མདོ་སྨད་སྟག་ཞིག་དགོན་པའི་གཤེན་གྱི་གར་འཆམ་ཆེན་མོའི་སྐོར་ཅུང་ཟད་གླེང་བ།
[ཟླ་ཚེས། 2020-05-13 00:42:48][རྩོམ་པ་པོ། སྟག་ཞིག་དངོས་གྲུབ་འཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མདོ་སྨད་སྟག་ཞིག་དགོན་པའི་གཤེན་གྱི་གར་འཆམ་ཆེན་མོའི་སྐོར་ཅུང་ཟད་གླེང་བ།
[གནད་བསྡུས།] རྩོམ་འདིའི་ནང་དེང་ཆར་བོད་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སུ་ཡོད་པའི་མདོ་སྨད་སྟག་དགོན་པའི་གཤེན་གྱི་གར་འཆམ་ཆེན་མོ་དེ་ཉིད་དུས་རབས་ཀྱི་ལོ་ཟླའི་འགྱུར་བ་དང་འགྲོགས་ཏེ་འཕེལ་རྒྱས་དང་ཉམས་རྒུད་ཇི་ལྟར་ཕྱིན་པའི་སྐོར་དང་། ད་ཡོད་གར་འཆམ་གྱི་རྣམ་གྲངས་སྤྱི་དང་བྱེ་བྲག་ཏུ་ཁྲོ་བོའི་རྩ་འཆམ་ཆེན་མོའི་འཆམ་ཡིག«ཁྲོ་བོ་ངོ་མཚར་རྒྱས་པའི་རྩ་འཆམ་གར་གྱི་ལག་ལེན»དང་། «ཁྲོ་བོའི་སྒྲུབ་གཞུང»བར་རྩ་བའི་བསྟན་དོན་དང་ས་མཚམས་ཀྱི་སྐོར་ལ་དཔྱད་བསྡུར་དང་གསལ་བཤད་གང་ཐོན་བྱས་ཡོད།
[གནད་ཚིག] ཟློས་གར། གར་འཆམ། ཁྲོ་བོའི་རྩ་འཆམ། སྒྱུ་རྩལ། འགྱིང་འགྲོས།
གཅིག གླེང་གཞི།
དེ་ཡང་སྤྱིར་བོད་མི་རིགས་ནི་སྲོལ་རྒྱུན་གྱི་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ལ་དེ་དག་ཀྱང་བསྡུས་ན་རིག་པའི་གནས་ལྔ་འམ་བཅུ་རུ་འདུས། དེ་བཞིན་གར་འཆམ་གྱི་རིག་གནས་ནི་ཟློས་གར་གྱི་ཁོངས་སུ་འདུས་ཤིང་འདི་ཉིད་ཆེས་གནའ་བོའི་ཤེས་རིག་སྟེ་བོན་གྱི་སྟོན་པ་གཤེན་རབ་མི་བོའི་བཀའ་དྲི་མ་མེད་པ «ཁྲོ་བོ་དབང་ཆེན་གྱི་གཞུང»ལས། “གཡས་སུ་བསྒྱུར་བ་ཐབས་ཀྱི་གར། །གཡོན་དུ་བསྒྱུར་བ་ཤེས་རབ་གར། །ཐུགས་ཀར་ཐབས་ཤེས་གཉིས་སུ་མེད། །ཆེན་པོ་ཡབ་ཡུམ་ཕྱག་རྒྱ་འབུལ། །”ཞེས་དང་། «གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད»ལས། “གར་མཁན་བཅུ་གསུམ་གྱི་སྣ་དྲངས་ཏེ། གནམ་ཡོལ་གཡུང་དྲུང་དང་། ས་ཡོལ་གཡུང་དྲུང་དང་། ས་ཡོལ་པདྨ་དང་། སྐྱིན་ཤ་ཤད་དང་། རྨ་ཐེ་ཅུ་དང་། ཧེ་བོ་འདུ་དང་། ཁྱམ་ཁད་རལ་དང་། ཟུར་མེད་ཟླུམ་པོ་དང་། ལྷ་མོའི་དགྱེས་གར་དང་། ཁྱུང་མོའི་ལྡིང་གར་དང་། མེ་ཏོག་མཛེས་གར་དང་། རྨ་བྱའི་ལྡེམ་གར་དང་། མ་ཧེའི་གཏུམ་མཆོང་དང་། སེང་སྟབས་ཧར་པ་རྣམས་ལྷུ་བཅུ་གཉིས་དང་། མགོ་དང་བཅུ་གསུམ་ལས་བསྒྱུར་རོ། །”ཞེས་དང་། གཤེན་གྱི་མཛད་མདོ་རྒྱས་པ«དྲི་མེད་གཟི་བརྗིད»ལས། “ལ་ལ་ནི་གར་བྱེད་དོ། །ལ་ལ་ནི་བྲོ་བརྡུང་ངོ་། །ལ་ལ་ནི་ཤོན་འཁྲབ་བོ། །ལ་ལ་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ། །ལ་ལ་ནི་གྱད་ཀྱི་འགྱིང་གར་བྱེད་དོ། །”ཞེས་དང་། དེ་ཉིད་ལས། ལ་ལ་ནི་ཁྱུང་མོ་ལྡིང་གར་བྱེད་དོ། །ལ་ལ་སེང་གེའི་རྔམ་གར་བྱེད་དོ། །ལ་ལ་ནི་གླང་པོ་ཆེའི་འགྱིང་གར་བྱེད་དོ། །ལ་ལ་ནི་རྟ་མཆོག་གི་དཀྱུངས་གར་བྱེད་དོ། །ལ་ལ་ནི་རྨ་བྱའི་མཛེས་གར་བྱེད་དོ། །ཞེས་དང་། «མ་རྒྱུད་སྒོམ་འགྲེལ»ལས། “ཁྲོ་བོ་རོལ་པའི་གར་ཞི་བཅུ་རྩ་ལྔ་དང་། ཁྲོ་མོ་རྔམ་པའི་བྲོ་བཞི་བཅུ་རྩ་ལྔ། རྟུལ་ཤུགས་མཁའ་འགྲོའི་གླུ་བཞི་བཅུ་རྩ་ལྔ་བྱས་ནས་བཏུལ། ” ཞེས་དང་། «དུང་དཀར་ཚིག་མཛོད་ཆེན་མོ»ལས། “བོད་དུ་གར་འཆམ་དུས་སྐབས་གང་གི་དུས་སུ་བྱུང་བ་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་གྲགས་པའི«གསང་སྔགས་ཀྱི་བོན་སྒོ་སྤྱི་སྤུངས་ཁྲོ་བོ་ངོ་མཚར་རྒྱས་པ»དང་། «བོན་གྱི་ཡིད་དམ་དཔལ་༼དབལ་༽ཕུར། མ་རྒྱུད། ཞི་བ་ཨ་གསལ»སོགས་ལས་གཤེན་རབས་དགུ་འཆམ་དང་། གཟེ་མ་དགུ་འཆམ། སྟག་ལྷའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ་སོགས་འཆམ་སྣ་བཅུ་བདུན་ཙམ་ཡོད་པར་བཤད་པ་ལྟར་ན། ནང་བསྟན་ཆོས་ལུགས་བོད་དུ་མ་དར་གོང་ནས་བོན་ལུགས་ཀྱི་འཆམ་ཡོད་ངེས་སྙམ། ” ཞེས་གསལ་བ་ལྟར་བོན་ནམ་བོད་ཀྱི་གར་འཆམ་ནི་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་གོང་ནས་དར་བའི་རིག་གནས་ཤིག་ཡིན་པ་གོར་མ་ཆག དེ་ནས་རིམ་པར་གཞུང་ལུགས་དང་། མིའི་སེམས་ཁམས། དད་མོས། རིག་གནས་སོགས་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ཞལ་འབག་དང་། གོས་ལུགས། ཕྱག་ཆ། འཆམ་སྟངས་སོགས་མང་བར་བྱུང་ཞིང་བོན་ལུགས་ཀྱི་འཆམ་ལ་ཡང་རིགས་མི་འདྲ་བ་མང་དུ་ཕྱིན་པ་སྟེ། གཤེན་རབ་དགུ་འཆམ། སྟག་ལའི་རྔ་འཆམ། ཞི་ཁྲོའི་ཁྲོ་འཆམ། ཨ་གསལ་ཚོགས་འཆམ། གཟེ་མ་དགུ་འཆམ། ཁྲོ་བོའི་ཚོགས་འཆམ། མ་རྒྱུད་འདོད་ཡོན་སྨན་གཏོར་གྱི་འཆམ། གཤིན་རྗེ་ལྷ་བརྒྱད་ཀྱི་འཆམ། ས་ཕྱག་སྤྲེལ་འཆམ། ཤྭ་འཆམ། སྟག་འཆམ། སེང་འཆམ། གིང་འཆམ། རྣམ་བརྒྱད། ས་ཕྱགས། མོན་པ། གསེར་སྐྱེམས། རྒྱལ་ཆེན་སྡེ་བཞི། སྔགས་པ། སྲུང་མ། སྤོ་དབྱུག་སོགས་ད་ལྟའི་ཆར་དགོན་ཁག་རེ་རེས་འཆམ་སྣ་མི་འདྲ་བ་མང་དག་རེ་རྒྱུད་འཛིན་དང་། དར་སྤེལ། གར་འཆམ་གནང་བཞིན་ཡོད་པ་ལྟར་གར་འཆམ་གྱི་རིག་གནས་ནི་བོད་མི་རིགས་ཀྱི་དད་མོས་རིག་གནས་དང་། སྲོལ་རྒྱུན་གྱི་སྒྱུ་རྩལ་རིག་གནས་གལ་ཆེན་ཞིག་ཆགས་ཡོད།
གཉིས། དགོན་འདིའི་གར་འཆམ་གྱི་རྣམ་གྲངས་རགས་ཙམ་གླེང་བ།
དེ་བཞིན་སྟག་ཞིག་དགོན་པ་ནི་ལོ་རྒྱུས་ཀྱི་ཕུགས་རིང་བའི་བོད་མི་རིགས་ཀྱི་རིག་གནས་དང་། ཆོས་ལུགས་རྒྱུད་འཛིན་གྱི་གནས་གཞི་གལ་ཆེན་ཞིག་ཡིན་ལ་ལྷག་པར་དུ་བོད་ཀྱི་གར་འཆམ་གྱི་རིག་གནས་ཆེས་སྔ་ས་ཞིག་ནས་བརྩི་སྲུང་དང་རྒྱུད་འཛིན་གནང་མྱོང་བའི་དགོན་སྡེ་ཞིག་ཡིན། བོད་དུ་སོག་དམག་རྗེས་མ་བྱུང་སྐབས་དགོན་འདི་ལ་ཡང་གནོད་འཚེ་ཕོག་སྟེ་གནས་གཞན་དུ་བྲོས་བྱོལ་དགོས་པར་བྱུང་བ་དང་འབྲེལ་ཞལ་འབག་དང་འཆམ་གོས་སོགས་ཀྱང་སྟོར་བརླག་ཕྱིན་པ་དང་། རྗེས་སུ་ཤར་རྫ་རིན་པོ་ཆེའི་སློབ་བུ་ཅོ་ལུའི་སྐུ་མདུན་དུ་བཅར་ཞིང་སྔར་ཡོད་ཞལ་འབག་རྙིང་པ་རྣམས་ཞིག་གསོ་བྱས་པར་བརྟེན་ཐུགས་རྗེ་བྱིན་རླབས་སྔར་ལས་ཆེ་བར་བྱུང་སྟེ་དགུན་ཟླ་བཅུ་གཅིག་ནང་ཞི་ཁྲོའི་རྩ་འཆམ་སྐབས་ནམ་མཁའ་ནས་འབྲུག་གྲགས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་རབས་ཡོད། གང་ལྟར་དགོན་འདི་ཉིད་ནི་གར་འཆམ་གྱི་རིག་གནས་ཕུན་སུམ་ཚོགས་པར་དར་རྒྱས་སུ་གནང་བའི་འདུས་སྡེ་ཞིག་ཡིན་ལ་རིག་གནས་དེས་བོད་ཀྱི་ཆོས་ལུགས་དང་། དད་མོས། བཟོ་རྩལ་རིག་གནས། ཚོན་རྩིའི་རིག་གནས། འཐག་དྲུབ་རིག་གནས། ལྷ་བྲིས་རིག་གནས། ཤིང་རྐོའི་རིག་གནས། སྒྱུ་རྩལ་རིག་གནས་སོགས་བོད་ཀྱི་རིག་གནས་ཐམས་ཅད་རྐང་འཛིན་བྱེད་བཞིན་ཡོད་ཅེས་སྨྲས་ཀྱང་ཁས་མི་ཆེ་བ་ལྟ་བུར་ཆགས་ཡོད། ཡིན་ནའང་རིག་གནས་གསར་བརྗེ་ཆེན་མོའི་ཕམ་ཁའི་འོག་དགོན་འདིར་སྔར་ཡོད་ཀྱི་ཞལ་འབག་དང་། ཕྱག་ཆ། འཆམ་གོས་སོགས་ཕལ་ཆེར་སྟོར་བརླག་སོང་ཞིང་༼ད་ལྟར་འབྲུག་མགོ་གཅིག་དང་། སྲུང་མ་སྡེ་བཞིའི་འབག་ཞལ་རྙིང་པ་ཞིག་བཅས་ཡོད༽ལོ་མང་རིང་སྲིད་ཁྲིམས་ཀྱི་བཀག་རྒྱ་དང་། ཕྱི་ནང་གི་རྒྱུ་རྐྱེན་དུ་མས་གར་འཆམ་གྱི་རིག་གནས་དེ་ཉིད་ཉམས་རྒུད་དུ་ཕྱིན། དེ་ནས་སྤྱི་ལོ༼༡༩༨༢༽ལོར་བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་སུ་དགོན་པ་བསྐྱར་གསོ་བྱས་ཤིང་རྩ་བའི་འདུ་ཁང་དང་། བླ་བྲང་། ཇ་ཁང་། གྲྭ་ཤག་སོགས་གང་འཚམ་གྲུབ་ཅིང་ལོ་ཟླའི་དུས་མཆོད་སོགས་ཀྱང་རིམ་བཞིན་ཉམས་གསོ་ཐུབ་པར་འབྲེལ། སྤྱི་ལོ༼༡༩༨༦༽མེ་སྟག་ལོའི་དབྱར་ཁར་ལྷ་པ་དཔལ་བསམ་ལགས་དགོན་དུ་གདན་དྲངས་ཤིང་ཞི་ཁྲོའི་ཁྲོ་འཆམ། སྟག་ལའི་རྔ་འཆམ། སྲུང་མ། རྒྱལ་ཆེན་སྡེ་བཞི། གིང་། ཤྭ་བ། སེང་གེ ཨ་ཙ་ར་སོགས་ཀྱི་ཞལ་འབག་བཅས་གསར་དུ་བཞེངས། འཆམ་གོས་དང་ཕྱག་ཆ་རྣམས་རང་དགོན་གྱི་གྲྭ་རྒན་རྣམ་པ་དང་། བཟོ་པ། ཤིང་མཁན་རྣམས་ཀྱིས་ཕྱག་རོགས་གནང་ཞིང་ལེགས་པར་གྲུབ།
༡༽ཁྲོ་བོའི་རྩ་འཆམ་ལ་གཟེ་མ་དགུ་སོགས་འབག་བཅུ་གསུམ་དང་། ༢༽སྟག་ལའི་རྔ་འཆམ་ལ་འབག་བཅུ། ༣༽སྲུང་མ་ལ་ཡེ་ཤེས་དབལ་མོ། དྲེལ་དམར། དྲེལ་ནག དཔལ་ལྡན་ལྷ་མོ། གཤིན་རྗེ། མི་བདུད། བཙན། ཉི་པང་སད། ཤེལ་ཁྲབ། འཛམ་སྔོན། མགྱོགས་རྒྱལ་སོགས་འབག་བཅུ་གཅིག ༤༽རྒྱལ་ཆེན་སྡེ་བཞི་ལ་མི་དཀར་སེང་གེའི་མགོ་ཅན། མི་དམར་ཕག་རྒོད་མགོ་ཅན། མི་སྔོན་འབྲུག་གི་མགོ་ཅན། མི་ནག་དོམ་གྱི་མགོ་ཅན་བཅས་འབག་བཞི། ༥༽གིང་ལ་རྔ་རུ་ཅན་དང་ཐུར་རུ་ཅན་ཞེས་འཆམ་སྟངས་གཉིས་ཡོད་ལ་རེ་རེ་ལ་གིང་བཞི་རེ་ཡོད། ༦༽ཤྭ་བ་ལ་འབག་གཉིས། ༧༽སེང་གེ་ལ་སེང་རྫི་བཞི་དང་སེང་གེ་བཅས་འབག་ལྔ། ༨༽ཨ་ཙ་ར་ལ་རྒས་པོ་གཅིག་དང་ཕོ་སར་གཅིག་བཅས་འབག་གཉིས་དང་རྩ་བའི་འཆམ་སྣ་མི་འདྲ་བ་བརྒྱད་ཡོད་ལ། འཆམ་སྟངས་འདྲ་མིན་ལ་བརྟེན་ཉིན་གསུམ་གྱི་རིང་འཆམ་སྣ་མི་འདྲ་བ་བཅུ་ཕྲག་ལྷག་ཅིག་འཆམ་གྱི་ཡོད། །
གསུམ། ཁྲོ་བོ་ངོ་མཚར་རྒྱས་པའི་རྩ་འཆམ་གྱི་སྐོར་རྒྱས་པར་བཤད་པ།
དེ་ཡང་གོང་ཞུས་བཞིན་ཁྲོ་བོའི་རྩ་འཆམ་ནི་ནང་དོན་ཕུན་སུམ་ཚོགས་པའི་ཆེས་གནའ་བོའི་གར་འཆམ་ཞིག་ཡིན་ལ་དགོན་འདིར་གར་འཆམ་མང་དག་ཡོད་པ་ལས་ཁྲོ་བོའི་རྩ་འཆམ་ནི་འབག་གྲངས་དང་། འཆམ་རྩལ་སོགས་གཞི་རྒྱ་ཆེ་ཤོས་ཀྱི་གར་འཆམ་ཞིག་ཡིན། འཆམ་འདི་ནི«སྤྱི་སྤུངས་ཁྲོ་བོ་དབང་ཆེན»གྱི་རྒྱུད་དང་སྒྲུབ་གཞུང་གཉིས་ལས་བྱུང་བ་ཞིག་ཡིན་ལ་གཞུང་འདི་རྒྱལ་པོ་གྲི་གུམ་བཙན་པོས་བོན་བསྣུབས་སྐབས་གཏེར་དུ་སོང་། ཕྱིས་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་སྤྱི་ལོ༼༡༠༡༧༽ལོར་འབྲིག་མཚམས་བྲག་ནས་གཏེར་བཞེས་པ་ཡིན། དེ་བཞིན་ད་སྐབས་སྟག་ཞིག་དགོན་དུ་དངོས་སུ་ཡོད་པའི་ཁྲོ་བོའི་འཆམ་ཡིག«ཁྲོ་བོ་ངོ་མཚར་རྒྱས་པའི་རྩ་འཆམ་གར་གྱི་ལག་ལེན»ཞེས་པར་མཇུག་བྱང་དང་མཛད་པ་པོ་མ་གསལ་རུང་། སྦྲ་ཆེན་སྤ་ཚང་དགོན་དུ་ཡོད་པའི «དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བུམ་སྒྲུབ་གར་རྒྱན་རྨ་བྱའི་ཟློས་གར»ནང་དུ«ཁྲོ་བོ་དབང་ཆེན་གྱི་འཁྱྃས་༼འཆམ༽རྩ་ལ» ཞེས་པ་ཞིག་གོང་གི་སྟག་དགོན་དུ་ཡོད་པ་དང་རྩ་བའི་ནང་དོན་ཆ་འདྲ་བ་ཞིག་འདུག་ལ་དེའི་མཇུག་བྱང་དུ“འདི་ཡང་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་ཟབ་གཏེར་ལས་བྱོན་པ་དེ་ཉིད་ཨོ་རྒྱན་བདེ་ཆེན་གླིང་པས་མཁའ་སྤྱོད་གཟིགས་སྣང་གིས་དག་ཤེར༼བཤེར༽གནང་བའི་ཁྲོ་བོ་དབང་ཆེན་གྱིས་འཆམས༼གྱི་འཆམ༽རྩ་དང”ཞེས་གསལ་བས་རྩ་བའི་ཁྲོ་བོའི་འཆམ་ཡིག་འདི་གཤེན་ཆེན་ཀླུ་དགའི་གཏེར་ལས་བྱོན་པ་དང་། དེ་ལ་གོང་གསལ་བཞིན་བདེ་གླིང་གིས་དག་བཤེར་གནང་བ་ཞིག་དང་མ་གནང་བ་གཉིས་སུ་ཡོད་པ་ལས་ད་ཆར་སྟག་དགོན་དུ་འཆམ་བཞིན་པ་འདི་ནི་དག་བཤེར་མ་གནང་བ་དེ་ཡིན་པར་གྲགས་ལ་དོན་དུ་གནས་སམ་སྙམ། སོག་དམག་གིས་སྟོར་བརླག་བཏང་རྗེས་བསྐྱར་གསོའི་སྐབས་རྫ་སྟེང་ཆེན་དགོན་ནས་ཡར་སྦྱོང་རབས་བཤད་ལ་རིག་གསར་རྗེས་སྔར་ཡོད་གྲྭ་རྒན་རྣམ་པའིམདུན་ནས་རྒན་ཕྲིན་ལས་འོད་ཟེར་གྱིས་བསླབ་ཅིང་འཆམ་དཔོན་གནང་། དེ་ནས་རྒན་རྟ་མགྲིན། རྒན་གཡུང་དྲུང་ཆོས་འཕེལ། ད་ལྟ་རྒན་གཡུང་དྲུང་རྒྱ་མཚོས་འཆམ་དཔོན་གནང་བཞིན་ཡོད། དེ་བཞིན་འཆམ་འདི་ལ་རྩ་བའི་ས་བཅད་གཅིག་འཆམ་དང་། གཉིས་འཆམ། གསུམ་འཆམ། བཞི་འཆམ། ལྔ་འཆམ། བདུན་འཆམ། དགུ་འཆམ་བཅས་བདུན་ཡོད། སྤྱིར་དགོན་འདིའི་གར་འཆམ་གྱི་དུས་ཚོད་ནི་བོད་ཟླ་བཅུ་གཅིག་པའི་ཡར་ཚེས་ཙམ་ནས་དགུན་ཆུང་འཚོགས་ཤིང་དྲེལ་དམར་དང་། དཔལ་ལྡན་ལྷ་མོའི་ཚོགས་ཅི་འབྱོར། སྟག་ལའི་བཅུད་དྲིལ་ཁྲི་རྫོགས། ཉིན་བཞིའི་རིང་ཞི་ཁྲོ་དགོངས་འདུས་ཀྱི་གཞུང་བསྲང་ཞིང་མཇུག་ཏུ་ལྷ་སྡེ་མི་དམངས་ལ་བཀའ་དབང་ཟབ་རྒྱས་བསྩལ། ཚེས་ཉི་ཤུ་གཅིག་ནས་ཉི་ཤུ་བདུན་བར་བདུན་ཕྲག་གཅིག་གི་རིང་སྟག་ལའི་སྒྲུབ་པ་དང་། གཞན་ཡང་ཚོགས་ཕེབས་ཀྱི་བླ་གྲྭའི་གྲངས་འབོར་ལྟར་མང་ཉུང་ངེས་མེད་ཐོག་བླ་སྤྲུལ་མཁན་གསུམ་གང་རུང་དབུ་བཞུགས་གནང་ཞིང་གྲྭ་བཙུན་འགའ་རེས་ཟུར་དུ་ཁྲོ་བོ་ངོ་མཚར་རྒྱས་པའི་སྒྲུབ་པ་ཞལ་ཕྱེས་ཤིང་ཁྲོ་བོའི་རྩ་འཆམ་དང་། ཁྲོ་བོའི་ཚོགས་འཆམ་བཅས་ཀྱི་གཞི་བཏིང་། དེ་ནས་ཚེས་ཉི་ཤུ་བདུན་ཉིན་སྔ་དྲོ་རྔ་སྒྲ་ཁང་སོགས་གཤམ་དར་ལེགས་པར་གྲུབ་མཚམས་ཉིན་གུང་ཡོལ་ཙམ་ལ་འཆམ་སྣ་གསུམ་ནས་བཞིའི་བར་འཆམ་གྱི་ཡོད་ལ་མིང་དུ་སྒྲིག་བཅུག་ཅེས་འབོད། ཉིན་འདིར་རྩ་བའི་གར་འཆམ་གྱི་སྔོན་འགྲོའི་ཉེར་བསྡོགས་ཙམ་ལས་དངོས་གཞི་དབུ་ཚུགས་མེད། སྒྲིག་བཅུག་ཅེས་འབོད་དོན་ནི་དངོས་གཞིའི་གར་འཆམ་གྲལ་འགྲིག་པོ་ཡོང་མིན་དང་། འཆམ་པོ་གསར་པ་རྣམས་ཚོད་རྒྱུགས་ལེན་པ་ལྟ་བུ་ཞིག་ཡིན།
དེ་ནས་ཚེས་ཉི་ཤུ་བརྒྱད་ཉིན་ཞོགས་པར་འཆམ་རྭ་ནང་རིགས་རྟགས་སོགས་ཀྱི་དཀར་ལམ་འཐེན་ཟིན་པ་དང་གསེར་མདོག་ཉི་མའི་འོད་ཞགས་དགོན་གནས་སུ་ལེགས་པར་བདལ་བ་དང་ལྷན་ལྷ་བསང་གཏོང་ཞིང་འཆམ་པོ་རྣམ་པ་ཕུད། བྱིངས་ཀྱི་གྲྭ་མང་གིས་སྤོས་འདྲེན་དང་རྒྱ་གླིང་། སེར་ཕྲེང་བཅས་བླ་སྤྲུལ་མཁན་གསུམ་ཚོགས་ཆེན་འདུ་ཁང་ནས་རྔ་སྒྲ་ཁང་དུ་གདན་དྲངས། དེར་བཞུགས་ཀྱི་བླ་གྲྭ་རྣམ་པས་སྡེ་བརྒྱད་གསེར་སྐྱེམས་དང་བཀའ་སྐྱོང་བསྡུས་པ་ཚར་གཅིག་བཏང་མཐར་རྨད་འབྱུང་ཁ་སྐོང་དལ་བུར་གསུངས་ཤིང་རོལ་མོ་དང་འབྲེལ་དངོས་གཞིའི་གར་འཆམ་རྒྱལ་ཆེན་སྡེ་བཞི་དབུ་འཛུགས། དེ་ནས་ཚོགས་འཆམ་དང་། སྟག་ལའི་རྔ་འཆམ་བཅས་གྲུབ་རྗེས་ཁྲོ་བོ་འཆམ་གནང་གི་ཡོད་ལ་དེར་རྩ་བའི་ས་བཅད་བདུན་ཡོད་པ་འཆམ་ཚོ་གསུམ་དུ་དབྱེ་ནས་འཆམ་སྲོལ་ཡོད། འབག་ལ་ཡེ་ཤེས་ཀྱི་གཟེ་མ་དགུ་སྟེ་སྔོན་མོ་འབྲུག་གི་མགོ་ཅན། ལྗང་ནག་སྦྲུལ་གྱི་མགོ་ཅན། ནག་མོ་སྐྱུང་གའི་མགོ་ཅན། དཀར་མོ་སེང་གེའི་མགོ་ཅན། དམར་མོ་དྲེད་ཀྱི་མགོ་ཅན། དམར་ནག་སྤྱང་ཀིའི་མགོ་ཅན། སྨུག་ནག་སྟག་གི་མགོ་ཅན། སེར་ལྗང་ཁྱུང་གི་མགོ་ཅན། སྔོ་ལྗང་ཆུ་སྲིན་མགོ་ཅན་བཅས་དགུ་དང་། རྫུ་འཕྲུལ་གྱི་གྱད་མོ་དགུ་ལས། དམར་སེར་འབྲོང་གི་མགོ་ཅན་དང་བཅུ། ལས་ཀྱི་བྱིན་ཏེ་དགུ་ལས། དཀར་མོ་ལྷ་ཡི་བྱིན་ཏེ་དང་བཅུ་གཅིག ཤྭ་བ་གཉིས་བཅས་འབག་མི་འདྲ་བ་བཅུ་གསུམ་ཡོད། ཚོ་དང་པོ་ཚེས་ཉི་ཤུ་བརྒྱད་ཉིན་འཆམ་ཞིང་ཚོ་གཉིས་པ་དང་གསུམ་པ་གཉིས་ཚེས་ཉི་ཤུ་དགུ་ཉིན་གྱི་སྔ་དྲོ་ཕྱི་དྲོ་བྱེད་ནས་འཆམ་གྱི་ཡོད། འཆམ་ཚན་དང་པོ་ལ་གཅིག་འཆམ་དང་། གཉིས་འཆམ། གསུམ་འཆམ་བཅས་འཆམ་གྱི་ཡོད་པ་ལྟར་ཉིན་འདིའི་འཆམ་ཚན་འདི་ལ་འཆམ་པོ་རྣམས་ཀྱིས་རང་རང་གི་ཕྱག་ཆ་གཡས་སུ་ཕུར་པ་གཡོན་དུ་བྷན་དྷ་རེ་བསྣམས་པ་ལས་འཆམ་གོས་དང་ཞལ་འབག་སོགས་གྱོན་གྱི་མེད། དཔུང་རྗེན་མར་ཕུད་ཅིང་ཚ་རུ་དང་ཕྲུག་སོགས་ཀྱིས་བཟོས་པའི་འགག་རིང་དང་། སྟོད་རྩེ། ཤམ་ཐབས། གཟན། ཆབ་བླུག འཆམ་ལྷམ་བཅས་ལེགས་པར་བགོས་ཚར་རྗེས་ཚོགས་ཁང་ནས་མ་ཧེ་ཚར་གཅིག་དང་། རྐང་གླིང་ཅུང་ལྡེམ་ཆ་ཡོད་པ་ཕར་གསུམ་འབུད་པ་དང་། ལན་དུ་རྔ་སྒྲ་ཁང་ནས་ཀྱང་རྔ་རོལ་དུང་ཆེན་སོགས་གྲ་སྒྲིག་ཚང་མ་གྲུབ་རྟགས་སུ་རྐང་གླིང་ཚུར་གསུམ་འབུད། ཡང་སྔར་ལྟར་རྐང་གླིང་ཕར་གསུམ་དང་ཚུར་གསུམ་འབུད་ཅིང་འཆམ་གྱི་དབུ་འཛུགས་ཀྱི་ཡོད། དེ་ནས་སྤོས་འདྲེན་དང་རྒྱ་གླིང་གིས་འཆམ་དཔོན་སྒོ་ཁང་དུ་བསུ་ཞིང་སྒོ་མཛེས་འཆམ་དགོས། འཆམ་ཚུལ་སྒོ་ནས་ཅུང་ཕྱིར་མངོན་པར་བྱེད་ཅིང་ཕུར་རྔམ་དང་། བྷན་རྔམ་བྱེད་ཡང་ཡར་ལོག་སྟེ་དེ་བཞིན་བྱེད། ཡང་མར་ཅུང་མངོན་པར་བྱེད་ཅིང་ལུས་ཀྱི་ཉམས་འགྱུར་དང་། འགྱིང་འགྲོས། ལུས་གསེག རྡོག་མཆོངས། གཏུམ་པའི་གར་སོགས་ཀྱི་རྣམ་པ་སྟོན་ཞིང་གནའ་ཉམས་ལྡན་པའི་ཐུན་མིན་གར་འཆམ་གྱི་སྒྱུ་རྩལ་ངོམ་པར་མཛད་ཀྱི་ཡོད། དེ་ནས་སྒོ་མཛེས་ཚར་བ་དང་སྔར་བཞིན་སྤོས་འདྲེན་དང་། རྒྱ་གླིང་གིས་སྣར་དྲངས་ཏེ་དལ་བུའི་ངང་གཙོ་འཁོར་རྣམས་གཡས་གཡོན་རྐྱོང་སྐུམ་རེས་མོར་འཆམ་བཞིན་རྡོ་གཅལ་འཁོར་བར་ཕེབས། ༼གཅིག་འཆམ༽ ཐོག་མར་ས་བཅད་ཚར་གཅིག་འཆམ་ཞིང་གཅིག་འཆམ་ལ་ཕུར་པ་འཇིགས་བྱེད་དྲག་པོའི་ཕྱག་རྒྱ་ནས་བསྐྱེད་པ་སྐུ་བསྟོད་ཀྱི་ཕྱག་རྒྱའི་བར་ཕྱག་རྒྱ་བཅུ་གཉིས་དང་ས་བཅད་སྤེལ་མས་གཞུང་གི་སྔོན་འགྲོ་ནས་བདག་སྐྱེད་བར་འཆམ་མཛད་ཀྱི་ཡོད། ༼གཉིས་འཆམ༽ གཉིས་འཆམ་ལ་རྨིང་གཞི་བརྟན་པའི་ཕྱག་རྒྱ་ནས་ལོག་འདྲེན་འདུལ་བའི་ཕྱག་རྒྱའི་བར་ཕྱག་རྒྱ་བཅུ་གཅིག་དང་ས་བཅད་སྦྲེལ་མས་གཞལ་ཡས་ཀྱི་རྨིང་གཞི་ནས་ཟངས་ལྕགས་ཀྱི་ཁྱུད་འཁོར་བར་བཞེངས་པའི་རྣམ་པ་བསྟན་ཞིང་འཆམ། ༼གསུམ་འཆམ༽ གསུམ་འཆམ་ལ་སྐུ་གསུམ་རྫོགས་པའི་ཕྱག་རྒྱ་ནས་བཅའ་སྒྱུར་གར་གྱི་ཕྱག་རྒྱའི་བར་ཕྱག་རྒྱ་བཅུ་གཉིས་དང་གོང་བཞིན་ས་བཅད་བཅུ་གཉིས་ཀྱིས་དཀྱིལ་འཁོར་ལྷ་བཀོད་ནས་དགྱེས་བསྐྱེད་བར་གཞུང་གི་མཆོད་པའི་རིམ་པ་སོགས་འཆམ་ཞིང་དངོས་གཞིའི་ཉིན་དང་པོའི་ཁྲོ་འཆམ་གྲུབ་པ་ཡིན། དེ་ནས་ཉིན་གུང་གི་ཞལ་ལག་གསོལ་ཞིང་ཕྱི་དྲོར་གིང་དང་། སྲུང་མ། ཨ་ཙ་ར། ཤྭ་བ་བཅས་འཆམ་ཞིང་དངོས་གཞིའི་གར་འཆམ་གྱི་ཉིན་དང་པོ་ཡོངས་སུ་གྲུབ་བོ། །
དེ་ནས་ཚེས་ཉི་ཤུ་དགུ་ཉིན་གྱི་ཞོགས་པར་སྔར་བཞིན་རྔ་སྒྲ་ཁང་དུ་བླ་སྤྲུལ་རྣམས་གདན་དྲངས་ཤིང་གསེར་སྐྱེམས་དང་བོན་སྐྱོང་བསྐུལ་ཏེ་རྒྱལ་ཆེན་སྡེ་བཞི་འཆམ་གྱི་ཡོད། དེ་ནས་ཁྲོ་འཆམ་གྱི་འཁྲབ་ཚན་གཉིས་པ་འཆམ་གྱི་ཡོད་ལ་ཞལ་འབག་དང་། འཆམ་གོས། ཕྱག་ཆ་སོགས་ཚང་མ་གྲ་སྒྲིག་ཚར་རྗེས་ཉིན་སྔོན་མ་བཞིན་མ་རྐང་འབུད་པ་དང་། སྤོས་འདྲེན། རྒྱ་གླིང་གིས་སྣར་དྲངས་ཤིང་འཆམ་དཔོན་གྱིས་སྒོ་མཛེས་འཆམ་དགོས། དེ་ནས་རིམ་པར་གཙོ་འཁོར་རྣམས་འཆམ་རྭར་བསུ་ཞིང་ཁ་རྩང་གི་འཕྲོ། བཞི་འཆམ་ནས་རིམ་གྱིས་འཆམ་མཛད་ཀྱི་ཡོད། ༼བཞི་འཆམ༽ བཞི་འཆམ་ལ་གཡས་ཞལ་དཀར་བའི་ཕྱག་རྒྱ་ནས་གདུག་བྱེད་མ་མོའི་ཕྱག་རྒྱའི་བར་ཕྱག་རྒྱ་སོ་གཅིག་དང་སྤེལ་མའི་ས་བཅད་ཀྱིས་གཙོ་མཆོག་ཡབ་ཡུམ་གྱི་སྐུ་བསྟོད་དང་ཕོ་ཉ་གཞེན་བསྐུལ་སོགས་འཆམ་གྱི་ཡོད། ༼ལྔ་འཆམ༽ ལྔ་འཆམ་ལ་དབུ་རྒྱན་སྤྲུལ་པའི་ཕྱག་རྒྱ་ནས་སྐུ་མདོག་དུས་དྲུག་འགྱུར་བའི་ཕྱག་རྒྱའི་བར་ཕྱག་རྒྱ་དགུ་དང་ས་བཅད་ཀྱིས་སྲིད་རྒྱལ་གཙོ་མོའི་སྐུ་བསྟོད་འཆམ་ཚུལ་བསྟན། ༼བདུན་འཆམ༽ བདུན་འཆམ་ལ་ཐུགས་སྤྲུལ་གཟེ་མ་ལྕགས་ཀྱུའི་ཕྱག་རྒྱ་ནས་མགྲོན་ལྟར་དགྱེས་པའི་ཕྱག་རྒྱའི་བར་ཕྱག་རྒྱ་བཅུ་གསུམ་གྱིས་གཟེ་གྱད་བྱི་གསུམ་དང་དམག་དཔོན་བཅུ་བཅས་ཀྱི་སྐུ་བསྟོད་ཀྱི་འཆམ་བསྟན་པ་ཡིན། དེ་ནས་འཆམ་ཚན་གཉིས་པ་རྫོགས་པ་ཡིན་ལ་བཀྲ་ཤིས་བདེ་ལེགས་འཆམ་བཞིན་འབག་གཉིས་ཆ་རེ་བྱེད་ནས་ཚོགས་ཁང་ནང་ལོགས་ཕེབས་ཀྱི་ཡོད། དེ་མཚམས་སྲུང་མ་འཆམ། གིང་འཆམ་ནས་ཉིན་གུང་གསོལ་ཟས་མཆོད། དེ་ནས་ཤ་བ་འཁྱམ། ཨ་ཙ་ར། སེང་རྫི་དང་སེང་གེ་འཆམ། དེ་ནས་ཁྲོ་འཆམ་གྱི་རྩ་བའི་ས་བཅད་བདུན་པ་དགུ་འཆམ་འམ་དམ་འདུ་འཆམ་གྱི་ཡོད། སྔ་ལྟར་ཞལ་འབག་དང་། འཆམ་གོས། ༼འདིའི་སྐབས་སྔོན་མ་དང་མི་འདྲ་བར་ཁྲོ་བོའི་ཞལ་ཡོད་པའི་པང་གདན་རྒྱག་དགོས༽ ཕྱག་ཆ་རྣམས་གྲ་སྒྲིག་གྲུབ་མཚམས་མ་རྐང་བསྒྲིགས་ཤིང་སྤོས་འདྲེན་དང་རྒྱ་གླིང་བཅས་ཀྱིས་དལ་བུར་འཆམ་རྭ་འཁོར་བར་སྤྱན་དྲངས། ༼དགུ་འཆམ༽ དགུ་འཆམ་ལ་སྟི་རྭ་རུ་མཚོན་གྱི་ཕྱག་རྒྱ་ནས་རྫོགས་པ་ཆེན་པོའི་ཕྱག་རྒྱའི་བར་ཕྱག་རྒྱ་བཅུ་གསུམ་གྱིས་འགུག་སྒྲོལ་བསྟབ་གསུམ་དང་། གཏོར་འབུལ། བྲོ། ཕྱྭ་ཚེ། བཀྲ་ཤིས། གཤེགས་སྐྱོད་བཅས་ཚང་པར་འཆམ་གྲུབ་པ་དང་བཀྲ་ཤིས་བདེ་ལེགས་འཆམ་བཞིན་རྩ་བའི་འབག་བཅུ་གཅིག་པོ་ལྷན་སྦྲུལ་ནག་འཁྱིལ་ཁུགས་ཀྱིས་ཡར་ཚོགས་ཁང་ནང་ཕེབས་དགོས། སྒོ་ཁང་ནང་སླེབས་པ་དང་ལོ་གཅིག་གི་གར་འཆམ་ལམ་ལྷོངས་བྱུང་བ་དང་། ལོ་རྗེས་མའི་ནང་རང་གཞན་གྱི་ཞབས་རིམ་གཙོ་བོ་དེ་བདེ་བླག་ངང་མཇུག་གྲུབ་པ་ཡིན་ཙང་དགའ་དད་སྤྲོ་གསུམ་ངང་ཕོ་ལྷ་གསོལ་ཞེས་ཤུགས་ཀྱི་འབོད། དེ་ནས་ཤྭ་བ་གཉིས་ཀྱང་སྔར་བཞིན་ཡར་ཕེབས་ཤིང་སྒོ་ཁང་ནས་མར་ཁ་བསྐོར་ཏེ་གནམ་ལ་ལན་གསུམ་འཕགས་ཅིང་ཕོ་ལྷ་གསོལ་ཞེས་འབོད་ལ་འབག་གཡོག་རྣམས་ཀྱིས་ལྷན་དུ་ཕོ་ལྷ་གསོལ་ཞེས་འབོད་ཀྱི་ཡོད། དེ་ནས་རྩ་བའི་གར་འཆམ་གྱི་རིམ་པ་ཡོངས་སུ་གྲུབ་ཟིན་ཅིང་གཏོར་རྒྱག་གི་ལས་རིམ་ལ་འཇུག་པར་བྱེད། དེ་ཡང་སེར་འཕྲེང་གི་བཅའ་ཡིག་བཞིན་དར་གདུགས་དང་རྔ་རོལ་སོགས་མཆོད་ཆས་རྣམས་རིམ་པར་བསྒྲིགས་ཤིང་དམར་ལམ་གོང་མ་བཅས་འདོན། དེ་ནས་དལ་བུའི་ངང་གླིང་སྐོར་ཕེབས་ཏེ་གཏོར་འབུལ་དང་ཟོར་ལས་སོགས་གང་དགོས་བཏང་ཞིང་ཟློག་པ་འབུལ། དེ་ནས་འཆམ་རྭ་འཁོར་བར་བྱས་ཤིང་ལྷ་རྒྱལ་ཚངས་པའི་དབྱངས་སྙན་གསུངས་ནས་གཡུང་དྲུང་དགའ་འཁྱིལ་གྱིས་ཚོགས་ཁང་ནང་ཡར་ཕེབས་ཏེ་ཚོགས་བཤགས་གསུངས་ཀུན་གྱིས་ཕྱག་འཚལ་ཞིང་སྨོན་ལམ་གྱི་མཐར་བརྒྱན་ནོ། །
བཞི། མཇུག་བསྡུ་བ།
དེ་ལྟར་དགོན་འདིར་ངོ་མཚར་རྣམ་པར་བཀྲ་བའི་བོད་མི་རིགས་དང་ཆོས་ལུགས་ཀྱི་རིག་གནས་ཤིན་ཏུ་མང་བར་ཡོད་ལ་གར་འཆམ་གྱི་མཛད་སྒོ་འདི་ཉིད་ནི་ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཞིང་མི་རིགས་ཀྱི་རིག་གནས་དང་ཁ་ཐག་ཉེ་བ། མཇལ་བ་ཙམ་གྱིས་དད་པའི་མིག་ཆུ་དང་སྒྱུ་རྩལ་རིག་གནས་ཀྱིས་ཤེས་ལྡན་དུ་མའི་འགྲམ་ཆུ་ལྡང་བར་ནུས་པའི་གསོན་ཤུགས་ལྡན་ཡོད། མང་ཚོགས་ཀྱི་སེམས་ཁམས་ལ་ཧ་ཅང་འཕྲོད་ཅིང་ཆོས་ལུགས་ཀྱི་ལྟ་གྲུབ་དང་ལམ་འབྲས་ཀྱི་སྐོར་ལ་འབྲེལ་བ་དམ་ཟབ་ཡོད་པ་སོགས་ཁྱད་ཆོས་དཔག་གིས་མི་དཔོག་གར་འཆམ་འདི་ཉིད་ཀྱིས་མི་ཚོགས་ཁྲི་སྟོང་དུ་མའི་སེམས་ལ་ཆོས་ལུགས་ཀྱི་དད་མོས་དང་། སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟབ་མོ་བཞག་དང་འཇོག་བཞིན་ཡོད། སྔར་གྱི་བཤད་སྲོལ་ལ་ཡང་གར་འཆམ་གྱི་མཛད་སྒོ་འདི་ཉིད་ཐེངས་གསུམ་ལ་མཇལ་རྒྱུ་བྱུང་ན་ཕྱི་མར་ངན་འགྲོའི་སྒོ་ཁེགས་པ་དང་། ཚེ་འདིར་ནད་གདོན་རྐྱེན་ངན་སེལ་ཞིང་བྱ་བ་ལམ་འགྲོ་ཡོང་བ་སོགས་ཤོད་ཀྱི་ཡོད། གང་ལྟར་རིག་གནས་འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན་པར་བསྙོན་མི་ནུས་སོ། །དེ་བཞིན་ད་ལན་འདིར་ཁྲོ་བོའི་རྩ་འཆམ་གྱི་སྐོར་ཅུང་རྒྱས་བཤད་བྱས་པའི་ཁུལ་ཙམ་ལས་གཞན་ཁྲོ་བོའི་ཚོགས་འཆམ་དང་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་བྱུང་རབས་དང་འཕེལ་འགྱུར་སྐོར་གླེང་རྒྱུ་མ་བྱུང་བས་རིམ་པས་རྩད་ཞིབ་དང་གསལ་སྟོན་བྱ་རྒྱུའི་འབོད་སྐུལ་བཅས་རེ་ཞིག་མཇུག་བསྡུས་བའོ། །