ཞི་ལྷ་གཙུག་ཕུད་རྒྱལ་བ་དང་དེའི་སྙིང་པོའི་སྐོར་ལ་ཅུང་ཟད་དཔྱད་པ།

[ཟླ་ཚེས། 2020-04-21 22:21:28][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 [གནད་བསྡུས] དཔྱད་རྩོམ་འདིར་བོན་ཕྱོགས་སུ་རྒྱུན་ལྡན་འདོན་ཆེ་བ་ཆོ་གའི་གཞུང་གཡུང་དྲུང་ཡོངས་རྫོགས་དང་།  སྙན་བརྒྱུད་བར་དོའི་ཐོས་གྲོལ་གཉིས་སུ་ཞི་ལྷ་གཙུག་ཕུད་རྒྱལ་བ་དེ་ཉིད་ཡོད་མེད་གཉིས་སུ་བྱུང་ཡོད་པ་ལྟར།  དེ་འདྲའི་དཔེ་ཆ་སོ་སོའི་རྩ་བའི་ཁུངས་གང་ཞིག་ལ་ཐུག་ཡོད་པ་དང་དེ་དག་གི་དགོངས་དོན་དང་རྒྱུ་མཚན་གང་ཞིག་ཡིན་མིན་སྐོར་ལ་འགའ་ཞིག་དོགས་པའམ་ཤེས་འདོད་ཡོད་ལ་རེ་འགས་དེ་འབྲེལ་དཔྱད་གླེང་ཡང་གནང་ཡོད་པ་དང་།  དེ་འབྲེལ་ལྷ་དེའི་སྙིང་པོ་ཡང་འབྲེལ་ཡོད་དཔེ་ཆ་ཁག་ཏུ་གསལ་མིན་ཅི་རིགས་བྱུང་བར་བརྟེན། འདིར་དེ་དག་ལས་འཕྲོས་པའི་ཡིག་ཆ་གང་མང་ཞིག་ལ་དཔྱད་ཞིབ་བྱས་ཏེ་གནད་དོན་དེ་རིགས་ལ་གསེད་བཀྲོལ་གྱིས་གསལ་བཤད་གང་ཐོན་བྱས་ཡོད།
 [གནད་ཚིག] གཙུག་ཕུད་རྒྱལ་བ།  མེ་ཏོག་མ་བཞི།  སྤྲོ་བསྡུ། གནས་འགྱུར།  སྙིང་པོ།
   དེ་ལ་ང་ཚོ་རྒྱུན་ལྡན་དགོན་པ་དང་གྲོང་གསེབ་གང་དུའང་ཞི་ཁྲོའི་ཚོགས་འཁོར་འདོན་སྐབས་རྩ་བའི་གཞུང་ཆེན་གཡུང་དྲུང་ཡོངས་རྫོགས་སུ་དུག་སེལ་ལྷ་གསུམ་ཞེས།  བདུད་རྩི་རྒྱལ་བ་དང་། ཞི་དལ་ཀུན་སྙོམས། བྱམས་པ་བདར་གཅོད།  ཅེས་པ་དང་།  ཡང་ཐོས་གྲོལ་གཞུང་དུ་སྒོ་བཞིའི་སེམས་དཔའ་ཡབ་ཡུམ་བཞི་བསྟན་ཏེ། དེའི་སྐབས་གོང་གསལ་དུག་སེལ་ལྷ་གསུམ་ཐོག་གཙུག་ཕུད་རྒྱལ་བ་ཞེས་པ་ཞིག་བྱུང་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལགས་ཤིང་།   དེ་ལས་འཕྲོས་ཏེ་འགའ་ཞིག་གིས་ཁྱད་པར་དེ་ལྟར་བྱུང་བའི་རྒྱུ་མཚན་ཅི་ཡིན་སྐོར་ལ་ཤེས་འདོད་ཡོད་ཅིང་། དེ་དང་འབྲེལ་བར་འགའ་ཞིག་གིས་དཔྱད་ཞིབ་ཀྱང་གནང་ཡོད་པ་ནི།  ཤར་རྫ་རིན་པོ་ཆེས་མཛད་པའི«བདེ་འདུས་འཛབ་ཀྱི་ཤོག་ཆུང»དང་།  དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས་བརྩམས་པའི«ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་ལྷ་འཁོར་ལ་དཔྱད་པ»ཞེས་པ་གཉིས་ཀྱིས་མཚོན་ཡོད། དེ་ལྟར་དཔྱད་ཞིབ་བྱེད་པ་ལའང་གཞི་རྩའི་ཁུངས་གང་ཞིག་ནས་བྱུང་བ་དང་། དེ་འབྲེལ་གྱི་ཡིག་ཆ་གང་དང་གང་ཡོད་པ་བཅས་ལ་ཞིབ་ཏུ་བརྟགས་ན་ད་སྐབས་དཔྱད་གཞིའི་ཡིག་ཆ་གང་མང་ཞིག་བཞུགས་ཡོད་པར་མ་ཟད། ཡིག་ཆ་དེ་རིགས་ཀྱི་བསྟན་དོན་ཡང་སྐབས་ཀྱི་དབྱེ་བསྡུ་ཙམ་ལས་དོན་དུ་ཕན་ཚུན་འགལ་བ་མ་ཡིན་པར་རྟོགས་ཐུབ།  འདིར་ཡང་འབྲེལ་ཡོད་ཡིག་ཆ་གང་རྙེད་རྣམས་དཔྱད་གཞིར་བཟུང་སྟེ། སྐབས་ཀྱི་ལུང་ཚིག་སོ་སོར་དྲངས་པའི་ཐོག གཞི་རྩའི་གཙུག་ཕུད་རྒྱལ་བ་དེ་ཉིད་སྤྲོ་བསྡུའི་དབང་གིས་ཇི་ལྟར་ངོས་འཛིན་དགོས་པ་དང་།  ཁོང་གི་སྙིང་པོ་གང་ཞིག་ཡིན་མིན་སྐོར་ལ་ཅུང་ཟད་གླེང་རྒྱུ་ཡིན།
གཅིག   གཙུག་ཕུད་རྒྱལ་བའི་སྐོར།
   དེ་ཡང་སྤྱིར་གཡུང་དྲུང་ཡོངས་རྫོགས་ཀྱི་ཞི་ལྷ་རྣམས་དང་དེ་བཞིན་ཁྲོ་བོ་དབང་ཆེན་གྱི་ལྷ་ཕན་ཚུན་གནས་འགྱུར་ཙམ་ལས་ངོ་བོ་གཅིག་པ་དང་། ཁྱད་པར་གཙུག་ཕུད་རྒྱལ་བ་དེ་ཉིད་ཞི་བའི་མེ་ཏོག་མ་བཞིར་འདུས་པའི་སྐོར་བཀའ་དང་བཀའ་བརྟེན་མང་པོ་ཞིག་ནས་བསྟན་ཡོད་འདུག་པ་ལས་སྐབས་བསྟུན་ཡིག་ཆ་འགའ་ཞིག་དཔྱད་གཞིར་བཟུང་སྟེ་དབྱེ་ཞིབ་ཅུང་ཟད་བྱེད་པ་ལ།  «རྩ་རྒྱུད་གསང་བ་བསེན་ཐུབ»ལས།  “ཞི་ཁྲོ་སྒྱུ་འཕྲུལ་བཅའ་བསྒྱུར་དང་།  །ལྷག་ཆད་བསབ་དང་བསྡུ་བའི་དོན། །སྒྱུ་འཕྲུལ་གསང་བའི་ཕྱག་རྒྱ་རུ། །རགས་པ་གཙོ་བོ་བཅུ་གཉིས་བསྒྱུར། །ཡེ་སངས་ཡེ་ལྕམ་དངོས་འགྱུར་ཏེ། །དེ་ལ་དྲུག་དང་གསུམ་ལྷག་པ། །འདུལ་བ་དྲུག་ནི་ནམ་ཏིང་གཤེན། །སྤྱན་ལྗགས་ཞབས་གསུམ་དབུ་ལ་བསྡུ། །དུག་སེལ་གསུམ་དང་རྒྱལ་པོ་བཞི། །ཕྱག་ཞབས་དབུ་དང་སྲིད་པར་སྒྱུར། །”རྩ་རྒྱུད་གསང་བ་བསེན་ཐུབ།  ཤོག་ངོས།  ༡༠༣  པར་གསལ།ཞེས་དང་།  «འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན»ལས། “འོ་ན་ཞི་བ་ལྷག་འདུག་སྙམ་ན་འདུལ་བ་དྲུག་ཁྲི་བཞི་ནམ་ཏིང་ལ་འདུས་ལ།  དེ་ལྷ་རྒོད་ཐོག་པར་སྤྲུལ་པ་དང་། གསུམ་ལྷག་པ་ནི་དུག་སེལ་གསུམ་སྟེ།  ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་འདུས།     གསུངས་མོད་ཀྱིས་འོན་ཀྱང་གསུམ་པོ་སོ་སོར་བཞག་པ་གསུམ་དང་།  ཡང་མེ་ཏོག་ལྷ་མོ་བཞི་ལྷག་པ་ནི་རྒྱ་ཤག་ལ་འདུས་གསུངས་ཏེ་དབུ་ལ་འདུས་དང་འགལ་ལོ། །དེས་ན་སེར་མོ་ཐོར་ཚུགས་ཅན་ལ་འདུས” བསེན་ཐུབ་འགྲེལ།  ཤོག་ངོས།  ༣༨༩ པར་གསལ། ཞེས་ལྷ་དེ་དག་འདུས་ཚུལ་གཞན་གྱི་འདོད་པ་བཀག་ཅིང་།  རང་ལུགས་ལ་མེ་ཏོག་ལྷ་མོ་བཞི་དེའི་ནང་ཚན་སེར་མོ་ཐོར་ཚུགས་ཅན་ལ་འདུས་པར་བཞེད།   དེ་ལྟར་མེ་ཏོག་མ་བཞི་སེར་མོ་ཐོར་ཚུགས་ཅན་ལ་འདུས་ཤིང་།  དེ་ཁྲོ་བོ་གནས་འགྱུར་སྐབས་སྐྱིན་འདང་མི་ཕུད་དུ་ངེས་པ་ནི།  གོང་གསལ་འགྲེལ་གྱི་འཕྲོ་དེ་ཉིད་ལས།  “དུག་སེལ་གསུམ་དང་རྒྱལ་མོ་བཞི་ཕྱག་ཞབས་དབུ་དང་སྲིད་པར་བསྒྱུར་ཞེས་པ་ནི།  རྒྱལ་མོ་བཞི་ཉིད་སྤྲུལ་པ་ཡབ་ཡུམ་དུ་དངོས་འགྱུར་གསུངས་ཏེ་ཡབ་ཀྱི་འགྱུར་གཞི་མེད་པ་དང་གཞུང་དང་འགལ་ལོ། །དེ་ཕྱིར་རྒྱལ་མོ་བཞི་གནས་འགྱུར་ལ་དུག་སེལ་གསུམ་དང་། སེར་མོ་ཐོར་ཚུགས་ཅན་དང་བཞི་སྤྲུལ་པ་ཡབ་བཞིར་འགྱུར་བ་སྟེ་གཞུང་གི་ཚིག་གིས་ཤེས་སོ། །འོ་ན་དབུ་ཡུམ་ཡིན་པས་ཡབ་ཏུ་འགྱུར་བ་འགལ་མོད་སྙམ་ན།  སྐྱོན་མེད་དེ་ཡེ་ཤེས་ལྷ་ལ་ཕོ་དང་མོ་མེད་དེ་ཞེས་གསུངས་པས་སོ། །”ཞེས་རྒྱལ་མོ་བཞི་ཁོ་ན་སྤྲུལ་པ་ཡབ་ཡུམ་བརྒྱད་དུ་འགྱུར་བར་འདོད་པ་དགག་ཅིང་།  རང་ལུགས་ལ་དེའི་སྟེང་དུག་སེལ་ལྷ་གསུམ་དང་སེར་མོ་ཐོར་ཚུགས་ཅན་བཅས་བཞིར་བསྟན་ཏེ།  དེ་ཉིད་ལས།  “གཡས་དཀར་ཕྱག་དང་གཡོན་དམར་ཕྱག་བདུད་རྩི་རྒྱལ་བ་དཔྱིད་ཀྱི་ལྷ་མོ་དང་དབལ་གྱི་རྒྱལ་པོ་ཡབ་ཡུམ།  ཞབས་གཡས་གཡོན་ནི་ཞི་དལ་ཀུན་སྙོམས་དབྱར་གྱི་རྒྱལ་མོ་དང་།  སྟོབས་ཆེན་ཡབ་ཡུམ།  རྩ་གཡས་གཡོན་སེར་མོ་ཐོར་ཚུགས་ཅན་སྟོན་གྱི་རྒྱལ་མོ་དང་སྐྱིན་འདང་ཡབ་ཡུམ།  ཉུང་ཟུག་ཉུང་མིན་བྱམས་པ་བདར་གཅོད་དགུན་གྱི་རྒྱལ་མོ་དང་རྔམ་པ་སྟོབས་ཆེན་ཡབ་ཡུམ།” ཞེས་གསལ་པོར་གསུང་འདུག      འོན་ཏེ་འདིར་གཙུག་ཕུད་རྒྱལ་བ་དངོས་སུ་མ་གསལ་བ་ནི་སྐབས་དེར་དཔྱད་གཞིའི་ཡིག་ཆ་དེ་ཙམ་མ་འཛོམས་པའམ་ཡང་ན་གཡུང་དྲུང་ཡོངས་རྫོགས་གཞུང་དུ་དངོས་གསལ་མ་བྱུང་བས་ཡིན་པ་སོགས་ནི་དཔྱད་བྱར་གྱུར།    ཡང་མེ་ཏོག་མ་བཞི་བསྡུས་པས་གཙུག་ཕུད་རྒྱལ་བ་དེ་ཉིད་ཡིན་པའི་སྐོར་ཞལ་གསལ་བ་ཞིག་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད་དབལ་གསས་རྩོད་བཟློག་གི«ཞི་བ་རིན་ཆེན་སྤྱི་སྤུངས»འདི་ཉིད་ཡིན་འདུག་ཅིང་།  དེ་ཡང«ཞི་བ་རིན་ཆེན་སྤྱི་སྤུངས»ཀྱི་སྐུ་བསྟོད་སྐབས་སུ།  “མེ་ཏོག་མ་བཞི་བསྡུད་པའི་གཤེན། །གཙུག་ཕུད་རྒྱལ་བ་ཡོན་ཏན་ལྷ། །”ཞི་བ་རིན་ཆེན་སྤྱི་སྤུངས།  ཤོག་ལྡེབ་སོ་བཞིའི་རྒྱབ་ངོས་སུ་གསལ།ཞེས་དང་།  ཡང་དེའི་འཛབ་ཀྱི་སྐབས། “བསྭོ་ཨཱོྃ་ས་ལེ་འོད་དེ་འདུ་འདུ་ཁ། བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་གཅོད། བསྭོ་ཨཱོྃ་ས་ལེ་འོད་དེ་འདུ་འདུ་ཚ། བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་ད། བསྭོ་ཨཱོྃ་ས་ལེ་མ་ལེ་འདུ་འདུ་ཏ་འ་ཧེ་ཤད། བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་ཞ། བསྭོ་ཨཱོྃ་ས་ལེ་འོད་དེ་འདུ་འདུ་ཉ། བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་ཧུ། གནས་བཞི་སྤྲུལ་པ་དབང་གི་གསས་མཁར་ནས། །དུག་སེལ་སྒོ་བ་ཡབ་ཡུམ་འཁོར་བཅས་ལ། །”གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལས་རིན་ཆེན་སྤྱི་འཛབ་རྒྱས་པར་འབུལ་བ།  ཤོག་ལྡེབ་ལྔ་པའི་རྒྱབ་ངོས་སུ་གསལ།ཞེས་གསལ་བ་ལྟར་ལུང་དང་པོས་མེ་ཏོག་མ་བཞི་བསྡུས་པས་གཙུག་ཕུད་རྒྱལ་བ་ཉིད་ཡིན་པ་དང་།  དེ་ཡང་དུག་སེལ་སྐུ་གསུང་ཐུགས་དང་སྦྱར་ན་འདི་ནི་ཡོན་ཏན་གྱི་ངོ་བོ་ཡིན་པར་གསལ།  ལུང་ཕྱི་མ་སྙིང་པོའི་སྐབས་སུ་མེ་ཏོག་མ་བཞི་གཅིག་ཏུ་བསྡུས་ཏེ་ཡུམ་སྟོན་གྱི་རྒྱལ་མོ་དང་སྦྱར་བ་འདི་ཡིས་ཀྱང་མེ་ཏོག་མ་བཞི་གཙུག་ཕུད་རྒྱལ་བ་ལ་བསྡུས་པར་ཤུགས་ལ་བསྟན་པ་ཡིན་ལ།  དེ་མིན་མེ་ཏོག་མ་བཞི་དང་སྟོན་གྱི་རྒྱལ་མོ་ལ་ཡབ་ཡུམ་གསུངས་པའི་རྒྱུ་མཚན་གཞན་མེད་པ་ཡང་ཤེས་སླ།  དེ་ལྟར་མེ་ཏོག་མ་བཞི་བསྡུས་པས་གཙུག་ཕུད་རྒྱལ་བ་ཇི་ལྟར་བྱུང་བའི་སྐོར་རྩ་རྒྱུད་ཀྱི་དགོངས་པ་དེ་བས་གསལ་དུ་བཏང་བའི་ཡིག་ཆ་ནི«ཞི་བ་རིན་ཆེན་སྤྱི་སྤུངས»འདི་ཉིད་ཡིན་པར་གྲུབ་ལ།  གལ་ཏེ་གཞུང་འདི་འགྲོ་མགོན་དུས་ནས་མཇལ་དུ་ཡོད་ན་ཁོང་གིས་དེ་བས་ཞལ་གསལ་དུ་གསུངས་སྲིད་པ་ཞིག་རེད།  ད་དུང་ཤར་རྫ་རིན་པོ་ཆེས་ཀྱང་བདེར་འདུས་རྩོམ་སྐབས་གོང་གསལ«ཞི་བ་རིན་ཆེན་སྤྱི་སྤུངས»འདི་ཉིད་ཁུངས་སུ་མཛད་འདུག་ཅིང་དེའི་སྐོར་གཤམ་དུ་གསལ།  དེ་ལྟར་ན་གཡུང་དྲུང་ཡོངས་རྫོགས་སུ་གཙུག་ཕུད་རྒྱལ་བ་མ་བསྟན་པ་ནི་ཞི་ལྷ་བཞི་བཅུ་རྩ་ལྔའི་གྲངས་བཅད་ཀྱི་དགོངས་དོན་གཞིར་བྱས་ཡིན་པ་དང་།  ཐོས་གྲོལ་དུ་དེ་ཉིད་ཟུར་དུ་བྱུང་བ་ནི་སྒོ་བཞིའི་སེམས་དཔའ་ཡབ་ཡུམ་བརྒྱད་དང་།  མེ་ཏོག་ལྷ་མོ་བཞི་སྡེ་ཚན་སོ་སོར་ཕྱེས་པའི་དབང་དུ་མཛད་པ་སྟེ།  དོན་དུ་ཕན་ཚུན་སྤྲོ་བསྡུའམ་གནས་འགྱུར་དུ་དགོངས་པ་ཙམ་ལས་དོན་གྱི་འདུས་སོ་ལ་མི་འགལ་བར་ཤེས་པར་བྱའོ། །
གཉིས།  གཙུག་ཕུད་རྒྱལ་བའི་སྙིང་པོའི་སྐོར།
   གོང་གསལ་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གཙུག་ཕུད་རྒྱལ་བ་ཡོད་མེད་གཉིས་སུ་བྱུང་བ་ལྟར་ལྷ་དེའི་སྙིང་པོའི་སྐོར་ལའང་ཡོད་མེད་ཅི་རིགས་ཤིག་བྱུང་འདུག   དེ་ལ་ཐོས་གྲོལ་དུ་ལྷ་དེ་གསལ་བ་ལྟར་ཁོང་གི་སྙིང་པོ་ཡང་ཡོད་དགོས་པ་འདྲ་ཞིག་སྣང་རུང་།  ཐོས་གྲོལ་དུ་དུག་སེལ་ལྷ་གསུམ་སྐབས་སུ་འབྱུང་དགོས་པ་འདྲ་ཡང་།  དེའི་སྐབས་ཁ་ཚ་ཉ་གསུམ་ལས་མ་བྱུང་ཞིང་།  མདོར་ན་ཐོས་གྲོལ་དུའང་ཁོང་གི་སྙིང་པོ་མ་གསལ། དེ་བཞིན་གོང་གསལ«ཞི་བ་རིན་ཆེན་སྤྱི་སྤུངས»ཀྱི་ལུང་དུའང་། “བསྭོ་ཨཱོྃ་ས་ལེ་མ་ལེ་འདུ་འདུ་ཏ་འ་ཧེ་ཤད། བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་ཞ།” ཞེས་མེ་ཏོག་མ་བཞིའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་དེ་ལས་གཞན་གཙུག་ཕུད་རྒྱལ་བའི་སྙིང་པོ་ཟུར་པ་མ་བྱུང་།  འོ་ན་ཁོང་ལ་སྙིང་པོ་མེད་པའམ་དེ་འདྲ་གསལ་བའི་དཔེ་ཆ་མེད་དམ་སྙམ་ན།  དེ་ཡང་མ་ཡིན་ཏེ། གྲུབ་དབང་ཤར་རྫ་པའི་དགོངས་གཏེར«རིགས་ལྔ་བདེར་གཤེགས་འདུས་པའི་སྒྲུབ་པ་ཀུན་ཏུ་བཟང་པོའི་ཐུགས་ཏིག»གི་སྐུ་བསྟོད་ལས།  “ནུབ་ཏུ་གཙུག་ཕུད་རྒྱལ་བ་གུར་གུམ་མདོག །ཅེས་པ་ནས།  བསྭོ་ཨཱོྃ་ས་ལེ་འོད་དེ་འདུ་འདུ་སཱཿ  བསྭོ་ཨཱོྃ་ས་ལེ་ལྷམ་མེ་འདུ་འདུ་ཞཱཿ”རིགས་ལྔ་བདེར་གཤེགས་འདུས་པའི་སྒྲུབ་པ་ཀུན་ཏུ་བཟང་པོའི་ཐུགས་ཏིག  ཤོག་ངོས།  ༨༩ པར་གསལ།ཞེས་གཙུག་ཕུད་རྒྱལ་བ་དེ་ཉིད་ཡུམ་སྟོན་གྱི་རྒྱལ་མོ་དང་མཉམ་དུ་བྱུང་ཞིང་། སྙིང་པོ་སྤྱི་ཁོག་དུག་སེལ་ལྟར་འགྲེས་ཤིང་ས་བོན་ནི་སཱཿདེ་རེད།  འོ་ན་འདི་ཡི་ཁུངས་གང་ཞིག་ཡིན་སྙམ་ན།  «བདེ་འདུས་འཛབ་ཀྱི་ཤོག་ཆུང»ལས།  “འདིར་གཙུག་ཕུད་རྒྱལ་བ་ལ་སྙིང་པོ་མི་འབྱུང་བ་ནི།  སྤྱི་སྤུངས་རྩོད་བཟློག་ཞི་བ་རིན་ཆེན་སྤྱི་སྤུངས་ལས། མེ་ཏོག་མ་བཞི་སྡུད་པའི་གཤེན། །གཙུག་ཕུད་རྒྱལ་བ་ཡོན་ཏན་ལྷ། །ཞེས་གསུངས་པས་མེ་ཏོག་མ་བཞི་འདུས་པའོ། །འོ་ན་བདེ་འདུས་སྐུ་བསྟོད་ལས།  གཙུག་ཕུད་རྒྱལ་བ་དང་མེ་ཏོག་མ་བཞི་འདུག་པས་འགལ་ལོ་སྙམ་ན།  མི་འགལ་ཏེ་སྤྱི་སྤུངས་གསང་བ་འདུས་པའི་རྒྱུད་ལས་གཉིས་ཀ་སོ་སོར་འབྱུང་བ་དང་།  སྙན་བརྒྱུད་ཐོས་གྲོལ་ལས་ཀྱང་དེ་བཞིན་འབྱུང་བས་སོ། །འོ་ན་ཡོངས་རྫོགས་ལས་ཡེ་ཡེ་སྭཱཧཱཿ  འདུག་ལ་བདེ་འདུས་སྐུ་བསྟོད་ཀྱི་རིགས་བཞིའི་སྔགས་ཡེ་ཡེ་སྭཱཧཱཿ   ཆད་དམ་ཟེར་ན་རྩོད་ཟློག་གི་ཞི་བ་རིགས་ལྔ་གར་མི་འདུག་པས་དེ་ལྟར་རོ། །འདིར་ཀུན་བཟང་ཡབ་ཡུམ་ལྷག་གོ་སྙམ་ན་རྩོད་བཟློག་ཞི་བ་ལས་འབྱུང་བས་དེ་ལྟར་བཀོད་པའོ། །ཀུན་བཟང་ཡབ་ཡུམ་གཉིས་དང་།  གཙུག་ཕུད་རྒྱལ་བ་དང་།  མེ་ཏོག་མ་བཞི་ཀུན་སོ་སོར་བགྲངས་ན་ཞི་ལྷ་བཞི་བཅུ་རྩ་བརྒྱད་ཡང་འགྱུར་རོ། །འདིར་འཕྲུལ་ཡིག་བཞི་བཅུ་རྩ་ལྔ་ལས་ཞི་ལྷ་བཞི་བཅུ་རྩ་ལྔ་བསྐྱེད་དགོས་པའི་དོན་གྱིས་ལྷ་བཞི་བཅུ་རྩ་ལྔའི་གྲངས་ངེས་པའོ། །འདི་ཐིག་ལེ་དབྱིངས་འཆད་དང་གཡུང་དྲུང་ཡོངས་རྫོགས་ལྟར་སྙིང་པོ་རྣམ་དག་གོ  །”བདེ་འདུས་འཛབ་ཀྱི་ཤོག་ཆུང་།  ཤོག་ངོས།  ༩༢ པར་གསལ།ཞེས་གསལ་ཞིང་།  འོན་ཏེ་གཙུག་ཕུད་རྒྱལ་བའི་སྙིང་པོའི་ཁུངས་ནི།  “སྤྱི་སྤུངས་གསང་བ་འདུས་པའི་རྒྱུད་ལས་གཉིས་ཀ་སོ་སོར་འབྱུང་བ་དང་།”  ཞེས་པ་འདིས་བསྟན་པར་སྙམ་སྟེ།  འདིར་བསྟན་སྤྱི་སྤུངས་གསང་བ་འདུས་པའི་རྒྱུད་ནི།  གསང་སྔགས་གླིང་པའི་གཏེར་མ།  «གསང་བ་འདུས་པ་ཐབས་ཆེན་ཡབ་ཀྱི་རྒྱུད»ཅེས་པ་འདི་ཉིད་ཡིན་དགོས་འདུག་སྟེ།  རྒྱུད་དེའི་ལེའུ་བདུན་པ་ཞི་ལྷའི་སྙིང་པོ་བསྟན་སྐབས། “བསྭོ་ཨཱོྃ་ས་ལེ་འོད་དེ་འདུ་འདུ་ཁ༔  ཚ༔   ས༔  ཉ༔ ”བརྟེན་འགྱུར་སོག་སྡེ་སྤྲུལ་སྐུའི་ཅན་གྱི་གསང་འདུས་རྒྱུད་ཤོག་ངོས་༡༡པའི་རྒྱབ་ངོས་སུ་གསལ།  གཞན་བཀའ་འགྱུར་དབལ་ཁྱུང་ཅན་དང་།  ཀུན་གསལ་ཅན་དུ་གཙུག་ཕུད་རྒྱལ་བའི་ས་བོན་དེདང་།  སྟེང་ཆེན་དགོན་པའི་ཅན་དུཞེས་གསལ་བ་ནི་ཡིག་ནོར་ཡིན་མིན་བརྟག ཞེས་དུག་སེལ་ལྷ་གསུམ་དང་མཉམ་དུ་བྱུང་བ་དེས་ཤེས་ཐུབ།  འོ་ན་དེ་འདྲའི་སཿདེ་མི་འཐད་དེ།  སཿནི་ཡོངས་གྲགས་ས་ཡི་ལྷ་མོའི་ས་བོན་ཡིན་པས་ལྷ་གཉིས་ལ་ས་བོན་གཅིག་གིས་བསྡུས་མི་རུང་ངོ་སྙམ་ན།  དེ་ཡང་མ་ངེས་ཏེ།    དཔེར་ན་ཡོངས་རྫོགས་གཞུང་དུའང་གསས་ཆེན་རིགས་བཞི་ལ་ས་བོན་ཨཱོྃ་དང་། བ་རབ་གླིང་བཞི་དང་།  བ་རབ་གླིང་རྩོལ།  ཁྲི་རྨང་རྒྱལ་བ།  ལྡེ་བོ་གསུང་ཆེན་བཞི་ཀར་ཧཱུྃ་ཡིན་པ་དང་།  ཁྲོ་བོའི་སྐབས་སུའང་ཆེན་པོ་ཡབ་ལྔ་ལ་ཨ་དང་།  དེའི་ཡུམ་ལྔ་ལ་མ་ཡིན་པ་སོགས་ཀྱིས་ཤེས་སོ། །ད་དུང་གཙུག་ཕུད་རྒྱལ་བའི་སྐུ་མདོག་དང་ཕྱག་མཚན་སོགས་གཞུང་སོ་སོ་ནས་མི་འདྲ་བ་འགའ་འདུག་པ་དང་། ཡང་འདི་ལས་འཕྲོས་པའི་ཐོས་གྲོལ་དུ་དྲི་མེད་ལྷ་ལྔ་ཞེས་པ་མེ་ཏོག་མ་བཞི་དང་སྒོ་བཞིའི་སེམས་དཔའ་ཡབ་ཡུམ་མཉམ་བསྡུས་ཀྱི་སྨོན་ལམ་བྱུང་བ་དེའི་དགོངས་དོན་དང་།  གཞན་ལྟུང་བཤགས་དྲི་མེད་མཆོག་བྱང་དང་། སྐྱེ་སྒོ་གཅོད་མདོ་རུ་དྲི་མེད་ཚངས་པའི་ལྷ་ལྔ་ཞེས་པའི་དོན་རྣམས་ཀྱི་ཁྱད་པར་སོགས་ནི་འདིར་མ་བྲིས་ཤིང་།  ད་ལན་གཙོ་བོ་གཙུག་ཕུད་རྒྱལ་བ་དང་མེ་ཏོག་མ་བཞི་ཕན་ཚུན་སྤྲོ་བསྡུ་གང་ཡིན་སྐོར་དང་།  དེ་བཞིན་ཁོང་གི་སྙིང་པོ་གང་ཞིག་ཡིན་པའི་སྐོར་གླེང་འདོད་པ་ལྟར་དེ་ཙམ་བྱས་སོ། །
དཔྱད་གཞིའི་ཡིག་ཆ།
 ⑴ སྟོན་པ་ཀུན་ཏུ་བཟང་པོ།  «གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་རྩ་བའི་རྒྱུད» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད་བརྒྱ་དང་བཅོ་བརྒྱད་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༥
 ⑵འགྲོ་མགོན་བློ་གྲོས་རྒྱལ་མཚན།  «རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་པ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན»  སྒོ་བཞི་མཛོད་ལྔའི་ཡང་བཅུད།  པོད་བཅུ་དྲུག་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣
⑶ སྟོན་པ་འཆི་མེད་གཙུག་ཕུད།  «གསས་མཁར་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་པའི་གཞུང» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད་བརྒྱ་དང་བཅོ་བརྒྱད་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༥
⑷  ཚེ་དབང་རིག་འཛིན། «སྙན་རྒྱུད་བར་དོ་འཕྲང་སྒྲོལ་ཆེན་མོ་ཐོས་ཆོག་བར་དོ་རང་གྲོལ» ཞི་ཁྲོའི་སྒྲུབ་སྐོར། བོན་གྱི་བརྟེན་འགྱུར་ཆེན་མོ།  པོད་ཉིས་བརྒྱ་དང་སོ་ལྔ་པ།  སོག་སྡེ་སྤྲུལ་སྐུས་པར་དུ་བསྐྲུན།
⑸  སྟོན་པ་འཆི་མེད་གཙུག་ཕུད། «གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལས་ཞི་བ་དོན་གྱི་སྒྲུབ་པ་རིན་ཆེན་སྤྱི་སྤུངས» དབལ་གསས་རྩོད་བཟློག་སྟོད་པོད།   བོན་གྱི་བརྟེན་འགྱུར་ཆེན་མོ།  པོད་ལྔ་བཅུ་པ།  སོག་སྡེ་སྤྲུལ་སྐུས་པར་དུ་བསྐྲུན།
⑹ སྤྲུལ་སྐུ་བློ་ལྡན་སྙིང་པོ།  «གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལས་རིན་ཆེན་སྤྱི་འཛབ་རྒྱས་པར་འབུལ་བ»བོན་གྱི་བརྟེན་འགྱུར་ཆེན་མོ།  པོད་ལྔ་བཅུ་པ།  སོག་སྡེ་སྤྲུལ་སྐུས་པར་དུ་བསྐྲུན།
⑺ སྟོན་པ་འཆི་མེད་གཙུག་ཕུད།  «གསང་བ་འདུས་པ་ཐབས་ཆེན་ཡབ་ཀྱི་རྒྱུད» བོན་གྱི་བརྟེན་འགྱུར་ཆེན་མོ།  པོད་ཉིས་བརྒྱ་དང་གཅིག  སོག་སྡེ་སྤྲུལ་སྐུས་པར་དུ་བསྐྲུན།
⑻ ཤར་རྫ་བཀྲ་ཤིས་རྒྱལ་མཚན། «རིགས་ལྔ་བདེར་གཤེགས་འདུས་པའི་སྒྲུབ་པ་ཀུན་ཏུ་བཟང་པོའི་ཐུགས་ཏིག»ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།   པོད་བཅུ་པ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་།  ༢༠༡༦
⑼ ཤར་རྫ་བཀྲ་ཤིས་རྒྱལ་མཚན།  «ཡང་ཟབ་ནམ་མཁའ་མཛོད་ཆེན་ལས།  བདེ་འདུས་འཛབ་ཀྱི་ཤོག་ཆུང» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ།   པོད་བཅུ་པ།  གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་།  ༢༠༡༦
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།