བོན་གྱི་དཔེ་རྙིང«འདུལ་རྒྱུད་ཕྱར་བ་ཐང་ཆེན»གྱི་ནང་དོན་འགའ་ལ་དཔྱད་པ།
[ཟླ་ཚེས། 2020-04-12 16:01:30][རྩོམ་པ་པོ། དབལ་གཤོག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། བོན་གྱི་ཡིག་རྙིང《འདུལ་རྒྱུད་ཕྱར་བ་ཐང་ཆེན》ནི་མིག་སྔར་ཁྱབ་བསྒྲགས་ཆེར་མ་སོང་བའི་ཡིག་རྙིང་རྩ་ཆེན་ཞིག་ཡིན། ཡིག་རྙིང་དེ་ནི་བོན་གྱི་བཀའ་གཞུང་ནང་དུ་ཚུད་ཡོད་པས་རྨང་གཞིའི་ཡི་གེ་དེ་བྱུང་སྔ་ཡང་། ཡིག་རྙིང་དེ་ལ་དུས་རབས་བཅུ་བ་དང་དེའི་རྗེས་ཀྱི་བོན་གྱི་མཁས་པ་རེ་འགས་ཁ་སྣོན་དང་བཟོས་བཅོས་མང་པོ་བྱས་ཡོད་པ་ཞིག་ཡིན་པའི་སྐོར་དང་། ད་ཕན་བོད་ཀྱི་ལོ་རྒྱུས་ཁྲོད་དུ་མཐོང་དཀོན་པའི་གཉའ་ཁྲི་བཙན་པོ་ལ་སྲས་གཉིས་ཡོད་པའི་སྐོར་སོགས་ཟུར་སྣ་ཚོགས་ཤིག་ནས་ངོ་སྤྲོད་པའི་དཔྱད་བརྗོད་ཅིག་ཡིན།
བརྡ་ཆད་གཙོ་བོ། གཉའ་ཁྲི་བཙན་པོ། རྒྱལ་བུ་མཐིང་གེ། དམུ། ར་ལྗགས།
གླེང་གཞི།
《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཞེས་པའི་དཔེ་རྙིང་འདི་ནི་གཤེན་རབ་མི་བོའི་བཀའ་རུ་ཚུད་པའི་ཡིག་རྙིང་རྩ་ཆེན་པོ་ཞིག་ཡིན། ཡིན་ནའང་དཔེ་རྙིང་འདི་ལ་བོན་བསྟན་ཕྱི་དར་གྱི་སྐབས་སུ་ནང་དོན་ཁ་སྣོན་དང་བཟོ་བཅོས་མང་དུ་བྱུང་བའི་ནང་དོན་ཅན་ཞིག་ཡིན་པར་གཞུང་ཁོག་རང་ནས་དེའི་སྐོར་འཚོལ་ཐུབ། བོན་གྱི་བསྟན་པ་ལ་མཚོན་ན་བོད་བཙན་པོའི་ལོ་རྒྱུས་ནང་དུ་ཐེངས་གཉིས་ཙམ་ལ་ཉམས་རྒུད་ཆེན་པོ་ཐེབས་ཤིང་། ཉམས་རྒུད་གཉིས་ཀ་བརྒྱུད་ནས་ཡོང་བའི《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཞེས་པའི་དཔེ་རྙིང་འདི་ལ་བོན་བསྟན་ཕྱི་དར་གྱི་ལོ་རྒྱུས་ཁྲོད་ནས་བཙན་པོའི་དུས་སྐབས་དང་གནས་བབ་སོགས་འབྲེལ་བའི་ལོ་རྒྱུས་མང་དག་ཅིག་དཔེ་རྙིང་འདིའི་ནང་དུ་ཚུར་ལེན་བྱས་ཡོད་པས། དཔེ་རྙིང་འདི་ནི་གཞུང་ལུགས་ཀྱི་ནང་དོན་ལ་བཙན་པོའི་ལོ་རྒྱུས་སོགས་བསྲེས་ཏེ་ཡོང་བའི་ཡིག་ཆ་རྙིང་པ་ཞིག་ཡིན་པས། ང་ཚོས་ཡིག་རྙིང་འདི་དང་དེ་འབྲེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་བ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་སེམས་བཞིན་ཡིན།
སྤུ་རྒྱལ་གཉའ་ཁྲི་བཙན་པོའི་དུས་སྐབས་ནི་ཞང་ཞུང་ཤེས་རིག་བོད་དུ་དར་སྤེལ་གཏོང་བའི་གནད་འགག་གི་དུས་རབས་སམ་འགག་རྩ་གལ་ཆེན་ཞིག་ཡིན་པའི་སྐོར་བོན་གྱི་ལོ་རྒྱུས་རྣམས་སུ་གསལ་དག་གི་ངང་ནས་བརྗོད་དེ། གནམ་གྱི་ཁྲི་བདུན་རིང་དུ་བོན་འཆད་ཉན་གྱི་སྡེ་དང་སྒོམ་པའི་སྡེ་སོགས་བོད་དུ་དར་རྒྱས་ཕྱིན་པ་ཙམ་མ་ཡིན་པར་ཧ་ཅང་དར་རྒྱས་ཕྱིན་པས་སྐོར་བརྗོད་ཡོད། ཡིན་ཡང་གྲི་གུམ་བཙན་པོ་དུས་སྐབས་ནི་བོན་བསྟན་སླར་ཡང་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ཤིག་ཡིན་པའི་སྐོར་བླ་ཆེན་དྲན་པ་ནམ་མཁས་མཛད་པའི《སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས》སོགས་བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་རིམ་པར་བརྗོད་ཡོད། ནང་དོན་གཙོས་ཤོས་ནི་གྲི་གུམ་གྱིས་བོན་བསྟན་བསྣུབས་སྐབས། སྐབས་དེའི་བོན་གཤེན་རིག་འཛིན་རྣམས་མཐའ་ཕུད་བཏང་བའི་སྐོར་མ་ཡིན་པར། བོན་གྱི་ཤེས་རིག་མང་པོ་གཏེར་དུ་འཇོག་དགོས་ཐུག་པ་དང་། གཏེར་ལ་བཞག་པའི་ཁྲོད་ནས་བོན་གཞུང་མང་པོ་རྩ་བརླགས་སུ་སོང་བ་དེ་ཡིན།
དེ་ནས་རིང་མོ་འགོར་བའི་ལོ་སྟེ་སླར་ཡང་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སྔར་བཞིན་བོན་སྒོ་རྣམས་གཏེར་དུ་འཇོག་དགོས་ཐུག་པའི་ཛ་དྲག་གི་དུས་རབས་ཤིག་ཏུ་བསླེབས། དུས་སྐབས་དེ་ནི་སྔ་མ་དང་མི་འདྲ་ས་ཞིག་ཡོད་པ་ནི་བོན་ཆོས་དང་ཐུབ་ཆོས་བར་གྱི་རྩོད་གླེང་ལས་བྱུང་བའི་དུས་རབས་ཤིག་ཏུ་འཁེལ་བ་དེ་ཡིན། རྩོད་གླེང་ཁྲོད་ནས་རྒྱལ་པོས་བན་ལ་རྒྱབ་སྐྱོར་བྱས་པས་བོན་པོ་རྣམས་ཀྱིས་ཕམ་ཁ་མྱོང་དགོས་ཐུག་པས་བོན་སྒོ་རྣམས་གཏེར་དུ་མི་འཇོག་ཐབས་མེད་བྱུང་ཡོད། དེ་ནི་བྷོ་ཏི་ས་ཏོ་དང་། པདྨ་འབྱུང་གནས། ཨ་ཙ་ར་ཀླུའི་རྒྱལ་མཚན་བཅས་ཀྱིས་བོད་དུ་ཐུབ་པའི་ཆོས་ལུགས་སྤེལ་དུས་སུ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ཀྱི་ལྷ་ཁང་བརྒྱ་རྩ་བརྒྱད་སོགས་བཞེངས་པར་ཁས་བླངས་ཤིང།[2]ཁས་བླངས་ཀྱི་ཁྲོད་ནས་སྔ་མར་བོན་གྱི་འདུ་གནས་སུ་གྱུར་པའི་གནས་གཞི་མང་པོ་བན་དགོན་དུ་བསྒྱུར་བའི་འགོ་བརྩམས་ཡོད། དཔེར་ན་སྐབས་དེར་བན་ཆོས་ཀྱི་གནས་གཞི་ལྟ་བུར་གྱུར་པའི་བསམ་ཡས་ཀྱང་བོན་གྱི་འདུ་གནས་ཤིག་ཡིན་པར་ལོ་རྒྱུས་ཡིག་ཚང་ལས་གསལ་བ་ལྟར། གནད་དོན་དེ་དག་ནི་བོན་རྣམས་ལ་ཕམ་ཁ་སྦྱིན་པའི་ཛ་དྲག་གི་རྒོལ་ལན་ཞིག་ཏུ་ཆགས་ཡོད།
ཨུ་རྒྱན་གླིང་པས་གཏེར་ལས་བཏོན་པའི《པད་མ་བཀའ་ཐང》ཞེས་པའི་དེབ་དེའི་ནང་དུ་རྒྱ་གར་ནས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུམས་པའི་སྐོར་བཤད་ཡོད།[3]དེའི་ཕྱིར་དྲན་པ་ནམ་མཁའ་དང་མཐུ་བོ་ཆེ་མི་དགུ་སོགས་ཀྱིས་གླང་ལོའི་དཔྱིད་ཟླ་ལ་བོན་རྣམས་སྡེ་ཚན་སོ་སོར་ཕྱེས་ནས་བོད་ཡུལ་གྱི་ས་ཕྱོགས་མི་འདྲ་བ་དང་། ལྷ་རྟེན་མི་འདྲ་བའི་གནས་དག་ལ་སྦས་འཇོག་བྱེད་དགོས་ཐུག་ཡོད།[4དེ་ལྟར་བསྟན་པ་ཕྱི་དར་གྱི་དུས་སུ་གཤེན་ཆེན་ཀླུ་དགའ﹙996_1035﹚གཙོར་བྱས་ཏེ་བོན་གྱི་རུས་པ་ཅན་གྱི་མི་འགའ་ཤས་ཤིག་གིས་བོན་བསྟན་སླར་གསོ་བྱ་བའི་དུས་རབས་ཤིག་གི་དབུ་བཟུང་ཞིང་དབུ་འཛིན་པའི་ལོ་རྒྱུས་ཡང་སྔར་བཞིན་དཀའ་བ་སྤྱད་དེ་བསྒྲུབས་ཡོད། ལོ་རྒྱུས་དེའི་ནང་གི་སྔ་མའི་གཏེར་ཡིག་ཁ་ཤས་ཀྱི་ནང་དུ་བཙན་པོའི་དུས་སྐབས་སུ་བོན་གྱི་བསྟན་པ་ཇི་ལྟར་དར་བ་དང་ཇི་ལྟར་ཉམས་རྒུད་བྱུང་བའི་སྐོར་རྣམས་ཁ་སྣོན་བྱས་ཏེ་སྤེལ་ཡོད། 《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཡང་དེའི་གྲས་ཀྱི་གཅིག་ཡིན་པར་བརྗོད་ཆོག དཔེར་ན《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཞེས་པའི་དཔེ་རྙིང་ནང་དུ་གཉའ་ཁྲི་བཙན་པོ་སོགས་བཙན་པོ་སྔ་མའི་རིགས་ཀྱི་ལོ་རྒྱུས་ཀྱི་ཟུར་སྣ་ཚོགས་ལས《ས་སྟེང་རྒྱལ་རྒྱུད་ཀྱིས་གསེ་གཤགས》ཞེས་པའི་ལེའུ་ཡི་ནང་དུ་བཙན་པོ་ཕྱི་མའི་རིགས་ཏེ་རྒྱལ་པོ་གླང་དར་མ་སྐུ་བཀྲོངས་རྗེས་རྒྱལ་ཁྲིམས་ཞིག་པ་དང་། རྒྱལ་འབངས་བརླགས་ཡོད་ཚུལ་སོགས་བརྗོད་ཡོད་པར་མ་ཟད། དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན[5](900_930)གྱི་སྲས་གསུམ་གྱིས་མངའ་རིས་སྐོར་གསུམ་རེ་རེ་བཟུང་ཡོད་ཚུལ་གསལ་པོར་བརྗོད་ཡོད་པས།[6]དཔེ་ཆ་འདིའི་ནང་དུ་བཙན་པོའི་ལོ་རྒྱུས་ཀྱི་ཟུར་སྣེ་སྣ་ཚོགས་པ་འཁོད་ཡོད་པ་ལས་གཞན་སྐྱིད་ལྡེ་ཉི་མ་མགོན་དང་དེའི་སྲས་གསུམ་གྱིས་མངའ་རིས་སྐོར་གསུམ་ལ་དབང་བསྒྱུར་བྱེད་པའི་སྐོར་སོགས་ཀྱང་གསལ་བས་ཡིག་རྙིང་འདི་ནི་ཞིབ་འཇུག་གི་རྒྱུ་ཆ་རྨད་དུ་བྱུང་བ་ཞིག་ཡིན་པར་སྨོས་སུ་མེད།
《འདུལ་རྒྱུད་ཕྱར་བ་ཐང་ཆེན》དུ་གསལ་དམུ་དང་ར་ལྗགས་སྐོར།
《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཞེས་པའི་དཔེ་རྙིང་དེ་བསྒྱུར་བཅོས་གཏོང་བ་པོའི་དུས་རབས་ཡང་དག་པ་ཞིག་ངོ་སྤྲོད་བྱ་ཐབས་མེད་ཀྱང་། དཔེ་རྙིང་དེའི་ནང་གི《ལུང་གི་སྤྱི་ཁོག་ཕུག་པ》ཞེས་པའི་ལེའུའི་ནང་དུ“ཅེས་སྤྲུལ་པའི་ཁྱེའུ་ཆུང་ར་སླག་ཅན་གྱི་ཞལ་ནས་གསུངས་སོ།། བསྐལ་པའི་དྲི་མཛོད་ནག་པོའི་གཞུང་བྱང་། རྒྱུད་ཀྱི་རྒྱལ་པོ་ཕྱར་བ་ཐང་ཆེན་འདི། དང་པོ་རོ་ལྗགས་རོག་པ་ཐང་ཡག་གསུམ་ཀྱིས་བཀའ། བར་དུ་ཁྱུང་བོ་དྲི་བྱོའུ། ལྡ་ནག་པོ་སེར་པོ་སེར་མིག་ལུང་། ཐ་མ་ཐང་ཆེན་ཐང་ཆུང་རྒོད་སྲས། ཕྱར་བུ་པའི་བཞེད་པ། གངས་ཅན་བོད་ཀྱི་རུ་ཐོགས་རྩེ་རྒྱལ་རྣམས་ལ་བཀའ་སྩལ་ནས། རྒྱལ་ཀྱི་ཡོ་ཕོང་བཀྱོན་གཏན་ལ་ཕབ”ཅེས་པར་གཞིགས་ན་ཐོག་མར་མཁས་དབང་དམ་པ་སུ་ཞིག་གི་བཀའ་ཡིན་པ་དང་། བར་དུ་སྐྱེས་བུ་སུ་ཞིག་ལ་བརྒྱུད་ཡོད་པ། ཐ་མར་སྐྱེས་བུ་སུ་ཞིག་གིས་རྒྱུད་འཛིན་བྱས་ཡོད་ཚུལ་ལས་འཕྲོས་ཏེ་དཔེ་རྙིང་འདི་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་སྐྱེས་བུ་མང་པོ་ཞིག་གི་ཕྱག་བརྒྱུད་ཚུལ་གསལ་པོར་བརྗོད་ཡོད་མོད། མི་སྣ་དེ་དག་བྱོན་པའི་དུས་རབས་སོགས་གསལ་བརྗོད་ཅི་ཡང་བྱས་མེད།
ལེའུ་དང་པོའི་ནང་དུ་ནང་དོན་གཞན་ཞིག་འཁོད་ཡོད་པ་ནི་འདི་ལྟར་ཏེ“བོན་འདི་དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་འོད་དཀར་གཉིས་ཀྱི་བཞེད་གཞུང་ངོ”[7]ཞེས་དམུ་རིགས་ཀྱི་རུས་རྒྱུད་ཡིན་པའི་ཛུ་ཉེ་ནམ་མཁའ་དང་ར་ལྗགས་ཀྱི་རུས་རྒྱུད་ཡིན་པའི་གཤེན་བཙུན་འོད་དཀར་གཉིས་ཀྱི་བཞེད་པའི་གཞུང་ཡིན་པ་ནི་གསལ་བས། མི་སྣ་དེ་གཉིས་ནི《འདུལ་རྒྱུད་ཕྱར་བ་ཐང་ཆེན》དང་འབྲེལ་བ་དམ་པོ་ཡོད་པའི་མི་རེ་ཡིན་པར་མ་ཟད་སྐྱེས་བུ་འདི་གཉིས་ནི་གཞུང་འདི་བཞེད་མཁན་ནམ་ཡང་བཟོས་བཅོས་དང་ཁ་སྣོན་བྱེད་མཁན་གྱི་མི་སྣ་གཙོ་བོ་གཉིས་ཡིན་པར་བརྗོད་ཐུབ།
དམུ་དང་ར་ལྗགས་ཞེས་པའི་སྐོར།
དེ་ན་དམུ་ཛུ་ཉེ་ནམ་མཁའ་དང་འབྲེལ་བའི་ཡིག་ཚང་གཞན་དག་རྙེད་དཀའ་བས་མི་སྣ་འདི་ག་འདྲ་ཞིག་ཡིན་པའི་སྐོར་ང་ཚོས་བརྗོད་ཐབས་མེད་ཀྱང་། དམུ་ཞེས་པ་ནི་གནའ་བོའི་བོད་ཀྱི་རུས་རྒྱུད་རྙིང་པ་ཞིག་ཡིན་ཏེ་བོན་གྱི་ལོ་རྒྱུས་སུ་གྲགས་ཆེ་གདུང་རྒྱུད་སྡེ་དྲུག[8]ཅེས་པའི་ཁྲོད་ཀྱི་རུས་མིང་མཐོ་ཤོས་ཤིག་ཡིན། དེའི་རྒྱུ་མཚན་ནི་སྟོན་པ་གཤེན་རབ་མི་བོའི་གདུང་རྒྱུད་དེད་ཚེ་དམུ་ཡི་རུས་ལ་གཏུགས་དགོས་པའི་རྒྱུ་མཚན་སོགས་དང་འབྲེལ་བ་ཡོད་སྙམ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས》ལས་གདུང་རྒྱུད་འདི་བོན་ཆོས་དར་ནུབ་ཁྲོད་ནས་བན་དྷེའི་ཕྱོགས་སུ་ཆད་ཅིང་རྗེས་སུ་མེས་པོ་བཀྲ་གསལ་ཀླུ་ཡི་རྒྱལ་པོའི་རིང་དུ་སླར་ཡང་བོན་དུ་གྱུར་ཏེ་མདོ་སྨད་ནས་ཡར་ཆད་དེ་ལྷོ་འབྲིག་མཚམས་མཐའ་དཀར་དུ་གནས་གཞི་བཟུང་ཞིང་དེའི་རྗེས་སུ་གཙང་དུ་ཆད་པའི་སྐོར་བརྗོད་ཡོད། དེའི་ཕྱིར་དམུ་ཞེས་པའི་རུས་རྒྱུད་དུ་བྱུང་བའི་སྐྱེས་བུ་དག་ནི་བོན་གྱི་ལོ་རྒྱུས་ནང་དུ་ཧ་ཅང་གོ་གནས་གལ་ཆེན་བཟུང་བའི་རུས་པ་མཐོ་ཤོས་ཤིག་ཡིན་པར་མ་ཟད་བཙན་པོའི་ལོ་རྒྱུས་ཁྲོད་དུའང་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད་པ་ཞིག་ཡིན། དཔེར་ན་གཉའ་ཁྲི་བཙན་པོ་ཡབ་སྲས་ཀྱི་རིང་དུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱིས་བོད་དུ་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་པའི་ནང་གི་སྐུ་གཤེན་གཙོ་བོར་གྱུར་པའང་དམུ་ཁ་སྤོ་མི་སྤོ་དང་། དམུ་རྗེ་ཡང་རྒྱལ་གཉིས་ཡིན་པར་བོན་གྱི་ལོ་རྒྱུས་ཡིག་ཚང་རེ་འགའ་ནས་རྙེད་ཐུབ། དེ་ལྟར《འདུལ་རྒྱུད་ཕྱར་བ་ཐང་ཆེན》བཞེད་མཁན་གྱི་དམུ་ཛུ་ཉེ་ནམ་མཁའ་ཞེས་པའང་དམུ་ཡི་རུས་རྒྱུད་ལས་བྱུང་བའི་སྐྱེས་བུ་གལ་ཆེན་ཞིག་ཡིན་པར་བརྗོད་ཐུབ།
དེ་ལྟར་དུ་ར་ལྗགས་ཞེས་པའང་བོན་གྱི་གནའ་བོའི་རུས་རྒྱུད་རྙིང་པ་ཞིག་གི་མིང་ཡིན། དཔེར་ན་བླ་ཆེན་པོ་དྲན་པ་ནམ་མཁའ་སོགས་ཀྱིས་བརྩམས་པར་གྲགས་པའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ཞེས་པའི་ནང་དུ“ར་ལྗག་ཟ་ཡང་རྒྱལ་མས། གཤང་རྟ་རྟ་རུ་ཞོན་ནས་ཉི་ཟེར་ལ་གངས་དཀར་གྱི་རྩེ་ལ་ཉི་མ་འདེ་བར་གྲུབ”[10]ཅེས་པར་གཞིགས་ན། བོན་མོ་གྲུབ་པ་ཅན་བདུན་གྱི་གྲས་སུ་ཡོད་པའི་ར་ལྗགས་ཟ་ཡང་རྒྱལ་མོ་ཞེས་པའི་བུད་མེད་འདི་དང་གོང་དུ་གསལ་བའི་ར་ལྗགས་གཤེན་བཙུན་འོད་དཀར་གཉིས་ནི་རུས་རྒྱུད་གཅིག་གི་མི་ཡིན་པར་ཚོད་དཔོག་བྱ་ཆོག ད་དུང《སྲིད་པ་རྒྱུད་ཀྱི་ཁ་བྱང》ཞེས་པའི་ནང་དུ“ར་ལྗགས་ཁྲོ་རྒྱལ་རྩེ་མོའི་མཚན”[11]ཞེས་པའི་ར་ལྗགས་ཞེས་པ་ནི་རུས་རྒྱུད་ཀྱི་མིང་ཡིན་ཞིང་ཁྲོ་རྒྱལ་རྩེ་མོ་ཞེས་པ་སྐྱེས་མིང་ཡིན་པར་བཤད་ཐུབ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི《གླེང་གཞི་བསྟན་པའི་བྱུང་ཁུངས》ནང་དུའང“ར་ལྗགས་ཀྱི་བོན་པོ་འོད་ལྕགས་འཕྲུག”[12]ཅེས་པ་རུས་རྒྱུད་ར་ལྗགས་ཡིན་པ་དང་མཚན་དུ་འོད་ལྕགས་འཕྲུག་ཅེས་གསལ་ཞིང་།《འདུལ་རྒྱུད་ཕྱར་བ་ཐང་ཆེན》ནང་དུའང་བོད་ཀྱི་རྒྱལ་བོ་གྲི་གུམ་བཙན་པོའི་དུས་སུ་ར་ལྗགས་སངས་རྒྱས་རྨ་ཞེས་པ་དང་ར་ལྗགས་གསས་རྨ་ཞེས་པའི་མི་སྣ་རེ་འགའ་བཀོད་ཡོད།[13]དེ་ལྟར་ར་ལྗགས་ཞེས་པའི་རུས་རྒྱུད་འདི་ཡང་དམུ་ཞེས་པའི་རུས་རྒྱུད་དང་འདྲ་བར་ར་ལྗགས་ཀྱི་རུས་སུ་བོན་གྱི་སྐྱེས་བུ་མང་པོ་འཁྲུངས་པར་བརྗོད་ཐུབ།
རུས་རྒྱུད་དེའི་སྐོར་ནི་དུས་ཕྱིས་ཀྱི་བོན་གྱི་དེབ་ཐེར་ཁག་ཏུའང་མཐོང་རྒྱུ་ཡོད་དེ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་མཛོད》དུ་བོན་གྱི་བསྟན་པ་ཕྱི་དར་གྱི་དབུ་མཛད་ཆེན་མོ་གཤེན་ཆེན་ཀླུ་དགས་ཨ་ནུའི་ཆབ་གཏོར་ཤོག་གཅིག་མ་ཞུས་སའི་སློབ་དཔོན་གྱི་མཚན་ལ“ར་ཤག”ཅེས་བརྗོད་ཡོད།[14]སྐབས་འདིའི་སློབ་དཔོན་གྱི་མཚན་དུ་བྲིས་པའི“ར་ཤག”དང“ར་ལྗགས”ཞེས་པ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན། རྒྱུ་མཚན་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷ་གཏེར་བོན་གྱི་ལོ་རྒྱུས་བཞུགས་པ་ལེགས》ཞེས་པའི་ནང་དུ་གཤེན་ཆེན་ཀླུ་དགས་ཨ་ནུའི་ཆབ་གཏོར་ཤོག་གཅིག་ཞུས་སའི་སློབ་དཔོན་གྱི་མཚན་དུ་ར་ལྗགས་ཞེས་བྲིས་ཡོད་པས་གསལ།[15] འོ་ན་ར་ལྗགས་ཞེས་པ་དེ་རུས་མིང་ཁོ་ན་ཞིག་ཡིན་ཞེས་ན་དེ་ཡང་མ་ཡིན་ཏེ། དེའི་སྐོར་ལྕགས་མོ་མཚོས་བརྩམས་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག》ཅེས་པ་རུ་ངོ་སྤྲོད་བྱས་ཡོད། ཁོ་མོས་ར་ལྗགས་ཞེས་པ་ནི་ས་མིང་ཞིག་ཡིན་པའི་སྒྲུབ་བྱེད་ནི། བོན་གྱི་དེབ་ཐེར་ཁག་ཏུ་བཀོད་པའི་བོན་བསྟན་ཕྱི་དར་སྐབས་ཀྱི་ར་ལྗགས་ཀྱི་ཟབ་གཏེར་ཐོན་ཚུལ་སྐོར་ལ་གཞིགས་ཏེ་བརྗོད་ཡོད།[16]
གཉའ་ཁྲི་བཙན་པོའི་སྲས་རྒྱུད་གཉིས་ཀྱི་སྐོར། བླ་ཆེན་དྲན་པ་ནམ་མཁས་བརྩམས་པར་གྲགས་པའི《སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས》ཀྱིས་མཚོན་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་གཉའ་ཁྲི་དང་ལྷ་སྨན་དཀར་མོ་འཚོས་པ་ལ། སྲས་མུ་ཁྲི་བཙན་པོ་འཁྲུངས་པའི་སྐོར་མ་གཏོགས་གཞན་པའི་སྲས་ཤིག་ཡོད་པའི་ནང་དོན་མི་གསལ།[17]དེ་ལྟར་དུ་བན་ཕྱོགས་ཀྱི་ལོ་རྒྱུས་ཡིག་ཚང་གྲགས་ཆེན་ཏེ་དབའ་གསལ་སྣང་གིས་བརྩམས་པའི《སྦ་བཞེད》དང་།[18]ཉང་རལ་ཉི་མ་འོད་ཟེར་གྱིས་བརྩམས་པའི《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》རྣམས་སུའང་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ་ཙམ་ལས་གཞན་པའི་སྲས་ཤིག་ཡོད་པའི་སྐོར་གྱི་གསལ་འགྲེལ་ཅི་ཡང་མེད།[19] བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་བརྩམས་པར་གྲགས་པའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ནང་དུ་ཁྱད་མཚར་གྱི་བཞེད་པ་ཞིག་བཀོད་པ་ནི་གཉའ་ཁྲི་བཙན་པོ་དང་གནམ་སྨན་ཏིང་ཏིང་བཤོས་པའི་སྲས་ནི་ཏིང་ཁྲི་བཙན་པོ་བྱ་བ་ཡིན་ཞིང་། གཉའ་ཁྲི་བཙན་པོ་ནས་གྲི་གུམ་བཙན་པོའི་བར་དུ་རྒྱལ་རབས་བཞི་ཙམ་ལས་མ་སོང་བ་དང།[20]རྒྱལ་རབས་དེ་དག་གི་ཁྲོད་དུ་མུ་ཁྲི་བཙན་པོ་ཞེས་པའི་མི་སྣ་ཞིག་མི་གསལ། ཡིན་ཡང《སྲིད་པ་རྒྱུད་ཀྱི་ཁ་བྱང》ལ་མ་ཡིག་མི་འདྲ་བའི་སྐོར་སྣ་ཚོགས་ཤིག་འབུད་བཞིན་ཡོད་པས་ཆད་ལྷག་ཤོར་ཡོད་མེད་ལ་ཞིབ་བསྡུར་བྱ་རྒྱུ་ནི་གལ་ཆེ་བར་སེམས།
རྒྱུ་མཚན་དེ་ལྟར་ཕྱིས་ཀྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ་ཁོ་ནར་བཞེད་དེ་ཡོང་བས། གཉའ་ཁྲི་བཙན་པོ་ལ་སྲས་རྒྱུད་གཞན་ཞིག་ཡོད་པའི་སྐོར་རྟོགས་པའི་མི་ཧ་ཅང་དཀོན།ཡིན་ནའང་འདིར་བརྗོད་པའི《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཞེས་པའི་ནང་དུ་གཉའ་ཁྲི་བཙན་པོའི་སྲས་རྒྱུད་སྐོར་ལ་གནམ་ཚ་མུ་ཁྲི་བཙན་པོ་དང་། ས་ཚ་རྒྱལ་བུ་འཐིང་གེ་ཡིན་ཞེས་གནམ་ཚ་དང་ས་གཉིས་ཡོད་པའི་སྐོར་གྱི་གླེང་བརྗོད་བྱས་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་གཞན་དང་བསྡུར་ན་ཧ་ཅང་དམིགས་གསལ་བ་ཞིག་སྟེ། རྒྱལ་བུ་མཐིང་གེའི་ཞེས་པའི་ལོ་རྒྱུས་མི་སྣ་འདིའི་སྐོར་བོན་གྱི་སྨྲེང་རབས་དང་ཆོག་རབས་རྣམས་སུ་གསལ་མོད། མི་སྣ་དེ་གཉའ་ཁྲི་བཙན་པོའི་སྲས་ཡིན་པའི་སྐོར《འདུལ་རྒྱུད་ཕྱར་བ་ཐང་ཆེན》ནང་མ་གཏོགས་གཞན་ནས་མི་གསལ། ཡིན་ནའང་དཔེ་རྙིང་འདིའི་ནང་དུའང་གཉའ་ཁྲི་བཙན་པོའི་སྲས་ལ་གནམ་ཚ་མུ་ཁྲི་བཙན་པོ་དང་། ས་ཚ་རྒྱལ་བུ་མཐིང་གེ་ཞེས་བརྗོད་པ་ཙམ་མ་གཏོགས་དེའི་སྐོར་གྱི་ལོ་རྒྱུས་གཞན་དག་སྨས་མེད་པས། ཀ་ཤུལ་བསོད་རིན་གྱིས་བརྩམས་པའི«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»དུ་རྒྱལ་བ་མཐིང་གེ་བྱ་བ་འདི་རྒྱའི་རྒྱལ་པོ་ལིང་དཀར་ཞེས་པའི་སྲས་ཡིན་པའི་སྐོར་བོན་གྱི་དཔེ་རྙིང«མིང་སྲིང་དཔལ་བགོས་དང་ལྷ་བདོག»ཅེས་པའི་ནང་ནས་ལུང་དྲངས་ཏེ་བརྗོད་ཡོད་པས།[21]ང་ཚོས་རྒྱལ་བུ་འཐིང་གེ་ཡི་སྐོར་ལ་མུ་ནས་ཞིབ་འཇུག་བྱ་བའི་གནས་སུ་ལྷག་ཡོད།
མཇུག་སྡོམ།
《འདུལ་རྒྱུད་ཕྱར་བ་ཐང་ཆེན》ནི་ལེའུ་སུམ་བཅུ་སོ་བཞི་ཙམ་གྱིས་གྲུབ་པའི་སྨྲེང་ཆོག་འདྲེས་མའི་ཆོ་ག་གལ་ཆེན་ཞིག་ཡིན་པར་མ་ཟད། ཚིག་གི་སྡེབ་སྟངས་ཀྱང་གཏམ་ཤུལ་དགའ་ཐང་ནས་རྙེད་པའི་ཡིག་རྙིང་དང་ཆ་འདྲ་བའི་ཁྱད་ཆོས་མང་བོ་མཐོང་རྒྱུ་ཡོད། ད་སྔར་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཁ་གསལ་བྱེད་མ་ཐུབ་པའི་གནད་དོན་མང་ཤོས་ཤིག་དེབ་འདི་ནང་ནས་མཐོང་ཐུབ། དཔེར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ཕྱྭ་དམུ་གཙུག་གསུམ་གྱི་གདུང་རྒྱུད་བྱུང་ཚུལ་སྐོར། གཉའ་ཁྲི་བཙན་པོ་ལ་སྲས་གཉིས་བྱོན་ཚུལ་སོགས་ཕྱོགས་གང་ཡིན་ཡང་ཧ་ཅང་ཟབ་རྒྱས་ངང་ནས་ནན་བརྗོད་བྱས་ཡོད་པས་དེང་སང་གི་བོད་ཀྱི་རིག་གནས་ཁྲོད་དུ་ཁྱབ་བསྒྲགས་མ་སོང་བའི་གནས་ཚུལ་མང་བོ་ཞིག་དེབ་འདི་ལས་ཤེས་ཐུབ། ཡིག་རྙིང་འདི་བོན་གྱི་བཀའི་ནང་དུ་བསྡུ་བསྒྲིགས་བྱས་པས་རྨང་གཞི་དེ་སྟོན་པའི་བཀའ་ཡིན་པའི་དབང་དུ་བཏང་ཡང་རྗེས་སུ་དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་། ར་ལྗགས་གཤེན་བཙུན་འོད་དཀར་སོགས་ཀྱིས་བཟོས་བཅོས་དང་ཁ་སྣོན་སྣ་ཚོགས་ཤིག་བྱས་ཏེ་གྲུབ་པ་ཞིག་ཡིན་པ་ནི་བཤད་ཆོག་པ་ཞིག་རེད།
དཔྱད་གཞིའི་ཡིག་ཆ་གཙོ་བོ།
བླ་ཆེན་དྲན་པ་ནམ་མཁའ།《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》ནང་གི《སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས》བོད་ལྔོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.8
བླ་ཆེན་དྲན་པ་ནམ་མཁའ།《སྲིད་པ་རྒྱུད་ཀྱི་ཁ་བྱང》ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། 2011.6
ཨུ་རྒྱན་གླིང་པ།《པད་མ་བཀའ་ཐང》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015.3
དབའ་གསལ་སྣང།《དབའ་བཞེད་བཞུགས་སོ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012.2
ཉང་ཉི་མ་འོད་ཟེར།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010.10
དམུ་རྒྱལ་ཛུ་ཉེ་ནམ་མཁའ།ར་ལྗགས་གཤེན་བཙུན་འོད་དཀར།《འདུལ་རྒྱུད་ཕྱར་བ་ཐང་ཆེན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015.5
ཁྱུང་པོ་བློ་གྲོས་རྒྱལ་མཚན།《གླེང་གཞི་བསྟན་པའི་འབྱུང་ཁུངས》མི་རིགས་དཔེ་སྐྲུན་ཁང་། 2010.9
ཁྱུང་པོ་བློ་གྲོས་རྒྱལ་མཚན།《དམུ་གཤེན་གདུང་རབས་རྣམ་ཐར་ཕྱོགས་བསྒྲིགས》ནང་གི《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷ་གཏེར་བོན་གྱི་ལོ་རྒྱུས་བཞུགས་པ་ལེགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014.12
ཤར་རྫ་བཀྲ་ཤིས་རྒྱལ་མཚན།《ལེགས་བཤད་མཛོད》མི་རིགས་དཔེ་སྐྲུན་ཁང་། 19985.9
ལྕགས་མོ་མཚོ།《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་ཞིབ་འཇུག》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016.8
ཀ་ཤུལ་བསོད་རིན། «བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»ཞེས་པའི་ཤོག་ངོས༣༠༦སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019.9
ཞབས་མཆན་སྐོར།
[2]ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གླེང་གཞི་བསྟན་པའི་འབྱུང་ཁུངས》ཞེས་པའི་ཤོག་ངོས༤༢༥ཡི་སྟེང་གསལ་བར་མ་ཟད་དཔེ་རྙིང་དེའི་ནང་དུ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨུ་རྒྱན་དང་ཁ་ཆེ། རྒྱ་གར་སོགས་ནས་ཆོས་སྤེལ་བ་མང་པོ་བོད་དུ་གདན་དྲངས་ཚུལ་སྐོར་གསལ། མི་རིགས་དཔེ་སྐྲུན་ཁང་། 2010.ལོར།
[3]ཨུ་རྒྱན་གླིང་པའི་གཏེར་མ«པད་མ་བཀའ་ཐང»ཞེས་པའི་ཤོག་ངོས༣༨༧ནས༣༨༧སྟེང་གས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015.ལོར།
[4]ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གླེང་གཞི་བསྟན་པའི་འབྱུང་ཁུངས》ཞེས་པའི་ཤོག་ངོས༤༢༧སྟེང་གསལ་བར་མ་ཟད་དེ་རུ་གཏེར་གྱི་རྒྱལ་པོ་གཅིག་དང་། བློན་པོ་བཞི། ཡང་བློན་གཅིག་དང་དྲུག ཁྱད་པར་དུ་གསང་གཏེར་ཆེ་བ་ལྔ་དང་གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས་ཡོད་པ་གསལ། མི་རིགས་དཔེ་སྐྲུན་ཁང་། 2010.ལོར།
[5]དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་འོད་དཀར་སོགས་ཀྱི་ཕྱག་བརྒྱུད་པའི《འདུལ་རྒྱུད་ཕྱ་བ་ཐང་ཆེན》ཞེས་པའི་ཤོག་ངོས༡༠༠སྟེང་གསལ་དེ་རུ་སྐྱིད་ལྡེ་ཉི་མ་མགོན་གྱི་མིང་གཞན་ལ“ཁྲི་སྐྱིད་ལྟ་ཉི་མ་མགོན”ཞེས་བྲིས་ཡོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2015.ལོར།
[6]དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་འོད་དཀར་སོགས་ཀྱི་ཕྱག་བརྒྱུད་པའི《འདུལ་རྒྱུད་ཕྱ་བ་ཐང་ཆེན》ཞེས་པའི་ཤོག་ངོས༡༠༠སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2015.ལོར།
[7]དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་འོད་དཀར་སོགས་ཀྱི་ཕྱག་བརྒྱུད་པའི«འདུལ་རྒྱུད་ཕྱ་བ་ཐང་ཆེན»ཞེས་པའི་ཤོག་ངོས༢སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2015.ལོར།
[8]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་མཛོད》ཀྱི་ནང་གི་གདུང་རྒྱུད་འཛིན་པའི་རྒྱལ་པོ་སྡེ་དྲུག་ནི“དམུ་རིགས་གཤེན་ལྷའི་་གདུང་རྒྱུད། ཤཱག་རིགས་གར་གསས་ཀྱི་གདུང་རྒྱུད། ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། དཔོ་རིགས་གསས་རྗེའི་གདུང་རྒྱུད། རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད། གཉེན་རིགས་མཁའ་འགྱིང་གི་གདུང་རྒྱུད་དང་དྲུག་གོ” ཞེས་པ་ཤོག་ངོས༡༧སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་། 1985.ལོར།
[10]བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པར་གྲགས་པའི«སྲིད་པ་རྒྱུད་ཀྱི་ཁ་བྱང»ཞེས་པའི་ཤོག་ངོས༥༡སྟེང་གསལ། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།2011.ལོར།
[11]བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པར་གྲགས་པའི«སྲིད་པ་རྒྱུད་ཀྱི་ཁ་བྱང»ཞེས་པའི་ཤོག་ངོས༡༧༤སྟེང་གསལ། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།2011.ལོར།
[12]ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«གླེང་གཞི་བསྟན་པའི་འབྱུང་ཁུངས»ཞེས་པའི་ཤོག་ངོས༤༡༣ཡི་སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་།2010.ལོར།
[13]དམུ་རྒྱལ་ཛུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་འོད་དཀར་སོགས་ཀྱི་ཕྱག་བརྒྱུད་པའི«འདུལ་རྒྱུད་ཕྱ་བ་ཐང་ཆེན»ཞེས་པའི་ཤོག་ངོས༢སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2015.ལོར།
[14]ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་མཛོད》ཅེས་པའི་ཤོག་ངོས༢༥༠སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་།19985.ལོར།
[15]ར་ཤག་ཞེས་པའི་མིང་ནི་ར་ལྗགས་་ཀྱི་འབྲི་སྟངས་གཞན་ཞིག་ཡིན་པ་ནི་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷ་གཏེར་བོན་གྱི་ལོ་རྒྱུས》ཞེས་པའི་ནང་དུ་གསལ།
[16]ལྕགས་མོ་མཚོས་བརྩམས་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་ཞིབ་འཇུག》ཅེས་པའི་ཤོག་ངོས༡༡༢ནས༡༡༤ཡི་སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016.ལོར།
[17]བླ་ཆེན་དྲན་པ་ནམ་མཁས་མཛད་པའི《སྒྲ་བསྒྲགས་པ་རིན་ཆེན་གླེང་གྲགས》ཞེས་པའི་ཤོག་ངོས༡༥༢སྟེང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010.ལོར།
[18]དབའ་གསལ་སྣང་གིས་མཛད་པར་གྲགས་པའི《དབའ་བཞེད་བཞུགས་སོ》ཞེས་པའི་ཤོག་ངོས༢༧༦སྟེང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012.ལོར།
[19]ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཅེས་པའི་ཤོག་ངོས༡༤༧སྟེང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2010.ལོར།
[20]བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ཞེས་པའི་ཤོག་ངོས༤༣སྟེང་གསལ། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། 2011.ལོར། ཡིན་ན་ཡང《སྲིད་པ་རྒྱུད་ཀྱི་ཁ་བྱང》ལ་མ་ཡིག་མི་འདྲ་བ་མང་སྟེ་བདག་གི་ལག་ཏུ་རྣམ་པ་གཉིས་ཡོད་དེ། གཅིག་ནི་ཅང་ཧོའོ་གློག་རྡུལ་ཁང་གིས་བསྐྲུན་བྱས་པའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ཡིན་ཞིང་། དེའི་ནང་དུ་གནམ་གྱི་ཁྲི་བདུན་ནི་གཉའ་ཁྲི་བཙན་པོའི་སྲས་ཏིང་ཁྲི་བཙན་པོ་དང་། དེའི་སྲས་སོ་ཁྲི་བཙན་པོ་བྱ་བ། དེའི་སྲས་བྱང་ཁྲི་བཙན་པོ། དེའི་སྲས་ལྡེ་ཁྲི་བཙན་པོ་ཡིན་ཞིང་ལྡེ་ཁྲི་བཙན་པོའི་སྲས་ནི་གྲི་གུམ་བཙན་པོ་ཡིན་པར་བཞག་ཡོད་ལ་གནམ་གྱི་ཁྲི་བདུན་ནང་དུ་མུ་ཁྲི་བཙན་པོའི་མཚན་གསལ་མི་འདུག གཅིག་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་ཁང་གིས་དཔེ་སྐྲུན་བྱས་པའི《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》ནང་གི《སྲིད་པ་རྒྱུད་ཀྱི་ཁ་བྱང》ཡིན། དེའི་ནང་དུ་གནམ་གྱི་ཁྲི་བདུན་ནི་གཉའ་ཁྲི་བཙན་པོའི་སྲས་ཏིང་ཁྲི་བཙན་པོ་དང་། དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ་བྱ་བ། དེའི་སྲས་བྱང་ཁྲི་བཙན་པོ། དེའི་སྲས་ལྡེ་ཁྲི་བཙན་པོ་ཡིན་ཞིང་ལྡེ་ཁྲི་བཙན་པོའི་སྲས་ནི་གྲི་གུམ་བཙན་པོ་ཡིན་པར་བརྗོད་ཡོད་དེ། དེའི་ཁྲོད་དུ་ཏིང་ཁྲི་བཙན་པོའི་སྲས་ནི་མུ་བཙན་པོ་ཡིན་པར་གསལ་འདུག དེ་ལ་བལྟས་ན་མ་ཡིག་གོང་མ་དང་འདི་གཉིས་ནི་མི་མཚུངས་པར་ཤེས་ཐུབ།
[21]ཀ་ཤུལ་བསོད་རིན་གྱིས་བརྩམས་པའི«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»ཞེས་པའི་ཤོག་ངོས༣༠༦སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོར།
《གཉའ་ཁྲི་བཙན་པོ》སྤྱིའི་དེབ་གྲངས་༢༡ལས་བཤུས།