གཉིས་ལས་དངོས་སུ་གསལ་བའི་གལ་གནད་ཀྱི་དུམ་ཚན་རེས་མོས་ཀྱིས་དྲངས་པ་ནི་ཀློག་པ་པོ་རྣམས་ཀྱིས་གཟིགས་པ་བདེ་བླག་གི་ཆེད་དུ་ཡིན། ད་ནས་གཞུང་དངོས་ཀྱི་བརྗོད་བྱ་ལ་གླེང་བར་བརྩོན།
《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ལས། “ཀྱཻ་གནའ་སྔ་བསྟོད་ཀྱི་དང་པོ་ལ། ཞེས་སྔ་བསྐལ་པའི་ཐོག་མ་ལ། དང་པོ་ཅི་ཡང་མ་སྲིད་པ། དེ་ལ་(ལས)ཡེ་ཡོད་ཅུང་ཙམ་སྲིད། དེ་ལ་(ལས)བག་ཙམ་བརྡུལ་(རྡུལ)ཙམ་སྲིད། དེ་ལ་(ལས)ཟིལ་ཙམ་ཕྲོམ་ཙམ་སྲིད། དེ་ལ་(ལས)རྒྱ་མཚོ་མེར་བ་སྲིད། རྒྱ་མཚོ་དེ་ལ་སྦུ་བ་ཆགས། སྦུ་བ་ལ་ནི་སྒོང་དུ་འདྲིལ། རིན་ཆེན་སྒོང་(སྒོ)ང་དགུ་རུ་སྲིད། དུང་སྒོང་གསུམ་དང་གསེར་སྒོང་གསུམ། ལྕགས་སྒོང་གསུམ་དང་དགུ་རུ་སྲིད། དུང་སྒོང་གནམ་དུ་ཡལ་བ་ལ། དེ་ལ་(ལས)ལྷ་དཀར་(གར)རྟེན་གསུམ་སྲིད། གསེར་སྒོང་བར་དུ་ཆག་པ་ལ། དེ་ལ་(ལས) མི་སྨྲ་གཤེན་གསུམ་སྲིད། ལྕགས་སྒོང་ཐུར་དུ་བབ་པ་ལ། དེ་ལ་(ལས)འདྲེ་སྲིན་བྱུར་གསུམ་སྲིད། སྲིད་པ་དེ་གསུམ་ཆགས་དུས་ལ། ཡུལ་ནི་མི་ཡུལ་ཀྱན་སྟེང་ན། མཁར་ནི་གསས་མཁར་ལྡེམ་པ་ན། ཡབ་༡སངས་པོ་འབུམ་ཁྲི་དང་། ཡུམ་༡་ཆུ་ལྕམ་རྒྱལ་མོ་ལ། (ལས) སྲས་ནི་འཕྲུལ་གྱི་མི་ཕོ་འཁྲུངས། ཡབ་ཡུམ་༼སྲས༽གསུམ་བཞུགས་པ་ལ། མི་ལ་ཕྱ་མེད་ཉུང་༡མང་། ནོར་ལ་གཡང་མེད་གོད་ཁ་(ཁས)སྡང་། ཟས་ལ་བཅུད་མེད་ཕན་སྟོབས་ཆུང་། དེར་ཡབ་ཡུམ་སྲས་གསུམ་བཀའ་གྲོས་ནས། ལྷ་བོན་ཐོད་དཀར་སྤྱན་དྲངས་སྟེ།”(ཏེ) ཞེས་དང་། “དེ་ལ་གཡུང་དྲུང་འཕྲུལ་གྱི་མི་བོ་ཡི། (ཡིས) དབུ་ལ་དར་དཀར་ཐོད་༡བཅིང་། སྐུ་ལ་དར་དཀར་འཇོལ་བེར་གསོལ། གཡས་པས་ཉི་ཟེར་འཕྲུལ་ཞགས་བསྣམས། གཡོན་པས་ཐབས་ཤེས་མདའ་གཞུ་བསྣམས། ཕྱ་རྫས་སྣ་དགུ་ཚོལ་བ་ལ། རི་རྒྱལ་ལྷུན་པོའི་ཤར་དུ་བྱོན། དུང་ཤ་དཀར་མོ་ཅིག་དང་འཕྲད། ཉི་ཟེར་འཕྲུལ་ཞགས་འཕང་བ་ཡི། (འཕངས་པ་ཡིས) དུང་ཤ་དཀར་མོ་བསྒྱིར་གྱིས་བཟུང་། ཤ་བས་མི་སྐད་ལྷང་གི་(གིས)སྨྲས། ཤ་བས་ང་མ་འཛིན་ཤ་བ་ང་ཐོང་། (ཐོངས) ང་ལྷ་ལ་བཙུག་པའི་ལྷ་རྟེན་ཡིན། མི་ཁྱེད་ཀྱི་ཤ་བ་བྱང་ན་ཡོད། ཡང་གཡུང་དྲུང་འཕྲུལ་གྱི་མི་བོ་ཡི། (ཡིས) རི་རྒྱལ་ལྷུན་པོའི་བྱང་དུ་བྱོན། ཟངས་ཤ་དམར་པོ་༡་དང་འཕྲད། ཉི་ཟེར་འཕྲུལ་ཞགས་འཕང་བ་ཡི། (འཕངས་པ་ཡིས) ཟངས་ཤ་དམར་པོ་སྒྱིར་གྱིས་བཟུང་། ཤ་བས་མི་སྐད་ལྷང་གི་(གིས)སྨྲས། ཤ་བས་ང་མ་འཛིན་ཤ་བ་ང་ཐོང་། (ཐོངས) ང་བཙན་ལ་བཙུག་པའི་བཙན་རྟེན་ཡིན། མི་ཁྱེད་ཀྱི་ཤ་བ་ནུབ་ན་ཡོད། ཡང་གཡུང་དྲུང་འཕྲུལ་གྱི་མི་བོ་དེ། རི་རྒྱལ་ལྷུན་པོའི་ནུབ་ཏུ་བྱོན། མཆོང་ཤ་སྨུག་པོ་༡་དང་འཕྲད། ཉི་ཟེར་འཕྲུལ་ཞགས་འཕང་བ་ཡི། (འཕངས་པ་ཡིས) མཆོང་ཤ་སྨུག་པོ་སྒྱིར་གྱིས་བཟུང་། ཤ་བས་མི་སྐད་ལྷང་གི་(གིས)སྨྲས། ཤ་བ་ང་མ་འཛིན་ཤ་བ་ང་ཐོང་། (ཐོངས) ང་དམུ་ལ་བཙུག་པའི་དམུ་རྟེན་ཡིན། མི་ཁྱེད་ཀྱི་ཤ་བ་ལྷོ་ན་ཡོད། ཡང་གཡུང་དྲུང་འཕྲུལ་གྱི་མི་བོ་དེ། རི་རྒྱལ་ལྷུན་པོའི་ལྷོ་རུ་བྱོན། ལྕགས་ཤ་ནག་པོ་༡དང་འཕྲད། ཉི་ཟེར་འཕྲུལ་ཞགས་འཕང་བ་ཡི། (འཕངས་པ་ཡིས)ལྕགས་ཤ་ནག་པོ་སྒྱིར་གྱིས་བཟུང་། ཤ་བས་མི་སྐད་ལྷང་གི་(གིས)སྨྲས། ཤ་བ་ང་འཛིན་ཤ་བ་ང་ཐོང་། (ཐོངས) ང་བདུད་ལ་བཙུག་པའི་བདུད་ཤ་ཡིན། མི་ཁྱེད་ཀྱི་ཤ་བ་དབུས་ན་ཡོད། ཡང་གཡུང་དྲུང་འཕྲུལ་གྱི་མི་བོ་དེ། རི་རྒྱལ་ལྷུན་པོའི་དབུས་སུ་བྱོན། རིན་པོ་ཆེའི་ཤ་བ་༡དང་འཕྲོད། (འཕྲད) ཤ་བས་(བའི)ཁོག་སྟོད་དཀར་པོ་དུང་ལ་(ལས)བྱས། སྐེད་པ་སེར་པོ་གསེར་ལ་(ལས)བྱས། ཁོག་སྨད་སྨུག་པོ་མཆོང་ལ་(ལས)བྱས། རྭ་གཉིས་དཀར་གསལ་ཤེལ་ལ་(ལས)བྱས། ལྕེ་མོ་བར་སྣང་གློག་ལ་(ལས)བྱས། སྤྱན་མིག་ཁྲག་(ཁྲ)བོ་གཟི་ལ་(ལས) བྱས། རྨིག་བཞི་ནག་པོ་ལྕགས་ལ་(ལས)བྱས། རིན་༼ཆེན༽ཤ་བ་དེ་དང་འཕྲད། ཉི་ཟེར་འཕྲུལ་ཞགས་འཕང་བ་ཡི། (འཕངས་པ་ཡིས) རིན་ཆེན་ཤ་བ་སྒྱིར་གྱིས་བཟུང་། རིན་ཆེན་ཤ་བའི་(བས)མི་སྐད་སྨྲས། ཤ་བ་ང་ཕྱ་དང་གཡང་གི་རྟེན་མ་ཡིན། ཕྱ་རྫས་སྣ་དགུ་ང་ལ་ཚང་། མི་ཁྱེད་ཀྱི་ཤ་བ་ང་ཡིན་ཟེར། འཕྲུལ་གྱི་མི་བོའི་ཞལ་ན་རེ། ང་འདོད་པའི་རྫས་དང་འཕྲད་ནས་བྱུང་། བཙལ་བའི་ནོར་རྫས་སྙེད་(རྙེད)ནས་བྱུང་། རིན་པོ་ཆེའི་ཤ་བ་དེ། ལྷ་བོན་ཐོད་དཀར་ཕྱག་ཏུ་ཕུལ།” 48ཞེས་སོ། །
གོང་གསལ་གྱི་“འཕྲུལ་གྱི་མི་བོ་”ཞེས་པ་དེ་དང་བོན་གྱི་དཔེ་རྙིང་《མཛོད་སྒྲ་འགྲེལ》ནང་དུ་སྲིད་པ་སངས་པོའི་དྲལ་པོ་བདུན་པ་ཡེ་མཁྱེན་འཕྲུལ་གྱི་རྒྱལ་གྱིས་འགྲོ་བ་ལ་རྔོ་ཐོགས་ཀྱི་མཐུ་སྟོབས་ཕན་ནུས་གཉིས་ཆ་མཚུངས་པར་གནས་པ་ཞིག་རེད། སྤྱིར་ཁོང་གིས་འགྲོ་བའི་དོན་བྱེད་པའམ་རིས་དྲུག་གི་འཚོ་བའི་གནས་བབ་ལ་གཟིགས་པའི་འོས་འགན་ཞིག་ཁུར་ཡོད་པར་བརྗོད་པ་སྟེ་《མཛོད་སྒྲ་འགྲེལ》ལས། “དེ་འགྲོ་ཡེ་མཁྱེན་འཕྲུལ་གྱི་རྒྱལ་ཞེས་པ། གནས་མཐོ་རིས་ངན་སོང་། ལས་དགེ་བ་དང་སྡིག་པའི་དོན་ཡེ་ནས་མཁྱེན་ཞིང་། རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་སྟེ། ད་ལྟ་མི་རིགས་སེམས་ལ་འཕྲུལ་བག་ཆེ་ཞིང་། སེམས་ཀྱི་སྤྱི་ཆེད་ཆེ་བ་རྣམས། སྲིད་པ་དེའི་རྒྱུད་ལས་གྲོལ་བའོ། །”ཞེས་པས་སོ། །དེ་ཕྱིར་གཏམ་རྒྱུད་འདིའི་ནང་དུ་འགྲོ་བ་མིའི་རིགས་རྣམས་ཉམས་རྒུད་དུ་གྱུར་སྐབས་གཡུང་དྲུང་འཕྲུལ་གྱི་མི་ཕོས་ཡབ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ལ་བཀའ་བགྲོས་མཛད་ནས་ཕྱ་གཞི་འཚོལ་བ་དང་ཕྱ་འགུག་པའི་གཤེན་པོ་རྣམས་གདན་དྲངས་ཚུལ་སྐོར་བསྟན། གཡང་འགུག་པའི་གཤེན་པོའམ་བོན་པོ་དེ་ལ་ལྷ་བོན་ཐོད་དཀར་ཞེས་བརྗོད། འདིའི་“ལྷ་བོན་ཐོད་དཀར་”ཞེས་པ་དེ་ནི་《མདོ་འདུས》49 དང་《མདོ་དྲི་མེད་གཟི་བརྗིད》 50སོགས་ལ་གསལ་བའི་“ལྷ་བོན་ཐོད་དཀར་”ཞེས་པ་དེ་དང་གཅིག་མཚུངས་སུ་གྱུར་པ་བཞིན་དེའི་བྱེད་ནུས་ཀྱང་གཅིག་མཚུངས་སུ་གྱུར་རོ། །གོང་དེའི་ནང་ཕྱ་གཞི་ཉམས་པའི་རྟེན་སྤྱི་བཤད་ཙམ་ལས་བྱེ་བྲག་ཅིག་སྨོས་མེད་ལ། གཤམ་དུ་གཞུང་ཚན་དུམ་བུ་གཅིག་དྲངས་པ་ནི་ཕྱ་གཡང་གི་རྟེན་གཞི་ཉམས་པའི་གཞི་བྱེ་བྲག་པ་ནི་ཕྱྭ་རྗེ་ཡབ་བླ་བདལ་དྲུག་ལ་བཞེད་ཡོད་དོ། །
《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “བསྭོ། གནའ་སྔ་སྲིད་པའི་དང་པོ་ལ། ཞེ་སྔ་བསྐལ་པའི་ཐོག་མ་ལ། ཅི་ཡང་མེད་པའི་སྟོང་པ་ལས། ཅི་ཡང་མཁྱེན་པའི་འོད་ཅིག་བྱུང་། འོད་དེ་རབ་ཏུ་རྒྱས་པ་ལས། ཡེ་ཤེས་ལྷ་ཡི་ཐུགས་རྗེ་དང་། སྤྱི་མཐུན་སེམས་ཅན་བསོད་ནམས་ལས། ཕྱི་ནང་སྣོད་བཅུད་འཇིག་རྟེན་ཆགས། ནམ་མཁའ་སྟོང་པའི་དབྱིངས་ཉིད་ལ། རླུང་མེ་ཆུ་ས་རི་མཚོ་གླིང་། གླིང་བཞི་གླིང་ཕྲན་བརྒྱད་དུ་ཆགས། འབྱུང་བ་ལྔའི་རྒྱུ་ལས་སྲིད། དེ་ལས་བཅུད་ཀྱི་སེམས་ཅན་སྲིད། ལྷ་གར་རྟེན་གསུམ་དང་། མི་སྨྲ་གཤེན་དང་གསུམ། དམུ་བདུད་བཙན་དང་གསུམ། འདྲེ་སྲིན་བྱུར་དང་གསུམ་དུ་སྲིད། མ་སྲིད་དགུ་སྲིད་ན། སྲིད་པས་སྲིད་ལ་སྐོས་པས་བསྐོས། དུས་དང་སྲིད་པ་དེ་ཙམ་ན། ཡུལ་ནི་ཕྱྭ་ཡུལ་སྣང་ལྡན་ན། མཁར་ནི་རིན་ཆེན་མཛེས་པ་ན། ཡེ་སྲིད་ཕྱྭ་ཡི་རྒྱལ་པོ་ཡིས། སྲིད་པའི་ཕྱ་གསས་ཀུན་བསྡུས་ནས། ཕྱྭ་ཆེ་ཡབ་ལྷ་བདལ་དྲུག་ལ། གཡུང་དྲུང་ཕྱའི་གཞི་མེད་ནས། འདི་ལ་ཉེས་སྐྱོན་ཅི་ལྟར་འཆིས། སྲིད་པ་སངས་པོས་ལུང་སྩོལ་ཅིག དེ་སྐད་ཙམ་ཞིག་ཞུས་པ་དང་། སྲིད་པ་སངས་པོས་བཀའ་སྩལ་བ། སྲིད་པའི་ཕྱ་གསས་ཀུན་གསོན་དང་། སྲིད་པ་ཡབ་ལྷ་བདལ་དྲུག་ནི། སྲིད་སྐོས་ཕྱ་དང་གསུམ་གྱི་ཡབ། སྲིད་པ་ཡབ་ལྷ་དེ་ལགས་ན། དེ་ལ་ཕྱ་གཞི་མེད་པ་དེ། ངམ་འདྲེ་ནག་པོའི་ཆོ་འཕྲུལ་གྱིས། སྲིད་པའི་ལྷ་ལྔ་གནམ་དུ་འཕངས། ལྷ་འཕངས་ཤུལ་དུ་བདུད་ཞུགས་པས། བཀྲག་དང་གཟི་མདངས་གཉིས་སུ་ཉམས། མི་ལ་ཕྱ་མེད་ན་ཚ་མང་། ནོར་ལ་གཡང་མེད་གོད་ཁ་སྡང་། ཟས་ལ་བཅུད་མེད་བུད་འཐོར་མང་། དེ་ནི་ཕྱ་གཞི་མེད་པའི་སྐྱོན་ལགས་པས། དང་པོ་གཡུང་དྲུང་ཕྱ་ལ་གཞི་ཞིག་འཚལ། གཡང་གསས་རྣམས་ལ་རྟེན་ཅིག་འཚལ། དེ་ལ་ཕྱ་གཞི་ཚོལ་བ་སུས་ནུས་གསུངས། ཕ་དེ་འོད་དེ་གུང་རྒྱལ་ལགས། མ་ནི་ཕྱྭ་ལྕམ་ལོ་མའི་སྲས། བུ་ནི་ལྷ་སྲས་སྒམ་པོ་ཡིན། ལྷ་སྲས་སྒམ་པོའི་ཞལ་ན་རེ། ཕྱ་གཞི་ཚོལ་དུ་བདག་འགྲོ་གསུངས། རིག་པ་སེམས་ཀྱི་མི་ཕོ་དེས། ཅང་ཤེས་ཡིད་ཀྱི་རྟ་ལ་ཞོན། ཐབས་ཀྱི་ཞགས་པ་ལག་ཏུ་ཐོགས། ཤེས་རབ་མཚོན་ཆའི་རལ་གྲི་བཏགས། རི་རབ་ལྷུན་པོའི་རྩེ་ལ་བྱོན། སུམ་ཅུ་རྩ་གསུམ་མཁར་ནང་དུ། གནམ་ཕྱི་གུང་རྒྱལ་དྲུང་དུ་ཕྱིན། སྲིད་པ་ལྷའི་བོན་པོ་ལ། གཡུང་དྲུང་ཕྱའི་གཞི་མེད་བས། (པས) ཕྱ་གཞི་ཚོལ་དུ་བཏང་པ་ལགས། སྲིད་པའི་ལྷ་མོས་ལུང་སྩོལ་ཞིག(ཅིག) དེ་སྐད་ཙམ་ཞིག་ཞུས་པ་དང་། གནམ་ཕྱི་གུང་རྒྱལ་ཞལ་ན་རེ། རི་རབ་འདིའི་བྱང་ཕྱོགས་ན། གཡུ་མཚོ་མེར་བའི་དཀྱིལ་ཤེད་ན། གཡུང་དྲུང་བྲག་གུ་ཟུར་བཞི་ཡོད། གཡུང་དྲུང་བྲག་གུའི་སྟེང་ཤེད་ན། ཕ་ནི་གནམ་ཤ་རུ་རིང་ཡིན། མ་ནི་དམུ་ཤ་ཡུ་མོ་ཡིན། ཡབ་ཡུམ་དེ་གཉིས་སྤྲུལ་པའི་སྲས། དུང་ཤ་ཤེལ་རུ་ཅན་ཅིག་(ཞིག)ཡོད། གཡུང་དྲུང་ཕྱ་གཞི་དེ་ལ་གྱིས། དེ་སྐད་ངེས་པའི་ལུང་བསྟན་ནས། གཡུང་དྲུང་ཕྱྭ་སྲས་སྒམ་པོ་དེ། ཅང་ཤེས་ཡིད་ཀྱི་རྟ་ལ་ཞོན། གཡུང་དྲུང་བྲག་གུའི་སྟེང་དུ་ཕྱིན། དུང་ཤ་ཤེལ་རུ་ཅིག་(ཞིག)དང་མཇལ། ལྷ་སྲས་སྒམ་པོས་འདི་སྐད་ཞུས། དུང་ཤ་ཤེལ་གྱི་རྭ་ཅོ་ཅན། མཚོ་བྲག་ཤ་བ་ཅི་ལྟར་དགྱེས། ཕ་ནི་སུ་ལ་མ་ནི་གང་། ཁྱེད་རང་ཅང་ཤེས་གང་གི་རིགས། ཤ་བས་བདག་ལ་བཤད་དུ་གསོལ། དེ་སྐད་ཙམ་ཞིག་ཞུས་པ་དང་། ཤ་བས་མི་སྐད་ལྷངས་ཀྱིས་སྨྲས། ཕ་ནི་གནམ་ཤ་རུ་རིང་ཡིན། གནམ་ཤ་རུ་རིང་བྱ་བ་དེ། གནམ་ལྷ་དཀར་པོའི་སྤྲུལ་པ་ཡིན། མ་ནི་དམུ་ཤ་ཡུ་མོ་ཡིན། དམུ་ཤ་ཡུ་མོ་བྱ་བ་དེ། དམུ་བཙུན་རྒྱལ་མོའི་སྤྲུལ་བ་ཡིན། ང་རང་དུང་ཤ་ཤེལ་རུ་ཡིན། ལྷ་མཚོ་དམུ་བྲག་བླ་རི་བླ་མཚོ་ལགས། རིག་པ་སེམས་ཀྱི་མི་ཕོ་ཁྱེད། ཅང་ཤེས་ཡིད་ཀྱི་རྟ་ལ་ཞོན། གར་འགྲོ་གར་གནས་སུ་ལ་དོན། དེ་སྐད་ཤ་བས་ཞུས་པ་དང་། ཕྱྭ་སྲས་སྒམ་པོའི་ཞལ་ན་རེ། དུང་ཤ་ཤེལ་རུ་ཚུར་གསོན་དང་། ཡུལ་ནི་ཕྱྭ་ཡུལ་སྟེང་འབྲང་ན། ཕྱྭ་རྗེ་ཡབ་ལྷ་བདག་དྲུག་ལ། ཕྱ་དང་གཡང་གི་གཞི་མེད་པས། གནམ་ཕྱི་གུང་རྒྱལ་ལུང་བསྟན་ནས། བདག་ནི་ཕྱ་གཞི་ཚོལ་དུ་བཏང་པ་ལགས། ཡ་མཚན་སྤྲུལ་པའི་ཤ་བ་ཁྱེད། ཕྱ་དང་གཡང་ལ་ད་གཤེགས་འཚལ། དེ་སྐད་ཙམ་ཞིག་ཞུས་པ་དང་། ཤ་བ་དེ་ཡི་ཞལ་ན་རེ། ཕྱྭ་སྲས་སྒམ་པོ་ཚུར་གསོན་དང་། དགུང་ལ་ཉི་ཟླ་གནས་པ་དེ། ཉི་ཟླ་དགུང་དང་བྲལ་པས་ན། སེམས་ཅན་མུན་པས་གཡོག་པར་འཆིས། ཉ་སྲམ་མཚོ་ལ་གནས་པ་དེ། མཚོ་དང་བྲལ་ན་དེ་ཡིས་འཆི། བྲག་ལ་ཤ་བ་གནས་པ་དེ། ཤ་བ་བྲག་དང་བྲལ་ན་འཆི། རིག་པ་སེམས་ཀྱི་མི་ཕོ་ཁྱེད། བདག་ལ་དེ་སྐད་མ་གསུང་ཞིག དེ་སྐད་ཤ་བས་ཞུས་པ་དང་། ཕྱྭ་སྲས་སྒམ་པོས་ཡང་གསུངས་པ། དུང་ཤ་དཀར་མོ་ཚུར་གསོན་དང་། ཡོན་ཏན་ཀུན་འཚོགས་ཤ་བ་ཁྱེད། མགོ་ལ་ཤེལ་གྱི་རྭ་ཅོ་ལ། རྩེ་མོ་ལྔ་རུ་གྱེས་པ་ནི། གསས་རྗེ་རིགས་ལྔ་གནས་པའི་དོན། སྤྱི་གཙུག་ནོར་བུ་འཁྱིལ་པ་ནི། མུ་ཡེ་པྲ་ཕུད་གནས་པའི་དོན། ཟེ་སོགས་ལྷའི་མདུན་ས་ལ། ནོར་ལྷ་མཆེད་ལྔ་གནས་པའི་དོན། ཤ་བས་མི་སྐད་སྨྲ་བ་ནི། ལྷ་མི་འཕྲིན་པ་བྱེད་པའི་དོན། སྐུ་མདོག་དཀར་པོ་དུང་ལས་གསལ། བག་ཆགས་སྒྲིབ་པ་བྱང་པའི་དོན། རྨིག་བཞི་ནག་པོ་ལྕགས་ལ་(ལས)བྱས། བདུད་ཀྱི་ཆུ་བཞི་སྐེམ་པའི་དོན། ཟས་སུ་སྨན་གྱི་ལོ་འདབ་ཟ། འདུ་བའི་ནད་ལས་གྲོལ་བས་དོན། དེ་ལྟར་ཡོན་ཏན་ཀུན་ཚང་པས། མིའི་ཕྱ་ལ་དེ་(ད)གཤེགས་འཚལ། དེ་སྐད་ཙམ་ཞིག་གསུངས་པ་དང་། ཤ་བ་དེ་ཡིས་ཡང་ཞུས་པ། ལྷ་སྲས་སྒམ་པོ་ཚུར་གསོན་དང་། དུང་ཤ་དཀར་མོ་བདག་ཉིད་ནི། དུག་ལྔ་རྩད་ནས་མ་ཆོད་པས། མགོ་ལ་ཤེལ་གྱི་རྭ་ཅོ་རྒྱས། སྨྲ་བསམ་རང་དབང་མ་ཐོབ་པས། ཤ་བས་མི་ཚིག་འཁྲུལ་པ་སྨྲ། ལུས་ཀྱི་སྒྲིབ་པ་མ་བྱང་བས། རྒྱུ་མ་སྨིན་སྒྲིབ་ཤ་བའི་ལུས། འདུ་བའི་ནད་ལས་༼མ༽གྲོལ་བས། ཟས་སུ་སྨིན་གྱི་ལོ་འདབ་བཟའ། དེ་ལྟར་སྤྲུལ་བའི་ཤ་བ་ང་། མིའི་ཡུལ་དུ་མ་ཁྲིད་ཅིག གསུངས་ནས་ཤ་བ་འབྲོས་གྲབས་བྱས། ལྷ་སྲས་སྒམ་པོའི་རྫུ་འཕྲུལ་གྱིས། ཐབས་ཀྱི་ཞགས་པ་ཕར་རྒྱབ་ཏེ། ཤ་བ་དེའི་མགུལ་ནས་བཟུང་། ཞེས་དང་། ལྷ་སྲས་སྒམ་པོ་ཤ་བ་གཉིས། ཕྱྭ་ཡུལ་སྣང་ལྡན་གཡུ་རྩེ་བྱོན། ཕྱྭ་མཁར་གསང་བ་རྩེ་དགུ་ན། སྲིད་པ་ཡབ་ལྷ་བདལ་དྲུག་ལ། ཕྱྭ་སྲས་སྒམ་པོས་འདི་སྐད་ཞུས། གནམ་ཤ་དམུ་ཤ་གཉིས་ཀྱི་སྲས། དུང་ཤ་ཤེལ་གྱི་རྭ་ཅོ་ཅན། གཡུང་དྲུང་ཕྱ་ཡི་གཞི་རུ་འབུལ། མི་ཕྱ་ཕྱུགས་གཡང་ལེན་པར་མཛོད། བཀྲག་དང་གཟི་མདངས་ཐེབ་པར་མཛོད། དེ་སྐད་ཙམ་ཞིག་ཞུས་པ་དང་། སྲིད་པ་ཡབ་ལྷ་ཐུགས་དགྱེས་ནས། གཡུང་དྲུང་དུང་ཤ་དཀར་པོ་ལ། མགོ་ལ་དར་དང་ཟབ་གྱིས་(ཀྱིས)བརྒྱན། མགུལ་དུ་གསེར་དང་གཡུ་ཡིས་བརྒྱན། ལུས་ལ་མཚལ་དང་རམ་གྱིས་བརྒྱན། ཟས་སུ་འབྲས་ཀྱི་ལོ་ཏོག་སྦྱིན། སྐོམ་དུ་བུ་རམ་ཉིང་ཁུ་སྦྱིན། དབང་གི་ར་བ་དགུང་དུ་བཞག ཞག་གསུམ་ཕྱ་རུ་སྨོན་ལམ་བཏབ། ཞག་གསུམ་མི་ཕྱ་ཕྱུགས་གཡང་བཀུག ཞག་གསུམ་བཀྲག་དང་གཟི་མདངས་བསྡུས། ཞག་དགུ་ལོན་གྱི་ཕ་རོལ་དུ། ཡབ་ལྷ་བདལ་དྲུག་རྫུ་འཕྲུལ་དང་། གཡུང་དྲུང་ཤ་བའི་སྤྲུལ་བ་ལས། གཡུང་དྲུང་ཕྱ་ཡི་མཁར་བཞི་དང་། ཕྱ་རྫས་གཡང་རྫས་སྣ་ཚོགས་སྲིད།” 51ཅེས་གསུངས།
གོང་དུ་སྨོས་པའི་གཡང་ཆོག་གི་གཞུང་གཉིས་ལས་ཕྱ་གཞི་འཚོལ་བའི་གཏམ་རྒྱུད་ཀྱི་བརྗོད་དོན་ལས་ཕྱ་གཡང་ཉམས་པའི་རྟེན་གཞི་ནི་འདྲ་མིན་ཞིག་འདུག་ཀྱང་གཡང་གཞིའམ་གཡང་རྟེན་འཚོལ་བའི་གཏམ་རྒྱུད་ཀྱི་རྣམ་བཤད་ནི་གཅིག་གྱུར་དུ་སྣང་། གཏམ་རྒྱུད་འདི་བརྗོད་སྐབས་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི། གཡང་རྟེན་རི་དྭགས་ཤྭ་བ་དེ་ཉིད་ཀྱིས་མི་སྐད་སྨྲས་ནས་བགྲོ་གླེང་བྱས་ཚུལ་སྐོར་ཞིག་འཁོད་འདུག་ལ། ཁོ་བོས་གཞིགས་ན། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》གི་ནང་དུ་ཕྱྭ་རྗེ་ཡབ་བླ་བདལ་དྲུག་ལ་ངམ་འདྲེ་ནག་པོས་བདུད་དུ་བབས་ནས་ལྷ་ཡི་རྗེ་བོའི་ཕྱ་གཡང་ཉམས་ནས་ཕྱིས་སུ་གནམ་ཕྱི་གུང་རྒྱལ་ལ་ལུང་བསྟན་ཞུས་ཏེ། གཡང་གཞི་སོགས་དགོས་པའི་བཀའ་ནན་བསྩལ་ཅིང་དེ་ནས་ཕྱ་གཞི་འཚོལ་བའི་གཏམ་རྒྱུད་སྨོས་སྐབས། རྟེན་དུང་ཤྭ་དཀར་མོ་བྱས་ནས་ཕྱ་གཡང་འགུག་པའི་ཐབས་ལམ་བརྒྱུད་རིམ་ལ་གཞིགས་ན་གོང་གི་གཞུང་དེ་སྲིད་པའི་ལྷ་རྣམས་ལ་གཡང་འགུགས་པའི་ཆོག་གཞུང་ཞིག་ཡིན་པ་དང་། གཞན་《སྲིད་པ་ཡབ་བླ་དྲུག་གི་ཕྱྭ་གཞུང་ཆེན་མོ》ནི་གཡང་གཞི་འཚོལ་སྐབས་སུ་རྟེན་རིན་ཆེན་ཤྭ་བར་བྱས་ནས་གཡང་འགུགས་ཚུལ་བརྗོད་པར་གཞིགས་ན། སྲིད་པའི་མི་རྣམས་ལ་ཕྱ་གཡང་འགུགས་པའི་ཆོག་གཞུང་ཞིག་ཡིན་པར་རྟེན་གྱི་སྐོར་ནས་ངེས་ཤེས་གསལ་པོ་ཞིག་རྙེད། སྤྱིར་འགྲོ་བ་སོ་སོའི་གཡང་རྟེན་ཀྱང་དམིགས་བསལ་ཞིག་ཡོད་ཚུལ་གོང་གི་ལུང་ཚན་དང་པོའི་ནང་དུ་རྒྱས་བཤད་བྱས་ཡོད་པ་དེ་ལྟར་རོ། །
གཉིས་པ། ཕྱའི་རྟེན་ཤྭ་བ་བཙུགས་པའི་གཏམ་རྒྱུད་དང་འབྲེལ་ཤྭ་བའི་རིག་གནས་སྐོར་གླེང་བ།
གནའ་བོའི་བོན་གྱི་རིག་གནས་ཁྲོད་དུ་ཤྭ་བས་ཐོབ་ཐང་གི་ས་དམིགས་ཀྱང་གལ་གནད་ཆེན་པོ་ཞིག་བཟུང་ཡོད། དེའི་བྱེད་ནུས་ནི་འགྲོ་བ་ཡོངས་ཀྱི་རྟེན་དུ་གྱུར་པས་ཤྭ་བ་ཉིད་མེད་དུ་མི་རུང་བ་ཞིག་བརྗོད། དེ་བཞིན་བརྟེན་པ་སོ་སོའི་རྟེན་ལ་ཁྱད་ཆོས་འདྲ་མིན་མཆིས་པས་མིང་ཡང་རྣམ་པ་མི་འདྲ་བ་སྣང་། དཔེར་ན། ལྷ་རྣམས་ཀྱིས་བཙུགས་པའི་ལྷ་རྟེན་ལ་‘དུང་ཤྭ་དཀར་མོ། ’ བཙན་རྣམས་ཀྱིས་བཙུགས་པའི་བཙན་རྟེན་ལ་‘ཟངས་ཤྭ་དམར་པོ། ’ དམུ་རྣམས་ཀྱིས་བཙུགས་པའི་དམུ་རྟེན་ལ་‘མཆོང་ཤྭ་སྨུག་པོ། ’བདུད་རྣམས་ཀྱིས་བཙུགས་པའི་བདུད་རྟེན་ལ་‘ལྕགས་ཤྭ་ནག་པོ།’ མི་རྣམས་ཀྱིས་བཙུགས་པའི་མིའི་གཡང་རྟེན་ལ་‘རིན་ཆེན་ཤྭ་བ་’སོགས་ཀྱིས་བརྟེན་བྱས་ཚུལ་གྱི་གཏམ་རྒྱུད་དང་བཅས་གཤམ་དུ་བཤད་རྒྱུ་ཡིན། ཤྭ་བའི་གཏོ་སྒོ་གྱེས་ཚུལ་ལ་མང་ཙམ་མཆིས་ཀྱང་། བསྡུས་ན་དགུ་ལ་འདུས་པར་བཤད་དེ་《མུ་ཆོའི་ཐེག་དགུའི་རྒྱུད》ལས། “རྩ་བ་ནི་གླུད་ཁོག་སྟེ་གསར་རྙིང་གཉིས་སུ་ཡོད་དོ། །ཡན་ལག་ནི་གཏོ་སྒོ་ཆེན་པོ་བཞི་གོང་ཁལ་དང་ལྔའོ། །དེ་ལ་གཏོ་སྒོ་བཞི་ནི། རི་དྭགས་ཤ་བའི་བོན་སྐོར་གཏོ་གཅིག སྲིད་པ་གཏོ་དགུའི་བོན་སྐོར་གཏོ་གཅིག ས་བདག་གཉན་གྱི་སྡུས་སྐོར་གཏོ་གཅིག རྒྱལ་པོ་གྲ་ཡི་བོན་སྐོར་གཏོ་གཅིག་གོ། དེ་ལ་ཤ་བ་ལ་མང་ཡང་དགུ་རུ་འདུས་ཏེ། མིའུ་རིན་ཆེན་གླུད་ཀྱིས་བླུ་བའི་ཤ་བ་དང་། བདུད་ཁ་འབངས་སུ་བསྒྱུར་བའི་ཤ་བ་དང་། ལྷའི་དལ་ཁ་བསྒྱུར་བའི་ཤ་བ་དང་། བགེགས་ཀྱི་བྱོལ་ཁ་བསྒྱུར་བའི་ཤ་བ་དང་། སྡོམ་{སྡང་}སེམས་བྱད་ཁ་བཟློག་པའི་ཤ་བ་དང་། སླུངས་བུབ་{ཀླུང་བུས་}ཁྲམ་ཁ་སྒྱུར་བའི་ཤ་བ་དང་། སླུངས་རྡིབས་{རླུང་རྟའི་} ཕུང་སྲི་གནོན་པའི་ཤ་བ་དང་། ལྟས་ངན་དགྲ་ཐན་བཟློག་པའི་ཤ་བ་དང་། ཀླུ་གཉན་ས་བདག་བཅོས་པའི་ཤ་བ་དང་དགུའོ། །” 52ཞེས་པས་སོ། །གཏོ་སྒོ་འདིའི་ལམ་ལུགས་སྤེལ་སྲོལ་ཀྱང་སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་དུས་ཀྱི་53རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་54 ཀྱིས་སྤེལ་བྱའི་ཆོ་ག་གྲལ་དུ་ཡོད་པ་ལྡིང་ཤེས་ཤྭ་བའི་བོན་སྐོར་ཞེས་པ་དེས་ངེས་སོ། །དེའི་ཆོ་ག་སྤེལ་མཁན་ལ་“ལྡིང་ཤེས་ཤྭ་བ་”ཞེས་པས་ཤྭ་བའི་བོན་སྒོ་སྤེལ་མཁན་གྱི་གཤེན་པོ་ཞིག་བྱུང་བར་མངོན་ནོ། །
དེ་ཙམ་མ་ཟད་བླ་བསླུའི་ཆོ་ག་སྤེལ་སྐབས་སུ་“ཤྭ་བ་”ཉིད་བླ་འགུགས་སའི་རྟེན་མེད་ན་མི་རུང་བ་ཞིག་བརྗོད་ཡོད་ལ། སྤྱིར་བཏང་མི་ཞིག་གི་བླ་བོར་བརླག་ཏུ་སོང་སྐབས་ཚུར་བླ་འགུགས་པའི་སྐབས་སུ་བརྟེན་པ་གང་གི་རུས་ཆེན་སོ་སོ་ལ་རྟེན་བླ་རྟགས་འདྲ་མིན་ཡོད་55ཀྱང་། མི་དེའི་རུས་ངོས་བཟུང་མ་རྙེད་པ་དང་རུས་བརྩི་སྲོལ་མེད་པ་56རྣམས་ཀྱི་བླ་རྟགས་ནི་མར་གྱིས་བཟོས་པའི་མི་གཟུགས་ལ་ཤྭ་བའི་མགོ་ཅན་ཞིག་བཅའ་དགོས་ཚུལ་འགྲེལ་བརྗོད་བྱས་ཡོད་དེ་《བླ་བསླུ་ཚེ་འགུག་སྲོག་གི་ཆད་མཐུད》ལས། “དཀྱིལ་འཁོར་གྱི་མདུན་དུ་ཕོར་ཆུང་གཙང་མའི་ནང་དུ་བླ་གཟུགས་མར་གྱི་མི་གཟུགས་ལ་རུས་ཀྱི་བླ་རྟགས་གང་ཡིན་གྱི་མགོ་ཅན། ལག་ན་བླ་གཡུ་ལ་ཕོ་ལ་རྣྲི་༼རྣི་༽57 དཀར་པོ་དང་མོ་ལ་རྣྲི་༼རྣི་༽དམར་པོ་བྲིས་ལ་བཟུང་བ་བཅའ་འོ། །བླ་རྟགས་ངོས་མ་ཟིན་ན་མར་གྱི་ཤ་བའི་མགོ་ཅན་ཞིག་བཅའ་དགོས་ཏེ། ནག་རྩིས་ལས་རུས་མེད་པ་རྣམས་ལ་གདོང་ལ་སྨོས་ཞེས་གསུངས་པའི་ཕྱིར་རོ། །”58 ཞེས་པས་བླ་བསླུའི་ཆོ་ག་སྤེལ་བའི་སྐབས་ནས་ངེས་ཤེས་རྙེད།
གཞན་མཐོང་ཆོས་སུ་གྱུར་པ་ནི་ད་ཆར་དགོན་སྡེ་ཁག་ཏུ་འཆམ་གྱི་ནང་དུ་“ཤྭ་འཆམ་”ཞེས་པ་ཞིག་འཁྲབ་ཀྱིན་ཡོད། སྤྱིར་“ཤྭ་འཆམ་”ནི་མིའི་གཟུགས་ཅན་ལ་ཤྭ་བའི་གདོང་ཅན་གྱི་འཆམ་ཞིག་རེད། དེ་ནི་བོན་གྱི་དགོན་སྡེ་ཁག་འགར་བརྗོད་སྲོལ་ལྟར་ན། བཙན་གྱི་རྟེན་དུ་ཤྭ་བ་དང་། པོམ་རའི་རྟེན་དུ་སེང་གེ་དག་བརྗོད་པ་མང་དུ་མཆིས། ཤྭ་འཆམ་འཁྲབ་སྐབས་བཙན་གྱི་སྐོང་གསོལ་འདོན་པའི་ལམ་ལུགས་ཡོད་པ་མ་མཐོང་ཀྱང་། སེང་འཆམ་མ་འཁྲབ་པའི་གོང་དུ་རྨ་རྒྱལ་པོམ་རའི་སྐུ་བསྟོད་ཐུང་བ་ཚར་གཉིས་ཙམ་བཏོན་རྗེས་གཞི་ནས་སེང་འཆམ་འགོ་བརྩམ་དགོས་པའི་ལུགས་སྲོལ་ཡང་འདུག དེ་ནི་རྨ་རྒྱལ་པོམ་རའི་ཆིབས་པ་སེང་གེ་དཀར་མོ་ཞིག་ཡིན་སྟབས་ཆིབས་བདག་དེ་གདན་འདྲེན་པའི་རྣམ་པ་ཞིག་ཡིན་པར་རྟོགས་ནུས་པས་ཤྭ་འཆམ་འཁྲབ་པ་ཡང་དེ་བཞིན་ཡིན་ནམ་སྙམ། མ་ཟད་བོད་ཀྱི་ཡུལ་ལུང་འགའ་ཤས་ལ་ཤྭ་བ་དང་། རི་དྭགས་གཉན། ལུག་སོགས་ཀྱི་མགོ་ལྤགས་ཀྱི་ནང་དུ་རྩྭ་རིགས་སོགས་བརྫངས་ཏེ་ལྷ་སྲུང་གི་རྟེན་ཚབ་ལྟ་བུར་བརྩིས་ནས་སྒྲུབ་ཁང་ནང་དང་། ཁང་པའི་ཡང་ཐོག་གམ་ཡང་ན་སྒོ་སྟེང་སོགས་ལ་འཇོག་སྲོལ་ད་ལྟ་ལའང་མ་ཉམས་པར་གནའ་བོའི་ཡུལ་སྲོལ་གོམས་གཤིས་ལག་ལེན་བྱེད་བཞིན་གནས་ཡོད།
གནའ་བོའི་བོན་གྱི་གཡང་འགུགས་ཀྱི་རིག་གནས་ཁྲོད་དུ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་ཤྭ་བའི་སྐོར་གྱི་གཏམ་རྒྱུད་མང་ཙམ་གླེང་གི་ཡོད། ཤྭ་བ་དེའི་ལུས་ཀྱི་གྲུབ་ཆའི་ཕྱི་ནང་གི་ཆ་ཤས་ཁག་ལས་གཡང་རྫས་སམ་གཡང་རྟེན་སྣ་ཚོགས་བྱུང་ཚུལ་ནི་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》དང་《ཡབ་བླ་བདལ་དྲུག་གི་ཕྱ་གཞུང》ཞེས་པའི་གཞུང་གཉིས་ལས་རྒྱས་པར་གསལ་བཤད་བྱས་པས་གཤམ་དུ་གསལ། ཡང་《མཛོད་སྒྲ་འགྲེལ》ལས། “ཡ་ཤྭ་ཕྱུག་མོ་ཞེས་པ། ཡར་གྱི་ལྷ་སྒོ་ན་ཅང་ཤེས་ཤྭ་བ་བཅིབས། རི་དྭགས་ལྒོ་རྩོས་(དགོ་གཙོས་)སྐྱོང་། ཕྱུག་གི་གཡང་ར་སྐྱེད། ད་ལྟ་ཟ་མ་ཡང་ཡར་གྱི་ལྷ་སྒོ་ན་གཙང་ཞིང་ཡ་རབས་སྤྱི་བོར་ཁུར། ཁྲག་ཆགས་ཀྱི་ནོར་ལ་བརྩི་བར་སྲིད་པ་དེའི་རྒྱུད་ལས་གྲོལ་བ་ཡིན།” 59ཞེས་པས་མཚོན། གཞུང་ཇི་སྙེད་ཅིག་ལས་ཤྭ་བའི་སྐོར་སྨོས་ཤིང་དེའང་གཡང་དང་འབྲེལ་ནས་གླེང་བ་ཤ་སྟག་གོ །
《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “ཕྱ་གསས་དབྱིངས་ནས་བསྐུལ་བའི་དོན། ཕྱ་གསས་ཐུགས་ཀྱི་འོད་ཟེར་ལས། ཤ་བ་དེ་ཡི་ལྤགས་(པགས)པ་ལས། དུང་ཕྱིང་དཀར་པོའི་རྒྱུ་རུ་སྲིད། དང་པོ་རྒྱུ་ཆ་དེ་ལ་(ལས)བྱས། བར་དུ་ཕྱ་ཡི་རྟེན་དུ་བཙུགས། དེ་རིང་ཕྱ་དང་གཡང་གི་དོན། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་ཐུགས་ལས་ནི། ཕྱ་མཁར་གསང་བ་དགུ་ལྡན་སྲིད། དང་པོ་རྒྱུ་ཆ་དེ་ལ་བྱ། (ལས་བྱས) བར་དུ་གཡང་གསས་རྟེན་དུ་བཙུགས། དེ་རིང་ཕྱ་དང་གཡང་གི་དོན། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་སྲོག་རྩ་ལས། ཡེ་སྲིད་ཕྱའི་མདའ་དར་སྲིད། དང་པོ་རྒྱུ་ཆ་དེ་ལ་བྱ། (ལས་བྱས) བར་དུ་ཕྱ་གསས་རྟེན་དུ་བཙུགས། དེ་རིང་ཕྱ་དང་གཡང་གི་དོན། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེ་ཡི་མཆིན་པ་ལས། ཡེ་སྲིད་བུ་རམ་ཐིགས་པ་སྲིད། དང་པོ་རྒྱུ་ཆ་དེ་ལ་བྱ། (ལས་བྱས) བར་དུ་ཕྱ་གསས་རྟེན་དུ་བཙུགས། དེ་རིང་ཕྱ་དང་གཡང་གི་དོན། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་མཁལ་མ་ལས། ཡེ་སྲིད་ཕྱ་ཡི་བླ་མཚོ་སྲིད། ཤ་བ་དེའི་གློ་བ་ལས། བླ་རི་རི་རྒྱལ་ལྷུན་པོ་སྲིད། ཤ་བ་དེའི་ཚིག་(ཚིལ)ལུ་ལས། ཡེ་སྲིད་ཕྱ་མར་གཡང་མར་སྲིད། དང་པོ་རྒྱུ་ཆ་དེ་ལ་བྱས། (ལས་བྱས) དོ་ནུབ་ཕྱ་ཡི་རྟེན་དུ་འཛུགས། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་གྲོད་པ་ལས། ཕྱ་གུར་གཡང་གུར་བྱ་བ་སྲིད། ཤ་བ་དེའི་ཕོ་བ་ལས། ཕྱ་རྒྱེ་(སྒྱེའུ)གཡག་རྒྱེ་(སྒྱེའུ)བྱ་བ་སྲིད། དོ་ནུབ་ཕྱ་ཡི་རྟེན་དུ་འཛུགས། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་ཀླད་པ་ལས། ཕྱ་ཞོ་གཡང་ཞོ་བྱ་བ་སྲིད། ཤ་བ་དེའི་རིལ་མ་ལས། ཕྱ་ནས་གཡང་ནས་བྱ་བ་སྲིད། ཤ་བ་དེའི་ཁོང་ཁྲག་ལས། ཕྱ་ཆང་བདུད་རྩི་རྒྱ་མཚོ་སྲིད། ཤ་བ་དེའི་ཞག་ཁུ་ལས། གཡང་ཞག་མགོ་དགུ་བྱ་བ་སྲིད། དོ་ནུབ་ཕྱ་ཡི་རྟེན་དུ་འཛུགས། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་རྒྱུ་མ་ལས། ཕྱ་ཐག་གཡང་ཐག་བྱ་བ་སྲིད། ཤ་བ་དེའི་མཆིན་འཁྲིས་ལས། ཕྱ་ཡོལ་གཡང་ཡོལ་བྱ་བ་སྲིད། ཤ་བ་དེའི་རྫི་ཤ་ལས། ཡེ་སྲིད་གཡང་གི་ཁུག་མ་སྲིད། ཤ་བ་དེའི་ནས་མཐོང་ལས། གཡང་སྲབ་སིལ་མ་བྱ་བ་སྲིད། དོ་ནུབ་ཕྱ་ཡི་རྟེན་དུ་འཛུགས། དེ་ཡང་མ་འཕང་ཁུ་ཡེ་གསུངས། ཤ་བ་དེའི་ལག་པ་ལས། ཕྱ་ཤ་ལག་པ་བྱ་བ་སྲིད། ཤ་བ་དེའི་སུག་བཞི་ལས། གཡུང་དྲུང་ཕྱ་ཡི་མཁར་བཞི་སྲིད། ཤ་བ་དེའི་སྤུ་གསུམ་ལས། དབལ་གྱི་དོན་པོ་རྣམ་གསུམ་སྲིད། དང་པོ་རྒྱུ་ཆ་དེ་ལ་(ལས)བྱས། བར་དུ་ཕྱའི་རྟེན་དུ་བཙུགས། དོ་ནུབ་ཕྱ་སྒྲུབ་གཡང་དུ་སྒྲུབ། དེ་ཡང་མ་འཕང་རྟེན་ལ་བཞུགས།” 60ཞེས་པས་སོ། །
《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ལས། “རིན་ཆེན་ཤ་བའི་མགོ་བོ་ལ། (ལས) ཕྱ་མཁར་གསང་བའི་སྒོ་བཞི་སྲིད། ཤ་བ་དེའི་སུག་བཞི་ལ། (ལས) ཕྱ་མཁར་གསང་བའི་ལྕོག་༤སྲིད། ཤ་བ་དེའི་རྭ་གཡས་ལ། (ལས) སྟེང་གི་ཕྱྭ་མདུང་གཟང་རིང་སྲིད། ཤ་བ་དེའི་རྭ་གཡོན་ལ། (ལས) དཔལ་གྱི་མདའ་དར་སྣ་སྔ་སྲིད། སྲིད་ནི་བསྐལ་པའི་དང་པོ་ལ། རྒྱུ་ནི་གཡུང་དྲུང་ཤ་བའི་རྒྱུ། རྟེན་ནི་ཕྱྭ་དང་གཡང་གི་རྟེན། གྱེར་ནི་མི་གཤེན་བདག་གི་(གིས) གྱེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ལ། བབ་ནི་ཕྱྭ་དང་གཡང་དུ་བབ། ཕྱྭ་བབ་མི་ངན་ཕྱ་བབ་བཟང་། ཕྱ་བབ་བཟང་བའི་ཁུ་ཡེ་གསང་། ཤ་བ་དེའི་ཕོ་བ་ལ། (ལས) ཡེ་སྲིད་ཕྱ་བུམ་གཡང་བུམ་སྲིད། ཤ་བ་དེའི་ཁོང་ཁྲག་ལ། (ལས) ཡེ་སྲིད་ཕྱ་ཆང་གཡང་ཆང་སྲིད། ཤ་བ་དེའི་དར་ཡོལ་ལ། (ལས) འགུལ་(མགུལ)ཆིང་རྒྱ་དར་སྣ་ལྔ་སྲིད། སྲིད་ནི་བསྐལ་བའི་དང་པོ་ལ། རྒྱུ་ནི་གཡུང་དྲུང་ཤ་བའི་རྒྱུ། རྟེན་ནི་ཕྱ་དང་གཡང་གི་རྟེན། གྱེར་ནི་མི་གཤེན་བདག་གི་(གིས)གྱེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ལ། བབ་ནི་ཕྱྭ་དང་གཡང་དུ་བབ། ཕྱྭ་བབ་མི་ངན་ཕྱ་བབ་བཟང་། ཕྱ་བབ་བཟང་བའི་ཁུ་ཡེ་གསང་། ཤ་བ་དེ་ཡི་དོན་སྙིང་ལ། (ལས) ཡེ་སྲིད་ཕྱ་འབྲང་ཞལ་དཀར་སྲིད། ཤ་བ་དེའི་ཚིལ་བུ་ལ། (ལས) ཡེ་སྲིད་ཕྱ་ཡི་དཀར་རྒྱན་སྲིད། ཤ་བ་དེའི་མཁལ་མ་ལ། (ལས) ཡེ་སྲིད་ཚེ་རིལ་བཅུད་ལྡན་སྲིད། ཤ་བ་དེའི་མཆིན་པ་ལ། (ལས) ཡེ་སྲིད་བུ་རམ་ཏིང་གྲོལ་སྲིད། སྲིད་ནི་བསྐལ་བའི་དང་པོ་ལ། རྒྱུ་ནི་གཡུང་དྲུང་ཤ་བའི་རྒྱུ། རྟེན་ནི་ཕྱྭ་དང་གཡང་ལ་རྟེན། གྱེར་ནི་མི་གཤེན་བདག་གི་(གིས)གྱེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ལ། བབ་ནི་ཕྱྭ་དང་གཡང་དུ་བབ། ཕྱྭ་བབ་མི་ངན་ཕྱ་བབ་བཟང་། ཕྱ་བབ་བཟང་བའི་ཁུ་ཡེ་གསང་། ཤ་བ་དེའི་ལག་གཡོན་ལ། (ལས) ཡེ་སྲིད་ཕྱ་ཤ་ལག་པ་སྲིད། ཤ་བ་དེའི་ནམ་འདོང་ལ། (ལས) ཡེ་སྲིད་གཡང་ཤ་ནམ་འདོང་སྲིད། ཤ་བ་དེའི་ཞག་རྒྱུ་ལ། (ལས) ཡེ་སྲིད་གཡང་ཞགས་སྒོར་མོ་སྲིད། ཤ་བ་དེའི་རྫི་ཤ་ལ། (ལས) ཡེ་སྲིད་གཡང་གི་ཁུག་མ་སྲིད། སྲིད་ནི་བསྐལ་བའི་དང་པོ་ལ། རྒྱུ་ནི་གཡུང་དྲུང་ཤ་བའི་རྒྱུ། རྟེན་ནི་ཕྱ་དང་གཡང་གི་རྟེན། གྱེར་ནི་མི་གཤེན་བདག་གི་(གིས)གྱེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ལ། བབ་ནི་ཕྱྭ་དང་གཡང་དུ་བབ། ཕྱྭ་བབ་མི་ངན་ཕྱ་བབ་བཟང་། ཕྱ་བབ་བཟང་བའི་ཁུ་ཡེ་གསང་། ཤ་བ་དེའི་ཐོད་པ་ལ། (ལས) ཡེ་སྲིད་ཕྱ་ཕོར་གཡང་ཕོར་སྲིད། ཤ་བ་དེའི་གླད་པ་ལ། (ལས) ཕྱ་ཞོ་གང་པ་བཀྲི་(སྤྲི)ལྡན་སྲིད། ཤ་བ་དེའི་མཁྲིས་པ་ལ། (ལས) བཅུད་ལྡན་མར་ཁུའི་རྒྱ་མཚོ་སྲིད། སྲིད་ནི་བསྐལ་བའི་དང་པོ་ལ། རྒྱུ་ནི་གཡུང་དྲུང་ཤ་བའི་རྒྱུ། རྟེན་ནི་ཕྱ་དང་གཡང་གི་རྟེན། གྱེར་ནི་མི་གཤེན་བདག་གི་(གིས)གྱེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ལ། བབ་ནི་ཕྱྭ་དང་གཡང་དུ་བབ། ཕྱྭ་བབ་མི་ངན་ཕྱ་བབ་བཟང་། ཕྱ་བབ་བཟང་བའི་ཁུ་ཡེ་གསང་། ཤ་བ་དེའི་སྤུན་གསུམ་ལ། (ལས) དཔལ་གྱི་རོམ་པོ་རྣམ་གསུམ་སྲིད། གཅིག་ནི་ལྷ་ཡི་རོམ་པོ་ཡིན། གཅིག་ནི་གསས་ཀྱི་རོམ་པོ་ཡིན། གཅིག་ནི་སྲོག་གི་རོམ་པོ་ཡིན། ཤ་བ་དེའི་ནང་གྲོལ་དང་། རྒྱུ་སྲོག་ལྷག་མ་སྣ་ཚོགས་ལ། (ལས) གཞན་ཡང་ཕྱ་རྫས་སྣ་ཚོགས་སྲིད།” 61ཅེས་པས་སོ། །
《བོན་གྱི་གཡང་གཞུང་ནག་པོ་འགྲོ་ཤེས》ལས། “གཡུང་དྲུང་ཤ་བ་རུ་བཅུ་མངའ། ཤ་བ་མ་བསད་ཡིད་ཀྱི་བཤས་པ་ལ། ཤ་བ་དེའི་ལྤགས་(པགས)པ་ལ། (ལས) ཕྱྭ་གཞི་གཡང་གཞི་དེ་ལ་(ལས) སྲིད། ཤ་བ་དེའི་རུ་གཡས་ལ། (ལས) ཕྱ་མདའ་གཡང་མདའ་དེ་ལ་(ལས)སྲིད། ཤ་བ་དེའི་རུ་གཡོན་ལ། (ལས) ཕྱྭ་རྟེན་གཡང་རྟེན་དེ་ལ་(ལས) སྲིད། ཤ་བ་དེའི་ཐོད་པ་ལ། (ལས) ཕྱ་ཀྱོགས་(སྐྱོགས)གཡང་ཀྱོགས་(སྐྱོགས)དེ་ལ་(ལས)སྲིད། ཤ་བ་དེའི་སོ་ལས་ནི། ཕྱྭ་ནས་གཡང་ནས་དེ་ལ་(ལས)སྲིད། ཤ་བ་དེའི་ཀླད་པ་ལ། (ལས) ཕྱའི་ཞོ་གཡང་ཞོ་དེ་ལ་(ལས)སྲིད། ཤ་བ་དེའི་ལྕེ་ལས་ནི། ཕྱྭ་དར་གཡང་དར་དེ་ལ་(ལས)སྲིད། ཤ་བ་དེའི་སྟོང་སྟོང་ལས། ཕྱའི་ཟོ་གཡང་ཟོ་དེ་ལ་(ལས)སྲིད། ཤ་བ་དེའི་མཆིན་པ་ལས། ཕྱྭ་ཟན་གཡང་ཟན་དེ་ལ་(ལས)སྲིད། ཤ་བ་དེའི་གློ་བ་ལས། མཁར་རྗེ་དཔལ་པོ་དེ་ལ་(ལས)སྲིད། ཤ་བ་དེའི་སྙིང་ལ་(ལས)ནི། ཚེ་འབུཾ་གཡང་འབུཾ་དེ་ལ་(ལས) སྲིད། ཤ་བ་དེའི་མཁལ་མ་ལས། ཕྱྭ་རིལ་གཡང་རིལ་དེ་ལ་(ལས)སྲིད། ཤ་བ་དེའི་ཚི་ལུ་ལས། ཕྱྭ་མར་གཡང་མར་དེ་ལ་(ལས)སྲིད། ཤ་བ་དེའི་རྒྱུ་མ་ལ། (ལས) ཕྱྭ་ཐག་གཡང་ཐག་དེ་ལ་(ལས)སྲིད། ཤ་བ་དེའི་བཞག་གོར་ལ། (ལས) རྨུའི་ཞག་འཁོར་བ་དེ་ལ་(ལས)སྲིད། ཤ་བ་དེའི་ཕོ་བ་ལ། (ལས) ཕྱ་ཁུག་གཡང་ཁུག་དེ་ལ་(ལས)སྲིད། ཤ་བ་དེའི་རྩིབས་མ་ལས། ཕྱའི་གཞུ་གཡང་གཞུ་དེ་ལ་(ལས)སྲིད། ཤ་བ་དེའི་སུག་བཞི་ལས། ཕྱ་ཕུར་གཡང་ཕུར་དེ་ལ་(ལས)སྲིད། ཤ་བ་དེའི་ཁྲག་ལ་ནི། ཕྱ་ཆང་གཡང་ཆང་དེ་ལ་(ལས)སྲིད། ཤ་བ་དེའི་སྤུ་ལས་ནི། ཕྱ་བལ་གཡང་བལ་དེ་ལ་(ལས)སྲིད།” 62ཞེས་པ་ལྟར་རོ། །གོང་དུ་བརྗོད་པ་དག་ནི་གཡང་གཞུང་ཁག་ཏུ་གསལ་བའི་ཤྭ་བ་དེ་ཉིད་ཕྱའི་རྟེན་གཞིར་བྱས་ཚུལ་སྐོར་རོ། །
ཕྱིས་སུ་གཡང་རྟེན་དེ་འཕོ་འགྱུར་ཕྱིན་པའི་རྣམ་པ་དངོས་གསལ་དོད་པོར་ཤེས་ནུས། མིའི་གཡང་རྟེན་གྱི་ཚབ་ཏུ་“གཡང་མོ་ལུག་”བྱས་ཚུལ་བརྗོད་པ་གཡང་གཞུང་འགར་གསལ་ཏེ་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “ད་ནི་ཤྭ་བ་ལུག་ལ་སྤོས། ཤ་བ་རང་གི་ཡུལ་དུ་སྐྱོད། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ལུག་ལ་རྟེན་འཛུགས་དེ་ནས་བྱུང་།” 63ཞེས་དང་། གཞན་《མཚུན་བཅོས་རིན་ཆེན་ཕྲེང་བར》གསལ་བ་ལྟར་ན། གཡང་མོ་ལུག་གི་མགོ་ནས་བཟུང་མཇུག་གི་བར་དུ་གཡང་གི་རྟེན་གྱི་ཁྱད་ཆོས་འདྲ་མིན་རེ་རེར་ལྡན་ཚུལ་ཡང་འཁོད་འདུག དེའི་ཕྱིར་གོང་སྨོས་ཀྱི་དཔྱད་གཞིའི་དཔེ་རྙིང་སོགས་ཀྱི་གཡང་རྟེན་དེ་ལའང་འཕོ་འགྱུར་གྱི་རྣམ་པར་ཕྱིན་ཡོད་པར་རྟོགས་ནུས་སོ། །དེ་མིན་ཤྭ་བ་དང་ལུག་གཉིས་ཀྱི་མགོའམ་མམ་རྭ་ཅོའི་སྟེང་དང་། ཡང་ན་དེ་གཉིས་ཀྱི་པགས་པ་དང་སྤུ་སོགས་ལ་གཡང་གི་རྟེན་གཞིའི་རིག་གནས་ལམ་ལུགས་སྤེལ་སྲོལ་ཡང་ད་ཆར་མ་ཉམས་པ་དམངས་ཁྲོད་དུ་གནས་པས་“ཤྭ་བ་ཀུ་ལོས་”དང་“གཡང་མོ་ལུག་”གིས་གནའ་བོའི་རིག་གནས་ཁྲོད་དུ་གོ་གནས་ཇི་ལྟར་བཟུང་ཡོད་མེད་ཤུགས་ཀྱིས་རྟོགས་ནུས། དེའི་ཆོག་གཞུང་གི་སྐོར་ཁོ་བོས་ད་ཕན་མཐོང་ཆོས་སུ་གྱུར་པའི་དཔེ་རྙིང་འགའ་ཤས་འདིར་འགོད་ན་《ཤ་རུ་བཙན་མདོས》དང་《བོན་ཤ་བ་རུས་རྒྱས》དང་《ཤ་རུ་བཙན་བཅོས》དང་《ཤ་རུ་ཤུལ་སྟོན་གྱི་རབས》དང་《ཤ་རུ་རང་འགྲོས》ཞེས་པའི་གཞུང་རྣམས་སོ། །ཁོ་བོས་གཤམ་དུ་དྲངས་པའི་དཔེ་ཆ་གཞན་གྱི་དུམ་ཚན་དེའི་ནང་དོན་ནི། དཔྱད་གཞི་གཡང་གཞུང་འདི་གཉིས་ལས་ཀྱང་ཁ་གསལ་ཅན་གྱི་གཡང་མོ་ལུག་དེ་ཉིད་གཡང་རྟེན་བྱས་ཚུལ་སྐོར་ཡིན།
《མཚུན་བཅོས་རིན་ཆེན་ཕྲེང་བ》ལས། “ཀྱེ་ལྷ་མཚུན་སྒྲ་བླ་ཚུར་ཉོན་དང་། གཡང་མོ་ལུག་གི་མགོ་བྲང་འདི། ལུག་མགོ་མ་ཡིན་གཡང་མགོ་ཡིན། གཡང་མགོ་རང་ལ་ཡོད་པ་ཡིན། མི་མགོ་རྒུང་བས་མཐོ་བ་ཡིན། ལུག་མགོ་མ་ཡིན་གསེར་མགོ་ཡིན། གསེར་གྱི་ལུག་མགོ་བྷ་ཤེས་ཡིན། བྷ་བ་མ་ཡིན་བྷར་(འབར) བ་ཡིན། མི་ནོར་དབང་ཐང་བྷར་(འབར)བ་ཡིན། དུང་ར་གཡས་དང་གཡོན་པ་འདི། སྒྲ་བླའི་གནམ་མཐོང་བྱེད་པ་ཡིན། རྣ་བ་གཡས་དང་གཡོན་པ་འདི། སྒྲ་བླའི་ལྷ་བསྙན་(སྙན)བསྲིང་པ་ཡིན། སྒྲ་བླའི་ལྷ་སྙན་བསྲིང་ཙམ་ན། རང་རེས་རྟག་ཏུ་བསྙན་(སྙན)པ་ཡིན། སྤྱན་མིག་གཡང་(གཡས)དང་གཡོན་པ་འདི། སྒྲ་བླའི་ལྷ་སྤྱན་དབྱེ་བ་ཡིན། སྒྲ་བླའི་ལྷ་སྤྱན་དབྱེ་ཙམ་ན། རང་རེ་རྟག་ཏུ་སྐྱིད་རྒ་(དགའ་)མཐོང་པ་ཡིན། ལུག་གི་སྨྲ་ལྕེ་གྲོལ་པ་(བ)འདི། སྒྲ་བླའི་སྨྲ་ལྕེ་གྲོལ་བ་ཡིན། སྒྲ་བླའི་སྨྲ་ལྕེ་གྲོལ་ཙམ་ན། རང་རེ་སྨྲ་མཁན་ཤག་ལ་(ལས)རྒྱལ་བ་ཡིན། གཡང་མོ་ལུག་གི་བྲང་ལུཾ་འདི། ལྷ་མཚུན་སྒྲ་བླ་མཆོད་པས་དམ་རྫས་ཡིན། བྲང་སྟོད་ཤ་ཚིལ་འདྲིས་པ་འདི། མི་ནོར་ལྷན་ཏུ་འཛོམས་པ་ཡིན། བུ་ནོར་ལོངས་སྤྱོད་རྒྱས་པ་ཡིན། བྲང་སྨད་བྲང་བགོས་གཡོགས་པ་འདི། བསམ་པ་ཡིད་བཞིན་འགྲུབ་པ་ཡིན། ཟུར་གསུམ་རྩེ་མོ་ལྡན་པ་འདི། ཡིད་བཞིན་ནོར་བུ་རྒྱས་པ་ཡིན། འཕྲུལ་གྱི་རྩིབ་དྲུག་རྒྱས་པ་འདི། དཔག་བསམ་ལྗོན་ཤིང་རྒྱས་པ་ཡིན། ནུ་མའི་འཕེལ་རྩིབས་ཡོད་པ་དེ། ཡིད་བཞིན་དགོས་འདོད་འབྱུང་བ་ཡིན། འདི་གསུམ་དུས་གསུམ་བདེར་གཤེགས་མཆོད་རྫས་ཡིན། ཕ་མཚུན་སྒྲ་བླའི་གསོལ་ཟས་ཡིན། མ་ལྷ་ཞང་ལྷའི་དམ་རྫས་ཡིན། གཡང་ར་བ་སྒོ་བཞིའི་གཡང་རྟེན་ཡིན། མི་ནོར་འཕེལ་བའི་འཕེལ་རྩི་ཡིན། ལྷ་མི་མང་པོའི་འདུ་རྟེན་ཡིན། ཕྱ་སྐྱོབས་གཡང་སྐྱོབས་སྒ་ར་ར། ཀྱེ་གཡང་མོ་ལུག་གི་ལག་པ་འདི། ལག་པ་མ་ཡིན་ལབ་གཡབ་ཡིན། མི་ནོར་ཚུལ་ལ་གཡུབ་པའི་ལག་ཡུག་(གཡུགས)ཡིན། ལག་གཡབ་མ་ཡིན་ལག་ཡུག་(གཡུགས)ཡིན། ཕ་མཚུན་སྒྲ་བླ་འབོད་དོ་ལག་ཡུག་(གཡུགས)ཡིན། སོག་པ་མ་ཡིན་བསོགས་པ་ཡིན། མི་ནོར་དབང་ཐང་བསོགས་པ་ཡིན། རང་སར་ལྷ་བ་ཆེ་བ་དེ། མི་ནོར་ཟས་གསུམ་རང་ལ་ཡོད་པ་ཡིན། སོག་རྡང་རང་ལ་ཡོད་པ་དེ། སྒྲ་བླ་རང་ལ་ཡོད་པ་ཡིན། རྨན་ཚིལ་རང་ལ་ཡོད་པ་དེ། མི་ནོར་རང་ལ་རྒྱས་པ་ཡིན། ཕ་ཚན་གཡུང་དྲུང་ཤར་བ་ཡིན། སོག་པའི་ཀ་བ་ཐུང་ལ་ཡང་བ་དེ། མི་ནོར་འཕེན་ལ་རག་པ་ཡིན། སོག་པའི་མེ་ལོང་དཀར་བ་དེ། མི་ངོ་ལྷ་ངོ་དཀར་བ་ཡིན། སོག་ཀ་ཡར་ལ་ཕྱེས་པ་དེ། སྐྱིད་ཀྱི་གནམ་མཐོང་བྱེ་བ་ཡིན། སོག་དབྱ་གོང་བ་བཟུང་བ་དེ། འདྲེ་ལ་གོ་བ་ཟིན་པ་ཡིན། སོག་གུལ་(འགུལ)ལན་ཅིག་ཕྲ་བ་དེ། དགྲ་འདྲེ་བྱུར་གསུམ་གཉོམ་པ་ཡིན། དལ་རྩིབ་མ་ཡིན་བརྩིག་པ་ཡིན། མི་དང་ནོར་གཉིས་བརྩིག་པ་ཡིན། ཕྱི་རྩིབ་གསུ་ལ་འཐུག་པ་དེ། ཕ་ཚན་མི་ནོར་རྒྱས་པ་ཡིན། དལ་རྩིབ་གཡས་ན་གཡོན་པ་དེ། ཚ་ཞང་དར་ལ་རྒྱས་པ་ཡིན། རྩིབ་གྷོ་(འགོ)རང་སར་ཡོད་པ་དེ། སྒྲ་བླ་རང་ལ་འཁོར་བ་ཡིན། རྩིབ་ཁ་ཡང་ལ་འདུ་བ་དེ། བུ་ནོར་འདབ་ལག་རྒྱས་པ་ཡིན། རྩིབ་མ་དང་སོག་པ་ནམ་ཚང་གསུམ། དེ་གསུམ་ལྷན་དུ་འཛོམ་པ་དང་། ཕ་མ་བུ་གསུམ་འཛོམ་པ་ཡིན། རྩིབ་བུ་དྲུག་ཏུ་བྱེད་བ་(པ)དེ། མི་བུ་རུས་དྲུག་འཕེལ་བ་ཡིན། ད་དཔུང་པ་མ་ཡིན་སྤུང་(སྤུངས)པ་ཡིན། ཟས་དང་ནོར་གཉིས་སྤུང་(སྤུངས)པ་ཡིན། རང་སར་དཔུང་པ་སྦོམ་པ་དེ། སྒྲ་བླ་དཔུང་པ་སྦོམ་པ་ཡིན། དཔུང་མགོ་ལྷ་བ་ཆེ་བ་ཡིན། བུ་ནོར་དབང་ཐང་ཆེ་བ་ཡིན། ཕྱིའི་དཔུང་པ་ཕྲ་བ་དེ། དགྲ་བོའི་དཔུང་པ་ཕྲ་བ་ཡིན། དཔུང་པ་དང་སོག་པ་འབྲེལ་བ་དེ། ལྷ་མི་དཔུང་སོག་འབྲེལ་པ་(བ)ཡིན། ད་ལག་ངར་མ་ཡིན་ལྷ་ངར་ཡིན། ལྷ་སྲུང་དགྲ་ལ་ངར་བ་ཡིན། ད་ཧ་ཀ་མ་ཡིན་དཔལ་ཁ་ཡིན། དཔལ་ཁ་རང་ལ་ཡོད་པ་ཡིན།”64 ཞེས་པས་སོ། །
དེ་བཞིན་“གཡང་མོ་ལུག་”ནི་འགྲོ་བ་མིའི་འཚོ་བའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་བསྟུན་མིའི་གཡང་རྟེན་ཏུ་ཆགས་ཚུལ་གྱི་གཏམ་རྒྱུད་གོང་ཞུས་ལྟར། གཤམ་དུ་གཡང་མོ་ལུག་ནི་འགྲོ་བ་མི་དང་འབྲེལ་བ་གྲུབ་སྟངས་སྐོར་བོན་དཔེ་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་(1360-1406) སྙད་དུ་བརྒྱུད་ནས་ཡིག་ཐོག་ཏུ་ཕབ་པར་གྲགས་པའི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་65 དྲི་མེད་གཟི་བརྗིད་དུ་གསལ་བ་ལྟར་འགོད་ན།
《མདོ་དྲི་མེད་གཟི་བརྗིད》ལས། “སྲིད་པ་ཡེ་རྗེ་སྨོན་པ་ཡིས། མི་འཕྲོད་རྫས་སྣ་བཅུ་གསུམ་བཙལ། གནམ་ཞོ་ཁད་ཀྱི་རུ་མ་དང་། ས་བཅུད་གསེར་གྱི་སྙིང་པོ་དང་། ཆུ་བཅུད་རྒྱ་མཚོའི་དབུ་(ལྦུ)བ་དང་། མེ་བཅུད་དྲོད་ཀྱི་རླངས་པ་དང་། རླུང་བཅུད་ངད་ཀྱི་ཟེར་མ་དང་། སྤྱི་རྗེ་བྱ་ཁྱུང་གི་ཐེལ་གཤོག་དང་། ཁྲི་སྙན་ས་ལེའི་རུ་དར་དང་། གནོད་སྦྱིན་ལག་གི་མཆིད་བུ་དང་། སྒམ་ཁྱེར་ཕ་ཝང་སྨྲ་ལྕེ་དང་། ཞུན་ཆེན་མགར་གྱི་སོལ་རྡོག་དང་། ལྷ་བུའི་ཐབས་ཀྱི་ཐིག་ལེ་དང་། སྲིན་ཟའི་མངལ་གྱི་རག་ཏ་རྣམས། སྲིན་དཀར་ཐེབས་ཙེའི་ནང་དུ་བཏུམས། ཡོད་རི་དེལ་དཀར་གྱི་རྩེ་མོ་ནས། གྱི་ལིང་ཁ་གར་གྱི་བང་ལ་སྦངས། དེ་ལ་ཡོད་རྗེས་སྨོན་ལམ་བཏབ། བདག་སྲིད་པ་ཀུན་གྱི་རྗེ་བོ་ཡི། མི་བུ་རིན་ཆེན་དཀོར་ནོར་ལ། རང་དང་འདྲ་བས་(བའི)ནོར་ཞིག་འདོད། བཞག་ན་དམར་ལ་བཙོང་ན་འབྲིམས། (འགྲེམས) གསོ་གསན་ཉ་ར་དབང་པོ་གསལ། བཟའ་བའི་ཟས་དང་བཏུང་བའི་སྐོམ། གོན་པའི་གོས་དང་བསགས་པའི་ནོར། གཡང་གི་རུ་མ་སྨིན་པར་ཤོག ཅེས་ཟེར་ནས་ཞལ་ནས་སྨོད་བཙུགས་པས། ཞག་གསུམ་དྲོས་བཞིའི་ནངས་པར། ཡོད་རི་དེལ་དཀར་གྱི་རྩེ་ལ། སྔོན་མ་མཐོང་བ་སྐད་སྙན་པོ་འབའ་ཏོང་ཏོང་པ་ཞིག་གྲགས། དེར་སྲིད་པ་ཡེ་སྨོན་རྒྱལ་པོས་གཟིགས་པས། སྲིད་པའི་ལུགས་དང་མཐུན་པའི་སེམས་ཅན། ཆེ་ཆུང་ཚད་དུ་རན་པ། མགོ་ནི་རི་དྭགས་འདྲ་བ། སུག་པ་གཡུང་དྭགས་འདྲ་བ། སྤུ་ནི་ལྷོ་སྤྲིན་འདྲ་བ། སྐད་ནི་སྙན་ལ་གདུང་བ། མཐོང་ན་ཉམས་དགའ་བ། དཔྱད་ན་ཡིད་དུ་འོང་བ། བཞག་ན་རང་ལ་དམར་བ། བཙོང་ན་མི་ལ་འབྲིམས་(འགྲེམས)པ། གོང་དང་རིན་ཐང་ཆེ་བ། ཞོ་ལས་གསོས་སུ་འབྱུང་བ། སྤུ་ལས་གོས་སུ་འབྱུང་བ། ཕྱྭ་གཡང་འཕེལ་ཁ་ཆེ་བ་ཞིག་སྣང་ཞིང་། ཡེ་རྗེས་སྨོན་ལམ་ལུགས་དང་མཐུན་པ་རུ་བྱུང་བས། རིན་པོ་ཆེའི་རྐང་འགྲོས་ལུག་ཅེས་བྱ་བར་བཏགས་སོ། །” 66ཞེས་པས་སོ། །
སྤྱིར་བོན་གྱི་ཆོ་ག་སྤེལ་སྐབས་སུ་ཤྭ་བ་དང་གཡང་ལུག་གི་ཁྱད་ནུས་ཀྱིས་ཕྱ་གཡང་གི་རྟེན་བྱེད་ཚུལ་དང་འབྲེལ་བའི་གཏམ་རྒྱུད་མི་ཉུང་བ་ཞིག་གླེང་ཡོང་བ་དང་བསྟུན། ལ་ལས་བོན་གྱིས་དམར་མཆོད་བྱེད་པའི་ཁུངས་ལྟ་བུར་སྙམ་པ་67ཡིན་ན། དེ་མཚུངས་སུ་བན་དེའི་དཔེ་ཆའི་ནང་དུའང་རྟག་ཏུ་བླ་ཡི་ཚབ་ཏུ་ལུག་གི་རྐང་རུས་རྟེན་གཞི་བྱེད་ཚུལ་ཡང་འཁོད་ཡོད་དེ་ཐུའུ་ཀྭན་ཆོས་ཀྱི་ཉི་མའི་《བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད》ལས། “ཆེད་དུ་གཉེར་ནས་བསད་པ་མ་ཡིན་པའི་ཕོ་མོའི་བབས་བསྟུན་གྱི་ལུག་གི་བསད་ཤ་རུལ་སུམ་མེད་པ། ཕོ་ལ་རྐང་པ་གཡས་པ། མོ་ལ་གཡོན་པ།” 68ཞེས་གསལ་བ་བཞིན་ནོ། །སྤྱིར་བོན་ཆོག་གི་གཞུང་ཁག་ནང་ཤྭ་བ་དང་འབྲེལ་བའི་གཏམ་རྒྱུད་སྨོས་པའི་ཚུལ་དེ་དམར་མཆོད་ཀྱི་གཏམ་གླེང་བའི་རྙོག་ཟིང་གི་འདུ་ཤེས་མང་ཡང་འདིར་དཔེ་མཚོན་ཙམ་ཞུས་ན། 《ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་ཐར་གབ་པ་མངོན་ཕྱུང》དུ་བོན་གྱི་སྐོར་བཤད་སྐབས། “སྟོན་ཤྭ་བོ་རུས་རྐྱང་རྐེ་དམར་སྟོང་མཆོདཿ དཔྱིད་ཡུ་མོའི་བྱིན་བྲེགཿ སྲོག་གླུད་སྤུས་འགྱེདཿ”69 ཅེས་པས་མཚོན་ནོ། །དེ་ལ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་ལུང་རིག་ཟུང་འབྲེལ་གྱི་ཐོག་ནས་དཔྱད་ལན་བྲིས་ཡོད་དེ་《མདའ་འཕང》ལས། “ཕྱིས་བྱུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར་། བཙན་པོ་རིམ་བྱོན་གྱི་དུས་སྐབས་སུ་བོན་ཆོས་བྱེད་མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤྭ་བ་སྟོང་ཕྲག་མང་པོ་བསད་ནས་ལྷ་ལ་མཆོད་ཚུལ་བཤད་ཡོད་ཀྱང་། བཙན་པོ་རྣམས་ཀྱི་དུས་སུ་ཤྭ་བ་སོགས་རི་དྭགས་གང་བྱུང་གིས་བསད་མི་ཆོག་པའི་ཁྲིམས་གཏན་འབེབས་བཟོས་པའི་ཡིག་ཆ་དེང་སང་ཏུན་ཧོང་ཡིག་རྙིང་གྲས་སུ་ཡོད། ཤྭ་བ་སྒོ་ཕྱུགས་བྱས་པ་བོད་ཀྱི་ལོ་རྒྱུས་ཐོག་མེད་ལ། རི་དྭགས་ཡིན་ན་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བསད་པ་ཕུད། ཉུང་ཤས་བསད་པ་ཡང་ཁག་པོ་ཡིན།” 70ཞེས་པ་འདིས་སྔོན་བཙན་པོའི་སྐབས་སུ་ཤྭ་བ་སྡེབས་གསོད་ཀྱི་དམར་མཆོད་མེད་ཚུལ་དཔང་རྟགས་དང་བཅས་འདི་ལྟར་གསལ་པོར་བཤད་ཀྱང་། ད་རུང་ར་མ་འཕྲོད་ན་ཐབས་གཞན་དཀོན་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་བཟང་བར་མཐོང་།
གསུམ་པ། གླུད་ཅེས་པའི་རྣམ་བཤད་དང་ཕྱ་གླུད་འབུལ་བའི་སྐོར།
འདིར་‘ཕྱ་གླུད་’དང་‘གཡང་གླུད་’ཅེས་པའི་གནད་དོན་ཐད་དཔྱད་གླེང་མ་བྱས་གོང་། སྤྱིར་“གླུད་”ཅེས་པ་ནི་གནའ་བོའི་ཆོ་གའི་ཁྲོད་དུ་ཅི་ལྟར་འགྲེལ་བརྗོད་བྱེད་ཚུལ་གྱི་ཐད་ནས་ཅུང་ཙམ་གླེང་བར་བྱ། “གླུད་” ཅེས་པ་ནི་དངོས་པོ་སོ་སོའི་འཐུས་ཚབ་ཏུ་བྱས་པའི་སྲོག་མེད་བེམ་གཟུགས་ཀྱི་རྣམ་པ་ཞིག་ལ་གོ་བར་ནུས་ཏེ་《སྲིད་པ་སྤྱི་མདོས》ལས། “ཐ་ཚིག་གི་ཡས་བཏགས་སྲིད། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མར་མྱེས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམ་སས་བརྔན། ཐུན་(མཐུན)རྫས་ནི་འདི་བཤམས་ན། ཞེས་དང་ཡང་། ཐ་ཚིག་གི་ཡས་བཏགས་སྲིད། ཟས་གླུད་ལ་གཏོར་མས་བརྔན། སྐྱེམས་གླུད་ལ་ཡུ་ཏིས་བརྔན། གོས་ལ་དར་སྣས་བརྔན། ཐུན་(མཐུན)རྫས་ནི་འདི་བཤམས་ན།”71 ཞེས་པ་ལྟར་རོ། །དེས་ན་“གླུད་”གཟུགས་ཡོད་ཚད་ནི་མི་གཟུགས་ལྟ་བུ་དགོས་པའི་ངེས་པ་མེད་པར་གོང་གི་ལུང་དེས་ཤེས་སླ། གླུད་ཀྱི་གཏམ་རྒྱུད་དང་འབྲེལ་བའི་ཆོ་ག་ལ་“གླུད་རབས་”ཞེས་བརྗོད་དོ། །དེའི་དཔེ་ཆ་ནི་རྒྱུན་དུ་བན་བོན་གཉིས་ཀའི་ཕྱོགས་ནས་ཀྱང་མཐོང་རྒྱུ་ཡོད་པ་མ་ཟད་ཏུན་ཧོང་ནས་ཐོན་པའི་དཔེ་རྙིང་ཤོག་དྲིལ་གྱི་ནང་དུའང་ཡོད་དོ། །གླུད་ཀྱི་ཆོ་ག་སྤེལ་བའི་ལམ་ལུགས་ནི་གནའ་བོའི་བོན་གྱི་སྲོལ་རྒྱུན་དེ་གཞིར་བྱས་ཕྱིས་སུ་བན་དེའི་ཆོས་ལུགས་ཀྱི་ནང་དུ་བསྲེས་བསྣན་བྱས་ཏེ་ཁྱབ་པར་བཤད། 72གླུད་གཏོང་གི་ཆོ་ག་སྤེལ་དོན་ནི། རང་ལུས་དང་འབྲེལ་བའི་ཆ་ཤས་ཤིག་མི་མིན་གྱི་གནོད་བྱེད་གང་གིས་འཛིན་པའམ་གཏོེར་བརླག་ཏུ་བཏང་བ་ལ་སླར་གནོད་བྱེད་དེའི་ལག་ནས་གླུད་དང་འདྲ་མཉམ་བརྗེ་རེས་ལྟ་བུའི་བསླུ་ཐབས་བྱེད་པའམ། ཡང་ན་མིའི་ལུས་སྲོག་དང་ལོངས་སྤྱོད་ཟས་ནོར་གང་ལ་གནོད་པའི་མི་མ་ཡིན་གྱི་རིགས་སུ་གྱུར་པ་འདྲེ་སྲི་གདོན་བགེགས་དང་འགོང་པོ་བསྭེ་རག་ལ་སོགས་གནོད་བྱེད་རེ་འདོད་ཅན་རྣམས་ལ། སྒྲུབ་གཤེན་གྱིས་ཏིང་འཛིན་དམིགས་པ་དང་སྐད་གཅོང་གི་བརྡ་ཡི་སྒོ་ནས་ཡས་རྫས་སྣ་ཚོགས་བརྔན་ཅིང་། དེ་དག་རང་གི་གནས་ཁང་ནས་ཕྱིར་ལ་ཕུད་པས་སླད་ཕྱིན་ཚུར་ལ་གནོད་སེམས་ཞི་བར་མཚོན་པ་དེའོ། །
དེ་ཡང་གླུད་ལ་གཞུང་སོ་སོའི་སྒོ་ནས་སྐབས་དོན་དང་འབྲེལ་བའི་རྣམ་པ་འདྲ་མིན་དང་ལག་ལེན་ལའང་རྒྱ་ཆེ་ཆུང་ཅི་རིགས་མཆིས་ཀྱང་། གཙོ་བོར་སྣང་གཤེན་ཐེག་པའི་སྐབས་སུ་གླུད་ཀྱི་དགོས་གནད་དང་དེའི་དབྱེ་བའི་སྐོར་བཅས་གསལ་བར་བསྟན་པ་ལྟར་ན། དེ་ཡང་《སྣང་གཤེན་གྱི་བོན་གཏན་ལ་ཕབ་པའི་མདོ》ལས། “འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཡིས། །ཕན་དང་གནོད་པར་བྱེད་ནས་སུ། །གླུད་དང་ཡས་སུ་སྙེགས་པ་ལ། །ཆབ་ནག་སྲིད་པའི་བོན་པོ་ཡིས། །སེམས་ཅན་འགྲོ་ལ་ཕན་གདགས་ཕྱིར། །མཉམ་གཉིས་བརྗེ་ན་གླུད་རེ་བཟང་། །མཚུངས་གཉིས་བསོར་ན་སྐྱིན་རེ་བཟང་། །མཉམ་གཉིས་བརྗེ་བའི་མཚུངས་གཏོ་བྱ། །དེ་ལ་རྣམ་པ་གསུམ་ཡིན་ཏེ། །ཕོ་གླུད་མོ་གླུད་ཆུང་གླུད་གསུམ། །ཕོ་གླུད་དག་ལ་རྣམ་པ་བཅུ། །དབུས་ན་ལྷ་མིན་འཁྲུག་མདོས་དང་། །སྟེང་ན་ཚངས་པ་ལྷ་མདོས་དང་། །ཤར་ན་རྒྱལ་པོ་སྐྱོང་མདོས་དང་། །བྱང་ན་བཙན་གྱི་སྐོང་མདོས་དང་། །ནུབ་ན་བདུད་ཀྱི་ཁྲམ་མདོས་དང་། །ལྷོ་ན་གཤིན་རྗེ་ཟློག་མདོས་དང་། །ལྷོ་ཤར་དམུའི་བཙུན་མདོས་དང་། །བྱང་ཤར་འཚམས་ཀྱི་དལ་མདོས་དང་། །བྱང་ནུབ་ཀླུ་དབང་གཏད་མདོས་དང་། །ལྷོ་ནུབ་སྲིན་པོའི་མཁར་མདོས་བཅུ། །ཕོ་གླུད་དག་ཏུ་ཤེས་པར་བྱ། །མོ་གླུད་དག་ལ་རྣམ་པ་བཅུ། །ཆུད་ཀྱི་དལ་མོ་གཡང་མདོས་དང་། །སྟེང་ཕྱོགས་མ་མོ་སྐོང་མདོས་དང་། །མ་ཡམས་རྒྱལ་མོ་ཟློག་མདོས་དང་། །སྣང་སྲིད་མ་མོ་འཁྲུག་མདོས་དང་། །བརྟེན་མ་དམག་གི་ཁྲོམ་མདོས་དང་། །སྐྱོང་མ་ཁྲོམ་གྱི་གཟི་མདོས་དང་། །ཁ་ལ་གང་དཀར་སྨན་མདོས་དང་། །སྨན་མོ་གཟེད་ཀྱི་མཚང་མདོས་དང་། །མ་བདུད་རྒྱལ་མོ་བསྟེན་མདོས་དང་། །མ་ཡམས་བཙུན་མོའི་གནད་མདོས་བཅུ། །མོ་གླུད་དག་ཏུ་ཤེས་པར་བྱ། །ཆུང་གླུད་དག་ལ་རྣམ་པ་བཅུ། །འདྲེ་དགུ་སྲི་བཅུའི་མཚུངས་མདོས་དང་། །ཚེ་བདུད་ནག་པོའི་བཟློག་མདོས་དང་། །སྐྱེས་བུ་གྱད་ཀྱི་དཔུང་མདོས་དང་། །དབང་ལྡན་བགེགས་ཀྱི་གླུད་མདོས་དང་། །ས་བདག་གཏོད་ཀྱི་སྤུར་མདོས་དང་། །གཙང་སྨེ་འདྲེས་པའི་སྐྱལ་མདོས་དང་། །མཚུངས་གཉིས་བསོར་པའི་སྐྱེན་མདོས་(གསོར་བའི་སྐྱོན་མདོས་) དང་། །མཉམ་གཉིས་བརྗེ་བའི་གླུད་མདོས་དང་། །རྩ་དཀར་འཕེལ་བའི་གག་མདོས་བཅུ། །ཆུང་གླུད་དག་ཏུ་ཤེས་པར་བྱ། །དེ་དག་རྣམས་ལས་གྱེས་པ་ཡི། །གཡེན་སྡེ་སུམ་ཅུ་རྩ་གསུམ་ལ། །རྒྱན་མདོས་སུམ་ཅུ་རྩ་གསུམ་ཡོད། །དེ་ལྟར་དྲུག་ཅུ་རྩ་གསུམ་ལ། །མདོས་རིགས་སུམ་བརྒྱ་དྲུག་ཅུར་དབྱེ། །ཕོ་གླུད་ཐམས་ཅད་བརྗིད་དང་ཆས། །མོ་གླུད་ཐམས་ཅད་བཀྲག་དང་ཆས། །ཆུང་གླུད་ཐམས་ཅད་ལྟ་ན་སྡུག ། སྤྱིར་ན་འཚོགས་པའི་ཡོ་བྱད་ལ། །སྣང་གཤེན་གླུད་ཡས་སྨྲང་གིས་བསྒྲུབ། །རྒྱལ་བ་འཕགས་པའི་བདེན་པས་བཀྲོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཚངས་རྒྱུང་རི་བདུན་རོལ་མཚོ་བཅས། །ལྕགས་རི་མུ་ཁྱུད་འཁོར་མོ་གླིང་། །གླིང་བཞི་གླིང་ཕྲན་ཉི་ཟླའི་འོད། །དཔག་བསམ་ལྗོན་པ་ཟིལ་གནོན་ཁྱུང་། །མཐོ་སྟེ་སྲིད་རྩེ་མན་ཆད་དང་། །དམའ་སྟེ་ན་རག་ཡན་ཆད་དུ། །མ་ཚང་མི་ཚང་མེད་པ་རུ། །གླུད་དང་མདོས་སུ་བསྟན་པ་ཡི། །སྟོང་གསུམ་སྟོང་ལ་ཅི་ཡོད་པ། །མི་ལུས་དག་ལ་དེ་ཡོད་པས། །གླུད་ཀྱང་དེ་བཞིན་འདོད་པའོ། །” 73ཞེས་པས་ཤེས་སོ། །དེ་ལས་ཀྱང་གླུད་དང་མདོས་དབྱེར་མེད་དུ་བསྟན་པ་ནི། མདོས་ཞེས་པ་ནི་ལྷ་འདྲེ་གཡེན་སྡེ་སོགས་ལ་བརྔན་རྒྱུར་སྲིད་པའི་རྩེ་མོ་ནས་ན་རག་གདར་སོ་ཡན་ཆད་ཀྱི་སྣོད་བཅུད་ཀུན་དཔེར་བླངས་ཏེ་མ་ཚང་བ་མེད་པར་ལྟ་བུར་བཞེངས་སྐྲུན་བྱས་པའི་རྣམ་པ་ལ་གོ་བའམ་ཡང་ན་གླུད་དུ་བརྫང་རྒྱུའི་འདོད་པའི་མཐུན་རྫས་ཀུན་ཚང་བའི་དོན་ལ་འཇུག་པ་སྟེ། གླུད་མདོས་ཞེས་སྨོས་པ་དེ་ལས་རྟོགས་ནུས་སྙམ། གོང་གསལ་མོ་གླུད་ཀྱི་ཁོངས་སུ་‘ཆུད་ཀྱི་དལ་མོ་གཡང་མདོས་’ ཞེས་པ་དེ་ཡང་གཡང་གླུད་ལ་མཐུན་རྫས་ཇི་སྙེད་ཚང་བའི་རྣམ་པ་ལ་བརྡ་བཏགས་པ་མིན་ནམ་སྙམ།
སྐབས་བབ་དཔྱད་གཞིའི་ཆོ་ག་དང་འབྲེལ་བའི་གེགས་སེལ་གྱི་གླུད་བསྔོ་སྟངས་ནི། གཡང་ཆོག་འདི་གཉིས་ཀྱི་གཞུང་དུ་ཕྱ་གླུད་དམ་གཡང་གླུད་ཅེས་པ་དེས་ངེས་པས་གཤམ་དུ་གསལ། འདིར་གླུད་དང་འབྲེལ་བའི་ཐ་སྙད་འགའ་ཤས་འགོད་ན། མིའུ་གླུད་དང་། ཆུང་གླུད། ངར་གླུད། ཕྱ་གླུད། གཡང་གླུད། ཐར་གླུད། རྒྱལ་གླུད། ཕོ་གླུད། མོ་གླུད། སྐུ་གླུད། བླ་གླུད། རྟ་གླུད། ཁྲུས་གླུད་ཅེས་སོགས་ཀྱིས་སྐབས་ལྟོས་ཀྱི་ཡུལ་དང་འབྲེལ་བའི་གླུད་ཀྱི་རྣམ་པ་སོ་སོར་བསྟན་པ་ཡིན་ནོ། །གཤམ་དུ་དྲངས་པའི་ཕྱ་གཞུང་གི་དཔེ་ཆའི་དུམ་ཚན་དེའི་ནང་དོན་ནི། “ཕྱ་གླུད་”སྐོར་དཔྱད་གཞི་གཡང་གཞུང་འདི་གཉིས་ལས་ཀྱང་ཁ་གསལ་ཅན་གྱི་གཡང་གཞུང་ཞིག་གི་གླུད་རྫས་བསགས་ནས་གླུད་རྫོང་ཚུལ་སྐོར་ཡིན།
《ཕྱ་ཚེ་གཡང་འབུམ་དཀར་པོའི་གཞུང》ལས། “ཀྱཻའ་དེ་རིང་སྲིད་པའི་གནམ་གང་ལ། བཀྲ་ཤིས་གཡང་གི་ར་བ་འདིར། གནོད་བྱེད་མི་ལ་འགོང་པོ་བསྭེ་རག་དང་། མོ་འདྲེ་ཐེལ་རང་ཆུ་སྲིན་རྣམས། གནས་འདིར་མ་འདུག་གཞན་དུ་དེང་། གལ་ཏེ་མི་འགྲོ་འདུག་གྱུར་ན། ང་ནི་སྟག་ལ་མེ་འབར་ཡིན། ཐུགས་རྗེས་བྱིན་རླབས་མཐུ་དཔུང་གིས། བསྒྲལ་ཏེ་ཐལ་བ་རྡུལ་དུ་བརླག་པར་བྱའོ། །དེ་བས་ཕྱྭ་ལ་མ་རྐུ་གཡང་ལ་མ་འཇབ་ཅིག མི་ལ་འགོང་པོ་སྤུན་དགུ་ཁྱོད། དེ་རིང་ཉི་མ་ཕྱིན་ཆད་ནས། ཕྱུགས་འགབ་ལ་མ་རྐུ་ཅིག སྐྱེས་པ་ཕོའི་སྲི་ལ་མ་རྐུ་ཅིག ཟ་མ་མོའི་མངལ་ལ་མ་འཁྲི་ཅིག བུད་མེད་ཀྱི་སྲི་ལ་མ་རྐུ་ཅིག བག་མའི་འགབ་འདྲེ་མ་བྱེད་ཅིག དཀར་གྱིས་དཀར་འགོང་མ་བྱེད་ཅིག བཞོ་ཟོའི་ཁ་ལ་མ་འཁྲི་ཅིག(ཞིག) བཤིག་རྐྱལ་ཁ་ལ་མ་འཁྲི་ཅིག(ཞིག) ལོ་ཐོག་འབྲུ་ལ་མ་རྐུ་ཅིག(ཞིག) ལྟ་བའི་མིག་འགོང་མ་བྱེད་ཅིག སྟེར་བའི་ལག་འགོང་མ་བྱེད་ཅིག ཟ་བའི་ཁ་འགོང་མ་བྱེད་ཅིག ཕོ་བའི་བཀྲེས་འགོང་མ་བྱེད་ཅིག ཁོག་པའི་སྙིང་འགོང་མ་བྱེད་ཅིག ཡོད་པར་མེད་པར་མ་གཏོང་ཅིག(ཞིག) བཀང་བ་སྟོང་པར་མ་བྱེད་ཅིག ཞིམ་པ་ཁ་བར་མ་བྱེད་ཅིག དེ་རིང་འགོང་པོ་སྤུན་དགུ་ཡས་ཀྱིས་བཀར། མི་ལ་སྤུན་དགུ་ཡས་ཀྱིས་བཀར། ཆུང་སྲི་སྤུན་དགུ་ཡས་ཀྱིས་བཀར། མོ་འདྲེ་སྤུན་དགུ་ཡས་ཀྱིས་བཀར། ཐེལ་རང་སྤུན་དགུ་ཡས་ཀྱིས་བཀར། གོད་འདྲེ་གོད་སྲི་སྤུན་དགུ་ཡས་ཀྱིས་བཀར། བསྭེ་རག་སྤུན་དགུ་ཡས་ཀྱིས་བཀར། བདག་དང་ཡོན་བདག་འཁོར་བཅས་ལ། མ་འགོང་བར་ཆད་མ་བྱེད་ཅིག འགོ་(འགོང) འདྲེ་སྤུན་དགུ་ཡས་ཀྱིས་བཀར། ཁྱོད་རྣམས་བཀར་ཏེ་ཡར་ལ་མ་འོང་ཅིག(ཞིག) མནན་ཏེ་ཡར་ལ་མ་འཕར་ཅིག ཟོ་བཤལ་དང་ནི་རྐྱལ་བཤལ་དང་། བཟོ་ཁ་རུལ་གྱིས་འགོང་པོ་བཀར། བཤིག་རྐྱལ་ཁ་རུལ་གྱིས་འགོང་པོ་བཀར། སྒ་རས་རྟན་རས་སྡང་རས་(སྒ་རལ་སྟན་རལ་གདང་རལ་)གསུམ་གྱིས་འགོང་པོ་བཀར། རྟ་ནོར་ལུག་གསུམ་ལ་འགོང་པོ་བཀར། འགོང་པོ་འགོང་སྲི་མར་ལ་བཀར། མཆིག་ཆགས་(ཆག)དང་ནི་ཁ་བཤལ་གྱིས། ཟ་ཁ་བཏུང་ཆུ་ལ་གནོད་པའི། འགོང་པོ་འགོང་འདྲེ་མར་ལ་བཀར། མཐུ་བ་ལྷམ་ཞབས་གོས་རྙིང་གིས། བུད་མེད་རྣམས་ཀྱི་རྨང་འདྲེ་བཀར། ཁྱི་སྤུ་ར་བལ་བརྩེ་བརྩེ་བའི། བུ་སྲིང་ཡུག་སའི་ཡུག་འདྲེ་བཀར། ཚ་སྒོག་རམ་རུག་གཡེར་མ་དང་། མི་ཁའི་ཡས་རྫས་སྣ་ཚོགས་འདིས། མི་ཁ་ངན་པ་མར་ལ་བཀར། ལྟ་བའི་མིག་འགོང་བྱེད་པ་མར་ལ་བཀར། འགོང་པོ་སྤུན་དགུ་མར་ལ་བཀར། མི་ལ་བསྭེ་རག་མར་ལ་བཀར། ཕོ་གདོན་རྒྱལ་པོ་མར་ལ་བཀར། མོ་གདོན་བསེན་མོ་མར་ལ་བཀར། ཆུ་(ཆུང)སྲི་མི་ལ་མར་ལ་བཀར། སྣ་འདྲེ་འགབ་ངན་མར་ལ་བཀར། གོད་འདྲེ་གོད་སྲི་མར་ལ་བཀར། ནོར་དང་ཟས་ལ་གནོད་པའི། འགོང་འདྲེ་ཐམས་ཅད་མར་ལ་བཀར། མུག་འདྲེ་གཉེན་ནོན་མར་ལ་བཀར། བྱེད་(བྱད)འདྲེ་ཁ་ཞུག་མར་ལ་བཀར། འཛིང་འདྲེ་སྙིང་རྐུན་མར་ལ་བཀར། ནལ་འདྲེ་སྤྱོད་ངན་མར་ལ་བཀར། རྨང་འདྲེ་ཆུང་སྲི་མར་ལ་བཀར། སྣ་འདྲེ་རྗེས་ངན་མར་ལ་བཀར། མནང་འདྲེ་ཨིག་རྩེར་མར་ལ་བཀར། འདྲེ་གདོན་ཐམས་ཅད་མར་ལ་བཀར། ནད་ཡམས་ཐམས་ཅད་མར་ལ་བཀར། བཀར་ནས་ཕྱ་གཡང་མ་རྐུ་ཅིག(ཞིག) ཉི་མ་དེ་རིང་ཕན་ཆད་ལ། བཀར་ཏེ་མ་འོངས་མ་འཁོར་ཅིག བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད།” 74ཅེས་པ་ལྟར་རོ། །
སྐབས་བབ་ཀྱི་དཔྱད་གཞི་གཞུང་གཉིས་ཀྱི་“ཕྱ་གླུད་”སྐོར་རྩོམ་འགྲོས་ཅུང་ཙམ་མི་འདྲ་ཡང་བརྗོད་གཞི་གཙོ་གནད་ནི་གཅིག་མཚུངས་སུ་གྱར། གླུད་བསྔོ་ཡུལ་ནི་ཕྱོགས་བཞིའི་གདོན་རིགས་ལ་སོགས་ཏེ། ཤར་དུ་ཆུད་དང་དྲི་ཟ། བྱང་དུ་བཙན་དང་གནོད་སྦྱིན། ནུབ་ཏུ་བདུད་དང་ཀླུ་དབང་། ལྷོ་རུ་དམུ་དང་གཤིན་རྗེའི་སྡེ་ཚོགས་རྣམས་ལ་ཕྱ་གླུད་ཡས་སྟགས་སྣ་འཛོམས་དང་གསེར་སྐྱེམས་འབུལ་ནས་ཕྱ་འགུག་པར་བར་ཆོད་གེགས་ཀྱི་ལས་ལ་མི་གཞུག་པའི་ཆོ་ག་སྤེལ་བའི་ཚུལ་ལོ། །དཔྱད་གཞི་གཞུང་གཉིས་ཀྱི་ཕྱ་གླུད་སྐོར་གལ་གནད་ཆེར་མ་མཐོང་བས་ཚིག་དུམ་འདིར་འདྲེན་པར་མ་འབད་དོ། །གོང་གསལ་གྱི་ཕྱག་དཔེ་《ཕྱ་ཚེ་གཡང་འབུམ་དཀར་པོའི་གཞུང》ལས་གསལ་བའི་འགོང་པོའི་སྤུན་དགུ་75ཞེས་པའི་བཀར་བྱའི་འགོང་པོའི་རིགས་རྣམས་ཚབ་མཚོན་གྱི་“ཕྱ་གླུད་”ཀྱི་བེམ་གཟུགས་ནི་རྣམ་པར་རྒྱལ་བའི་ཆོ་ག་སྤེལ་པའི་མགོ་འཇུག་གཉིས་ལ་སྤེལ་པའི་འགོང་པ་བཀར་བ་ཞེས་པའི་དཔེ་གཞུང་དེའི་ནང་དོན་གྱི་བརྗོད་བྱ་དང་གཅིག་མཚུངས་ཤིག་རེད་ལ། དེའི་འགོང་བཀར་གླུད་ཀྱི་གཟུགས་བརྙན་ནི་འདི་ལྟར་ཏེ་《རྣམ་པར་རྒྱལ་བའི་ཕྱྭ་ཚེ་གཡང་གི་བསྒྲུབ་པ》ལས། “ཀྱཻ་མི་ལ་བློ་རྐུན་རི་བོང་མགོ། མི་ལ་ཙཀྲ་བོང་བུའི་མཆུ། མི་ལ་བསེ་རག་བྱ་ཡི་མཆུ། མི་ལ་གོད་འདྲེ་གཅན་གཟན་གདོན། མི་ལ་ཁ་ངན་ཁྱི་ཡི་མགོ། མི་ལ་ཐེའུ་རང་ར་ཡི་མགོ། མི་ལ་བརྒྱན་ཁྱེར་བྱིས་པའི་གཟུགས། མི་ལ་ཟས་འཕྲོགས་བུད་མེད་ལུས། མི་ལ་ངུར་མོ་ཕག་གི་སྣ། མི་ལ་སྲིད་པའི་འདྲེ་དགུ་ཁྱོད། བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཕྱ་དང་གཡང་ལ་མ་རྐུ་ཞིག ཟས་ལ་ནོར་ལ་མ་འཇབ་ཅིག”76 ཅེས་པའི་ཡས་སྟགས་ཀྱི་འགོང་རྫས་སྣ་འཛོམས་དང་བཅས་གླུད་དེ་ཉིད་གཞི་གནས་ཡོན་བདག་དང་འབྲེལ་པའི་ཡུལ་མཁར་དང་། འཚོ་བའི་གནས་བབ་དང་བསྟུན་རྒྱུན་ལྡན་དགོས་མཁོ་ཆེ་བའི་སེམས་ཅན་དག་གི་ཡང་བཅུད་དམ་ཡང་སྙིང་གི་ཕྱ་གཡང་རློམ་པའི་འགོང་པོ་ལ་བསྔོ་བའི་བྱེད་སྒོ་ཞིག་རེད།
བཞི་པ། ཕྱའི་སྒོ་སྲུང་བ།
ཕྱའི་སྒོ་སྲུང་བ་ཞེས་པ་ནི། དཔྱད་གཞི་གཉིས་ཀའི་གཞུང་ལས་ཕྱ་གཡང་རྣམས་བཀུག་ནས་ནང་གི་དངོས་གྲུབ་ཕྱིར་མ་ཡལ་བ་དང་ཕྱིའི་བགེགས་ཚོགས་ནང་དུ་མི་ཡོང་བའི་བར་མཚམས་སྲུང་བའི་ཆོ་ག་བརྗོད་ནས་སྒོ་སྲུང་རྒྱལ་པོ་ལ་བཀའ་བསྒོ་ཕྲིན་ལས་བཅོལ་བ་ལའོ། །དེ་ལ་སྤྱིར་“མཚམས་བཅད་”ཅེས་བརྗོད། མཚམས་བཅད་ལའང་ཕྱི་མཚམས་དང་ནང་མཚམས་གསང་མཚམས་ཞེས་པ་དུ་མར་མཆིས་སོ། །
ལྔ་པ། ཕྱ་རྫས་རྣམས་བྱིན་དབབ་པ།
བྱིན་དབབ་ཅེས་པ་ནི། སྤྱིར་ཡུལ་ཁྱད་པར་ཅན་དཔེར་ན་བླ་མ་དང་ཡི་དམ་སོགས་ལ་ཞུ་གསོལ་གྱིས་ཐུགས་རྒྱུད་བསྐུལ་ཅིང་། དེ་དག་གིས་བྱིན་རླབས་སམ་མཐུ་སྟོབས་སོགས་གང་འདོད་ཇི་བཞིན་བྱིན་དབབ་བྱ་དེ་ལ་སྩོལ་ཅིང་སྟིམ་པར་བྱེད་པར་འདོད་པའི་ཆོ་གའི་བྱེད་སྒོ་ཞིག འདིར་ཕྱ་རྫས་བྱིན་དབབ་ཅེས་པ་དེ་གཡང་གི་རྫས་སྣ་ཚོགས་པ་དེར་གཡང་བདག་ལྷ་ཚོགས་ཀྱི་ནུས་མཐུ་གང་དག་གཡང་རྟེན་གྱི་རྫས་ཀུན་ལ་བསྟིམ་ནས་གཡང་རྫས་དེ་དག་སྔར་ལས་ནུས་པ་ཆེར་ཕྱིན་པའི་འདུ་ཤེས་བྱེད་པའི་ལྟ་བ་ཞིག་ལའོ། །
《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “དང་པོ་ཕྱ་ལ་རྒྱུ་རུ་བཙལ། བར་དུ་ཕྱ་ལ་རྟེན་དུ་བཙུགས། དོ་ནུབ་ཕྱ་སྒྲུབ་གཡང་དུ་སྒྲུབ། ནང་(ནངས)པར་ཕྱ་ལ་རྟགས་སུ་ཞུ། ཕྱ་རྫས་རྣམས་ལ་བྱིན་ཅིག་འབེབས། ཕྱ་གཞི་འདི་ལ་བྱིན་ཕོབ་ལ། འཛམ་བུ་གླིང་བཞི་ཙམ་དུ་བྱིན་ཕོབ་ལ། སྔོན་མོ་བཞིན་བཟང་ཙམ་དུ་བྱིན་ཅིག་ཕོབ། ཕྱ་འབྲང་འདི་ལ་བྱིན་ཕོབ་ལ། རི་རྒྱལ་ལྷུན་པོ་ཙམ་དུ་བྱིན་ཅིག་ཕོབ། ཕྱ་བུམ་འདི་ལ་བྱིན་ཕོབ་ལ། སྟོང་གསུམ་ཡོངས་ཀྱི་སྣོད་དུ་བྱིན་ཅིག་ཕོབ། ཕྱ་གུར་འདི་ལ་བྱིན་ཕོབ་ལ། དམུ་ཡད་འཁོར་མི་ཙམ་དུ་བྱིན་ཅིག་ཕོབ། མདར་(མདའ)དར་འདི་ལ་བྱིན་ཕོབ་ལ། འཇའ་ཚོན་སྣ་ལྔ་ཙམ་དུ་བྱིན་ཅིག་ཕོབ། ཕྱ་མར་འདི་ལ་བྱིན་ཕོབ་ལ། གངས་དཀར་ཏི་སེ་ཙམ་དུ་བྱིན་ཅིག་ཕོབ། ཕྱ་ཁེབས་འདི་ལ་བྱིན་ཕོབ་ལ། ལྷོ་སྤྲིན་སྨུག་མོ་ཙམ་དུ་བྱིན་ཕོབ་ལ། ཕྱ་ཤ་འདི་ལ་བྱིན་ཕོབ་ལ། ཁམས་གསུམ་བཅུད་བསྡུད་ཙམ་དུ་བྱིན་ཅིག་ཕོབ། ཕྱ་འཕང་འདི་ལ་བྱིན་ཕོབ་ལ། མུ་ལེ་དྲུམ་ཤིང་ཙམ་དུ་བྱིན་ཅིག་ཕོབ། ཕྱ་རྒྱེ་(སྒྱེའུ)འདི་ལ་བྱིན་ཕོབ་ལ། རིན་ཆེན་བང་མཛོད་ཙམ་དུ་བྱིན་ཅིག་ཕོབ། ཡོན་བདག་འདི་ལ་བྱིན་ཕོབ་ལ། ཨ་རྱ་(ཨརྱ)འཛམ་ལྷ་ཙམ་དུ་བྱིན་ཅིག་ཕོབ། ཕྱ་རྫས་རྣམས་ལ་བྱིན་ཅིག་ཕོབ། གཡང་རྫས་རྣམས་ལ་བྱིན་ཅིག་ཕོབ། ཕྱ་དེ་ཡང་མ་ཉམས་ཁུ་ཡེ་གསུངས། (གསང)” 77ཞེས་པས་སོ། །
དེ་ལྟར་ཡབ་བླ་བདལ་དྲུག་གཞུང་གི་བྱིན་འབེབ་ཀྱང་ཚིག་འགྲོས་ཅུང་ཙམ་མི་འདྲ་ཡང་བརྗོད་གཞི་གཅིག་ཏུ་གྱུར་པས་འདིར་འདྲེན་པར་མི་འབད་དོ། །
ལེའུ་ཚན་དྲུག་པ་ནས་བཅུ་གཉིས་བར། འདིའི་གཞུང་གཉིས་ལས་བརྗོད་པ་གདན་འབུལ། སྤྱན་དྲངས། བཞུགས་གསོལ། ཕྱག བཤགས་པ། མཆོད་འབུལ། རྣམས་ཆོག་གཞུང་གཞན་ལས་དམིགས་བསལ་མེད་པས་སྤྱི་འགྲོས་ལྟར་ཡིན་པས་འདིར་ཚིགས་དུམ་འདྲེན་པར་མི་འབད་དོ། །
བཅུ་གསུམ་པ། སྲིད་པ་ཕྱའི་གཞུང་གྱེར། གཤམ་དུ་བཀོད་པའི་དུམ་ཚན་ནི་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དུ་གསལ་བའི་གལ་འགངས་ཆེ་བའི་གནད་དོན་ཞིག་གི་སྐོར་ཡིན་ལ། མདོར་བསྡུས་ནས་ཅུང་ཙམ་སྨོས་ན་བསྐལ་པ་ཡ་ཐོག་གི་དུས་སུ། ཆགས་རིམ་གསུམ་གྱི་དབང་དུ་བྱས་ནས་བགོས་ཡོད། ཐོག་མར་སྣང་བ་འོད་ལྡན་དཀར་པོ་དང་མུན་པ་ཟེར་ལྡན་ནག་པོ་སྲིད་པ། བར་མར་སྲིད་པ་ཡབ་བླ་བདལ་དྲུག་སྲིད་པ། ཐ་མར་ཕྱི་སྣོད་རྒྱ་མཚོས་མེར་གྱིས་གང་ནས་དེ་ལས་ལྦུ་བ་ལྔར་སྲིད། ལྦུ་བ་དེ་སྒོང་དུ་དྲིལ་ཏེ་རིན་ཆེན་སྣ་ལྔ་སྲིད། རིན་ཆེན་སྣ་ལྔ་ལས་གྲུབ་པའི་ཕྱ་གཡང་གི་རྟེན་རྫས་སོགས་ཀྱི་སྐོར་ཇི་སྙེད་ཅིག་སྨོས་པས་འོག་གི་དོན་ཚན་དྲངས་པ་ལས་ངེས་སོ། །
《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ལས། “སྔོན་ཙམ་སྲིད་པའི་དང་པོ་ལ། སྣང་བ་འོད་ལྡན་དཀར་པོ་དང་། མུན་པ་ཟེར་ལྡན་ནག་པོ་ལ། (ལས) བསྐལ་པ་དེའི་འོག་རོལ་བར་མ་ལ། སྲིད་པ་ཡབ་བླ་བདལ་དྲུག་སྲིད། དེ་ནི་ཀུན་གྱི་རྒྱུ་ཡིན་ཏེ། དུས་དང་སྲིད་པ་དེའི་ཐ་མ་ལ། རྒྱ་མཚོ་མེར་བ་གཅིག་ཏུ་བསྲིད། (སྲིད) དུས་དང་བསྐལ་པ་དེ་ཙམ་ན། མཚོ་ལ་སྦུ་(ལྦུ)བ་ལྔ་རུ་བསྲིད། (སྲིད) སྦུ་(ལྦུ)བ་དེ་ལྔ་སྒོང་དུ་འདྲིལ། (དྲིལ) རིན་ཆེན་སྒོ་ང་དེ་ནི་ལྔ་རུ་བསྲིད། (སྲིད) གསེར་སྒོང་དུང་སྒོང་གཡུ་སྒོང་གསུམ། མཆོང་སྒོང་ཟངས་སྒོང་གཉིས་སྟེ་(ཏེ)ལྔ་རུ་བསྲིད། (སྲིད) དེ་ལྟར་སྲིད་པ་དུས་ཀ་དེ་ཙམ་ན། གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་གཡང་བོན་ཚུར་གསོན་དང་། རིན་ཆེན་གསེར་སྒོང་སེར་པོ་དེའི། ཕྱི་༼ཡི་༽ཤུན་དང་བར་གྱི་གདར། ནང་གི་སྲིད་ལ་(སྤྲི་ལས)ཅི་ཞིག་སྲིད། ཕྱ་བོན་མཁས་ན་བཤད་དུ་གསོལ། གཡང་བོན་མཁས་ན་བཀྲོལ་དུ་གསོལ། ཕྱ་བོན་གཡང་བོན་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། གསེར་སྒོང་ཕྱིའི་ཤུན་པ་ལ། (ལས) རིན་ཆེན་གསེར་མདུང་སེར་པོ་ལ། ངར་ཆེན་ཁྲོ་ཆུའི་རྩེ་མོ་ཅན་ཅིག་བསྲིད། འགུལ་(མགུལ)དུ་དབལ་དར་རུ་མཚོན་ཕྱར། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་མདུང་གསང་རིང་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་ཕྱ། ཕྱ་མདུང་གསང་རིང་ཞེས་དང་བགྱིས། ཕོ་བླ་སྒྲ་བླའི་རྟེན་དུ་བཞུགས། སྐྱེས་པ་ཕོའི་སྲོག་གི་རྟེན་ཕུར་ཡི། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གསེར་སྒོང་བར་གྱི་གདར་ཤ་ལ། (ལས) རིན་ཆེན་གསེར་གྱི་མདའ་མོ་ལ། རྒོད་དང་ཁྱུང་གི་སྒྲོ་ཡིས་བརྒྱན། མཚལ་དང་རམ་གྱིས་སྐད་(སྐེད)ལ་བྱུག གནམ་ལྕགས་འུར་མོའི་མདེའུ་བཙུག མགུལ་དུ་རྒྱ་དར་སྣ་ལྔ་བཏགས། དེ་ལ་མིང་དང་མཚན་གསོལ་བ། ཕྱྭ་མདའ་སྒྲོ་དཀར་དར་གྱི་ཕུར་(འཕུར)ལྕེ་ཅན། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་མདའ་སྒྲོ་དཀར་ཞེས་ཀྱང་བགྱིས། ཕོ་སྲོག་མདའ་ལ་རྟེན་(བརྟེན)པ་ལ། ཕོ་ལྷ་སྒྲ་བླའི་རྟེན་ཏུ་(དུ)འཛུག ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གསེར་སྒོང་ནང་གི་སྤྲི་ལ་ནི། རིན་ཆེན་གསེར་གྱི་ཕ་བོང་ལ། གཡུའི་དྲག་པ་ཅན་ཅིག་(ཞིག)སྲིད། དེ་ལ་མིང་དང་མཚན་གསོལ་བ། རྨ་རྡོ་ལག་པ་ཞེས་ཀྱང་བྱ། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། རིན་རྨ་རྡོ་ལག་པ་ཞེས་ཀྱང་བགྱིས། མིའི་ཚེ་སྲོག་དེ་ལ་བརྟེན། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། ཕྱ་ཕྱ་དོན་དུ་བཤད་ན་དེ་ལྟར་ལགས། གཡང་བྱ་ཚིག་ཏུ་བཀྲོལ་ན་དེ་ལྟར་ལགས། གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་གཡང་བོན་ཚུར་གསོན་དང་། རིན་ཆེན་དུང་སྒོང་དཀར་པོ་ཡི། ཕྱིའི་ཤུན་དང་བར་གྱི་གདར། ནང་གི་སྤྲི་ལ་ཅི་ཞིག་སྲིད། ཕྱྭ་བོན་མཁས་ན་བཤད་དུ་གསོལ། གཡང་བོན་མཁས་ན་བཀྲོལ་དུ་གསོལ། ཕྱྭ་བོན་གཡང་བོན་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། དུང་སྒོང་ཕྱིའི་ཤུན་ལྤགས་ལ། སྲིད་པའི་དུང་རྟ་དཀར་པོ་ལ། (ལས) གཡུ་ཡི་རྔ་རྔོག་ཅན་ཅིག་བསྲིད། (སྲིད) དར་ཚོན་སྣ་ལྔའི་བརྒྱན་གྱིས་སྤྲོས། (སྤྲས) དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་རྟ་ངང་དཀར་ལགས། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་རྟ་ངང་དཀར་ཞེས་ཀྱང་བགྱིས། རྟ་གཡང་འགུག་པའི་ཕྱ་ཞེས་བྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། དུང་སྒོང་བར་གྱི་གདར་ཤ་ལ། (ལས) སྲིད་པའི་དུང་ལུག་དཀར་པོ་ལ། ཤེལ་གྱི་ར་ཅོ་ཅན་ཅིག་སྲིད། སྤུ་ཐོག་མཚལ་གྱི་ཐིག་ལེ་རིས། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་དཔལ་དོམ་ངོ་དམར་ལེགས། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། དཔལ་དོམ་ངོ་དམར་ཞེས་ཀྱང་བགྱིས། ལུག་གཡང་འགུགས་པའི་ཕྱ་ཞེས་བགྱིས། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། དུང་སྒོང་ནང་གི་སྤྲི་ལ་ནི། སྲིད་པའི་དུང་ར་དཀར་མོ་ལ། (ལས) གནམ་ལྕགས་ར་ཅོ་ཅན་ཅིག་སྲིད། སྤུ་ཐོག་སུམ་བརྒྱ་དྲུག་ཅུ་ལ། ཕྱ་གསས་སུམ་བརྒྱ་དྲུག་ཅུ་གནས། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་ར་ཞལ་དཀར་ལགས། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཡེ་སྲིད་ཕྱ་ར་ཞལ་དཀར་ལགས། ཕྱ་ཕྱ་དོན་དུ་བཤད་ན་དེ་ལྟར་ལགས། གཡང་ཕྱ་ཚིགས་སུ་བཀྲོལ་ན་དེ་ལྟར་ལགས། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་མཁས་པ་ཚུར་གསོན་དང་། རིན་ཆེན་གཡུ་སྒོང་སྔོན་པོ་ཡི། ཕྱིའི་ཤུན་དང་བར་གྱི་གདར། ནང་གི་སྤྲི་ལ་(ལས)ཅི་ཞིག་སྲིད། ཕྱ་བོན་མཁས་ན་བཤད་དུ་གསོལ། གཡང་བོན་མཁས་ན་བཀྲོལ་དུ་གསོལ། ཕྱ་བོན་མཁས་པའི་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། གཡུ་སྒོང་ཕྱིའི་ཤུན་ལྤགས་ལ། སྲིད་པའི་གཡུ་འབྲི་སྔོན་མོ་ལ། ར་གཡས་གསེར་འོད་ཙེ་རེ་རེ། གཡོན་པ་གཡུ་འོད་ལམས་སེ་ལམས། (ལམ) དུང་གི་གཞུང་རྔ་ཅན་ཅིག་བསྲིད། (སྲིད) དེ་ལ་མིང་དང་མཚན་གསོལ་བ། ཕྱ་འབྲི་སྣམ་འཇམ་ཞེས་དང་(སུ)བྱ། གནག་གཡང་འགུགས་པའི་ཕྱ་ཞེས་བྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གཡུ་སྒོང་བར་གྱི་གདར་ཤ་ལ། མཐིང་མཛོ་གཡུ་ཡི་ར་ཅོ་ཅན། གཡས་པ་ཟླ་འོད་ཁྱིམས་སེ་ཁྱིམ། (ཆེམས་སེ་ཆེམ) གཡོན་པ་ཉི་འོད་ཙེ་རེ་རེ། དེ་ལ་མིང་དང་མཚན་གསོལ་བ། ཡེ་འབྱུང་སྐྱུགས་ཀྱི་མཛོ་མོ་རུ་ལྡེམ་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། སྐྱུགས་ཀྱི་མཛོ་མོ་རུ་ལྡེམ་ལགས། མཛོ་གཡང་འགུགས་པའི་ཕྱ་ཞེས་བྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གཡུ་སྒོང་ནང་གི་སྤྲི་མ་ལ། སྲིད་པའི་གཡུ་འཕང་སྔོན་མོ་ལ། ཡ་མཚན་གསེར་གྱི་འཕང་ལོ་ཅན། འགུལ་(མགུལ) དུ་གཡང་བལ་འདབ་ཅིག་བསྐྲིས། དེ་ལ་མིང་དང་མཚན་གསོལ་བ། སྲིད་པའི་དཔལ་འཕང་གསེར་ལོ་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། དཔལ་འཕང་གསེར་ལོ་ཞེས་ཀྱང་བྱ། སྨན་བཙུན་རྣམས་ཀྱི་སྐུ་བརྟེན་(རྟེན)ཡིན། ཕྱ་ཕྱ་དོན་དུ་བཤད་ན་དེ་ལྟར་ལགས། གཡང་ཕྱ་ཚིགས་སུ་བཀྲོལ་ན་བཤད་དུ་གསོལ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། ཡང་གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་གཡང་བོན་ཚུར་གསོན་དང་། རིན་ཆེན་མཆོང་སྒོང་སྨུག་པོ་ཡི། ཕྱིའི་ཤུན་དང་བར་གྱི་གདར། ནང་གི་སྲི་ལ་(སྤྲི་ལས)ཅི་ཞིག་སྲིད། ཕྱ་བོན་མཁས་པས་བཤད་དུ་གསོལ། གཡང་བོན་མཁས་པས་བཀྲོལ་དུ་གསོལ། ཕྱ་བོན་གཡང་བོན་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། མཆོང་སྒོང་ཕྱིའི་ཤུགས་ལྤགས་ལ། (ལས) མཆོང་གི་བ་མོ་སྨུག་མོ་ལ། གཡུའི་ར་ཅོ་ཅན་ཅིག་བསྲིད། (སྲིད) གསེར་གཞུང་དུང་གི་རྔ་མ་ཅན་ཅིག་སྲིད། དེ་ལ་མིང་དང་མཚན་གསོལ་བ། ཀུན་འབྱུང་འདོད་འཇོ་བ་མོ་ལགས། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཀུན་འབྱུང་འདོད་འཇོ་བ་མོ་ཞེས་ཀྱང་བགྱིས། བ་གཡང་འགུགས་པའི་༼ཕྱ༽ཞེས་ཀྱང་བྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། མཆོང་སྒོང་བར་གྱི་གདར་ཤ་ལ། (ལས) ཡེ་སྲིད་ཕྱ་གུར་གཡང་གུར་སྲིད། ཕྱི་ནས་ལྟས་(བལྟས)ན་རྒྱ་ཡང་འདྲ། ནང་ནས་བལྟས་ན་གུར་ཡང་འདྲ། དེ་ལ་མིང་དང་མཚན་གསོལ་བ། རྒྱ་འདྲ་གུར་འདྲ་སྒྲོག་མ་ལ། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་གུར་གཡང་གུར་ཞེས་ཀྱང་བྱ། ཕྱ་གསས་བཞུགས་པའི་སྐུ་བརྟེན་(རྟེན)ལེགས། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། མཆོང་སྒོང་ནང་གི་སྙིང་པོ་ལ། (ལས) རིན་ཆེན་མཆོང་གི་བུམ་པ་སྲིད། ཕྱི་ནི་རིན་ཆེན་ཕྱ་མ་བུམ། མགུལ་དུ་རྒྱ་དར་སྣ་ལྔ་བསྐྲིས། ནང་ན་བདུད་རྩི་བཅུད་ཀྱིས་བལྟམ། (བལྟམས) སྙིང་པོ་རྣམ་པ་ལྔ་ཡང་བླུགས། འབྲུ་ཡི་སྙིང་པོ་ཏིལ་ཡང་བླུགས། རྩི་ཐོག་སྙིང་པོ་མར་ཡང་བླུགས། ཤིང་ཏོག་སྙིང་པོ་བུ་རམ་བླུགས། མེ་ཏོག་སྙིང་པོ་སྦྲང་རྩི་བླུགས། ཆུའི་སྙིང་པོ་ལན་ཚྭ་བླུགས། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་བུམ་གཡང་བུམ་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་བུམ་གཡང་བུམ་ཞེས་ཀྱང་བྱ། མིའི་ཚེ་དང་ནོར་གྱི་གཡང་། ཟས་བཅུད་ཚེ་བཀྲགས་(བཀྲག)འགུགས་པས་ཕྱ་ཞེས་བྱ། ཕྱ་ཕྱ་དོན་དུ་བཤད་༼ན༽དེ་ལྟར་ལགས། གཡང་ཕྱ་ཚིགས་སུ་བཀྲོལ་དུ་གསོལ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། ཡང་གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་གཡང་བོན་ཚུར་གསོན་དང་། རིན་ཆེན་ཟངས་སྒོང་དམར་པོ་ཡི། ཕྱི་ཡི་ཤུན་དང་བར་གྱི་གདར། ནང་གི་སྤྲི་ལ་ཅི་ཞིག་སྲིད། ཕྱ་བོན་མཁས་པས་བཤད་དུ་གསོལ། གཡང་བོན་མཁས་པས་བཀྲོལ་དུ་གསོལ། ཕྱ་བོན་གཡང་བོན་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། ཟངས་སྒོང་ཕྱིའི་ཤུན་ལྤགས་ལ། ཡེ་སྲིད་ཕྱ་འབྲང་ཞལ་དཀར་ནི། རྩེ་ལ་ནོར་བུ་མེ་རི་འབར། ཉི་ཟླ་འབར་བའི་དཔུང་རྒྱན་ཅན། ཚེ་བྱ་དཀར་མོ་གླད་(ཀླད)ན་ལྡིང་། རྩེ་མོ་གངས་དཀར་བརྩེགས་པ་འདྲ། སྐད་(སྐེད)པ་བརྒྱ་བྱིན་ཁང་བཟང་འདྲ། རྩ་བ་འཛམ་བུའི་(བུ)གླིང་བཞི་འདྲ། ཚེ་རིལ་བཅུད་ལྡན་མཐའ་ནས་བསྐོར། དེ་ལ་བུ་རམ་ཐིག་གིས་རྒྱན། (བརྒྱན) དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་བུམ་གཡང་བུམ་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་འབྲང་ཞལ་དཀར་ཞེས་ཀྱང་བྱ། མི་ཚེ་ནོར་གཡང་འགུགས་པའི་ཕྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། ཟངས་སྒོང་བར་གྱི་གདར་ཤ་ལ། གཡུ་ལྗང་སྔོན་པོ་དྲུང་ཅིག་(ཞིག)སྲིད། དེ་ལ་(ལས)ལོ་ཐོག་འབྲས་བུ་འཁྲུངས། འབྲས་དཀར་དེ་ནི་ས་ལེ་དང་། དཀར་མོ་དེ་ནི་བཞིན་བཟང་ངང་། སྔོན་མོ་དེ་ནི་གཞུང་རིང་དང་། སྨུག་མོ་ཉ་རྒྱབ་བཞི་ཡང་འཁྲུངས། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་བུམ་གཡང་བུམ་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་ནས་གཡང་ནས་ཞེས་ཀྱང་བགྱིས། སྔོན་མོ་འབྲུ་གཡང་འགུགས་པའི་ཕྱ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། ཟངས་སྒོང་ནང་གི་སྙིང་པོ་ལ། (ལས) གསེར་བསྐྱེམས་(སྐྱེམས)ཡེ་འབྱུང་བྲུམ་ཅིག་(ཞིག)སྲིད། གསེར་འོད་སེར་པོ་ཆི་ལི་ལི། བཅུད་དུ་བདུད་རྩི་ཏ་ལ་ལ། དེ་ལ་མིང་དང་མཚན་གསོལ་བ། ཡེ་སྲིད་ཕྱ་ཆང་གཡང་ཆང་ཟེར། སྔོན་ཙམ་སྲིད་པ་ཡབ་བླ་བདལ་དྲུག་ཕྱྭ། དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི། ཕྱ་ཆང་གཡང་ཆང་ཞེས་ཀྱང་བྱ། ཚེ་བཀྲགས་(བཀྲག)བཅུད་དུ་འགུགས་པའི་ཕྱ། ཕྱ་ཕྱ་དོན་དུ་བཅུད་ན་དེ་ལྟར་བཤད། གཡང་ཕྱ་ཚིགས་སུ་བཀྲོལ་ན་བཤད་དུ་གསོལ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསང་། གཏོ་གཤེན་འབྲང་དཀར་ཞལ་ན་རེ། ཕྱ་བོན་གཡང་བོན་ཚུར་གསོན་དང་། མི་ཕྱ་དང་པོ་གང་ནས་འགུགས། རྟ་ཕྱ་དང་པོ་གང་ནས་འགུགས། གནག་ཕྱ་དང་པོ་གང་ནས་འགུགས། ལུག་ཕྱ་དང་པོ་གང་ནས་འགུགས། ར་ཕྱ་དང་པོ་གང་ནས་འགུགས། མཛོ་ཕྱ་དང་པོ་གང་ནས་འགུགས། བ་ཕྱ་དང་པོ་གང་ནས་འགུགས། འབྲུ་ཕྱ་དང་པོ་གང་ནས་འགུགས། སྟིམ་(བསྟིམ)པ་གང་དང་གང་དུ་སྟིམ། (བསྟིམ) ཕྱ་བོན་མཁས་ན་བཤད་དུ་གསོལ། གཡང་བོན་མཁས་ན་བཀྲོལ་དུ་གསོལ།” 78ཞེས་པས་སོ། །
བཅུ་བཞི་པ། ཕྱ་ལྷའི་སྐུ་བསྟོད། སྤྱིར་སྐུ་བསྟོད་ཅེས་པ་ནི། གང་ཉིད་ཀྱི་སྐུའི་ཆ་ཤས་ལྡན་པའི་ཁྱད་ཆོས་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་ཕྱོགས་གང་ཐད་ལའང་ངོ་སོ་དང་ཆེ་བ་མཚོན་པར་བརྗོད་པ་ཞིག་རེད། འདིར་ཕྱ་གཡང་གི་ལྷའི་སྐུ་བསྟོད་ནི་གཡང་གི་ལྷ་རྣམས་ཀྱི་ཁྱད་ཆོས་ཡོད་ཚད་སྐོར་བཤད་པའི་གནད་དོན་སྐོར་རེད།
བཅུ་བཞི་པ། ཕྱ་གཞི་དང་ཕྱ་རྟེན་གྱི་ཡོན་ཏན་བརྗོད་པ།《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག》ནང་དུ་འདིའི་སྐོར་དམིགས་བསལ་གླེང་མི་འདུག དེའི་སྐོར་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དུ་ཧ་ཅང་ཟབ་རྒྱས་འདུག ནང་དོན་ཐད་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྟེན་ཕྱ་གཞི་དང་བརྟེན་པ་ཕྱའི་ཁྱད་ཆོས་སྐོར་འགྲེལ་བརྗོད་ཇི་སྙེད་ཅིག་གནང་འདུག དེའི་སྐོར་ཧ་ཅང་མང་བས་འདིར་འགོད་པར་འབད་བརྩོན་བགྱིས་མེད། ངེས་འདོད་མཁན་དག་དེར་གཟིགས་གསལ།
བཅོ་ལྔ་པ། ཕྱའམ་ལྷ་གཡང་འགུགས་པ། གཞུང་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས་དགུག་བྱའི་ཕྱ་ལ་རིགས་ཇི་སྙེད་ཅིག་ཕྱེས་ཡོད་པས་ཕྱ་འགུགས་པ་དང་། རིན་པོ་ཆེའི་ལྷ་གཡང་འགུགས་པ། གསས་རྗེ་རིགས་ལྔའི་ཕྱ་འགུགས་ཚུལ་སོགས་བཤད་ཡོད་ཀྱང་། གཤམ་དུ་རིན་པོ་ཆེའི་ལྷ་གཡང་འགུགས་པ་ཞེས་པའི་དོན་ཚན་སྐོར་འདྲེན་པར་འདོད།
《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “ཡབ་གཅིག་སྲིད་བྲག་རྩེ་མཐོ་དང་། ཡུམ་ནི་སྲིད་མཚོ་འཕྲུལ་མོ་ཆེ། དེ་གཉིས་ཐུགས་ཀྱི་སྤྲུལ་བ་ལས། སྲིད་པའི་སྒོང་ང་བརྒྱད་དུ་བྱུང་། དུང་སྒོང་དཀར་པོ་བརྡོལ་པ་ལས། དུང་གི་མི་ཕོ་དཀར་པོ་ཅིག ཕྱག་ན་གསེར་སྲབ་གཡུ་མཐུར་བསྣམས། མཚན་ནི་རྟ་ལྷ་འཕན་པོ་བྱ། རྟ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། ཤེལ་སྒོང་མཚེར་བའི་མི་ཕོ་ཅིག ཕྱག་ན་དུང་གི་གདང་ཐག་བསྣམས། མཚན་ནི་གཡག་ལ་འགྱིང་བ་བྱ། གནག་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། གཡུ་སྒོང་སྔོན་པོ་བརྡོལ་པ་ལས། གཡུའི་བུ་མེད་སྔོན་མོ་ཞིག ཕྱག་ན་གསེར་གྱི་ཟོ་བ་བསྣམས། མཚན་ནི་འབྲི་ལྷ་ཤམ་པོ་བྱ། འབྲི་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་རྟེན་ལ་བཞུགས། མཆོང་སྒོང་སྨུག་པོ་བརྡོལ་པ་ལས། མཆོང་གི་མི་ཕོ་གསེར་འོད་འཕྲོ། ཕྱག་ན་ཤེལ་གྱི་སྟར་ཐག་བསྣམས། མཚན་ནི་ལུག་ལྷ་མཁར་བུ་བྱ། ལུག་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་རྟེན་ལ་བཞུགས། ལྕགས་སྒོང་སྔོན་པོ་བརྡོལ་པ་ལས། ལྕགས་ཀྱི་མི་ཕོ་སྔོན་པོ་ཞིག ཕྱག་ན་དུང་གི་ཟོ་བ་བསྣམས། མཚན་ནི་བ་ལྷ་སྒྲུམ་མོ་བྱ། བ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་རྟེན་ལ་བཞུགས། མཐིང་སྒོང་སྔོན་པོ་བརྡོལ་པ་ལས། མཐིང་གི་མི་ཕོ་སྔོན་པོ་ཞིག ཕྱག་ན་གཡུ་ཡི་ཟོ་བ་བསྣམས། མཚན་ནི་ར་ལྷ་ཚེད་མོ་བྱ། ར་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་རྟེན་ལ་བཞུགས། ཟངས་སྒོང་དམར་པོ་བརྡོལ་པ་ལས། འཇའ་ཚོན་སྣ་ལྔའི་མི་ཕོ་ཞིག ཕྱག་ན་བང་ང་མིག་དགུ་བསྣམས། མཚན་ནི་ཁམས་གསུམ་བཅུད་བསྡུད་བྱ། འབྲུ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་རྟེན་ལ་བཞུགས། རིན་ཆེན་སྒོང་ང་བརྡོལ་པ་ལས། རིན་པོ་ཆེའི་མི་ཕོ་ཞིག ཕྱག་ན་རིན་ཆེན་གཏེར་མཛོད་བསྣམས། མཚན་ནི་གཡང་བདག་འཛམ་ལྷ་བྱ། སྲིད་གསུམ་འབྱུང་བའི་བཅུད་མདངས་བསྡུད། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། དང་པོ་ཕྱའི་རྒྱུ་རུ་བཙལ། བར་དུ་ཕྱའི་རྟེན་དུ་བཙུགས། དོ་ནུབ་ཕྱ་སྒྲུབ་གཡང་དུ་སྒྲུབ། ནངས་པར་ཕྱའི་རྟགས་སུ་ཞུ། ཕྱ་དེ་ཡང་མ་འཕང་ཁུ་ཡེ་གསུངས། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསུངས།” 79ཞེས་པ་ལྟར་རོ། །
བཅུ་དྲུག་པ། ཕྱ་བསྐོར་བྱེད་པ། སྒྲུབ་གཤེན་པ་དག་གིས་གཡང་འགུགས་ཀྱི་གཙོ་གཏོར་དང་གཡང་རྫས་བུམ་སྒྲུབ། མདའ་དར་80འབྲུ་རིགས་དག་མཆོད་ཡོན་གྱི་ལག་ཏུ་སྤྲོད་དེ་ཕྱ་གཡང་འགུགས་པའི་ཡོན་བདག་གམ་གྲོང་མི་བགྲེས་སོང་སྐྱེས་པ་ཞིག་གིས་ལག་གཡོན་པས་ཕྱ་མདའ་སྒྲོ་དཀར་ཞིག་བསྣམས། གཡས་པས་འབྲུ་རིགས་གཏོར་ཞིང་། སྒྲུབ་གཤེན་གྱིས་གཡང་འགུག་གི་ཆོ་གའི་དཔེ་གཞུང་རྣམས་གྱེར་ནས། ཡོན་མཆོད་གཉིས་ཀ་མཉམ་དུ་མཁར་ཁང་དང་ནོར་ལུག་སོགས་ཀྱི་ལྷས་ར་བཅས་ལ་གཡང་བསྐོར་འགྲོ་ཞིང་། མཐར་ཕྱི་སྒོ་ནས་ཁ་ནང་དུ་འཁོར་ཏེ་སྒྲུབ་གཤེན་དང་ཡོན་བདག་ཀུན་གྱིས་“ཕྱ་ཁུག་” “གཡང་ཁུག་”ཅེས་པའི་ཁ་གཡང་སྣ་ཚོགས་འབོད་སྲོལ་ཡོད་པའོ། །
《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ལས། “ཕྱ་ཁུ་ཡེ། གཡུང་དྲུང་ཕྱ་སྐོར་ཀོར་རོ་རོ། གཡུང་དྲུང་གཡས་སྐོར་ཀྱིལ་ལི་ལི། གཡུང་དྲུང་ཕྱ་སྐོར་དང་པོ་ལ། མདའ་དར་འདི་ལ་རྟེན་བྱས་པའི། གཙང་ལ་དག་པའི་ལྷ་གཡང་འགུགས། གཡུང་དྲུང་ཕྱ་སྐོར་འོག་མ་ལ། ཁང་པ་འདི་ལ་རྟེན་བྱས་པའི། འཕན་ལ་དར་པའི་ཕྱ་ཅིག་འགུགས། གཡུང་དྲུང་ཕྱ་སྐོར་གསུམ་པ་ལ། སུམ་ཚན་སྒྲོག་ལ་རྟེན་བྱས་པའི། འདོ་ཆེན་རྟའི་ཕྱ་ཅིག་འགུགས། རྡང་ཐག་འདི་ལ་རྟེན་བྱས་པའི། ལྡོང་རོ་གནག་གི་ཕྱ་ཅིག་འགུགས། སྟར་ཐག་འདི་ལ་རྟེན་བྱས་པའི། ཅོ་རོ་ལུག་གི་ཕྱ་ཅིག་འགུགས། བཞོན་ཟོ་འདི་ལ་རྟེན་བྱས་པའི། ཚེ་ཚེ་རའི་ཕྱ་ཅིག་འགུགས། སྒྱིད་ཐག་འདི་ལ་རྟེན་བྱས་པའི། འབྲི་མོ་བའི་ཕྱ་ཅིག་འགུགས། ཕྱ་ནས་འདི་ལ་རྟེན་བྱས་པའི། སྔོན་མོ་ནས་ཀྱི་ཕྱ་ཅིག་འགུགས། ཕྱ་ཆང་འདི་ལ་རྟེན་བྱས་པའི། བདུད་རྩི་ཟས་ཀྱི་ཕྱ་ཅིག་འགུགས། དཔྱིད་ཟླ་གསུམ་ལ་ཕྱ་འགུགས་པ། ཕྱ་མོ་ཙོ་ཤིང་གི་ཁ་ལ་གནས། ཤིང་ཐོག་སྙིང་པོ་ཡལ་ག་རྒྱས། ཤིང་གི་སྙིང་པོ་བུ་རམ་ལགས། སྙིང་པོ་བུ་རམ་ལ་རྟེན་ཕྱ་ཅིག་འགུགས། དབྱར་ཟླ་གསུམ་ལ་ཕྱ་ཅིག་འགུགས། ཕྱ་མོ་ཙོ་རྩི་ཐོག་ཁ་ལ་གནས། རྩི་ཐོག་རྒྱལ་མོ་སྐྱེད་བྱེད་མ། རྩི་ཐོག་སྙིང་པོ་མར་ཡིན་པས། སྙིང་པོ་མར་ལ་རྟེན་ནས་ཕྱ་ཅིག་འགུགས། སྟོན་ཟླ་གསུམ་ལ་ཕྱ་ཅིག་འགུགས། ཕྱ་མོ་ཙོ་འབྲུ་བཅུད་ཁ་ལ་གནས། འབྲུ་བཅུད་རྒྱལ་མོ་སྨིན་བྱེད་མ། འབྲུའི་སྙིང་པོ་ཏོལ་ཡིན་པས། སྙིང་པོ་ཏིལ་ལ་རྟེན་ནས་ཕྱ་ཅིག་འགུགས། རྒུན་ཟླ་གསུམ་ལ་ཕྱ་འགུགས་མ། ཕྱ་མོ་ཙོ་ཆུ་བོའི་གཞུང་ལ་གནས། ཆུའི་རྒྱལ་མོ་གསོ་བྱེད་མ། ཆུའི་སྙིང་པོ་ལན་ཚྭ་ཡིན། སྙིང་པོ་ལན་ཚྭ་ལ་རྟེན་ཕྱ་ཅིག་འགུགས། ནམ་མཁའི་སྙིང་པོ་གཡུ་ཡིན་པས། སྙིང་པོ་གཡུ་ལ་རྟེན་ནས་ཕྱ་ཅིག་འགུགས། སའི་སྙིང་པོ་གསེར་ཡིན་པས། སྙིང་པོ་གསེར་ལ་རྟེན་ནས་ཕྱ་ཅིག་འགུགས།” 81ཞེས་པ་ལྟར། 《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》ལས་ཀྱང་ཕྱ་བསྐོར་གྱི་རྣམ་པར་དེ་གོང་དུ་གསལ་པའི་དུམ་ཚན་དག་དང་ཚིག་བཤད་རྒྱས་བསྡུས་ཙམ་ལས་གཅིག་ལས་གཅིག་མཆེད་ཀྱི་རྣམ་པ་མངོན་གསལ་རེད།
བཅུ་བདུན་པ། ཕྱའི་གསང་སྒོ་དབྱེ་ནས་སྨོན་ལམ་བཏབ་པ། དེ་ནས་ཕྱ་བསྐོར་གྲུབ་རྗེས་ནང་དུ་སླེབས་ཏེ་བུམ་སྒྲུབ་དང་གཡང་རྟེན་སོགས་ཡོན་བདག་གི་ཕྱག་ན་བཟུང་སྟེ་སྒོ་ཁར་གསོལ་བ་སྨོན་ལམ་འདེབས་པ་དང་དེ་ནས་མཛོད་ཁང་ངམ་གཡང་ཁང་གི་ནང་དུ་ཕྱིན་ནས་གཡང་རྟེན་དང་གཡང་རྫས་གཡང་གཏོར་རྣམས་དེར་འཇོག་ཅིང་། བོན་གཤེན་རྣམས་ཀྱིས་བཀྲ་ཤིས་རྒྱས་འདེབས་ལེའུ་གསོལ་བའི་ཆོ་ག་བཅས་ཀྱིས་མཐར་གྲུབ་པར་བྱེད་པ་ཡིན་ནོ། །
མཇུག་གི་སྤྱི་བསྡོམས།
ད་ལན་ངས་ཞིབ་འཇུག་བྱ་ཡུལ་གྱི་ཕྱ་དཔེ་《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དང་《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཅེས་པའི་བོན་ཕྱོགས་ནས་གཡང་འགུགས་ཀྱི་དཔེ་རྙིང་གཉིས་ཀྱི་སྐོར་ཞིབ་བསྡུར་རོབ་ཙམ་བྱེད་ཁུལ་བྱས། གོང་དུ་དེ་གཉིས་ཀྱི་ནང་དུ་གནད་དོན་ཆེ་ཁག་རྣམས་མ་ཕྱི་ལྟར་འདི་ཀློག་པ་པོ་ཀུན་ཀྱི་སྤྱན་ལམ་དུ་བསྟར་ཡོད། ཁོ་བོས་ལྟར་ན། དཔེ་ཆ་འདི་གཉིས་ནི་གཏམ་རྒྱུད་ཀྱི་སྐོར་ནས་སྒྲིག་གཞི་གཅིག་ལས་གྲུབ་པའི་ཚིག་ཚོགས་མང་ཉུང་ཙམ་མ་གཏོགས་གཞི་གཅིག་ལས་གཅིག་མཆེད་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་ཤུགས་ཀྱིས་རྟོགས་ནུས་སོ། །། །
དཔྱད་མཆན།
[1]《བོན་ཆོས་ཀྱི་རྣམ་པར་དབྱེ་བ་མདོར་བསྡུས》ནི་《མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག མི་རིགས་དཔེ་སྐྲུན་ཁང་། 2009ལོར། ཤོག་ངོས་212-213ལས། “སྲིད་པ་རྒྱུད་ཀྱི་བོན་ཞེས་པ་ལྷ་རབས་སྣང་བ་འོད་ལྡན་དང་མི་རབས་ཡེ་སྨོན་རྒྱལ་པོའི་རིང་ནས་བཟུང་ཡེ་མཁྱེན་སྨོན་མི་དབུ་གར་སོགས་ཀྱིས་ལྷ་མཆོད་པ་དང་འདྲེ་བཀར་བ་སོགས་བསྟན་པས་མཚོན་གཏོ་ཐབས་དང་། ཐུན་མོང་རིག་གནས་ཀྱི་སྐོར་མཐའ་ཡས་པ་བསྟན་པ་རྣམས་དང་། རྒྱ་ནག་གི་ཡུལ་དུ་ལྷ་དར་མིའི་སྟོན་པ་ལ་ལོའུ་ཀྱུན་གྱིས་བསྟན་པའི་དོའུ་སིའི་ལུགས་དང་། བཞུ་སྟོན་ཁུང་ཧྥུའུ་ཙིས་བསྟན་པའི་ཤེའུའམ་གྱིམ་ཤང་གི་ལུགས་སོགས་ཀྱང་དེའི་ཕྱོགས་སུ་གཏོགས་པ་དང་།”ཞེས་པ་ལྟར་རོ། །
2《མདོ་གཟེར་མིག》གཏེར་སྟོན་པ། དྲང་རྗེ་བཙུན་པ་གསེར་མིག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཤོག་ངོས་413ལས་གསལ།
3《མདོ་དྲི་མེད་གཟི་བརྗིད》སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2016ལོར། དེབ་གཟུགས་ཤོག་ངོས་292 ལས་གསལ།
4《བོན་ཆོས་ཀྱི་རྣམ་པར་དབྱེ་བ་སོ་སོར་སྨོས་པ་ནོར་བུ་ཀེ་ཏ་ཀའི་ཕྲེང་མཛེས》ནི་《མ་ཧྰ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག མི་རིགས་དཔེ་སྐྲུན་ཁང་། 2009ལོར། ཤོག་ངོས་186-187ལས། “རྣམ་མཁྱེན་སྟོན་པ་མ་བྱོན་པའི་གོང་ནས་འཇིག་རྟེན་ན་ལྷ་དང་མིའི་དྲང་སྲོང་དང་ཡེ་མཁྱེན་གཤེན་ཕྲན་དག་གིས་བསྟན་པའི་སྲིད་པ་རྒྱུད་ཀྱི་བོན་དང་།་འཇིག་རྟེན་གྱི་རིག་བྱེད་དེ་དག་དྲང་སྲོང་གཤེན་པོ་རྣམས་ཀྱིས་འཇིག་རྟེན་བདེ་བའི་ཆེད་དུ་བསྟན་པས་སྟོན་པ་གཤེན་རབ་མ་བྱོན་པའི་གོང་ནས་ཀྱང་དར་ལ། མ་འོངས་པར་སྟོན་པའི་བོན་རྣམས་ནུབ་ཀྱང་འཇིག་རྟེན་གྱི་བོན་འདི་དག་ནི་སྲིད་པའི་རབས་མ་སྟོང་གི་བར་ནུབ་པའི་དུས་མེད་པར་ཤེས་དགོས་སོ། །” ཞེས་པ་ལྟར་རོ། །
5མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo) དེབ་ཀྱི་དབུའི་གླེང་བརྗོད་(INTRODUCTION) ཤོག་ངོས་viiལས། “It was in 2000 when I made a short visit to sMan-ri Monastery in Dolanji, Himachal Pradesh, India, that Lopon ’Phrin-Ias nyi-ma, the head teacher of the monastery, kindly showed me several manuscripts of his own collection which hethought would interest me. He was right. These manuscripts were of particular inter-est in that they were in good condi tion, mostly complete, and have never been pub-lished before. Iimmediately realized that the ritual texts the manuscript s contained were of ancient origin and that Ihad seen them nowhere else.
Among the manuscripts I have chosen two (Texts 1and 2in the present volume)to have xerox copies of them made To my knowledge these ritual texts are extantonly in this monastery and the manuscripts are unique copies of the texts.” ཞེས་པ་ལྟར་རོ། །
6དཔེར་ན། 《ཁོད་པོ་བསྐལ་བཟང》དང་《དྲུང་མུ་བསྐལ་བཟང》ལྟ་བུའོ། །
7དཔེར་ན། 《ཁྲི་རྗེ་ལུང་བསྟན་གྱི་མདོ》ལྟ་བུའོ། །
8དཔེར་ན། 《ཁམས་ཆེན་སྟོང་ཕྲག་བརྒྱ་པ》དང་《ལམ་རིམ་སུམ་བརྒྱ་པ》ལྟ་བུའོ། །
9《བྱམས་མ་ལེའུ་བཅུ་པ》དང་《སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན》དང་《རྩ་རྒྱུད་ཉི་ཟེར་སྒྲོན་མ》བཅས་ལས།
10ཀོང་པོར་ཡོད་པའི་བྲག་རྐོས་ཀྱི་བཀའ་གཙིགས་གཅིག 《གཡུང་དྲུང་འཛིན་དུ་ཡོད་པའི་བཙན་པོའི་བཀའ་གཙིགས》2003ལོར། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་དུས་དེབ་《ཞང་ཞུང་རིག་གནས》སྤྱིའི་དེབ་འཕྲེང་(2)ཤོག་ངོས་112ལས། “ཐོག་མ་ཡབླ་བདག་གྀ་སྲས། ཉ་ཁྲི་བརྩན་པོ་མི་ཡུལ་གྱི་རྗེ། ལྷ་རི་གྱང་དོར་གཤེགས་པ་ཚུན་ཆད།”ཅེས་པ་ལྟར་རོ། །
11ཏུན་ཧོང་ཤོག་དྲིལ་PT1286གི་ཐིག་ཕྲེང་ཨང་0030ནས་0032བར་ལས། “ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲྀའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་ཁྲི་བཙན་པོའ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །”ཞེས་པ་ལྟར་རོ། །
12《སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཤོག་ངོས་77ལས་གསལ།
13《ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན》ནི་《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་ཕྱོགས་བསྒྲིགས》ཞེས་པའི་ནང་དུ་བཀོད་འདུག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོར། དེབ་གཟུགས་ཤོག་ངོས་16ལས་གསལ།
14ཏུན་ཧོང་ཤོག་དྲིལ་PT1286ལས་གསལ།
15《སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན》ནི་མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo) ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག ཤོག་ངོས་152ལས། “སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་སྟེ། ཡབ་ལྷ་བདལ་དྲུག”ཅེས་པ་ལྟར་རོ། །
16གོང་མཚུངས། 《གཡུང་དྲུང་འཛིན་དུ་ཡོད་པའི་བཙན་པོའི་བཀའ་གཙིགས》ཤོག་ངོས་112ལས། “ཕྱྭ་ཡབླ་བདག་དྲུག་གྀ་སྲས། ’’ཞེས་པ་ལྟར་རོ། །
17《གནག་རབས》ནི་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས་ཤོག་ངོས་14ལས། “གནམ་གྱི་ཡ་བླ་རྒུང་གྱི་ཡ་སྟེངས་ན། རྗེ་ཡབ་བླ་བདལ་དྲུག་ལ།”ཞེས་པ་ལྟར་རོ། །
18《ལྡེའུ་ཆོས་འབྱུང》ངམ་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》མཛད་པ་པོ། མཁས་པ་ལྡེའུ་ཇོ་སྲས། བོད་ཀྱི་དཔེ་མཛོད་ཁང་། ཤོག་ངོས་225ལས། “སྲིད་པའི་ལྷ་རབས་མཆེད་བཞི་འཁྲུངས་ཏེ། ཡབ་ལྷ་བརྡལ་དྲུག”ཅེས་པ་ལྟར་རོ། །
19《དབུ་ནག་མིའུ་འདྲ་ཆགས》 མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo)ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག ཤོག་ངོས་99ལས། “ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་དེས།”ཞེས་པ་ལྟར་རོ། །
《མཛོད་སྒྲ་འགྲེལ》 ལམ་《བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། དཔེ་རྙིང་བྲིས་མ། ཤོག་ངོས་20ལས། “ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་ཅེས་ཀྱང་བྱ་བ་དེའི་རྗོང་སྲོག་མཁར།”ཞེས་པ་ལྟར་རོ། །
20《སྲིད་པ་རྒྱུད་ཀྱི་ཁ་བྱང》གཏེར་སྟོན། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐུན་ཁང་། 2011ལོར། དེབ་གཟུགས་ཤོག་ངོས་41 ལས། “དེ་ནས་སྟག་ཆ་འཚམས་ཟ་བཤོས་པའི་སྲས། ཕྱྭ་རྗེ་ཡབ་བླ་བདལ་དྲུག་ཡིན།”ཞེས་པ་ལྟར་རོ། །
21གོང་མཚུངས། 《གནག་རབས》ཤོག་ངོས་15ལས། “རྗེ་ཡབ་བླ་བདལ་ཕྲུག་ནྀ། བདུད་ལག་ནས་བླུས་སོ། །”ཞེས་པ་ལྟར་རོ། །
22《བཀའ་ཐང་སྡེ་ལྔ》མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་113ལས། “ཚངས་པ་ཕྱག་ནས་གནམ་ལྷ་ཐན་དགུར་བརྒྱུད། གནམ་ཐན་སྤྲིན་ཐན་ཆར་ཐན་དགུར་བྱོན། རྟགས་ཆགས་ཝལ་ཝོལ་སྲས་པོ་མཆོད་བཞི་ལ། རྗེ་གཅིག་ཡབ་ལ་བརྡལ་དྲུག་བྱ་བ་བྱོན།”ཞེས་པ་ལྟར་རོ། །
23གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་35ལས་གསལ།
24གོང་མཚུངས། 《མཛོད་སྒྲ་འགྲེལ》ཤོག་ངོས་25ལས་གསལ།
25གོང་མཚུངས། 《མཛོད་ལྷ་འགྲེལ》མཛད་པ་པོ། གསལ་རབ་ལྷ་ཡི་སྲས་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོར། དེབ་གཟུགས་སྟོད་ཆ། ཤོག་ངོས་18ལས་གསལ།
26གོང་མཚུངས། 《ཡི་གེ་ལྷ་གྱེས་ཅན》ཤོག་ངོས་153ལས། “གཅེན་ཡབ་ལྷ་བདལ་དྲུག་དེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད། མཐོ་ལ་ཡོགས་ཀྱི་མངའ་བདག དམའ་བྱིངས་ཀྱི་རྒྱན་རྐྱེན། ཟ་མ་ཕུད་ཀྱི་མངའ་བདག་གོ།” ཞེས་པ་ལྟར་རོ། །
27《གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》སྟོན་པ་གཤེན་རབ་ཀྱི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཤོག་ངོས་30ལས། “རི་ཡི་རྒྱལ་པོའི་དབུས་སྟེང་ན། ཚལ་བཞི་མདུན་ས་ཁོར་ཡུལ་རྒྱས། ལྷ་ཡི་སྲོག་མཁར་གཡུ་རྩེ་སྟེ། ཁྱིམ་པ་༼ཁྱམས་དང་༽ཁོར་ཡུག་བཅས་པ་ན། ལྷ་ཡི་ཡ་བླ་བདལ་དྲུག་དང་། ཉེ་དབང་སུམ་ཅུ་རྩ་གཉིས་གནས།” ཞེས་པ་ལྟར་རོ། །
《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས》མཛད་པ་པོ། དྲན་པ་ནམ་མཁའ། 2013ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན་པའི་དེབ་གཟུགས་《རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར》ཞེས་པའི་ནང་དུ་བཀོད་འདུག ཤོག་ངོས་299ལས། “རྗེ་ཡབ་བླ་བདལ་དྲུག་བྱ་བ་ལྷ་ཡི་དབང་པོ་བརྒྱ་བྱིན་ཡིན་ནོ། དེ་ལ་བཙུན་མོ་སུམ་ཅུ་རྩ་གཉིས། མཛེས་ལྡན་མ་དང་སུམ་ཅུ་རྩ་གསུམ་ཡོད།” ཅེས་པ་ལྟར་རོ། །
28《སྲིད་པའི་མཛོད་ཕུག་ནང་གི་སྣོད་བཅུད་དོན་འགྲེལ་གསལ་བྱེད》མཛད་པ་པོ། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན། (1144ལོར་འཁྲུངས་) དཔེ་གཟུགས་དབུ་མེད་བྲིས་མ། ཤོག་ངོས་12ལས། “ལྷ་སྲས་སུམ་བཅུ་སོ་༢། ཕྱྭ་ཡབ་བླ་བདལ་དྲུག་དང་རྩ་གསུམ།” ཞེས་པ་ལྟར་རོ། །
29གོང་མཚུངས། 《གནག་རབས》ཤོག་ངོས་15ལས། “བདུད་བོན་དྲེང་ནག་ཆུ་ལྕགས། ཐར་བོན་དྲུ་སྐྱོལ། གླུད་བོན་ངག་སྙན། གཤེན་རབ་མྱི་བོ།” ཞེས་པ་ལྟར་རོ། །
30གོང་མཚུངས། 《གནག་རབས》 ཤོག་ངོས་13ལས་གསལ།
31གོང་མཚུངས། 《གནག་རབས》ཤོག་ངོས་13-16ལས་གསལ།
32《མདོ་རྣམ་འགྲེལ་པར་ཏི་ཀ》སྟོན་པ་གཤེན་རབ་ཀྱི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2012ལོར། དེབ་གཟུགས་173-174ལས་གསལ།
33ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1068,0087; “གནམ་དུ་ཡེར། ནས། མྱིང་པོ་དྲལ་པོས་ཕ་གཤེན་རབ་མྱི་བོ་དང་དུར་ཤེན་རྨ་ད་”ཞེས་པ་ལྟར་རོ། །
34ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1068,0090; “ག་བྱད་ཅི་མཆིས་ཤེས་བགྱི་སྣ། ཕ་དུར་གཤེན་རྨ་དང་གཤེན་རབ་མྱི་བོ་དང་གཤེན་” ཞེས་པ་ལྟར་རོ། །
35ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1134,0061; “པ་དུར་ཤེན་རྨ་དང་ཆན་དང་། གཤེན་རབ་མྱི་བོ་དང་སྐར་ཤེན། ཐེའུ་བཞུག་དང་པྱུགས་སྤོ་མ་ཉེ་དུ་ཁྱེད་གྱང་”ཞེས་པ་ལྟར་རོ། །
36ཏུན་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1134,0065; “གཤེན་རབ་མྱི། བོ་གཉིས་ཀྱིས། སེ་མོ་ནི་བགྲོད་ལེགས་ཏེ་གྲུབ་བཞི་ནི་བགྲོད་ལེགས་ཏེ་རྗེ་གྲལ་ནྀ་མཏོ་”ཞེས་པ་ལྟར་རོ། །
37ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1136,0051; “ན་ནར་མཆིསོ། ཕ་ཡབ་རྩར་ཧོ་དེའི་ཧོས་བདག་དང་དྲལ་སྨྲ་བོན་ཟིང་སྐྱེས་ཀྱིས། ཕ་གཤེན་རབས་ཀྱི་མྱི་བོའི་སྙད་དུ་གསོལ་ཏེ། མྱི་ངན་”ཞེས་པ་ལྟར་རོ། །
38ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1136,0052; “ཕ་གཤེན་རབས་ཀྱི་མྱི་བོའི་ཞལ་ནས། རྩི་དག་གནག་པོ་ནི་དགྲོལ་མྱི་འཚལ། བྱ་གཤེན་འཇོན་དགྲོལ་འཚལ་ཞེས་གསུང་ན་འོ་ན་བྱ་གཤེན་འཇོལ་མོ་ཞིག”ཞེས་པ་ལྟར་རོ། །
39ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1194,0005; “ས་སྟེ་ཕ་གཤེན་རབ་མྱི་པོ་དང་དུར་ཤེན་རྨ་ད་དང་སྒལ་ཤེན་ཐོའུ་ཡུག་ཞལ་ན་རེ།”ཞེས་པ་ལྟར་རོ། །
40ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1194,0016; “ཞིང་མཆིསོ། ཕ་གཤེན་རབ་མྱི་བོ་དང་དུར་ཤེན་རྨ་དའི་ཞལ་”ཞེས་པ་ལྟར་རོ། །
41ཏུན་ཧོང་ཡིག་རྙིང་ཤོག་དྲིལ་P.T.1289,0612; “མྱི་མཛོ་སྣར་མ་སླད་དུ་ལས། མྱི་མཛོ་སྣར་མ་ཆབ་གང་རེ་ཆུང་། ཡང་བ་རེ་ཐུང་། ཕ་ཕ་སེ་གཤེགས་ན་གཤེན་རབས་ཀྱི་མྱི་བོ་ཕ་སེ་གཤེགས།”ཞེས་པ་ལྟར་རོ། །
42《རྩ་རྒྱུད་ཉི་ཟེར་སྒྲོན་མ》འམ་《སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ》ནི་《རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག བྲ་བོ་སྒོམ་ཉག་གི་གཏེར་མ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013 ལོར། ཤོག་ངོས་38ལས། “འདིའི་དང་པོ་མཚན་དགུ་བྱུང་། སྣང་བ་དགེ་བ་ཀུན་ཤེས་གསུམ། ལེགས་པ་སྙོམས་པ་བྱམས་པ་གསུམ། དག་པ་གསལ་བ་ཤེས་པ་གསུམ།”ཞེས་པ་ལྟར་རོ། །
《བོན་གྱི་ཤེས་རིག་ཚིག་མཛོད》གཙོ་སྒྲིག་པ། དོན་འགྲུབ་ལྷ་རྒྱལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོར། དེབ་གཟུགས་ཤོག་ངོས་236 ལས། “སྟོན་པ་རབས་དགུ། བོན་ལུགས་ལ་བསྐལ་ཆེན་གཅིག་གི་ཁོངས་སུ་བྱོན་པའི་འགྲོ་བ་འདུལ་བའི་སྟོན་པ་བསྟན་པ་སྟེ། སྣང་བ་རང་འབྱུང་ཐུགས་རྗེ་ཅན་ཚེ་ལོ་འབུམ་གྱི་སྟོན་པ། འཁོར་བ་ཀུན་འདྲེན་ཚེ་ལོ་བརྒྱད་ཁྲིའི་སྟོན་པ། ཀུན་ཤེས་ཉོན་མོངས་དུག་བསྲེག་ཚེ་ལོ་དྲུག་ཁྲིའི་སྟོན་པ། ལེགས་པ་ཚད་མེད་ཐུགས་རྗེ་ཚེ་ལོ་བཞི་ཁྲིའི་སྟོན་པ། ཐམས་ཅད་མཁྱེན་གཟིགས་ཚེ་ལོ་ཉིས་ཁྲིའི་སྟོན་པ། བྱམས་པ་ཀུན་ཤེས་ཚེ་ལོ་གཅིག་ཁྲིའི་སྟོན་པ། གཏོ་རྒྱལ་ཡེ་མཁྱེན་ཚེ་ལོ་སྟོང་གི་སྟོན་པ། སྟོན་པ་གཤེན་རབ་ཚེ་ལོ་བརྒྱ་པའི་སྟོན་པ། འཆི་མེད་བྱམས་ལྡན་ཚེ་ལོ་བཅུ་པའི་སྟོན་པ་བཅས་སོ། །”ཞེས་པ་ལྟར་རོ། །
43གོང་མཚུངས། 《རྩ་རྒྱུད་ཉི་ཟེར་སྒྲོན་མ》ཤོག་ངོས་179ལས། “སྔོན་ཚེ་ལོ་བརྒྱད་ཁྲིའི་དུས། ཕྱྭ་རྗེ་ཡབ་བླ་བདལ་དྲུག་དང་དམུ་ལྕམ་གསེར་མཁར་མ་གཉིས་བཤོས་པའི་སྲས། ཐུག་དཀར་དབུ་༼བུ༽དགུའི་དགུ་ཚིགས་དེ། ཕྱ་སྲས་ཐུགས་ཀར་ལ་ཁྲ་ཡིན། ཡབ་ཀྱིས་གནམ་ནས་ས་ལ་བཏང་། སྒོ་བཞི་མིའི་རུ་མར་བསྒོས། ཡུལ་རྣམས་མཁར་གྱི་ཁོང་ལ་མཁར་རྣམས་མིའི་ཁོང་། ཕུ་གསུམ་ནོར་དུ་སྤེལ་ལ་མདའ་གསུམ་འབྲས་སུ་བསྐྱེད། ཅེས་གསུངས།”ཞེས་པ་ལྟར་རོ། །
44གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱ་ཡི་མཐར་ཐུག》ཤོག་ངོས་48ལས་གསལ།
45《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》ནི་《བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས》ཅན་གྱི་དེབ་ཀྱི་ནང་དུ་བཀོད་འདུག གཙོ་སྒྲིག་པ། དྲང་སྲོང་རྣམ་རྒྱལ། 2009ལོར། ཤོག་ངོས་165ལས་གསལ།
46གོང་མཚུངས། 《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》 ཤོག་ངོས་165ལས་གསལ།
47གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་35ལས་གསལ།
48《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》དཔེ་རྙིང་དབུ་མེད་ལག་བྲིས་མ། ཤོག་ངོས་3-6ལས་གསལ།
49《མདོ་འདུས》སམ་《མདོ་འདུས་དང་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་གསུང་པོད》ནང་དུ་འཁོད་འདུག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། ཤོག་ངོས་223ལས། “འཁོར་གྱི་བར་པ་འདུལ་བའི་ཕྱིར། དབལ་བོན་རོམ་པོ་ཡོག་བོན་གཏོ་རྒྱལ་དང་། ཁྲིན་བོན་ཕྱ་སངས་གཉེར་བོན་གཏོའ་ཆེན་དང་། འོ་བོན་འབྲང་གཟུ་རྩི་བོན་ཡེ་འཁྲུ་དང་། བདུད་བོན་ཆུ་ལྕགས་དམུ་བོན་ཡེའུ་ཏན་དང་། བཙན་བོན་མཚལ་ལྕགས་སྲིད་བོན་མུ་ཆོ་དང་། སྐོས་བོན་གཙུག་སྲས་ཕྱ་བོན་༼ཐེའུ་ལེགས་ལྷ་བོན༽ཐོད་དཀར་དང་། ཟླ་བོན་ཚེས་པ་ཉི་བོན་དྲང་མ་དང་། སྐར་བོན་གདང་བཀྲ་སྤྲིན་བོན་བ་ཐུལ་དང་། གཞའ་བོན་གུག་ཏང་དལ་བོན་དབུའ་ཀར་དང་། ཟེར་བོན་གདང་སྙན་ལོ་བོན་གཏོ་ཆེན་དང་། རྫི་བོན་ངང་དྲུག་གོ ། བར་གཡེན་གཏོད་དགུ་འདུལ། འཁོར་གྱི་ཐ་མ་འདུལ་བའི་ཕྱིར། ཀླུ་བོན་དབྱར་སྙ་གྱིམ་བུ་དང་། གཉེན་བོན་ཐང་ཐང་གྲོལ་བ་དང་། རྒྱལ་བོན་བོང་པོ་སྨན་བོན་འབྲིང་དང་དང་། གཟེག་༼གཟེད༽བོན་ལ་ཙ་སྲིད་༼སྲི༽བོན་ཡ་ངལ་དང་། གླུད་བོན་གྱེར་མཁས་བྱུར་བོན་ལི་བྱིན་དང་། གཤེན་༼གཤིན༽བོན་སྨྲིག་པ་གཏའ་བོན་བྱི་ཁྲོལ་༼བྱོན་ཁྲི༽དང་། ཐར་བོན་གྲུ་སྐྱོལ་ལོ།”ཞེས་པ་ལྟར་རོ། །
50《མདོ་དྲི་མེད་གཟི་བརྗིད》སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2016ལོར། པོད་གཉིས་པ་ཤོག་ངོས་ལས། “གཞན་ཡང་རྒྱལ་བུ་འཁོར་དབུ་མ་རུ་དམ་བཅས་པའི། ནམ་མཁའ་ལས་བབ་པའི། དབལ་བོན་རུམ་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །བདུད་བོན་ཆབ་ལྕགས་དང་ཐབས་གཅིག་ཏུ་བཞུགས་སོ། །ཕྱ་བོན་ཐིག་ལེ་དང་ཐབས་གཅིག་ཏུ་བཞུགས་སོ། །ལྷ་བོན་ཐོད་དཀར་དང་ཐབས་གཅིག་ཏུ་བཞུགས་སོ། །སྲིན་བོན་ཡ་ངལ་གྱིམ་གོང་དང་ཐབས་གཅིག་ཏུ་བཞུགས་སོ། །འདྲེ་བོན་གླུད་བོན་གྱེར་མཁས་དང་ཐབས་གཅིག་ཏུ་བཞུགས་སོ། །ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་ཐབས་གཅིག་ཏུ་བཞུགས་སོ། །”ཞེས་པ་ལྟར་རོ། །
51གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》 ཤོག་ངོས་35-38ལས་གསལ།
52གོང་མཚུངས། 《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》ཤོག་ངོས་163-164ལས་གསལ།
53《བྱམས་མ》འམ་《ཀུན་གསལ་བྱམས་མ་རྩ་བའི་རྒྱུད》 གཏེར་སྟོན་པ། སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷ། (596-1077)རྒྱ་གར་རྡི་ལི་དཔེ་གཟུགས་ལྕགས་པར་ཅན། ཤོག་ངོས་96-97བར་གསལ། “བོད་ཀྱི་ཡུལ་དུ་སྒོམ་ལྷ་བོ་ལྷ་སྲས་དང་། ལྡོང་ལྷ་བོན་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་པོས་མཚན་ལྟས་ཁྲུས་གསོལ། རྒྱལ་པོར་ཕྱུངས་པ་གཉའ་ཁྲི་བཙན་པོ་དེ་ཡི་རིང་ལ། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་བྱ་བ་དར།”ཞེས་པས་སོ། །
54མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུ་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྡ་བྱད། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་རྒུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཅུ་ཏིག འགྲོ་ཤེས་འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་སུ་བཏགས་པ་དར་རོ། །
55《གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ》ཞེས་པ་ནི་《གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་དང་འབྲས་རྩིས་བདེན་དོན་སྙིང་པོ》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག མཛད་པ་པོ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། (1879-1916) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2005ལོར། ཤོག་ངོས་5ལས། “དང་པོ་ཁམས་ནི་ཀེག་ཤིང་དང་། །ཇི་མེ་ཀུང་ས་ཤང་ལྕགས་དང་། །འུ་ཆུ་རུས་ཆེན་ལྔ་རུ་གྲགས། །དེ་དག་སོ་སོར་ངོས་འཛིན་ནི། །སྐད་འགག་གྲེ་འདར་ཀེག་ཤིང་ཁམས། །སྒ་རིགས་ཡིན་ཏེ་ལུག་ལ་བླ། །སོ་བར་སྐད་འདོན་ཇི་མེ་ཁམས། །སྒོ་རིགས་ཡིན་ཏེ་ར་ལ་བླ། །ལྟེ་ཁུང་དབུགས་བསྡུད་ཀུང་ས་ཁམས། །གདོང་རིགས་ཡིན་ཏེ་ཤ་བར་བླ། །ཁ་གདངས་ལྕེ་འབྱར་སྣ་ནས་དབུགས། །འབྱིན་པ་དེ་ནི་ཤང་ལྕགས་ཁམས། །དབྲ་རིགས་ཡིན་ཏེ་རྐྱང་ལ་བླ། །མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས། །འགྲུ་རིགས་ཡིན་ཏེ་གཡག་ལ་བླ། །དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། །” ཞེས་པ་ལྟར་རོ། །
56སྐབས་འདིར་སྨོས་པའི་རུས་མེད་པ་ཞེས་པའི་སྐོར་ལ་སྔོན་བྱུང་གི་མཁས་པ་རྣམས་ཀྱིས་སྐྱེ་བོ་གང་ཞིག་ཡིན་ལ་རུས་མེད་པ་འདོད་པ་དང་རུས་ཡོད་དགོས་པའི་ལུགས་གཉིས་སུ་བཞེས་སྲོལ་གཉིས་སུ་ཡོད་དེ་དང་པོ་ནི་གོང་ཞུས་ལྟར་རོ། །གཉིས་པ་ནི་《གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ》གོང་མཚུངས། ཤོག་ངོས་5ལས། “ཁ་ཅིག་༼ཕུག་པའི་རྗེས་འབྲངས་འགའ་ཞིག་དང་ཀརྨ་ངེས་ལེགས་སོགས། ༽རུས་པ་མ་ཤེས་ན། གདོང་ལ་བསྡུ་ཟེར་བླུན་པོའི་ལུགས། དེ་ནི་ལུང་དང་འགལ་བ་དང་། རིག་པས་གནོད་ཅིང་ཧ་ཅང་ཐལ། གང་ཕྱིར་རུས་ཁུངས་མ་ཤེས་ནས། དེ་ལ་དགོངས་ནས་ངོས་འཛིན་གསུངས། དེ་ཡིས་མི་ཤེས་ག་ལ་སྲིད། འོན་ཀྱང་གདོང་ལ་བསྡུ་བ་ན། ཕལ་ཆེར་གདོང་རིགས་འགྱུར་བ་དང་། བོད་ཁམས་རུས་པ་གཅིག་པའི་སྐྱོན། ངོས་འཛིན་དེ་ཡང་དགོས་མེད་འགྱུར། ཁ་ཅིག་༼དྷརྨ་བྷ་ཏྲ་དང་ཤི་ལ་དྷྰ་ཛ་སོགས་༽རུས་ཁུངས་མ་དམིགས་པས། རུས་རྩིས་ཕལ་ཆེར་དོར་བ་སྣང་། དེ་ཡང་བླུན་པོའི་སྐད་ལུགས་ཡིན།”ཞེས་པ་ལྟར་རོ། །
57སྤྱིར་བཏང་རྣི་དང་། རྣི། རྣྲི། རྞྲི། ནྲི། ཎི་བཅས་ཀྱི་སྐོར་ལ་ཡིག་ཆ་འདྲ་མིན་ལས་འགྲེལ་སྟངས་ཇི་སྙེད་ཅིག་ཡོད་པ་གཤམ་དུ་ཅུང་ཙམ་གླེང་བར་སྤྲོ། 《གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱུན》མཛད་པ་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན། (1198-1263) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2004ལོར། དེབ་གཟུགས་ཤོག་ངོས་470ལས། “ཚུལ་ནི་ལྔ་བསྡུས་ནི་འགྲོ་དྲུག་གི་ཡིག་འབྲུ་དྲུག་ཡོད་པ་རྣྲི་ལ་བསྟིམས་ཤིང་དེའི་ར་སྟ་ཡང་ཉོན་མོངས་བསྟེན་པའི་ས་བོན་ཡིན་པས་བསྒྲལ་ལ་གུ་གུ་ཡེ་ཤེས་བསྐྱེད་པ་ལ་བསྟིམ་ཞིང་རྣྲི་”ཞེས་པར་ལྟར་རོ། །
《ལུང་རིགས་མཛོད》དམ་《ལུང་རིགས་རིན་པོ་ཆེའི་མཛོད་བློ་གསལ་སྙིང་གི་ནོར》མཛད་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། (1859-1934) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། དེབ་གཟུགས་ཤོག་ངོས་317ལས། “ནྲི་ལ་དཔའ་བོ་འབྲུ་ལྔ་གདགས་པས་དུག་ལྔ་གཞོམ་པ་སྟེ་གདགས་ཡིག་དྲུག་གོ ། ཚེ་འདས་ཀྱི་རྣམ་ཤེས་ནྲི་ཡི་རྣམ་པ་ཅན་དེའི་ན་ཡིད་ཀྱི་ངོ་བོ། ར་བཏགས་བླའི་ངོ་བོ། གུ་གུ་སེམས་ཀྱི་ངོ་བོ་ཡིན།”ཞེས་པ་ལྟར་རོ། །
《གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ》ཞེས་པ་ནི་《ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ》ནང་དུ་འཁོད་འདུག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། སྨད་ཆ། དེབ་གཟུགས་ཤོག་ངོས་63ལས། “རྣྲི་ནི་དགྲ་དང་རྣི་ཚེ་སྒྲུབ། །ནྲི་ནི་མིང་བྱང་མི་ལའོ། །” ཞེས་གསུངས་པ་ལྟར་གོང་གི་ཚིག་རྣྲི་ཡིག་དེ་ཡིག་ནོར་ཞིག་ཡིན་པས་གཞུང་འདིས་ངེས་སོ། །
58《བླ་བསླུ་ཚེ་འགུག་སྲོག་གི་ཆད་མཐུད》དམ་《གཙང་མ་ཞང་ཞུང་གི་བོན་སྐོར་ལས་བྱུང་བླ་བསླུ་ཚེ་འགུག་སྲོག་གི་ཆད་མཐུད》ཅེས་པའི་ལེའུ་དེ་《ཞང་ཞུང་མེ་རི་བཀའ་མའི་སྒྲུབ་སྐོར》ཞེས་པའི་གསུང་པོད་ནང་དུ་བཀོད་འདུག མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། དཔེ་གཟུགས་རྡི་ལི་འཕྲུལ་དཔར་ཅན། ཤོག་ངོས་2ལ་གསལ།
59གོང་མཚུངས། 《མཛོད་སྒྲ་འགྲེལ》ཤོག་ངོས་25ལ་གསལ།
60གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་39-40ལས་གསལ།
61གོང་མཚུངས། 《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱ་གཞུང》ཤོག་ངོས་6-8ལས་གསལ།
62《བོན་གྱི་གཡང་གཞུང་ནག་པོ་འགྲོ་ཤེས》ནི་《མོན་ཡུལ་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས》དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། 2018ལོར། དེབ་གཟུགས་ཤོག་ངོས་16-18ལས་གསལ།
63གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་40ལས་གསལ།
64《མཚུན་བཅོས་རིན་ཆེན་ཕྲེང་བ》 ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༡པོད་ཏིའི་ནང་བཀོད་འདུག ཤོག་ངོས་306-311ལས་གསལ།
65《བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད》ནི་《བཀའ་བརྟེན་འགྱུར་སྒྲིག་ཚུལ། བསྟན་རྩིས་ནོར་ཕྲེང་། དྭོགས་བསལ་བཅས་ཀྱི་གསུང་པོད》ཞེས་པའི་དེབ་ཀྱི་ནང་བཀོད་འདུག རྩོམ་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། ཤོག་ངོས་8ལས། “སྟོན་པའི་མཛད་མདོ་རྒྱས་པ། སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པ་མདོ་བཞི་ཡོད་པའི་ནང་ཚན། དྲི་མེད་གཟི་བརྗིད་བསྟན་པའི་མདོ་ལ། དུམ་པ་ཉི་མའི་གྲངས་ལྡན་ལ་ལེའུ་དྲུག་ཅུ་རེ་གཅིག་བཞུགས་པའོ། །”ཞེས་པ་ལྟར་རོ། །
66《མདོ་དྲི་མེད་གཟི་བརྗིད》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2014ལོར། དེབ་གཟུགས་པོད་དྲུག་པ། ཤོག་ངོས་317ལས་གསལ།
67གོང་མཚུངས། 《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》ཤོག་ངོས་378ལས། “དམར་མཆོད་ཀྱི་སྐོར། བོན་པོ་རྣམས་ཀྱི་རྔ་ལ་ཞོན་ནས་འགྲོ་བ་དང་། ཁམ་སའི་ཤ་བ་མཁའ་ལ་གཏོང་བའི་རྫུ་འཕྲུལ་བསྟན་པ་དེ་དག་ཟག་བཅས་ཀྱི་རྫུ་འཕྲུལ་ཡིན་རུང་། དེ་ལ་མ་འགྲིག་པ་ཅང་མ་མཐོང་ནའང་། ལོ་རྒྱུས་ཀྱི་ཁུངས་འགའ་ཤས་ནས་བོན་པོའི་ཤ་བའི་སྐོར་དེ་དམར་མཆོད་མཁན་གྱི་ཁུངས་སུ་བརྩིས་པ་དེ་དག་ནི་ངེས་པར་རྟོག་གཞིག་བྱེད་འོས་པ་དང་བྱེད་དགོས་པ་ཞིག་དུ་སྣང་།”ཞེས་པ་ལྟར་རོ། །
68《བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད》མཛད་པ་པོ། ཐུའུ་ཀྭན་ཆོས་ཀྱི་ཉི་མ། དཔེ་གཟུགས་ཤོག་ངོས་2ལས་གསལ།
69《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསུང་རྣམ》གངས་ཅན་སྐྱེས་མའི་དཔེ་ཚོགས། 2015ལོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་77ལས་གསལ།
70《མདའ་དང་འཕང》རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས་སྟོད་ཆ། ཤོག་ངོས་18ལས།
71《སྲིད་པ་སྤྱི་མདོས》ནི་མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo) ནང་དུ་བསྡུས་ཡོད་པའི་དེབ་གཟུགས། ཤོག་ངོས་165ལས་གསལ།
72《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》རྩོམ་པ་པོ། ནམ་མཁའི་ནོར་བུ། 1989ལོར། དེབ་གཟུགས་ཤོག་ངོས་187ལས། “མདོས་དང་། གླུད་དང་། ཡས་གསུམ་པོ་འདི་དག་ནི། གནའ་བོའི་དུས་ནས་བཟུང་བོད་ཀྱི་མངའ་ཁོངས་ཡོངས་རྫོགས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བརྟེན་བོད་མིའི་བསམ་སྤྱོད་དང་། གནས་ཚུལ་ཡོངས་དང་ཧ་ཅང་འབྲེལ་ཆེ་བ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་གྱིས། གླུད་ཀྱི་སྐོར་འདི་དག་ནི་བོན་པོ་ཙམ་དུ་མ་ཟད། དུས་ཕྱིས་བན་དེའི་ཁོངས་གཏོགས་ཀྱི་གྲུབ་མཐའ་མི་འདྲ་བ་ཐམས་ཅད་ཀྱི་ནང་དུའང་མ་ཁྱབ་པ་མེད་ཅིང་། དེ་དག་གི་ཕྱག་ལེན་ཡང་གནང་བཞིན་པ་ཡིན།”ཞེས་པ་ལྟར་རོ། །
73གོང་མཚུངས། 《མདོ་དྲི་མེད་གཟི་བརྗིད》དེབ་གཟུགས་པོད་གཉིས་པ། ཤོག་ངོས་295-296ལས་གསལ།
74《ཕྱ་ཚེ་གཡང་འབུམ་དཀར་པོའི་གཞུང》 ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༩༧ཅན། ཤོག་ངོས་1-3ལས་གསལ།
75《བོན་གྱི་ཤེས་རིག་ཚིག་མཛོད》གཙོ་སྒྲིག་པ། དོན་འགྲུབ་ལྷ་རྒྱལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོར། དེབ་གཟུགས་ཤོག་ངོས་117 ལས། “འགོང་པོ་སྤུན་དགུ། སྲིད་པའི་འདྲེ་དགུ་ལ་གཟིགས།” ཤོག་ངོས་696ལས། “སྲིད་པའི་འདྲེ་དགུ། སྣང་གཤེན་ཐེག་པའི་བོན་སྡེ་སྟེ། དེ་ལ་དབྱེ་སྟངས་གཉིས་ཏེ། ༡ མཐོ་རུ་མི་སྟེར་དམའ་འདྲེ་དང་། ཡོད་དུ་མི་སྟེར་མེད་འདྲེ། གང་དུ་མི་སྟེར་སྟོང་འདྲེ། ཆགས་སུ་མི་སྟེར་འཇིག་འདྲེ། ཡགས་སུ་མི་སྟེར་ཉེས་འདྲེ། སྐྱིད་དུ་མི་སྟེར་རྨང་འདྲེ། འཕེལ་དུ་མི་སྟེར་འགྲིབ་འདྲེ། འཕན་དུ་མི་སྟེར་རྨང་འདྲེ། ཕྱུག་ཏུ་མི་སྟེར་དབུ་འདྲེ་སྟེ་དགུའོ། །༢ ཡང་ན། ངན་བློ་སྟོན་བྱེད་ཕུང་འདྲེ་རི་བོང་མགོ་དང་། མི་ཁ་བྲ་མཆུའི་གཞིར་བྱེད་བོང་བུའི་མཆུ། མུ་གེ་བསེ་རག་དབུལ་འདྲེ་བྱ་ཡི་མགོ། ནོར་ཕྱུགས་ཀུན་ལ་གནོད་བྱེད་གཅན་གཟན་གདོང་། བཟང་ལ་ངན་བསྒྱུར་གབ་འདྲེ་ཁྱི་ཡི་མགོ། བློ་སྣ་ལོག་པར་ཁྲིད་བྱེད་ར་ཡི་མགོ་ལས་རྣམས་མི་འགྲུབ་འགོང་འདྲེ་བྱིས་པའི་གཟུགས། ཟས་ནོར་བཅུད་ལ་གནོད་བྱེད་བུད་མེད་ལུས། དབང་པོ་མི་གསལ་ནོར་འདྲེ་ཕག་གི་མགོ་དང་དགུའོ། །འགོང་པོ་སྤུན་དགུའང་ཟེར།”ཞེས་པ་ལྟར་རོ། །
76《རྣམ་པར་རྒྱལ་བའི་ཕྱྭ་ཚེ་གཡང་གི་བསྒྲུབ་པ》དཔེ་གཟུགས་དཔར་མ་ཅན། ཤོག་ངོས་2ལས་གསལ།
77གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་41ལས་གསལ།
78གོང་མཚུངས། 《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ》ཤོག་ངོས་17-21ལས་གསལ།
79གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་43-44ལས་གསལ།
80དེའི་སྐོར་ཁོ་བོས་དེ་སྔོན་སྤེལ་ཟིན་པའི་རྩོམ་ཡིག་《ཡ་ཐོག་བོན་གྱི་རིག་གནས་དང་འབྲེལ་ཏེ་མདའ་དར་ཞེས་པའི་སྐོར་ལ་རགས་ཙམ་གླེང་བ》ནི་《མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས》དེབ་ཀྱི་ནང་དུ་བཀོད་འདུག གཙོ་སྒྲིག་པ། རིན་སྤུངས་ཚུལ་བསྟན། ཨ་དཔལ་བཟང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015ལོར། གླེགས་བམ་དང་པོ། ཤོག་ངོས་308ལས་གསལ།
81གོང་མཚུངས། 《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》ཤོག་ངོས་49-50ལས་གསལ།
དཔྱད་གཞིའི་ཡིག་ཆ།
(1)《སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང》 དབུ་མེད་བྲིས་མ་དཔེ་གཟུགས་ཅན།
(2)《མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག》 མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo)ཞེས་པའི་ནང་བཀོད་འདུག
(3)《ཕྱ་ཚེ་གཡང་འབུམ་དཀར་པོའི་གཞུང》ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་༩༧གྲངས་ཅན།
(4)《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས》མཛད་པ་པོ། དྲན་པ་ནམ་མཁའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར།
(5)《ཞང་བོད་ལོ་རྒྱུས་ཏི་སེའི་འོད》མཛད་པ་པོ། ནམ་མཁའི་ནོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར།
(6)《བྱམས་མ་ཆེན་མོ་རྩ་བའི་གཟུངས་ལེའུ་བཅུ་བ》དཔེ་གཟུགས་དབུ་མེད་ལྕགས་པར།
(7)《སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན》མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(YasuhikoNagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo)ཞེས་པའི་ནང་བཀོད་འདུག དེབ་གཟུགས་ཅན།
(8)《གཡུང་དྲུང་འཛིན་དུ་ཡོད་པའི་བཙན་པོའི་བཀའ་གཙིགས》2003ལོར། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་དུས་དེབ་《ཞང་ཞུང་རིག་གནས》སྤྱིའི་དེབ་འཕྲེང་(2)འདུག
(9)《སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར།
(10)《མོན་ཡུལ་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་བདམས་བསྒྲིགས》དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། 2018ལོར། དེབ་གཟུགས་ཅན།
(11)《མཛོད་སྒྲ་འགྲེལ》མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། དཔེ་གཟུགས་བྲིས་མ་ཅན།
(12)《སྲིད་པ་རྒྱུད་ཀྱི་ཁ་བྱང》 གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐུན་ཁང་། 2011ལོར། དེབ་གཟུགས་ཅན།
(13)《ལྡེའུ་ཆོས་འབྱུང》མཁས་པ་ལྡེའུ་ཇོ་སྲས། བོད་ཀྱི་དཔེ་མཛོད་ཁང་། དེབ་གཟུགས་ཅན།
(14)《དབུ་ནག་མིའུ་འདྲ་ཆགས》མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo)ཞེས་པའི་ནང་བཀོད་འདུག དེབ་གཟུགས་ཅན།
(15)《གནག་རབས》ནི་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཞེས་པའི་དེབ་ཀྱི་ནང་དུ་བཀོད་འདུག བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007ལོར།
(16)《གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》སྟོན་པ་གཤེན་རབ་མི་བོའི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཅན།
(17)《སྲིད་པའི་མཛོད་ཕུགས་ནང་གི་སྣོད་བཅུད་དོན་འགྲེལ་གསལ་བྱེད》མཛད་པ་པོ། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན། དཔེ་གཟུགས་དབུ་མེད་བྲིས་མ།
(18)《མདོ་དྲི་མེད་གཟི་བརྗིད》སྟོན་པ་གཤེན་རབ་མི་བོའི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2016ལོར། དེབ་གཟུགས་ཅན། (19)《རྣེལ་དྲི་འདུལ་བའི་ཐབས》ནི་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཞེས་པའི་ནང་དུ་བཀོད་འདུག བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས་ཅན།
(20)《བོན་ཤ་བ་རུས་རྒྱས》དཔེ་གཟུགས་དབུ་མེད་བྲིས་མ།
(21)《ཤ་རུ་བཙན་མདོས》དཔེ་གཟུགས་དབུ་མེད་བྲིས་མ།
(22) 《བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད》མཛད་པ་པོ། ཐུའུ་ཀྭན་ཆོས་ཀྱི་ཉི་མ། དཔེ་གཟུགས་ལྕགས་པར་ཅན།
(23)《གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོས་པ་བྱེད་པའི་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ》 མཛད་པ་པོ། ཧོེར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས། (1889-1975) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར།
(24)《མཚུན་བཅོས་རིན་ཆེན་ཕྲེང་བ》ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༡པོད་ཏིའི་ནང་འཁོད་འདུག
(25)《ཤྭ་རུ་བཙན་བཅོས》དཔེ་གཟུགས་དབུ་མེད་ལྕགས་པར་ཅན།
(26) 《སྲིད་པ་སྤྱི་མདོས》མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano) གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། 《ཁུ་བྱུག་སྔོན་མོའི་གསུང་སྙན》(The Call of the Blue Cuckoo) ནང་དུ་བསྡུས་ཡོད་པའི་དེབ་གཟུགས་ཅན།
(27) 《བོད་བཙན་པོའི་རྒྱལ་རབས》སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། སྲོང་བཙན་དཔེ་མཛོད་ཁང་། 2010ལོར། དེབ་གཟུགས་ཅན།
(28) 《བཀའ་ཐང་སྡེ་ལྔ》མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཅན།
(29)《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》རྩོམ་པ་པོ། ནམ་མཁའི་ནོར་བུ། 1989ལོར། དེབ་གཟུགས་ཅན། (30)《མདོ་གཟེར་མིག》གཏེར་སྟོན་པ། དྲང་རྗེ་བཙུན་པ་གསེར་མིག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཅན།
(31)《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོར། དེབ་གཟུགས་ཅན།
(32)《མདོ་རྣམ་འགྲེལ་པར་ཏི་ཀ》སྟོན་པ་གཤེན་རབ་ཀྱི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2012ལོར། དེབ་གཟུགས་ཅན།
(33)《རྩ་རྒྱུད་ཉི་ཟེར་སྒྲོན་མ》བྲ་བོ་སྒོམ་ཉག་གི་གཏེར་མ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཅན།
(34) 《མུ་ཆོའི་ཐེག་པ་རིམ་དགུའི་རྒྱུད》གཙོ་སྒྲིག་པ། དྲང་སྲོང་རྣམ་རྒྱལ། 2009ལོར། དེབ་གཟུགས་ཅན།
(35)《མདོ་འདུས》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཅན།
(36)《གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་དང་འབྲས་རྩིས་བདེན་དོན་སྙིང་པོ》མཛད་པ་པོ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2005ལོར། དེབ་གཟུགས་ཅན།
(37)《ལུང་རིགས་མཛོད》མཛད་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། (1859-1934) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། དེབ་གཟུགས་ཅན།
(38)《གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱུན》མཛད་པ་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན། (1198-1263) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2004ལོར། དེབ་གཟུགས་ཅན།
(39)《གཙང་མ་ཞང་ཞུང་གི་བོན་སྐོར་ལས་བྱུང་བླ་བསླུ་ཚེ་འགུག་སྲོག་གི་ཆད་མཐུད》མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། དཔེ་གཟུགས་རྡི་ལི་འཕྲུལ་དཔར་ཅན།
(40)《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསུང་རྣམ》གངས་ཅན་སྐྱེས་མའི་དཔེ་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015ལོར། དེབ་གཟུགས་ཅན།
(41)《བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད》རྩོམ་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། དེབ་གཟུགས་ཅན།
(42)《མདའ་དང་འཕང》རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས་ཅན།
(43)《རྣམ་པར་རྒྱལ་བའི་ཕྱྭ་ཚེ་གཡང་གི་བསྒྲུབ་པ》དཔེ་གཟུགས་དབུ་མེད་དཔར་མ་ཅན།
(44)《མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས》མི་རིགས་དཔེ་སྐྲུན་ཁང་། 2009ལོར། དེབ་གཟུགས་ཅན།