མདོ་སྨད་མདའ་ཚང་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེའི་ནང་དོན་དང་ཁྱད་ཆོས།

[ཟླ་ཚེས། 2020-02-27 21:41:57][རྩོམ་པ་པོ། རྡོ་རྗེ་ཚེ་རིང་།][རྩོམ་ཁུངས། ཀྲུང་གོའི་བོད་རིག་པ།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] མདོ་སྨད་མདའ་ཚང་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་ཚོགས་ཀྱི་སྤྱི་ཁོག་ངོ་སྤྲོད་བྱས་པ་བརྒྱུད་ནས་དེའི་ཐུན་མིན་ཁྱད་ཆོས་དང་བརྗོད་སྙིང་སྐོར་ཚིག་ཉུང་དོན་བསྡུས་སྒོས་བསྟན་ཡོད།

  [བརྡ་ཆད་གཙོ་བོ།] མདོ་སྨད་མདའ་ཚང་། བོན་གྱི་གནའ་དཔེ། ནང་དོན། ཁྱད་ཆོས།

  [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874

  [ཡིག་ཚང་མཚན་བྱང་།] A

  [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002- 9060(2013) 04-0003-22

  མདོ་སྨད་མདའ་ཚང་ནས་གསར་རྙེད་བྱུང་པའི་བོན་གྱི་གནའ་དཔེ་ཚོགས་ཀྱི་ནང་དོན་ནི་གནའ་རབས་བོད་མིའི་སྲིད་པ་ཆགས་རབས་དང་། མི་རྒྱུད་གྲོལ་ཚུལ། ལྷ་འདྲེའི་བྱུང་བ་དང་། མཚན་ཉིད་རིག་པ། སྒྱུ་རྩལ་རྩོམ་རིག་དང་། ལོ་རྒྱུས་རིག་གནས། ལྟ་སྤྱོད་སྒོམ་གསུམ་སོགས་འདུས་པའི་རིག་མཛོད་ཅིག་ཡིན་ཕྱིན་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་ལ། རྗོད་བྱེད་ཚིག་ལ་གནའ་བོའི་ཞང་སྐད་འདྲེས་པ། སྐུང་ཡིག་མང་ཞིང་རི་མོས་ཟུར་བརྒྱན་པ་དང་། བོན་གྱི་ཐ་སྙད་བཀོལ་བ་བཅས་ཚིག་དོན་གཉིས་ཆ་ནས་འགྲེལ་བཤད་མ་འཁྲུལ་བ་ཞིག་འགོད་ཐབས་བྲལ་ན་ཡང་། ད་སྔ་བར་དུ་དེ་ཉིད་སྐོར་ལ་དཔྱད་བརྗོད་གནང་བ་ཉིན་མོའི་སྐར་མའི་རྗེས་སུ་འགྲོ་ཕྱིར་རང་བློས་དཔག་ཚོད་ཉུང་ཙམ་ཞུ་ན།

དང་པོ། སྤྱི་ཁོག་ངོ་སྤྲོད།

     དེ་ཡང་སྤྱི་ལོ་2010ལོའི་ཟླ་དྲུག་པར་མདོ་སྨད་བྱང་ཤར་གྱི་བྱེ་བྲག་མདའ་ཚང①དུ་གྲགས་པའི་ཡུལ་ནས་བོན་གྱི་དབུ་མེད་ལག་བྲིས་མའི་གནའ་དཔེ་ལྔ་བརྒྱ་དྲུག་ཅུ་ལྷག་གསར་རྙེད་བྱུང་། རེབ་འདིའི་གནའ་དཔེ་བྱིངས་ཀྱི་མཚན་བྱང་ལ་རིང་ཐུང་སྣ་ཚོགས་ཡོད་པ་ལས་ཁ་བྱང་རིང་བ་ལ་ཡིག་འབྲུ་བཅུ་བཞི་དང་ཐུང་བ་ནི་ཡིག་འབྲུ་ལྔ་ཅན་གྱིས་གྲུབ་ཅིང་། ཚིག་རྒྱན་གྱིས་མ་སྤུད་པར་རང་བཞིན་བརྗོད་པའི་སྒོ་ནས་མཚན་གསོལ་ལུགས་ནི་གནའ་དཔེ་འདིའི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་སྣང་། ཁ་བྱང་གི་དབུ་ལ་༅༅༅དབུ་ཁྱུད་སུམ་སྦྲེལ་མ་དང་། ༅༅དབུ་ཁྱུད་གཉིས་སྦྲེལ་མ། ཡང་ན་༅་དབུ་ཁྱུད་གཅིག་མ་སོགས་གང་རུང་སྦྱར་ཏེ་X X X X X X དབུ་ལ་གསོལ་ཞེས་བྲིས་འདུག གླེགས་བམ་རེར་བཞུགས་པའི་ལག་བྲིས་སྣ་རིང་གི་ཤོག་ལྡེབ་རིང་ཚད་ལ་སྤྱི་སྐར33.6དང་། ཞེང་ཚད་ལ་སྤྱི་སྐར་13་3ཙམ་འདུག ལག་བྲིས་སྣ་ཐུང་གི་ཤོག་ལྡེབ་རིང་ཚད་ལ་སྤྱི་སྐར32དང་། ཞེང་ཚད་ལ་སྤྱི་སྐར་13.5ཙམ་ཡོད། ཤོག་ལྡེབ་མདུན་ངོས་ཀྱི་གཡོན་ཟུར་དུ་དཔེ་ཆའི་མཚན་བྱང་བསྡུས་པ་ཞིག་དང་བོད་ཡིག་གི་ཨང་གྲངས་གཉིས་སྦྲགས་མར་བྲིས་ཤིང་། ཤོག་ལྡེབ་ངོས་གཅིག་ལ་ཡིག་ཕྲེང་གསུམ་ནས་བཞི་ཅན་དང་ལྔ་ནས་དྲུག་ཅན་སྣ་ཚོགས་ཡོད་མོད། མང་ཆེ་བ་ནི་ཡིག་ཕྲེང་བདུན་ནས་བརྒྱད་ཅན་ཡིན། དེ་ལས་ཤོག་ལྡེབ་འགའ་ཞིག་གི་ངོས་སུ་སྲིད་པའི་ལྷ་འདྲེ་གདོན་བགེགས་དང་། གནོད་སྲུང་འཁོར་ལོ། གླུད་གཏོང་གཟུགས་རིས་སོགས་རི་མོ་ཅི་རིགས་བྲིས་པའང་འདུག བོན་དཔེ་གང་ཞིག་ཡིན་རུང་གཞུང་དངོས་ལ་ཐོག་མར་འཇུག་སྐབས་གཡུང་དྲུང་ལྷའི་སྐད་དམ་ཞང་ཞུང་སྨར་གྱི་སྐད། ཡང་ན་མ་སངས་ཀྱི་སྐད་དུའམ་ཨོ་མ་ཧེ་ཞེས་དབུ་ཚུགས་ཏེ་གང་ཞིག་བརྗོད་པར་བྱ་བའི་དོན་དེ་གཙོ་བོ་ཚིགས་བཅད་ཀྱི་ལམ་ནས་མཚོན་པར་བྱས་ཤིང་། བསྟན་བྱའི་དོན་ལ་ཡར་རྒན་གྱི་ལྷ་མཆོད་པ་དང་། མར་འདྲེ་སྲི་གནོན་པ། བར་ཁྱིམ་གྱི་ཐབ་འདོན་པ་སོགས་ནང་དོན་མང་པོ་ཞིག་འདུས་ཡོད། བོན་དཔེ་མང་ཆེ་བའི་མཇུག་བྱང་དུ་རྫོགས་སོ།། ལེགས་སོ།། ཡགས་སོ།། ཚེ་རིང་ཞེས་པའམ་སྣྲ་ཧ་རུ་། ཐམས་ཅད་། གོང་ད་ཡིན་། དཔལ་། ལྷ་། ཡི་། ཀེ་། འདི་། ལྷ་། ཉན་། དའུ་། གོང་། རང་། ཏ་ཏ་། བོན་། ཐམས་ཅད་། གིས་། སྣས་འ་ཡིན་རང་། སྐྱེད་། སྒུད་། བུ་ཚ་། ཞལ་། མཛོད་། ལྗ་། ཞེས་དང་། ཡང་ན་ལོ་དང་པོ་འབྲུག:། ཁྱིའི་འབྲུག:།ལོའི་རྒྱལ་བོ་ཕག་གི་ལོ་ཞེས་བྲིས་འདུག

གཉིས་པ། ནང་དོན་སོ་སོར་གླེང་བ།

  གནའ་དཔེ་འདིའི་བསྟན་བའི་དོན་ལ་འཇིག་རྟེན་ཆགས་ཚུལ་དང་། མི་རྒྱུད་གྲོལ་ཚུལ། ལྷ་འདྲེའི་བྱུང་ཚུལ་དང་། སེལ་འདེབས་གླུད་གཏོང་། བླ་བསླུ་གཡང་འགུག་དང་། རྣོ་མཐོང་རྩིས། རྨི་ལམ་བརྟག་ཐབས་སོགས་བོད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཤེས་རིག་ཕུན་སུམ་ཚོགས་པོ་ཞིག་འདུས་པས་ན། དཔྱད་རྩོམ་ཐུང་ངུ་འདི་འདྲ་ཞིག་གི་ནང་དུ་རྒྱས་བཤད་རྒྱག་རྒྱུ་ནི་དཀའ་བའི་གནས་ཤིག་རེད་ཨང་། བརྗོད་བྱ་རགས་པའི་ཆ་ནས་བཤད་ན། འཇིག་རྟེན་འདིའི་ལེགས་ཚོགས་དང་ཕན་བདེའི་ཆེད་ལྷ་ཀླུ་གཉན་གསུམ་གཙོས་སྣང་སྲིད་ཀྱི་ལྷ་མཐུ་ཆེན་དག་ལ་གསེར་དངུལ་གཡུ་བྱུར་དང་། ཤིང་སྣ་གཡག་ལུག་སོགས་བརྔན་ཏེ་དགྲ་བགེགས་གདོན་གསུམ་བཟློག་ཅིང་མགོན་སྐྱོབས་བསྡོངས་གྲོགས་ཞུ་བའི་སྲིད་པའི་བོན་ནམ་ཆབ་ནག་སྲིད་པའི་རྒྱུད་བོན་ལ་གཞོལ་ཆེ། གཤམ་དུ་བསྟན་བྱ་གཙོ་བོ་འགའ་རགས་ཙམ་གླེང་ན་ནི།

  གཅིག འཇིག་རྟེན་ཆགས་ཚུལ་གྱི་ལྟ་བའི་སོར། དེ་ཡང་གདོད་མའི་སྲིད་པའི་ངོ་བོའམ་རང་བཞིན་ནི་ཡེ་མེད་སྟོང་པར་གནས་ཤིང་། སྲིད་པ་ཀློང་གི་སྒོ་ང་ལས་སྣང་སྲིད་མཐའ་དག་གྲོལ་བར་བཤད་ཚུལ་དེ་ནི་སྲིད་པའི་བོན་ནམ་ཆབ་ནག་སྲིད་པ་རྒྱུད་བོན་གྱིས་འཇིག་རྟེན་ཆགས་གྲུབ་ཀྱི་རྣམ་གཞག་གསལ་བཀྲོལ་བྱ་བའི་ལྟ་བའི་གཞི་འཛུགས་ས་ཞིག་ཡིན་ཏེ། ཡིག་ཚང་འདིར་སྲིད་པའི་ངོ་བོའི་སྐོར་གླེང་སྐབས་འཇིག་རྟེན་སྐྱེ་དགུའི་གྲོལ་སྟངས་ནི་ཡེ་མེད་སྟོང་བར་གནས་པ་ནས་རིམ་གྱིས་ཡེ་ཡོད་ཅུང་ཙམ་དུ་སྲིད་ནས་ཆགས་པ་ཞིག་སྟེ། 《ཁྲབ་འཀྱེན་དབུ་ལགསྷོ》ལས་ཀྱེར་དང་པོ་ཡི་མེ་སྟོང་པ་ལེས་། དེ་ལེས་ཡུཾབྀ་ཙཾང་སྲིད②ཅེས་གདོད་སྲིད་པ་སྟོང་བའི་རང་བཞིན་ཡིན་པ་ལ། དེ་ནས་རིམ་བཞིན་འོད་དང་ཟེར་དུ་ཆགས་ཏེ་ནང་བཅུད་སེམས་ཅན་སྲིད་པའི་སྒོ་ངའམ་འབྱུང་ལྔའི་བྱེད་ལས་ལ་བརྟེན་ནས་གྲོལ་བར་བསྟན་ཡོད་དེ། 《ཁྲབ་འཀྱེན་དབུ་ལགསྷོ》ལས་རླུང་ཀོར་ལེས་སྒོང་ང་ཀར་པོ་སྲིན་། སྒོང་ང་དཀོར་རྟོའ་རྣཾས་ལེས་། ཕྱོ་དུང་ཁྲ་ཀོར་སྲིད་། རླུང་སྔཽན་ལེས་སྒོང་ང་སྔཽན་སྲིད་། སྒོང་ང་སྔཽན་རྟོལ་རྣཾས་ལེས་། སྐྲི་གཡུའ་ཁྲབ་སྔཽནདི་། རླུང་སྨུག་པོ་ལེས་། སྒོང་ང་སྨུག་པོ་སྲིད་། སྒོང་ང་སྨུག་པོ་རྟོའ་ནང་ལེས་། མཆོངསི་བྱ་ཁྲབ་སྨུག་པོ་སྲིད་། སྤུའ་ཏྲི་སེར་པོ་ལེས་སྒོང་ང་སེར་པོ་སྲིད་། སྒོང་ང་སོར་རྟོའ་ནང་ལེས་། ཤཽ་སྱོར་ཁྲབ་སོར་སྲིད་། གཡུའ་སྒོང་སྔཽན་རྟོའ་ནཾ་ལེས་། ཤཽ་གཡུའ་ཁྲའ་སྔཽན་སྲིད་། སྱོར་སྒོང་སོར་རྟོའ་ནང་ལེས་། སྐྲི་སྱེར་ཁྲབ་སོར་ནི་། སྲོད་ཁྲའ་༤དེ་རྣཾས་ལེས་། གསས་༤གོང་དུ་སྤྱེནས་གཤེགསོལ③ཞེས་པ་དང་། ཡང་ན་《ཕྲོང་ཤྲིངལེ་བཞུང་སྤྱེན་དབུ་ལགསྷོ》ལས་དང་པོ་ལྷོང་ལེ་ལོ་སྤྲལ་པ་ལེ་། འབྱུང་བ་ཆུ་དང་རླུང་དུ་སྲིད་། དེ་ལེ་ནཾཁའ་དབྱེང་མོ་སྲིད་། དེ་ལེ་སྨག་དང་སྨིག་སུཾ་སྲིད་། དེ་ལེ་སྲིད་པ་རླང་༦སྲིད་། རླང་གིས་རྨན་ནས་མཚོ་མོ་སྐྱིལ④ཞེས་འབྱུང་བའི་རང་བཞིན་ལ་བརྟེན་ནས་སྣོད་བཅུད་ཆགས་ཤིང་གྲུབ་པའི་ཚུལ་བཀོད་འབྲི་བྱས་ཡོད། གཞན་འཇིག་རྟེན་ཆགས་རབས་ཀྱི་ཐད་ལ་རུས་སྦལ་སེར་བོ་གཅིག་སྲིད་པའི་ཤ་ལས་ས་དང་། ཁྲག་ལས་ཆུ། རུས་པ་ལས་ལྕགས་དང་། དྲོད་ལས་མེ། རྩ་རྒྱུངས་ལས་རྩི་ཤིང་དང་། དབུགས་ལས་རླུང་བྱུང་སྟེ་མཐར་སྲིད་པ་ཅི་ལྟར་སྲིད་ཚུལ་བྲིས་པའང་འདུག་མོད། ཚང་མ་བཤད་ལུགས་མི་འདྲ་བ་ཙམ་ལས་སྤྱི་རྡོག་ནས་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བའི་རིག་པ་ནི་སྲིད་པའི་བོན་དང་གཡུང་དྲུང་བོན་གཉིས་ཀྱི་བཤད་ལུགས་སུ་འདུས།

     གཉིས། སྲིད་པའི་སྨྲང་རབས་ཀྱི་སྐོར། རེབ་འདིའི་བོན་གྱི་གནའ་དཔེ་ལས་མཐོང་པ་ལྟར་ན། གངས་རི་མཚོ་གསུམ་སྟེ་གངས་ཏི་སེ་དང་། སྤོས་རི་ངད་ལྡན། མཚོ་མ་ཕམ་གསུམ་ནི་ཞང་ཞུང་འོལ་མོ་ལུང་རིང་དུ་ཡོད་ཅིང་། སྲིད་པ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་རྒྱལ་མོ་སོགས་བསྡེབས་པ་ལས་ལྷ་འདྲེ་མི་གསུམ་གྲོལ་ཚུལ་དང་། དེ་ནས་ཡེ་སངས་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་། ཡེ་སྨོན་ནག་པོ་ཆུའི་ཕ་བོང་འདྲ་བ། སྤྱང་ཕྲུག་ཡེ་ཤེས་ལྷའི་སྒྲོན་མེ་དང་། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་བཅས་ཐོག་མའི་རུས་ཆེན་བཞི⑤དང་། ཡང་ན་ཕྱྭ་དམུ་གཙུག་གསུམ་སྒོས་དང་བཞི་ནས་རིམ་པར་བརྒྱུད་ནས་སྲིད་པའི་རྒྱལ་བུ་མཐིང་གི་བར་མཆེད⑥པའི་སྲིད་པ་སྐོས་དྲུག་སྟེ⑦ཕྱྭ་དམུ་གཙུག་གཉན་ཡེ་ངམ་བཅས་གནའ་བོའི་རིགས་རུས་ཕན་ཚུན་དབར་གཉེན་བྱུང་སྟེ་རིགས་རྒྱུད་སྤེལ་བ་དང་། འཁྲུག་པ་བྱུང་ནས་མི་ཤི་རྟ་འགྱེལ་བྱུང་ཚུལ། དགྲ་བླ་མཐུ་ཆེན་གང་ཞིག་གསོལ་བ་ལས་རྣམ་པར་རྒྱལ་ཚུལ་སོགས་འཇིག་རྟེན་སྐྱོང་ལུགས་ཀྱི་སྨྲང་རབས་བརྗོད་དུ་མེད་ཅིང་། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་སྟེ་གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ། འོལ་མོ་ལུང་རིང་དུ་གྲགས་པའི་ཡུལ་ན་སྒང་བ་བོད་ཀྱི་རྒྱལ་པོ་བཞུགས་ཤིང་། མཐའ་བཞི་རྒྱ་གར་དང་། བལ་པོ། སྟག་གཟིག སུང་པ(སུམ་པ་)བཅས་ཀྱིས་བསྐོར་ནས་ཡོད། གཞན་སྨོན་ཡུལ་ཐང་རྒྱལ་དུ་འབོད་པའི་ཡུལ་དུ་སྨོན་པའི་ཡོ་དང་ལོ་གཉིས་ལ་རྒྱལ་སྲས་བཅུ་གསུམ་བྱུང་ཞིང་། དེ་དག་གིས་ཡུལ་ཁམས་དང་བཙན་མཁར་རེ་བཟུང་སྟེ་རྒྱལ་ཕྲན་སིལ་མའི་ཚུལ་གྱིས་གནས་པའི་ཚུལ་སོགས་སྲིད་པའི་སྨྲང་རབས་ཇི་སྙེད་ཅིག་ཡོད་ན་ཡང་། ཡེ་སྨོན་དཀར་ཕྱོགས་ལྷ་དང་ངམ་རྗེ་ནག་ཕྱོགས་བདུད་གཉིས་འཁྲུག་པའི་སྐོར་བྲིས་པ་ཅུང་མང་ངོ་།།

     གསུམ། བོན་གྱི་ལྷ་ཚོགས་སྐོར། བོན་གྱི་བདེར་གཤེགས་གཙོ་བཞི་སྟེ་ཡུམ་ས་ཏྲིག་ཨེར་སངས་དང་། ལྷ་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི་དང་། སྟོན་པ་གཤེན་རབ་མི་བོ་ཆེ་བཅས་ཞི་བའི་ལྷ་ཚོགས་དང་། གསས་མཁར་མཆོག་ལྔ་སྟེ་དབལ་གསས་རྔམ་པ་དང་། ལྷ་རྒོད་ཐོག་པ། གཙོ་མཆོག་མཁའ་འགྱིང་དང་། གེ་ཁོད། ཕུར་བ་བཅས་ཁྲོ་བོའི་ལྷ་ཚོགས་ཇི་སྙེད་ཅིག་བཞུགས་པ་ལས། འདིར་གཙོ་བོ་བོན་ལུགས་ཀྱི་དགྲ་བླ་ཝེར་མ་དཔའ་ཁྲོམ་གྱི་གཞུང་ལས་བསྟན་པའི་དགྲ་བླ་གཉན་དང་། ཝེར་མ་གཉན། ཅང་སེང་གཉན་དང་། ཤུགས་མགོན་གཉན་བཅས་གཉན་གཞུང་ཆེན་མོ་བཞིར་གྲགས་པའི་ལྷ་ཚོགས་སྐོར་ནས་ཉུང་ཙམ་ཞུ་རྒྱུ་ཡིན།

  1.དགྲ་བླ་ཁྱུང་ཆེན། བོན་ལུགས་སུ་དགྲ་བླ་⑧གཉན་གྱི་གཞུང་ལ་ཡེ་སྲིད་འཕྲུལ་གྱི་དགྲ་བླ་དང་། ཡེ་རྗེ་སྨོན་པའི་དགྲ་བླ། ཡེ་དབང་མཐུའི་དགྲ་བླ་བཅས་ཡོད་པ་ལས། དང་པོ་ཡེ་སྲིད་འཕྲུལ་གྱི་དགྲ་བླའི་གཙོ་བོ་དགྲ་བླ་ཁྱུང་ཆེན་རལ་ཆེན་ནི་འཇིག་རྟེན་སྲིད་པ་ཆགས་དུས་ནས་བྱུང་ཞིང་། དེ་ལས་དགྲ་བླ་ཡིད་བཞིན་ལྷ་དབང་དང་། དགྲ་བླ་ལྷ་གསས་དར་མ། སྒྲ་བླ་དར་ཆེན་གཡུ་འབྲུགདགྲ་བླ་ཡོད་ཁམས་ཀུན་གསལ། དགྲ་བླ་ཁྱུང་ནག་ཤ་ཟན། དགྲ་བླ་ཀླུ་འདུལ་ཁྱུང་ཆེན་སོགས་ཡེ་མཁྱེན་དགྲ་བླའི་དམག་ཚོགས་གྲོལ་སྐད། གཉིས་པ་ཡེ་རྗེ་སྨོན་པའི་དགྲ་བླ་ནི་སྔོན་འཇིག་རྟེན་དུ་མི་རྒྱུད་གྲོལ་སྐབས་གཡས་ཀྱི་གསེར་རི་གཡུ་ལུང་དང་གཡོན་གྱི་དུང་རི་མཆོང་ལུང་གཉིས་བར་གྱི་ཤེལ་བྲག་འོད་ཀྱི་མཚོ་ལས་སྲིད་པའི་དགྲ་བླ་སྨོན་པ་སེང་གསུམ་བྱུང་བ་དེ་དག་ལ་ཟེར་བ་དང་། གསུམ་པ་ཡེ་དབང་མཐུའི་དགྲ་བླ་ནི་ཡེ་གཤེན་དབང་རྫོགས་ཀྱིས་སྲིད་པ་རྒྱུད་ཀྱི་ལྷ་ཚོགས་བདར་ནས་མཆོད་ཅིང་བརྟེན་པའི་དྲྭ་མ་མཆེད་དགུའི་གཞུང་ཆེན་པོ་བཞི⑨ཡོད་པ་ལ་ངོས་འཛིན་གནང་གི་ཡོད། གོང་གི་དགྲ་བླའི་གཉན་གཞུང་གི་ལྷ་ཚོགས་ལས་དགྲ་བླ་ཁྱུང་ཆེན་སྐོར་ནས་ཉུང་ཙམ་གླེང་ན་ནི། དགྲ་བླ་ཁྱུང་ཆེན་དེ་དཔག་བསམ་ཤིང་གི་རྩེ་མོ་དང་། གསས་ཁམས་ས་གསུམ་གྱི་ཡང་རྩེ། བསྐལ་བ་གསུམ་གྱི་ཡང་ཐོག་ན་བཞུགས་ཤིང་། དེ་ལ་རིགས་དང་དབྱེ་བའང་མང་སྟེ། 《བཀའ་གསང་བའི་འདི་ནི་ཁྱུང་གིས་སྤྱན་འདྲེན་དབུ་ལགསྷོ》ལས་ཨ་ལས་སྐྱེས་པའི་ཀེ་རུའི་ཁྱུང་ནི་ཨ་འབྲུག་དཀར་ལ་བསྟན་ཏེ་གཤེགས་སུ་གསོལ། གཤོག་དྲུག་ས་ལ་བསྟན་ཏེ་གཤེགས་སུ་གསོལ། ཡི་གེ་ཧཱུཾ་ལས་སྐྱེས་པའི་ཁྱུང་། མགོ་ར་འབྲུ་ལ་སྐྱེས་པའི་ཁྱུང་། ཀླུ་འདུལ་ཆེན་པོ་གཤེགས་སུ་གསོལ་། དུག་འདུལ་ཆེན་པོ་གཤེགས་སུ་གསོལ། བྱད་ཁྲོ་ཆེན་པོ་གཤེགས་སུ་གསོལ། སྲིད་པ་ཆེན་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་པོ་ཆེན་པོ་གཤེགས་སུ་གསོལ། བྱ་ཁྱུང་དཀར་འོད་མདང་གསལ་གཤེགས་སུ་གསོལ། ཚངས་འཁོར་ཀླུ་འདུལ་གཤེགས་སུ་གསོལ། ཟིལ་གནོན་ཁ་འབར་གཤེགས་སུ་གསོལ། ཀེ་རུ་སེང་གེ་མཐོང་ཡས་གཤེགས་སུ་གསོལ། རིས་ལྟིང་ཆེན་པོ་གཤེགས་སུ་གསོལ། རུ་བཞི་སྤྲུལ་པ་ཁྱུང་ཡང་གཤེགས་སུ་གསོལ། མཛེ་འདུལ་ནད་འདུལ་ཁྱུང་ཡང་གཤེགས་སུ་གསོལ། ཞི་རྒྱས་དབང་དྲག་ཁྱུང་ཡང་གཤེགས་སུ་གསོལ། སྤྱི་འདུལ་ཁྱུང་ཡང་གཤེགས་སུ་གསོལ། ཁྲོས་པའི་བྱ་ཁྱུང་བརྒྱད་ཁྲི་བཞི་སྟོང་གཤེགས་སུ་གསོལ⑩ཞེས་བྲིས་ཤིང་། དགྲ་བླ་ཁྱུང་ཆེན་འཁོར་བཅས་སྤྱན་འདྲེན་ཞུ་སྐབས། ས་ལ་ཐིག་འདེབས་པ་དང་། ཚན་ཁྲུས་གསོལ་བ། གསེར་དངུལ་གཡུ་དུང་དང་། གུར་གུམ་བདུད་རྩི་སྨན་གྱིས་མཆོད་དེ། ཀླུ་གདོན་ལས་བྱུང་བའི་ནད་རིགས་འཇོམས་པར་འཚལ་ལོ་ཞེས་འཕྲིན་ལས་བཅོལ་ལོ།།

  2.ཝེར་མ། བོན་གྱི་ཝེར་མ་དཔའ་ཁྲོམ་གྱི་གཞུང་དུ། ཝེར་མ་ལྷ་དང་བསྡེབས་པས་ལྷ་ཡི་ཝེར་མ་བདུད་འདུལ་སྲིད་པ་དང་། ཝེར་མ་གཉན་དང་བསྡེབས་པས་གཉན་གྱི་ཝེར་མ་དགྲ་འདུལ་སྲིད། ཝེར་མ་ཁྱུང་དང་བསྡེབས་པས་ཁྱུང་གི་ཝེར་མ་ཀླུ་བདུད་གྲོལ་བ་དང་། ཝེར་མ་སེང་དང་བསྡེབས་པས་དཔའ་འདུལ་ཝེར་མ་མཆེད་གསུམ་སྲིད་པར་གྲགས་མོད། བོན་དཔེ་འདིར་འཁོད་པ་ལྟར་ན། བྱ་རྒྱལ་ཁྱུང་གི་ཚང་ནང་ནས། བྱ་རྒྱལ་ཁྱུང་ལྕག་དང་ཁྱུང་ལྗང་དཀར་མོ་མ་གཉིས་བསྡེབས་པ་ལས། ཆེ་བ་མི་ལུས་ཁྱུང་གི་མགོ་བོ་ཅན་དང་། འབྲིང་བ་མི་ལུས་ཁྱུང་གི་གཤོག་པ་ཅན། ཆུང་བ་མི་ལུས་ཁྱུང་གི་མཆུ་སྡེར་ཅན་བཅས་ཝེར་མ་ཁྱུང་ཚང་སྤུན་གསུམ་བྱུང་བ་དང་། གཡུ་འབྲུག་སྔོན་མོའི་ཚང་ནང་ནས། འབྲུག་འཏྲེ་མ་དང་བསྡེབས་པ་ལ། ཆེ་བ་མི་ལུས་འབྲུག་གི་མགོ་བོ་ཅན་དང་། འབྲིང་བ་མི་ལུས་འབྲུག་གི་ངར་བཙན་ཅན། ཆུང་བ་མི་ལུས་འབྲུག་གི་སྡེར་མོ་ཅན་བཅས་ཝེར་མ་འབྲུག་ཚང་སྤུན་གསུམ་གྲགས་པ་བྱུང་། དེ་ནས་རིམ་བཞིན་མི་ལུས་གླང་མགོ་ཅན་གྱི་ཝེར་མ་གླང་ཆེན་སྤུན་གསུམ་དང་། མི་ལུས་སེང་མགོ་ཅན་གྱི་ཝེར་མ་སེང་གེ་སྤུན་གསུམ། ཝེར་མ་རྒོད་པོ་སྤུན་གསུམ། ཝེར་མ་ཁྲ་ཚང་སྤུན་གསུམ། ཝེར་མ་སྟག་ཚང་སྤུན་གསུམ་སོགས་ཝེར་མའི་རིགས་ཇི་སྙེད་ཅིག་བྱུང་ཚུལ་བྲིས་འདུག 《ཁྱུང་གིས་སྤྱན་འདྲེན་དབུ་ལགསྷོ》ལས་འེར་མུས་སྷཻང་གྷཽའན་། འེར་མུས་སྟག་གྷོའ་དང་། འེར་མུས་གླང་གྷོག་༣་། སྱེར་དང་:། གཡག་དང་:།དཾསཾ་:། འེར་མུས་གཡག་གྷོའ་དང་། འེར་མུས་ཟིག་གྷོའ་དང་། འེར་མུས་ཏྲེད་གྷོའ་༣་། སྱེར་དང་:། གཡག་དང་:། དཾསཾ་:། འེར་མུས་ཁྲ་གྷོ་དང་། འེར་མ་མུས་ལུག་གྷོའ་དཾ་། འེར་མུས་གཡྱ་གྷོ་༣་། སྱེར་དང་:། ཡུག་དཾ་:། ⑾ཞེས་པ་དང་། ཝེར་མའི་ཆ་བྱད་ལ་མི་ལུས་དོམ་མགོ་ཅན་དང་། དྲེད་མགོ། གཡུ་མགོ། སྤྲེལ་མགོ། ཆུ་སྲིན་མགོ་དང་། གཡག་མགོ་ཅན་སོགས་སྣ་ཚོགས་པ་དང་། གསེར་དངུལ་གཡག་ལུག་གིས་མཆོད་དེ་སྐྱབས་ཞུའོ།།

  3.ཅང་སེ། བོན་གྱི་ཅང་སེ་ལྕམ་དྲལ་གཞུང་བཞིར་གྲགས་པ་ཅང་སེ་གཉན་གྱི་གཞུང་ལ་ནང་གསེས་བྱེས་ཐུབ་དཔའ་བོ་སྤུན་དྲུག་གི་གཞུང་⑿་དང་། གཞིས་སྲུང་ཁྲ་མོ་རྫོང་དྲུག་གི་གཞུང་།⒀ ཅང་སེང་མགྲོན་གཡག་བཅུ་གསུམ་གྱི་གཞུང་⒁་དང། ལམ་ལྷ་གཉན་པོ་མཆེད་བརྒྱད་ཀྱི་གཞུང་⒂བཅས་རྣམ་གྲངས་དང་ནང་དོན་གཉིས་ཆ་ནས་མང་། བོན་དཔེ་འདིར་ཅང་སེ་སྤུན་དྲུག་དང་ཅང་སེ་སྤུན་བཅུའི་སྐོར་གྱི་ཡིག་ཆ་ཉུང་ཙམ་ཡོད་པ་ལས། དུང་ལུག་དཀར་པོ་དང་། བྱུ་དམར་འོད་དཀར། འབྲས་གཡག་ཤེད་པོ་དང་། མཁན་བྱ་དཀར་པོ། སྲིད་དཀར་གསེར་མགོ་དང་། ཤིང་ར་སྔོན་པོ་དྲུག་ལ་གཉན་པོ་ཅང་སེ་སྤུན་དྲུག་ཏུ་འབོད། 《ཅང་སེར་ཁ་ཀྱིད་དབུལགསྷོ་》ལས་ཅངེར་བརྔོན་པའི་ཡྟོནསི་། ༡་ནས་དུང་ལུགརོ་རྔོན་། ཅིག་ནྱ་ཕྱེར་འོདར་བརྔོན་། ༡་ནས་འབྲས་ཡྱག་ཤྱེན་པོ་རྔོན་། ཅིག་ནས་ཁན་བྱ་ཀོར་རྔོན་། ཅིག་ནས་སྲིདར་གསེར་གྷོའ་བརྔོན་། དེརེང་ཅངེར་ཁྱཾད་རྣཾས་ལྷ་། རང་ཉིད་སྣཾས་གྱིས་ཁ་འཛིས་མཛོད⒃ཅེས་པ་དང་། ཅང་སེ་ལམ་ལྷ་སྤུན་བཅུ་ནི་《ལཾ་ལྷ་དབུ་ལགསྷོ་》ལས་ཀྱེར་དང་པོ་འོདང་ཟེར་༡་སྲིད་པ་ལེས་། སྲིད་པ་ལཾ་ལྷ་སྤུའ་༣་སྲིད་། ཀླུའི་ལཾ་ལྷ་སྤུསུ་སྲིད་། སྷྲ་ལཾ་ལ་སྤུསུ་སྲིད་། གཏོད་རིས་ཉི་གིས་ལཾ་ལ་ཉི་པོ་རྣཾས་⒄ཞེས་དང་པོ་འོད་དང་ཟེར་གཉིས་བསྡེབས་པ་ལས་བྱུང་ཞིང་། སྲིད་པའི་ལམ་ལྷ་སྤུན་གསུམ་དང་། ཀླུའི་ལམ་ལྷ་སྤུན་གསུམ། ས་བདག་ལམ་ལྷ་སྤུན་གསུམ་དང་། གཏོད་ཀྱི་ལམ་ལྷ་སྤུན་གཅིག་བཅས་ལ་ཅང་སེ་ལམ་ལྷ་སྤུན་བཅུར་གྲགས། ཁ་འཛིན་བསྡོངས་གྲོགས་ཞུ་བར་ཤར་གྱི་ལམ་ལྷ་གཡག་དང་། བྱང་གི་ལམ་ལྷ་ལུག ནུབ་ཀྱི་ལམ་ལྷ་རྟ་དང། ལྷོ་ཡི་ལམ་ལྷ་བྱ་ཡིས་མཆོད་པར་བྱེད།

  4.ཤུགས་མགོན། ཤུགས་མགོན་གཉན་གྱི་གཞུང་ནི་ཤུགས་མགོན་རྫིའུ་བཅུ་གསུམ་⒅སྟེ། ཁས་དྲག་སྲིད་པའི་ཤུགས་མགོན་གཉན་པོ་དག་ལས་ཤུགས་མགོན་བརྒྱ་དང་རྩ་བརྒྱད་གྲོལ་སྐད་པ་དང་། སྲིད་པའི་ཤུགས་མགོན་རེ་ལ་སྨྲང་རབས་རེ་དང་ཆོག་རབས་རེ་བཤད་རྒྱུ་ཡོད་ཅིང་། གནའ་དཔེ་འདི་ལས་འབྱུང་བའི་སྲིད་པའི་ཤུགས་མགོན་གྱི་སྐོར་ལ་གཡག་ཤུགས་དང་། ར་ཤུགས། ལུག་ཤུགས། མདའ་ཤུགས། བ་ཤུགས་དང་། བ་ཤུགས་བཅས་ཡོད་ཅིང་རེ་རེ་ལའང་སྨྲང་གཞུང་རེ་དང་ཆོག་རབས་རེ་འདུག་ཀྱང་། མང་ཤོས་ནི་སྲིད་པའི་ཡེ་སྨོན་རྒྱལ་པོ་དང་ངམ་མྱི་ནག་པོ་གཉིས་གཡུལ་འཁྲུག་པ་ལ་བརྟེན་ནས་བྱུང་བ་དག་རེད། དེ་ལས་དཔེར་མཚོན་ཙམ་དྲངས་ན། སྔོན་སྲིད་པའི་ཡེ་སྨོན་རྒྱལ་པོ་དང་ངམ་མྱི་ནག་པོ་གཉིས་འཐབ་པའི་ཚེ། སྲིད་པའི་རྒྱལ་པོས་བ་གླང་བསྟེན་ནས་ངམ་ཕྱོགས་ཕམ་པས་བ་གླང་ཤུགས་མགོན་བྱུང་ཚུལ་དང་། ཡང་ན་ངམ་གྱི་དམག་གིས་ཡེ་སྨོན་རྒྱལ་པོའི་སྲིང་མོ་སྨོན་བ་དཀར་མོ་འཕྲོག་ནས་ཡེ་ཡུལ་ལན་ཅིག་ཕམ་པ་ལ། ཡེ་སྨོན་ཕྱོགས་ནས་གཡག་རྒོད་དགྲ་བླར་བསྟེན་ནས་རྣམ་པར་རྒྱལ་བས་གཡག་ཤུགས་བྱུང་བ་ལྟ་བུའི་རིགས་མང་ངོ་།།

     བཞི། ས་བདག་ཀླུ་གཉན་གཏོད་ཀྱི་སྐོར། ཤིང་ལ་གཉན་དང་། ཆུ་ལ་ཀླུ། རྡོ་ལ་གཏོད་དང་། ས་ལ་ས་བདག་བཅས་གནས་སྐད། ས་བདག་ནི་ས་ལ་གནས་ཤིང་གཙོ་བོ་སྦལ་བས་མཚོན་ཞིང་། ཉི་མའི་ཕྱོགས་བཞི་དབུས་ལྔ་ན་ས་བདག་རེ་ཡོད་པ་ལས། ཉི་མ་དབུས་ཀྱི་ས་བདག་མི་ལུས་སྦལ་མགོ་ཅན་གྱིས་སྲི་བདུད་ཐུབ་པ་དང་། ལྷོའི་ས་བདག་མྱི་ལུས་རྟ་མགོ་ཅན་གྱིས་དལ་ཡམས་བསྒྱུར་བ་དང་། བྱང་གི་ས་བདག་མི་ལུས་བྱ་མགོ་ཅན་གྱིས་ཀླུ་གདོན་འཇོམས། ལན་རེར་ཤར་གྱི་ས་བདག་ནི་སྟག་སྐྱ་བོ་དང་། ལྷོའི་ས་བདག་ནི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་ས་བདག་ནི་བྱ་ཆུང་དམར་པོ་དང་། བྱང་གི་ས་བདག་ནི་རུས་སྦལ་སེར་པོ་ཡིན་ཚུལ་བྲིས་པའང་ཡོད། 《ས་སློང་དབུ་ལགསྷོ》 ལས་ཀྱེར་དེརེང་སྲོད་ནམས་གོང་ལ་། བདགག་ལྷ་གཤེན་འདི་འདུལ་དང་། ནང་མྱི་ལྷ་འདྲེ་འདི་རྣཾསི། སྡང་བའི་དགྲའོ་གསོད་པ་དང་། གནོད་པིའ་གདོན་དགྲ་འདུལ་འ་དང་། ན་ཚ་ཤི་ཆད་བཅོད་པིའ་ཕར་། སྐྲོས་ནྣ་བཞེགསྷོ་། ས་བདག་ཀླུན་དླ་མོ་རྣམས་། བྱ་སྡང་བཀྲིས་ས་ན་བཞུག་། ཉྨི་ཤརསི་ས་ལ་ནི་། སྲོད་སྟག་ནི་སྐྱའོ་ལ་། བྱ་སྡང་བཀྲས་:། ཉྨི་ལྷོའི་ས་བ་ནི་། སྲོད་དྲང་སྔཽན་ལ་། བྱ་སྡང་བཀྲས་:། ཉྨི་ནུབསི་ས་ར་:།སྤྲུལ་པིའ་རི་སྦལ་ར་ཙ་ལ་། བྱ་སྡང་:། ཉྨི་བྱངསི་:། སྲོད་བྱི་ནི་དམོར་ལ་། བྱ་སྡང་:། ཉྨི་དབུསི་:། བཙང་གུན་འསྫོག་པ་ཆོན་ལ་། བྱ་སྡང་:། དེརེང་ཕྱོག་༤་དབུས་ལྔའི་ས་འ་ལ་། བདུད་སྨན་ཀྱིས་མཆོད་པ་འབུལ་། ཞི་འ་བསཽང་བུ་ཙ་འབུལ་། དེརེང་བདག་དང་ཡོན་བདག་ལ་། སའི་མཐུའ་འ་དའངང་ཤོན་། ས་ར་ཏྲུབས་བཞོན་པ་ཤོང་། སྲོད་པིའ་ལྷོཾ་ལྟན་མ་ལ་། བྱ་སྡང་:། མྱེང་པོ་བཙང་ཀུན་བྷོར་འ་ལ་། བྱ་སྡང་:། ས་བདག་བྲག་༤བཅོད་ལ་། ཨཱུ་ཕུད:། རིནེ་སྱེར་གཡུའ:། ཞི་འ་བསཽངང:⒆ཞེས་འཁོད་པ་ལྟར། དགྲ་གསོད་པ་དང་། གདོན་འདུལ་བ། ན་ཚ་ཤི་ཆད་གཅོད་པ་བཅས་སྲིད་པའི་བདེ་བ་སྒྲུབ་པར་རིན་ཆེན་གསེར་གཡུས་མཆོད་པ་ཡིན།

  ཀླུ་ནི་ཆུ་དང་རྒྱ་མཚོར་གནས་ཤིང་སྤྲུལ་དང་ཉ་ཡིས་མཚོན་པར་བྱེད། ཆར་ཆུ་དུས་སུ་འབེབ་པ་དང་། ལོ་ཏོག་འབྲུ་རིགས་ལེགས་པ། ཀླུ་ནད་ཞི་ཞིང་ཕྱ་གཡང་དཔལ་འབྱོར་རྒྱས་པ་སོགས་ཀྱི་ཆེད་དུ་ཀླུ་རིགས་སྤྱན་འདྲེན་བྱ་སྟེ། 《ཀླུ་ཡི་འཁྲུལ་བ་དབུ་ལགསྷོ》ལས་ཀྱེར་དེརེང་སྲོད་ནཾ་གང་ལ་། ད་ལ་འདིའི་ཕྱིརི་ནས་། རྒྱ་མཚོན་ཆུའི་ཀློང་དཀྱིལ་ནི་། པན་མ་རྒྱད་ཀྱིས་ལྟན་སྟེནས་། ཤེན་ལོ་མཛེས་པི་བཅས་ཏྲང་ན་། ཆུའ་ལ་མངའ་མཛད་ཀླུན་རྒྱད་། ཀླུའི་འཕྲུལ་པ་བཅོས་དང་། ཀླུའ་ནད་འཕྲུལ་པ་བཅོས་པ་དཾ་། ཀླུའ་ནད་འཕྲུལ་པ་སྱལ་འ་དང་། ཀླུའ་དང་འཕྲུལ་པ་དུཾ་པ་ཕྱིར་། ཀླུའ་ནད་རིནེ་བཞལ་ཡང་སུཾ་། སྤྱེན་གནས་འདི་གཤེགསུལ⒇ཞེས་དང་། ཡང་ན་《དཀྱིལ་འཁོར་ཀླུ་ཡི་དངོས་གྲུབ་དབུ་ལགསྷོ》ལས་མཆོད་སྐྱིན་ཕུལ་བའི་བྱིན་རླབས་ཀྱིས་། ཀླུའི་ཐྱདཾ་སྐང་གྱུར་༡་། ན་ཀའི་ཐྱདཾ་སྐང་ནས་ཀྱང་། འབྲུཾ་བུ་སྐང་ནད་ཞིལ་བ་དང་། ལོག་ཀོར་དལ་ཡང་ཟློག་པ་དང་། ལོ་ཏོག་སྟག་དུ་སྨིག་པ་དང་། ཁ་ཆར་དུསུཾ་འབབ་པ་དང་། འསམ་པ་ཐདཾ་ཆབ་དུ་སྱོལ་(21)ཞེས་དཀར་གསུམ་མངར་གསུམ་དང་། དར་ཟབ་རིན་ཆེན་གསེར་གཡུ་སོགས་ཀྱིས་མཆོད་དེ་ཀླུའི་གནོད་པ་མི་འབྱུང་བར་ཞུ།

  གཉན་ནི་ས་སྟེང་ན་གནས་ཤིང་གཙོ་བོ་གཅན་གཟན་རི་དྭགས་སོགས་ཀྱིས་མཚོན། 《གཉན་གྱི་འཁྲུལ་བ་དབུ་ལགསྷོ》ལས་ཨོཾ་ཀྱེར་དེརེ་འཕྲུལ་པ་བཅོད་པོ་དཻན་ལ་། ཤེར་ལ་ལྔ་མཛད་ཉྱན་རིད་སྣཾས་། ཡོནྲ་དོན་དུ་སྤྱེནས་། བྱང་སེསཾ་དང་གཤེགསུ(22)ཞེས་པ་དང་། 《གཉན་གྱི་འཁྲུལ་བ་དབུ་ལགསྷོ》ལས་གཉན་གྱི་རིག་དེ་བསང་མ་ཁྱབ་། སྣཾས་ཉྱན་དང་ནི་ཡགཉན་བཏུས་པ་ཉྱན་། ཉྱིན་ཉྭན་དང་ན་ལཾས་ཉས་དང་། ཤེངན་དང་ནི་བསྟོའ་ཉན་དང་། ཁཾ་ཉྱན་དང་ནི་ལོས་ཉྱན་དང་། རྡོངན་དང་ནི་སྲིནཉན་དང་། ཕུར་ཉན་དང་ནི་མདའ་ཉན་དང་། ཉྱན་དམག་ལྷོག་འོརངས་། ཡོནྲ་དོན་དུ་སྤྱེནས་། ཞིལ་འ་བྱང་པི་སེསཾ་དང་བྱོན་(23)ཞེས་འཁོད་པ་ལྟར། གཉན་གྱི་རིགས་ལ་གནམ་གཉན་དང་། ཉི་གཉན་དང་། ཟླ་གཉན། སྐར་གཉན། གཟའ་གཉན་དང་། འཇའ་གཉན། སྤྲིན་གཉན་དང་། རྫི་གཉན་དང་རླུང་གཉན་དང་། གངས་གཉན་དང་། བྲག་གཉན། ནགས་གཉན་དང་། ས་གཉན། རྡོ་གཉན་དང་ཤིང་གཉན། སྲིན་གཉན་སོགས་ཡོད་ཅིང་། ཆ་བྱད་ལ་མི་ལུས་གཉན་མགོ་ཅན་དང་། མི་ལུས་དུང་མགོ་ཅན། མི་ལུས་སྟག་མགོ་ཅན་དང་། མི་ལུས་སྤྲེལ་མགོ་ཅན། མི་ལུས་གཡག་མགོ་ཅན་སོགས་སྣང་། གཏོད་ནི་བར་སྣང་དང་རྡོ་བྲག་ལ་གནས་པ་དང་། ཉི་ཟླ་གཟའ་སྐར་དང་འདབ་ཆགས་བྱ་ཡིས་མཚོན་ཞིང་། བདག་ཀླུ་གཉན་གཏོད་ལས་བྱུང་བའི་ན་ཚ་ཤི་ཆད་དང་། དགྲ་བགེགས་གདོན་གསུམ་བཟློག་ཅིང་འདུལ་བར་བྱེད་མཁན་ནི་དགྲ་བླ་གཉན་པོ་ཁྱུང་ཆེན་ཡིན།

     ལྔ། སེལ་གྱི་སྐོར། བོན་གྱི་སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་ལ་འཕེལ་སེལ་དང་། གྱེན་སེལ། གེགས་སེལ་དང་། གོང་སེལ་བཅས་རྩ་དཀར་འཕེལ་བའི་ཡར་སེལ་བཞི་(24)དང་། ཐུར་སེལ་དང་། དམན་སེལ། སྐྱོན་སེལ་བཅས་རྩ་ནག་འགྲིབ་པའི་མར་སེལ་བཞི།(25) དབྱེན་སེལ་དང་། གེགས་སེལ། བཙོག་སེལ་དང་། ཐན་སེལ་བཅས་མཉམ་གཉིས་གསོར་བའི་བར་སེལ་བཞི་(26)བཅས་ཡོད་པ་ལ་ཆབ་ནག་ཆུ་བོའི་སེལ་སྒོ་བཅུ་གཉིས་སུ་གྲགས་ཤིང་། རེ་རེ་ལའང་སེལ་དཀར་ནག་ཁྲ་གསུམ་གྱི་དབྱེ་བས་སེལ་སྒོ་སུམ་བརྒྱ་དྲུག་བཅུ་བྱུང་སྐད་ཅིང་། དེ་ལ་གཙང་མའི་ལྷ་སེལ་དང་། གཙང་མའི་འདྲེ་སེལ། ས་བདག་གཉན་གྱི་ཀླུ་སེལ། ཁུ་བྱུག་གསུང་སེལ། རྨ་བྱའི་མདངས་སེལ། ཁྱུང་ཁྱུང་གི་གཤོག་སེལ། ཕ་ལྦང་གི་འཇིག་སེལ། སྦལ་བའི་སྡེར་སེལ། གཙང་སྨེ་ཤན་འབྱེད་ལྷ་སྲིན་འཁྲུག་སེལ་གྱི་བོན་སོགས་ཅི་རིགས་སྣང་མོད། ཁྱབ་ཆེ་བའི་སེལ་སྒོ་ནི་བསང་དང་ཚན་གྱིས་མཚོན་པའི་བསང་གི་རིགས་རྣམས་ཡིན་པ་དང་། འགྲོ་བ་མིའི་རིགས་རྣམས་ཀྱི་རྩ་དཀར་ནག་དང་། མནོལ་གྲིབ་དང་དམེ་རྨུགས་དབུལ་ཕོངས་སྐེག་བར་ཆད་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་སེལ་བར་བྱེད་པའི་ཐབས་ཟབ་མོ་ཞིག་ཡིན་པའི་ཆ་ནས་སེལ་(27) དུ་གྲགས། གནའ་དཔེ་འདིར་བསང་གི་རིགས་ལ་གཏོགས་པའི་སེལ་སྒོའི་ཡིག་ཆ་དཀོན་པོ་ཞིག་བཞུགས་པ་ནི་《ན་རོ་ལྦ་བསང་དབུ་ལགསྷོ》ཞེས་གྲགས་པ་དེ་ཉིད་ཡིན་ཞིང་། ནང་དོན་གཙོ་བོ་ནི་འདི་ལྟ་སྟེ། ན་རིས་ལྦ་འདི་བཅིརིད་། སྦྲ་སྲོད་དཾ་པིའ་ལ་། ཕྱག་རྗེས་ཡྱ་འདལྲུ་དང་། ཁ་མོ་ཡྱར་ཕྱིས་མོ་༢་། རྨིདང་གནོད་དུ་བྱེད་པ་ལྷ་། ནྱཾསི་འ་འུད་སྤུན་ལྀ་བྱུང་། ཆེ་འ་ཁ་དཀར་མོ་ཀར་༢་། དེ་འོ་ཁ་ཤུག་དམུག་ཞུ་༢་། དེའུ་ཁ་འབྲེན་སྨུག་འབྲོ་༢་། ཆུང་འ་ཁ་ནག་དམུག་ནུ་༢་། སྲེང་འ་ལྕང་མ་ཡང་སྨན་དང་༩་རུང་སྲིད་། དུས་དང་སྐོལ་དེ་རྫང་ནས་། འ་ཟ་ནས་སྣཾས་པ་སྤོན་ནྱ་དང་། མྱི་ན་ཁྲིས་དེ་རིས་དཾ་རྒྱལ་དེ་རིས་། དེ་༢་མ་༡་སྐད་ལ་ཆད་པི་བུ་། དུས་དང་སྐོལ་དེ་ཙང་ནས་། ཉྱནས་སྣཾར་སྤིན་ནྱ་ཞལ་ན་རེང་། མ་ནས་ཡང་བྱེད་ཡང་རྣོདང་། སྐོའ་དང་མྱི་དེ་ཤི་ཛ་ནས་། ནཾས་༡་མ་སྟོའ་ཤི་ཙ་ན་། དུད་འུ་ཉྱནསི་བྲུང་འདི་མར་འདེས་༡་། དེ་གཉན་གིས་བུ་འདི་སེར་བཞུང་སྟོང་། ཁྱོད་མྱིའི་བུ་ནི་གདུག་སྨེན་པ་སྗེས་། དེ་སྐད་བརྫུལ་འ་ལ་བསྐོར་། ལྦའི་རྫུལ་ལཾ་སྟོའ་སྗེས་(28)ཞེས་གནའ་སྔ་སྲིད་པའི་དང་པོ་ལ། ཕྱ་རྗེ་ཡ་བླ་བདལ་དྲུག་དང་ཁ་མོ་ཡ་བླ་ཕྱིས་མོ་གཉིས་དམེ་དང་མནོལ་དུ་བྱས་པ་ལ། མནལ་གྱི་ལྦ་བུ་སྤུན་དགུ་སྟེ་ཆེ་བ་ཁ་དཀར་མོ་དཀར་གཉིས། དེ་འོག་ཁ་ཤུག་དམུག་ཞུ་གཉིས། དེ་འོག་ཁ་འབྲེན་སྨུག་འབྲོ་གཉིས། ཆུང་བ་ཁ་ནག་དམུག་ཞུ་གཉིས། སྲིང་མོ་ལྦ་ལྕམ་མ་ཡང་སྨན་དང་དགུ་བྱུང་ཞིང་། ནམ་ཞིག་ཚེ་ན། མིའི་དུར་དེ་གཉན་གྱི་དྲུང་དུ་བཏབ་པས་ཡར་གྱི་ལྷ་དང་བར་སྣང་གཉན་སོགས་མནོལ་བས། སྲིད་པའི་རྒྱལ་མོའི་སྤྱན་ཡང་ལོང་། གར་རྒྱུད་རྒྱལ་མོའི་རྣ་བ་འོན། ཕྱའི་བུ་ཚའི་ཐུགས་ཀྱང་འཁྲུག་པ་བཅས་མིའི་རིགས་རྒྱུད་ཀྱང་ཆད་ལ་ཁད་པ་ན། སྲིད་པའི་བོན་པོ་ཡ་ངལ་གྱིམ་གོང་སྤྱན་དྲངས་ནས་ལྦ་ཡི་ལྦ་སྤུ་ལྦ་ཁྲག་ལྦ་ཤ་ལྦ་རུས་བཅས་ཕྱུང་ནས་བསང་བཏང་བའི་ཡོན་ཏན་གྱིས་སྲིད་པའི་རྒྱལ་མོའི་སྤྱན་ཡང་ཕྱེས། གར་རྒྱུད་རྒྱལ་མོའི་རྣ་བ་སངས། ཕྱའི་བུ་ཚའི་ཐུགས་ཀྱང་དྭངས་བར་གྱུར་ཚུལ་གྱི་སྨྲང་རབས་བཤད་པ་བརྒྱུད་ནས་རྟའ་ལ་ཞན་ཀར་གནོད་འ་བསང་། ནོར་ལ་གཡང་སྨན་ནྱོད་འ་བསང་། ལུག་ལ་རྨུང་པོ་ནྱོད་པ་བསང་། རས་ལ་ཁྱའ་མོ་གནོད་འ་བསང་། ལྦ་བསང་བྱེད་པའི་སོང་བསྐྱུར་༡་། འ་བསང་བྱེད་པའི་དར་བསྐྱུར་༡(29)ཞེས་སྲིད་པ་ཐམས་ཅད་མནོལ་བ་ལྦ་བསང་གིས་དག་གྱུར་ཅིག་མནོལ་བ་ཐམས་ཅད་ཚངས་གྱུར་ཅིག་ཅེས་བཀོད་ཡོད། དེ་མིན་ལྦ་བསང་སྐོར་གྱི་ཡིག་ཆ་གཞན་པའི་ནང་དུ་ལྦ་མགོས་གནམ་གཉན་དང་། ལྦ་ལྕེས་བར་སྣང་གློག་གཉན། ལྦ་སོས་བར་སྣང་གཟའ་སྐར། ལྦ་མིག་གིས་མི་གཉན་ལྷ་གཉན། ལྦ་སྙིང་གིས་རྨ་གཉན་བོང་ར། ལྦ་གློས་གངས་གཉན་དང་། ལྦ་མཆིན་གྱིས་བྲག་གཉན། ལྦ་མཁལ་གྱིས་རྡོ་གཉན། མཚེར་གྱིས་མཚོ་གཉན་དང་། ལྦ་ཁྲག་གིས་ཆུ་གཉན་བཅས་སྣང་སྲིད་ཀྱི་ལྷ་རིགས་ཐམས་ཅད་མནོལ་བ་སེལ་ཐུབ་པར་བསྟན་པའང་འདུག

       དྲུག བླ་བསླུའི་སྐོར། བོན་ལུགས་སུ་བླ་ཡིད་སེམས་གསུམ་ལས་བླ་ནི་སྐྱེས་བུའི་ཡིད་ཀྱི་དྲན་རྟེན་གྱི་རྩ་བ་དེ་ལུས་ལ་གནས་པའི་ནུས་ཤུགས་ལ་ཐུག་ཡོད་པ་དང་། ལུས་ཀྱི་ནུས་ཤུགས་ཀྱི་གཞི་རྩ་དེ་རླུང་གི་ནུས་པ་དང་དེའི་གཞི་རྩ་སྒྲའི་ཤུགས་ལ་བརྟེན་པ་ཞིག་ཡིན་སྟབས། སྐྱེས་བུའི་ལུས་སྲོག་གི་འདུ་འཕྲོད་བདེ་བར་འཚོ་ཞིང་། དེའི་ནུས་པ་བསྐྱེད་པའི་ཆ་རྐྱེན་དེ་ལ་བླ་ཞེས་སུ་གྲགས་(30)པ་དང་། དེ་ནི་མིའི་མགོ་ལུས་ཐམས་ཅད་ལ་འཁྱམས་ཤིང་རྒྱུ་བའི་ཚུལ་གྱིས་གནས་པར་བཤད་ཅིང་། བླ་གནས་འཕོ་ཚུལ་ལ་ཕོའི་བླ་གནས་དང་། མོའི་བླ་གནས། ཕྱུགས་ཀྱི་བླ་གནས་བཅས་ཀྱི་དབྱེ་བ་ཡོད་པར་མ་ཟད། བླ་འཕོ་སའི་གནས་ལའང་ལོའི་བླ་གནས་དང་། ཟླ་བའི་བླ་གནས། ཚེའི་བླ་གནས་དང་། དུས་ཀྱི་བླ་གནས། དུས་བཞིའི་བླ་གནས་སོགས་བརྩི་སྲོལ་སྣང་། གལ་ཏེ་སྐྱེ་བོ་ཞིག་གི་བླ་བདུད་སྲིན་གྱིས་འཕྲོག་པའམ་འཁྱམས་པ། ཡང་ན་བླ་ཉམས་སོང་བ་ཡིན་ན་སྐྱེ་བོ་གང་དེའི་ལུས་ཀྱི་བདེ་ཐང་དང་། ཁ་ལས་དབང་ཐང་། ཚེ་སྲོག་ཀླུང་རྟ་བཅས་ལའང་གནོད་པས་འཕྲལ་དུ་བླ་བསླུའི་ཆོ་ག་སྤེལ་བ་ཡིན། ཡིག་ཚང་འདི་ལས་བསྟན་པ་ལྟར་ན་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་ན་དགྲ་བོའི་བླ་ཤིང་གཅོད་ཅིང་། དགྲ་བོའི་བླ་འཚོ་བའི་མཐུ་དང་ནུས་པའི་བདག་ཉིད་ཅན་གྱི་མོ་རྒྱུད་ཀྱི་ལྷ་མོ་བླ་འགུག་མ་བཞི་ཡོད་དེ་《ཕྱོགས་༤་བླ་མགོན་དབུ་ལགསྷོ》ལས་བསཱོ་ཤར་གྱི་ཕྱོག་ལེས་བླ་འགུག་མ་། ཤྱེནར་ལེས་ཀྱེར་ལྕང་༡་མ་། ཀྱེད་ཀར་མོ་རྒྱད་གྱིས་མི་སྤྲུལ་པོ་། ཡརར་ཁ་གྱིས་ནྱཾས་ལ་བཤག་། མརར་ཁ་ཕྱར་ས་ལྷ་བཤག་། ཡར་པོ་ལྕག་ལ་མར་པོ་ཟང་། ཟང་ལྕག་༢སི་ཆེའུན་། དགྲ་ཤ་ཟོ་ན་ལཾ་སོ་ལཾ་། དགྲ་ཁྲག་མཐུང་ནས་འཇིགསུཾ་འཇིགས་། དགྲ་རུ་ཆེ་ནས་ཆེསུཾཆེས་། ཤར་ཀྱིས་ཕྱོག་ལེས་དབུ་འཕྲོག་མ་(31)ཞེས་ཤར་ཕྱོགས་བླ་འགུག་དཀར་མོ་མ་དང་། ལྷོ་ཕྱོགས་བླ་འགུག་སྔོན་མོ་མ། ནུབ་ཕྱོགས་བླ་འགུག་ནག་མོ་མ་དང་། བྱང་ཕྱོགས་བླ་འགུག་དམར་མོ་མ་བཅས་བཞུགས་པ་དང་། སྐྱེ་བ་གང་དེའི་བླ་འགུག་སྐབས་ཐོག་མར་སྟོང་བ་ཉིད་ཀྱི་ཡང་རྩེ་ན་བཞུགས་པའི་སྟོང་གསུམ་མགོན་ལྷ་དཀར་པོ་དང་། བསྐལ་གསུམ་གསས་རྗེ་ཨུ་མ། སྲིད་གསུམ་སྟོན་པ་གཤེན་རབ་སོགས་སྤྱན་འདྲེན་མཆོད་གསོལ་གྱིས་བླ་འཁྱམས་པ་དེ་ཉིད་འཚོལ་བར་སྐྱབས་ཞུ་བ་ཡིན། 《བླ་ཀླུང་ཆོས་མེས་དབུ་ལགསྷོ》ལས་ཀྱེར་ལྷ་དམག་གུན་ལ་མཆོད་པ་ཐལ་། སྟོུཾང་འགྷོན་ལྷ་ཀར་པོ་ལ་། གསང་ཆེན་དུད་པ་སྤྱེནས་། སྟོུཾང་མུན་ཁཾས་ནྱོ་ལ་། ཡྲོན་འདིའི་བླ་ཚོསོང་། སྐལ་༣་གསས་རྗེས་ཨུཾ་མ་ལ་། བསང་ཆེན་དུད་པ་སྤྱེནས་། མྱེ་ཁཾས་དམོར་ཡུལ་ཤེད་ལས་། ཡྲོན་འདིའི་བླ་ཚོསོང་། སྲིད་གསུཾ་སྟོན་པ་ཤྲེནབ་ལ་། བསང་ཆེན་དུད་པ་སྤྱེནས་། ཡྲོན་འདིའི་བླ་ཚོསོང་(32)ཞེས་པ་དང་། དེ་ནས་བླ་འགུག་བྱེད་ཀྱི་མདའ་དར་འདི་ལ་སྐུ་རྟེན་མཛོད། གསེར་གཡུ་འདི་ལ་སྤྱན་གཟིགས་ཤིག གསས་བསྟོད་འདི་ལ་ཐུགས་རྟེན་མཛོད། གསས་གཞི་འདི་ལ་བྱིན་ཕོབས་ཤིག་ཅེས་སྐད་མདངས་མཐོན་པོས་ངག་ཏུ་གྱེར་ཏེ། བླ་འདི་མ་འཁྱམས་བླ་འདི་ཁུགས། ཡུལ་ཞིང་མཁར་གསུམ་འདི་ན་ཡོད། ཟན་མྱི་ནོར་གསུམ་འདི་ན་ཡོད། གོ་རྟ་མཚོན་གསུམ་འདི་ན་ཡོད། མ་ཡི་སྐད་ལ་ཉན་བཞིན་ཤོག བླ་བདུད་ཀྱི་ཡུལ་དུ་མ་འཁྱམས་ཤིག བླ་བཙན་གྱི་ཡུལ་དུ་མ་འཁྱམས་ཤིག་ཞེས་བླ་འགུགས་སོ།།

     བདུན། གླུད་ཀྱི་སྐོར། བོན་གཞུང་སྣང་གཤེན་ཐེག་པ་ལ་སྤྱི་རུ་ཆབ་ནག་ཆུ་བོ་སེལ་གྱི་སྒོ་དང་། དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ་དང་། དཔོན་གསས་ཕྱྭ་གཉན་གཏོ་ཡི་སྒོ་བཅས་བཞུགས་པའི་བྱེ་བྲག་འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོར་གྲགས་པའི་གླུད་ཅེས་བྱ་བར་ནང་ཚན་མཆོག་འབྲིང་དམན་གསུམ་གྱི་དབྱེ་བས་མདོས་གླུད་ཡས་གསུམ་དུ་ཡོད་པ་ལས། གླུད་ནི་རང་སོ་སོའི་ལུས་ནས་བོར་བརླག་ཏུ་སོང་བ་གང་ཞིག་ཚུར་བསླུས་པའམ་ཡང་ན་འདྲེན་བྱེད་ཀྱི་ཡུལ་དུ་མ་མངོན་པའི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱི་གནོད་པ་འགོག་པར་བྱེད་པའི་དོན་ཡིན་(33)པ་དང་། གཙོ་ཆེའི་དབང་དུ་བྱས་ན་ཕོ་གླུད་དང་། མོ་གླུད་དང་། ཆུང་གླུད་བཅས་རིགས་གསུམ་འདུག ཡིག་ཆ་འདི་ལས་མཐོང་བ་ལྟར་ན། དེ་རིང་གླུད་འདེབས་དགྲ་ལ་འདེབས། དེ་རིང་གླུད་ཟློག་དགྲ་ལ་ཟློག དེ་རིང་གླུད་སྐྱུར་དགྲ་ལ་སྐྱུར། དེ་རིང་བརྫོངས་འདེབས་དགྲ་ལ་འདེབས། བྱ་རྒྱལ་ཁྱུང་ཆེན་མན་ཆད་དང་། བྱིའུ་ཆུང་མཆིལ་བ་ཡན་ཆད་དང་། འདབ་ཆགས་རྒྱལ་བོ་ཚུན་ཆད་ཀྱང་། དེ་རིང་གླུད་བྱ་ཡོན་དུ་འབུལ། གླུད་བྱ་ཁྱོད་ལ་བརྫོངས་སུ་འབུལ་ཞེས་མཐོ་བ་མིའི་རྒྱལ་བོ་དང་། དམའ་བ་སྒོ་ཕྱུགས་ཡན་ཆད་ལ་དགྲ་སྲིན་གདོན་བགེགས་ཀྱི་གནོད་པ་བྱུང་བར་འདབ་ཆགས་བྱ་དང་། རྨིག་ཅན་རི་དྭགས། སྡེར་ཐོགས་གཅན་གཟན་དང་། ཡང་ན་སྐྱེ་དངོས་ཤིང་ལོ་སོགས་ཀྱི་གཟུགས་རིས་བཟོས་ཏེ་གླུད་དུ་གཏོང་ཞིང་། དེའི་ཆོ་གའི་ཁྲོད་དུ་ས་ཆུ་མེ་རླུང་གི་འབྱུང་བ་རེ་རེས་ཤ་ཁྲག་དབུགས་དྲོད་པགས་པ་བཅས་མཚོན་པར་བྱེད། 《གླུད་གིས་འརྫོང་བདེབས་དབུ་ལགསྷོ》ལས་ཀྱེར་དེརེང་གླུད་བདེབས་དགྲ་ལ་བདེབས་། དེརེང་ཀླུད་ཟློག་དགྲ་ལ་ཟློག་། དེརེང་ཀླུད་སྐྱུར་དགྲ་ལ་སྐྱུར་། དེརང་བརྫོངས་བདེབས་དགྲ་ལ་བདེབས་། ཀྱེར་བྱ་རྒྱལ་ཁྱུངེན་མར་ཆད་དང་། བྱེལ་ཅུང་མཆིག་པོ་ཡརདང་། འདེབས་ཚྱས་རྒྱལ་དང་ཙྱེད་ཡང་། ཀླུད་བྲ:། བྱོད་ཐང་དཀར་མར་དང་། ཕྱེ་མ་ལེ་ཙེ་ཡརདང་། ཤོག་ཚྱ་གྱདང་རྩྱད་ཡབ་། གོང་སྐར་སྷཻང་མརདང་། བྱི་འ་བྲས་འ་ཡརད་ལ་། སྟོར་ཆག་རྒྱའ་དང་རྩྱད་ཡབ་། ཀླུད་བྲ:། བྱངསི་འབྲོས་འུ་མར་ཆད་དང་། སྦུར་འབུ་མེ་ཙེ་ཡརད་ལ་། རུབ་ཐྱོབ་རྒྱདང་རྩྱད་ཡབ་། གླུད་བྲ:། སྟོབས་ཆེན་གླང་པོ་མརདང་། ཕུ་གུབ་ཞུལནོས་ཡརད་ལ་། སྐིག་ཆག་རྒྱདང་རྩྱད་ཡབ་། གླུད་བྲ:། སྲིད་པའི་རི་སྦལ་མརདང་། ཙང་པོ་ལྕུང་མོ་ཡརད་ལ་། སྟོང་བྱེད་རྒྱའ་དང་ཙྱད་ཡབ་། གླུད་བྱ་ཁྱོད་ལ་བརྫོངསུཾ་འབུལ་(34)ཞེས་དང་། ཡང་ན། མི་ལ་ན་ཚ་ཅི་བྱུང་པར་ཤིང་སྟག་པ་སྔོ་དམར་གང་རུང་གིས་མིའི་གཟུགས་བཟོས་ཏེ་ཤིང་གི་རྩེ་མོས་མི་མགོ་དང་། ལོ་མས་སྐྲ། ཡལ་གས་ལག་པ། ཤིང་སྐེད་ཀྱིས་བྱང་ཁོག་དང་། ཤིང་འདབས་ཀྱིས་རྐང་པ་བཅས་མཚོན་པར་བྱས་ཏེ། གནོད་པའི་བདུད་ལ་ཤིང་གླུད་གཏོང་བའི་ཆོ་གའི་སྐོར་ཡང་འདུག

     བརྒྱད། གཡང་གི་སྐོར། གནའ་དཔེ་འདིར་གཡང་འབོད་སྐོར་གྱི་ཡིག་ཆ་ཉུང་ཉུང་ལས་མེད་ཀྱང་། གཡང་ཞེས་པའི་ཚིག་གི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་པོའི་དོན་ལ་འཇུག་པ་གསལ། སྤྱི་རྡོག་ནས་བལྟས་ན་གཡང་འབོད་ཀྱི་ནང་དོན་ནི་འདི་ལྟ་སྟེ། གནམ་གྱི་སྒོ་སྲུང་ནི་ཉི་ཟླ་དང་། བར་སྣང་གི་སྒོ་སྲུང་ནི་འབྲུག་དང་སེང་གེ སའི་སྒོ་སྲུང་ནི་སྟག་གཡག་གཉིས་ཡིན་ཞིང་། གནམ་ས་བར་སྣང་སྲུང་བར་བྱེད་པའི་ཉི་ཟླ་དང་། འབྲུག་སེང་སྟག་གཡག་སོ་སོས་གཡང་རེ་བདག་པོ་བྱེད་ཅིང་། ཤར་ཕྱོགས་གཡང་གི་ལྷ་མོ་དུང་གི་ཐོར་གཙུག་ཅན་དང་། ལྷོ་ཕྱོག་གཡང་གི་ལྷ་མོ་གཡུའི་ཐོར་གཙུག་ཅན། ནུབ་ཕྱོགས་གཡང་གི་ལྷ་མོ་མཆོང་གི་ཐོར་གཙུག་ཅན་དང་། བྱང་ཕྱོགས་གཡང་གི་ལྷ་མོ་ཟངས་ཀྱི་ཐོར་གཙུག་ཅན་བཅས་མོ་རྒྱུད་ཀྱི་གཡང་གི་ལྷ་མོ་བཞི་བཞུགས་ཏེ། 《གཡང་པི་དབུ་ལགསྷོ》ལས་ཀྱེར་ཤོརག་ལྷའ་མོའ་དུངསི་ཐོག་ཙ་ཅན་། ཁར་ཤོརང་དུ་འབྱུང་ཉིད་ཕྱག་༡་ཚེས་། ཤོརས་ཉནསི་མྱིད་གཡང་ལཾས་། ཤོརས་ཉནསི་:རྟའ:། ཤོརས་ཡ་ལསི་ནོར:། ཤོརས:ལུག་གཡང་ལཾས་། ཤོརས་ཞ་ཏ་སི་རས་གཡང་ལཾས་། ཤོརས:ཟན:། ཤོརས་འ་ས་གིས་ཟོའ:། ཤོརས་ས་ཤའི་འབྲུཾང་གཡང་ལཾས་། ཤོརས་ལེས་སྤྱེན་ཤེགསུཾལོ་། སི།། ཀྱེར་བཀྲིས:།:།:། ཀྱེར་ལྷྱཽཾག་ལྷཽཾ་གཡངའི་ཐོད་ཙཾས་ཅན་། ཁར་ལྷོག་དུ་འབྱུང་མྱིད་ཕྱག:།ལྷཽག་ན་ཀསི་མྱི། ། ལྷཽག་མ་ལ་རྟང:། ལྷཽག། ནོར:།ལྷཽག ། ལུག:། ལྷཽས ། རས ། ། ལྷཽས ། ཟན ། །ལྷཽག། ཟོའ:། ལྷཽས ། འབྲུང ། ། ལྷཽག་ལེས་སྤྱེན:།ཀྱེར་བཀྲིས ། ། སྲོན། ། ཀྱེར་ནུབག་ལྷོཾ་ཆཾསི་ཐོགན་། ཁ་ནུག་དུ་འབྱུང་ཕྱག ། །ནུག་གཏསི་ཉིད་གཡང ། །ནུག:རྟང་གཡང:། ནུག:ནོར:། ནུག:ལུག:།ནུག:རས:། ནུག:ཟན:། ནུག:ཟོའ:། ནུག:འབྲུང:། ནུགལེསསྤྱེན:། ཀྱེར་བཀྲིས:། སྲོན:།ཀྱེར་བྱོངག་ལྷོཾ་ཟང་གིས་ཐོགན་། ཁ་བྱོངག་དུ་འབྱུང་ཕྱག:། བྱོངག་ས་འ་མྱི་གཡང་ལེས། བྱོངག:རྟང:།བྱོངག:ནོར:། བྱོངག:ལུག:། བྱོངག:རས:།བྱོངག་སྣྲ་ཟན:། བྱོངག་ས་ལ་ཟོའ:། བྱོངག་ད་ལ་འབྲུང་གཡང་ལཾས་། བྱོངག་ལེསསྤྱེན་ཤེསུཾལོ་། ཀྱེར་བཀྲིས:། སྲོན:། ཡོད:(35)ཅེས་མི་རྒྱུད་འཕེལ་བའི་མི་གཡང་དང་། འདོ་རིག་རྟའི་གཡང་། སྒོ་ཕྱུགས་ནོར་གྱི་གཡང་། འབྲུ་དྲུག་སྙེ་མའི་གཡང་དང་། བལ་མོ་ལུག་གི་གཡང་། བསོད་ནམས་ཆེ་གཡང་དང་། རླུང་རྟ་རྒྱས་གཡང་། མི་ལ་ཚེ་རིང་བའི་ཚེ་གཡང་དང་། གཉན་གྱི་མི་གཡང་དང་། ཀླུའི་ཕྱུག་གཡང་། གཏོད་ཀྱི་དཔའ་གཡང་དང་། ས་བདག་གི་འབྲུ་གཡང་སོགས་འགུག་པར་བྱེད་པའི་དོན་མང་དུ་བཞུགས་སོ།།

     དགུ། ཐན་གྱི་སྐོར། བོན་གྱི་སེལ་གཞུང་དུ་མི་མཐུན་རྨི་ལམ་པྲ་ལྟས་ངན་པ་ལ།། ལྟས་ངན་བཟློག་པའི་ཐན་སེལ་བྱ(36)ཞེས་རྨི་ལམ་ངན་པ་རྨིས་པ་དང་། རྟགས་རྟེན་འབྲེལ་མ་ལེགས་པའི་རིགས་དག་ནི་ཐན་ལྟས་སུ་བཟུང་སྟེ་བཟློག་པའི་ཐབས་སུ་ཐན་སེལ་གྱི་ཆོ་ག་སྤེལ་བ་ཡིན། ཐན་དེ་དང་པོ་གང་ནས་བྱུང་ཟེར་ན་གནམ་གྱི་བྱ་ཐན་དང་། བར་གྱི་སྦྲུལ་ཐན། ས་ཡི་བྱི་ཐན་ལས་བྱུང་ཞིང་། ཐན་རིགས་མཚོན་བྱེད་དུ་སྦྲུལ་ནག་ཀླུའི་ཐན་ངན་དང་། འུག་པ་ནི་དམུའི་ཐན་ངན། ཕོ་རོག་ནི་བདུད་དང་། ཤྭ་སྤྱང་ནི་བཙན། བདུད་སྲིན་ནི་ལམ་དང་། འཇའ་འཁྱིལ་ནི་ལྷ། ནེ་ཙོ་ནི་མ་མོ་དང་། སྲིན་བྱ་ནི་ཐེའུ་རང་། སྦལ་བ་ནི་ས་བདག་གི་ཐན་ལྟས་བཅས་སུ་ངོས་འཛིན་པ་སྟེ། 《ཐན་ཟློག་དབུ་ལགསྷོ》ལས་ཀྱེར་བརྒྱ་ཁྱིལ་ལྷའི་སྟན་ང་ན་ཡིན་། ལྷའི་སྟན་ངན་ཟློག་དུགསོལ་། སེང་ཆེན་ཡྨ་སྟན་ང་ནཡིན་། ཡྨ་སྟན་ངན་ཟློག་དུ་གསོལ་། འུཊ་པ་དམུའི་ཐན་ངན་ཡིན་། དམུའི་ཐན་ངན་ཟློག་དུ་གསོལ་། ཕ་རོག་བདུད་གྱིས་ཐན་ངན་ཡིན་། བདུད་གྱིས་ཐན་། ཤཊ་སྤྱང་བཙན་གྱིས་ཐན་། བཙན་གྱིས་ཐན་། སྐྲལ་ནག་ཀླུའི་ཐན་། ཀླུའི་ཐན་། ནེ་ཙོ་མ་མོ་ཐན་། མ་མོ་ཐན་ངན་། སྲིན་བྱ་ཐེ་རང་དང་། ཁྱུངང་ཏྲོག་གི་ཐན་ང་ན་དང་། མཐུ་བྱེད་ཟློག སྦྱོར་བ་ངན་ཟློག རྦད་གཏོང་ཏཀ་ཟློག་(37) ཞེས་པ་དང་། རྟགས་རྟེན་འབྲེལ་ངན་པ་དེ་རིགས་བཟློག་པར་ཤར་ཕྱོགས་མྱི་དཀར་གླང་མགོ་ཅན་དང་། ལྷོ་ཕྱོགས་མྱི་སྔོན་འབྲུག་མགོ་ཅན། ནུབ་ཕྱོགས་མྱི་ནག་རྟ་མགོ་ཅན་དང་། བྱང་ཕྱོགས་མྱི་དམར་ཕག་མགོ་ཅན་སོགས་གཙོས་སྣང་སྲིད་ཀྱི་ལྷ་མཐུ་བོ་ཆེ་དག་ལ་གསོལ་ཞིང་མཆོད་དེ། གཏོར་ཟོར་འཕེན་པ་དང་། མདའ་ཤུག་བརྟེན་པ། བྱ་རྡང་སྤྱན་འདྲེན་པ། ཡང་ན་བདེན་པའི་སྨྲང་བཀྲོལ་བ་སོགས་ལ་བརྟེན་ནས་ཐན་ངན་སྡང་བའི་དགྲ་ལ་བཟློག་པ་ཡིན། དཔེར་ན། སྔོན་སྨང་ཡུལ་ཐང་རྒྱལ་ཡུལ་གྱི་སྨོན་རྗེ་བཙན་པོ་དང་སྨང་ཉ་བཙུན་མོ་གཉིས་ལ་གསས་མཁར་ཕྱོགས་བཞི་ནས་རྟ་ནག་ཞོན་པ་ཅན་དང་། སྤྱང་ཞོན་ཅན། འཕར་ཞོན་ཅན་དང་། དོམ་ཞོན་ཅན། འུག་ཞོན་ཅན་དང་། དྲེད་ཞོན་ཅན། རྔ་ཞོན་ཅན་དང་། བོང་ཞོན་ཅན་སོགས་བདུད་ཀྱི་ཐན་ལྟས་ངན་པ་ཅི་རིགས་བྱུང་བར་གཤེན་ལ་གསོལ་བ་བཏབ་ཏེ་ཐན་བཟློག་བྱས་པས། དགྲ་ལས་ཐར་ཅིང་ལོངས་སྤྱོད་མངའ་ཐང་རྒྱས་པ་ལྟ་བུའི་རིགས་ཁྱང་མང་།

    བཅུ། སྲུང་འཁོར་གྱི་རིགས། བོན་དཔེ་འདིར་སྲུང་འཁོར་གྱི་རིགས་ལ་ཐོག་སྲུང་དང་། རྟ་སྲུང་། སྲུང་དང་། ལུག་སྲུང་། ནོར་སྲུང་དང་། ལོ་ཏོག་སྲུང་འཁོར་བཅས་ཡོད་པ་ལས་རྟ་སྲུང་གི་དཔེ་རིས་ངོས་ཀྱི་ཡི་གེ་འདིར་ཕབ་ན་འདི་ལྟ་སྟེ། རྟ་སྲུང་གི་འཁོར་ལོའི་མཐའ་བཞིར་ཁྱུང་མགོས་བརྒྱན་ཞིང་འཁོར་ལོའི་དཀྱིལ་དུ་རི་མོ་གྲུ་བཞི་བྲིས་པའི་ནང་དུ་དབང་བོ་ལྔ་དོད་པའི་མི་དང་རྟ་མཆོག་རིན་པོ་ཆེའི་གཟུགས་རིས་བྲིས་ཤིང་། རྟ་ཐོག་ཏུ་སྣ་མིག་ཡོད་ཀྱང་ཁ་རྣ་མི་མཚུངས་པའི་མི་ཞིག་གི་མགོ་བོ་བྲིས་འདུག དཀྱིལ་དབུས་ཀྱི་རི་མོའི་སྟེང་འོག་དང་གཡས་གཡོན་ཀུན་ཏུ་ཡི་གེ་བྲིས་འདུག་སྟེ། གཡས་སུ་ལྷ་རྟ་དཀར་རྟ་ལ་སྲུངས་༡་སྐྱོབས་༡་ཚེས་༡་ཞེས་དང་། གཡོན་དུ་རྒུཏ་ཏ་ཁྱི་ལེན་ཏ་ལ་སྲུངས་༡་རྟ་མཆོ་རིནེ་རྟ་ལ་སྲུངས་༡་ཞེས་བྲིས་ཤིང་། དེའི་སྟེང་དུ་རྒུ་རྟ་ཀྱིས་ལེན་རྟ་ལ་སྲུངས་༡་རྟ་མཆོ་རིནེ་རྟ་ལ་སྲུངས་༡་སྐྱིབས་༡་ཚེས་༡་ཞེས་པ་དང་། འོག་ཏུ་༅་འཕངས་པས་ཡེར་མ་ལྷ་རྟ་འ་ལ་སྲུངས་༡་རྟ་མཆོ་རིནེ་རྟ་ལ་སྲུངས་འཕངས་ལ་རེ་མ་ལྷ་རྟ་ལ་སྲུངས་༡་སྐྱིབས་༡་ཚེས་༡་ཞེས་བྲིས་འདུག འཁོར་ལོའི་ཕྱིའི་མཐའ་བསྐོར་དུ་༅༅།། རྟ་མཆོ་རིནེ་རྟ་ལ་སྲུངས་༡་སྐྱོབས་༡་ཚེས་༡་སཱསཱ་༔་འཕངས་པ་ཨ་ཡ་རེ་ལ་ཏྲུག་རྟ་ལ་སྲུངས་སྐྱོབས་ཚེས་༡་ལྷ་རྟ་རྐྱང་དཀར་རྟ་ལ་སྲུངས་༡་སྐྱོབས་༡་ཚེས་༡་རྐྱང་རྟ་ཀྱི་ལེན་རྟ་ལ་སྲུངས༡་སྐྱོབས་༡་ཚེས་༡་ཞེས་བྲིས་འདུག ར་ལུག་གཉིས་ཀྱི་སྲུང་འཁོར་ནི་སྒོར་མོ་ཞིག་སོ་སོར་བྲིས་པའི་ནང་དུ་༄་ལུག་ལ་གནོད་པར་བྱེད་པ་ཏ་ཀ་སྲུངོར་འདི་འི་ཆོད་༡་སྲུངས་༡་སྐྱིབས་༡་རཀྴསྭཏཛཛ་ཞེས་པ་དང་། ༢ཡཻ་སྲུངས་འདི་ར་ལ་གནོད་འསི་ཐཾད་ཕྱིར་བྲུ་སྲུངས་༡་སྐྱབས་༡་ཛ་ཛ་ཞེས་བྲིས་འདུག་ཅིང་། ནོར་སྲུང་གི་འཁོར་ལོ་ལ་ཕྱི་ནང་བར་གསུམ་གྱི་རིམ་པ་གསུམ་དུ་ཕྱེ་ཞིང་། འཁོར་ལོའི་ནང་རིམ་གྱི་དཀྱིལ་དུ་མིའི་གཟུགས་རིས་ཤིག་བྲིས་འདུག་པ་དང་། བར་རིམ་དུ་༅༅་ཨོ་ཨ་ ་སྲཾསྲི་ཛ་ཛ་ན་ན་མ་ར་ཡ་ ་ཕགས་རྦ་རྦ་ཞེས་པ་དང་། འཁོར་ལོའི་ཕྱི་རིམ་དུ་༅་ནོར་ཐཾད་གཅན་གཟན་སྤྱང་ཕར་ས་འགོང་ས་ཐ་ཕྱིར་ལ་ཟློག་༡་བདག་ལ་སྲུངས་༡་སྐྱབས་༡་རཀྑ་རཀྴ་སྲུངས་ཞེས་བྲིས་ཡོད། གཞན་ཤོག་ལྡེབ་མདུན་ངོས་གཉིས་སུ་སྟག་སྤྱང་འཕར་བ་བཅས་བྲིས་པའི་རི་མོ་སོ་སོའི་ཞབས་སུ་སྟག་གི་ཁོག་ཏུ་བྲིས། སྤྱང་གུའི་ཁོག་ཏུ་བྲིས། འཕར་བའི་ཁོག་ཏུ་བྲིས་ཞེས་བྲིས་འདུག་པ་དང་། ཤོག་ལྡེབ་རྒྱབ་ངོས་སུ་ནོར་སྲུང་དང་། ར་སྲུང་། ལུག་སྲུང་གསུམ་གྱི་སྲུང་འཁོར་གྱི་གཟུགས་རིས་བྲིས་པའི་རིགས་ཀྱང་མང་དུ་མཆིས་སོ།།

     བཅུ་གཅིག ཀོང་རྩེ་འཕྲུལ་རྒྱལ་གྱི་སྐོར། སྤྱིར་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐོར་ལ་བཤད་ཚུལ་མང་ཡང་། བོན་གྱི་ཡིག་ཚང་གང་མང་དུ་འཁོད་པ་ལྟར་ན། ཀོང་ཙེ་འཕྲུལ་རྒྱལ་ནི་ཞང་ཞུང་གི་ས་ཁོངས་སུ་གཏོགས་པའི་གངས་ཏི་སེའི་ནུབ་བྱང་གི་ཡུལ་རྒྱ་ལག་འོད་མའི་གླིང་དུ་ཡབ་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་དང་། ཡུམ་བཙུན་མོ་མུ་དྲིལ་གསལ་འོད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། ཡབ་ཀྱིས་གོང་ཙེ་འཕྲུལ་གྱི་རྒྱལ་བོ་ཞེས་མཚན་གསོལ་བ་སྟེ། ཡུལ་རྒྱ་ལག་འོད་མའི་གླིང་། མཁར་ཁྲི་སྒོ་རྩེ་བརྒྱའི་དབུས། གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པའི་མཆོག དེ་ན་ཕ་ནི་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་ཞེས་བྱའོ། མ་ནི་བཙུན་མོ་མུ་དྲིལ་གསལ་འོད་མ་ཞེས་བྱའོ་(38)ཞེས་ཁོང་ནི་སྐུའི་གཟུགས་བྱད་མཛེས་ཤིང་། སྤྱོད་ལམ་ཡག་པ། སྨྲ་ལ་མཁས་ཤིང་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པ་ཞིག་ཡིན་པ་དང་། དགུང་ལོ་ཉེར་ལྔའི་སྟེང་གཉན་རྒྱལ་གྱི་སྲས་མོ་གཉན་ལྕམ་དཀར་མོ་འོད་མ་གསལ་ཁབ་ཏུ་བཞེས་ཏེ་སྲས་སྲས་མོ་ལྔ་འཁྲུངས་ཤིང་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བཞེངས་སྐད།

  ཡིག་ཚང་འདི་ལས་གསལ་བ་ལྟར་ན། གཤེན་རབ་ཀྱི་ཡབ་ལྷ་བོན་ཐོད་དཀར་དང་། གཤེན་རབ་མི་བོ་ཆེ། གོང་རྩེ་འཕྲུལ་རྒྱལ་གསུམ་ལྷན་བཞུགས་གནང་ཚུལ་འཁོད་པ་མོད་པས་དུས་མཉམ་གཅིག་གི་མི་ཡིན་པ་དང་། གཤེན་རབ་མི་བོ་ཆེ་ལ་བདུད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་པར་གོང་རྩེ་འཕྲུལ་རྒྱལ་གྱིས་གླུད་གཏོང་དང་བླ་བསླུ་མཛད་དེ། གཤེན་རབ་ལོ་དེའི་དགྲ་ལས་ཐར་ཚུལ་དང་།འབྱུང་བ་ལྔ་ལས་བྱུང་བའི་ཀླུ་གདོན་གྱི་གདུག་པ་འདུལ་ཆེད་སྨན་བསྒྱུར་བྱ་བ་དང་། ཕོ་བདུད་མོ་བདུད་བཟློག་ཕྱིར་མདའ་བསྒྱུར་བྱེད་པ། ལྟས་ངན་བཟློག་ཅིང་མི་ཚབ་གླུད་ཀྱིས་བྱས་པའི་བརྗེ་གཏོ་དང་། ལོ་སྐོར་བཅུ་གཉིས་ཀྱི་རྣམ་གཞག་ལྟར་ཟས་གླུད་གཏོང་བའི་གཏོའི་ཆེ་བཞི་མཛད་ཚུལ་དང་། གཞན་སྲིད་པའི་མདའ་སྐྱུར་དབུ་ལགསྷོ། སྨན་སྐྱུར་དབུ་ལགསྷོ། འཇལ་འབོད་སྤྱན་དབུ་ལགསྷོ། ཟང་གཏོ་དབུ་ལགསྷོ། གོང་རྩེ་འཕྲུལ་རྒྱལ་དབུ་ལགསྷོ། གཉིས་ཟུར་དབུ་ལགསྷོ། དགུ་དམྱིག་དབུ་ལགསྷོ། བརྒྱད་ཟུར་དབུ་ལགསྷོ་སོགས་ཡིག་ཆ་ཁག་ལ་གཞིགས་ན། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་འབྱུང་རྩིས་དང་། གཏོ་བཅོས། མདོས་དང་། ཡས་གླུད། བླ་བསླུའི་ཆོ་ག་སོགས་ལ་ཤིན་ཏུ་མཁས་པའི་བོད་མི་ཞིག་ལས་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡབ་སྲས་སོགས་ཀྱིས་བཞེད་པའི་རྒྱ་ནག་གི་ཁུང་ཙིམིན་པ་ཤེས་ཐུབ།

     བཅུ་གཉིས། གཡུང་དྲུང་བོན་གྱི་རྫོགས་ཆེན་སྐོར། བོན་གྱི་ཐེག་པ་རིམ་དགུ་རུ་དེ་ལ་བླ་མེད་ཀྱི་ཐེག་པ་ཞེས་མིང་བཏགས་འདུག བོན་གཞུང་དུ་གཞི་ལམ་འབྲས་བུ་གསུམ་ཀ་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་ཀློང་དུ་ཡོངས་སུ་རྫོགས་པ་ཞིག་ལ་རྫོགས་ཆེན་ཟེར་ཏེ། འཁོར་འདས་བོན་ཐམས་ཅད་སེམས་ལ་རྫོགས་པ་དང་། བསྒྲུབས་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལུང་འདི་ལ་རྫོགས་པའོ།། ཆེན་པོ་ནི་རྒྱུད་ལུང་མན་ངག་ཐེག་པ་ཀུན་ལ་འདི་བས་ཆེ་བ་མེད་པའོ་(39)ཞེས་གསུངས། ད་ནས་ཡར་བརྩིས་པའི་མི་ལོ་སུམ་སྟོང་ལྷག་གི་གོང་དུ་ཞང་ཞུང་གི་ཡུལ་གངས་ཅན་ཏི་སི་དང་མཚོ་མ་ཕམ་གྱི་མདུན། འོལ་མོ་ལུང་རིང་ཞེས་བྱ་བ་དེང་གི་བོད་ཡུལ་གྱི་སྟོད་མངའ་རིས་སྤུ་རངས་ཕྱོགས་དེར་སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱིས་ལྷ་རབ་འོད་ཀྱི་སྲས་ཡོངས་སུ་དག་པ་སོགས་གདུལ་བ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ། ཞང་ཞུང་སྐད་དུ། ཨཱི་ཐི་ཀུ་ཡིག་ཁྲི་རྩི་ཨུ་པ་ཏན་ཏྲ་ཐད་ཐོ་ཅི། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང་ཐིག་ལེ་ཉག་ཅིག་ཨེ་མ་ཧོ་ཞེས་བ་བའི་སྐོར་གྱི་རྫོགས་པ་ཆེན་པོ་ཚིག་ཉུང་ལ་དོན་འདུས་པ་ཞིག་མྱོང་ཡོད་ཚུལ་མཁས་དབང་ནམ་མཁའ་ནོར་བུའི་རྫོགས་པ་ཆེན་པོའི་སྐོར་གྱི་དྲིས་ལན་(40)ན་གསལ། གཡུང་དྲུང་བོན་གྱི་རྫོགས་ཆེན་གཞུང་དུ་ཀུན་གཞིའམ་བོན་ཉིད་དབྱིངས་ནི་ཡེ་ནས་སྒྲིབ་གཡོག་བྲལ་བས་འོད་གསལ་བ། དངོས་པོ་དང་མཚན་མ་མེད་པས་སྟོང་བ། གང་གིས་ཀྱང་ལྷད་མ་ཞུགས་པས་བཅོས་སླད་མེད་པ་ཞིག་ཡིན་པ་དང་། དེ་ནི་གདོད་ནས་གང་གིས་མཐས་མ་རེག་ཅིང་དྲི་མ་མེད་པ། ཅི་ཡི་ཡང་མཐའ་ལ་མི་གནས་པས་ཀ་དག་ཆེན་པོ་བོན་གྱི་སྐུ་དང་། སངས་རྒྱས་སྒམ་པོས་མ་མཛད་ཅིང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། སྐྱེས་བུའི་རྩོལ་བས་མ་སྒྲུབ་པར་ཡེ་ནས་རང་འབྱུང་རང་ཤར་དུ་ལྷུན་གྱིས་གྲུབ་པས་ལོངས་སྤྱོད་རྫོགས་སྐུ་དང་། རྟོགས་མ་རྟོགས་ཀྱི་དབང་གིས་འཁྲུལ་སྣང་བདེ་སྡུག་སོགས་སྣ་ཚོགས་ཤར་བས་ངེས་མེད་སྤྲུལ་སྐུ་བཅས་སྐུ་གསུམ་གྱི་བདག་ཉིད་ཆེན་པོར་གནས་པ་ཞིག་ཡིན་པར་མ་ཟད། ཤེས་རིག་རྒྱུད་ཀྱི་ཀུན་གཞིའི་དབྱིངས་དེ་ཐིག་ལེ་ཉག་གཅིག་གིས་སངས་རྒྱས་དང་སེམས་ཅན་ཡོངས་ལ་སྤྱི་རུ་ཁྱབ་པ་ནི་གདོད་མའི་གཤིས་ཀྱི་གནས་ལུགས་ཡིན་པར་གསུངས། དེ་ཡང་སྣང་བའི་ཡུལ་གསུམ་མངོན་པར་ཤར་བ་ན་ཡིད་ཀྱི་རྣམ་པར་ཤེས་པས་རང་སྣང་དུ་རྟོགས་ཏེ་སྣང་བའི་རྗེས་སུ་མ་འབྲངས་པས་མྱ་ངན་ལས་འདས་པའི་རྣམ་སྤྲུལ་ཤུགས་ལ་ཤར་ཏེ། སྟོང་བ་ཉིད་ཀྱི་ཡེ་ཤེས་མཚོན་པའི་འོད་དཀར་པོ་ལས་གཤེན་ལྷ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་པའི་འོད་སེར་པོ་ལས་གསས་རྗེ། མཉམ་ཉིད་ཡེ་ཤེས་མཚོན་པའི་འོད་ལྗང་ཁུ་ལས་གར་གསས། སོར་རྟོགས་ཡེ་ཤེས་མཚོན་པའི་འོད་དམར་པོ་ལས་གནམ་གསས་དབྱིངས་རིམ། བྱ་གྲུབ་ཡེ་ཤེས་མཚོན་པའི་འོད་སྔོན་པོ་ལས་རྒོད་གསས་བཅས་འོད་ལྔ་ཡེ་ཤེས་ལྔ་དང་ལྷ་ལྔའི་རིམ་པར་ཤར་ན་མཐར་སངས་རྒྱས་ཀྱི་སྐུ་ལྷུན་གྲུབ་ཏུ་རྫོགས་པར་གསུངས། བོན་དཔེ་འདིར་ཡང་གཡུང་དྲུང་བོན་གྱི་རྫོགས་ཆེན་གཞུང་དུ་འབྱུང་བའི་ཡེ་ཤེས་ཀྱི་སྐུ་རིགས་རྣམ་ལྔ་དང་ཏིང་འཛིན་རྣམ་གསུམ་གྱི་སྐོར་སོགས་ཚིག་ཉུང་ངུའི་ནང་བསྡུས་ཏེ་བསྟན་པའང་བཞུགས། 《ཕྲོང་བཤྲིངེལ་ཕྱག་བཞེན་དབུ་ལྱསྟོ》ལས་ཡེསེ་ཀྱིས་སྐུ་རིག་ལྔ་ཕྱགལོ་། རྒྱལ་༤བཅོས་པིའ་ས་བདག་ཀླུཉན་གིས་སྐྲབས་པ་ཉཾས་སུཾ་བླང་པ་ལ་། དེ་ལ་ཏིངེན་རྣཾར་གསུཾ་སྒོཾས་ཏེ་། བསྟོང་པ་བོནདི་ཀྱིས་ཏིངེན་ནི་། ༢་པ་སྤྲོས་བྲལ་དོན་རྣཾར་༢་བཞགས་། ལྔའི་བྲན་པ་མ་ཡལ་པ་། སླད་ཀྱིས་བྲན་ལ་མ་ཕུག་པ་། སུཾ་བཅུ་རྩ་གསུཾ་ཡུཾབ་ལ་མ་སོང་ལྦ་། ཐཾད་སྟོང་པ་ཉིད་དུ་བྷོཾས་། དེ་ནས་རྫོགས་པ་ཀུན་འདུ་རྣཾས་གིས་ཏིངེན་། ནཾཁའ་ལ་ཨ་ཀར་པོ་༡་བསཾ་། ཨ་དེ་བདགིས་སྤྱི་བ་རྩུག་དུ་མཐིངས་གླད་པ་དུང་གི་རྒྱོའྀ་ལ་མཐིང་། སྲོག་ཙ་གསེར་ཀྱིས་ལྦུག་ཆུ་ལ་འབབས་། སྙིང་མཆོང་རུ་སྨུག་པསི་ནང་དུ་ཐིང་ནས་། བདགིས་སྐུ་ལུས་སྣོགས་བག་ཆག་བྱང་དུ་གསོལ་། དེ་ནས་གཤེནབ་རྫོགས་པ་ཆོན་བྷོཾ་(41)ཞེས་དང་། གོང་ལས་འབྱུང་བའི་“ཏིངེན་རྣཾར་གསུཾ་སྒོཾས་”ཚུལ་དེ། གཡུང་དྲུང་བོན་གྱི་གཞུང་དུ། སྣང་བ་ཡོད་ཚད་སེམས་སུ་ངོ་སྤྲད། སེམས་བོན་ཉིད་དུ་ངོ་སྤྲད་དེ། སྟོང་གསལ་ལ་རང་བཞིན་མེད་པ་ཞིག་བསྒོམ་པ་ལ་སྟོང་བ་བོན་གྱི་ཏིང་ངེ་འཛིན་ཟེར་བ་དང་། འཁོར་བའི་སེམས་ཅན་ལ་དམིགས་ཏེ་བྱམས་སྙིང་རྗེ་ཚད་མེད་བསྒོམ་པ་ལ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དང་། སྣོད་བཅུད་ལྷ་དང་གཞལ་ཡས་སུ་གནས་པའི་དོན་གཏན་ལ་དབབ་དེ་མ་དག་པ་རྣམས་སེམས་ཀྱིས་དག་པའི་སྣང་བར་བསྒྱུར་བ་ནི་རྒྱུའི་ཏིང་ངེ་འཛིན་ཡིན་པར་གསུངས་སོ།།

     བཅུ་གསུམ། རྣོ་མཐོང་རྩིས་ཀྱི་སྐོར། མི་ལོ་སུམ་སྟོང་དགུ་བརྒྱ་ལྷག་གི་གོང་དུ་ཞང་ཞུང་གཙོས་བོད་ཡུལ་དུ་གབ་རྩེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁ་སྨེ་བ་གླིང་བསྐོར། འབྱུང་བ་དུས་ཀྱི་འཁོར་ལོ་དང་། ཇུ་ཞག་རྟེན་འབྲེལ་ལས་རྩིས་སོགས་གཙུག་ལག་རྩིས་ཀྱི་བོན་སྒོ་དར་ཅིང་། ད་ནས་ཡར་བརྩིས་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འདས་པའི་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་རིང་། གནམ་གྱི་ཉི་ཟླ་སྐར་གསུམ་གྱི་བགྲོད་ཚུལ་ངེས་ཅན་ལ་བརྟག་པའི་སྐར་ཤེས་རྩིས་མཁན་ཟེར་བ་དང་། སྟོད་ཀྱི་སྟེང་གཉིས་རིང་གནམ་གྱི་རྒྱུ་སྐར་གྱི་བརྟག་པ་དང་གསོན་གཤིན་གྱི་རྩིས་གཉེར་བའི་དུར་གཤེན་མཚོན་ཆ་ཅན་དང་། དེ་བཞིན་ནམ་མཁའི་སྤྲིན་ལ་བརྟག་པ་དང་། བར་སྣང་གི་རླུང་ལ་བརྟག་པ། ས་གཞིའི་ཤིང་དང་བྱ་སོགས་སྲོག་ཆགས་ལ་བརྟག་ཏེ་གནམ་གཤིས་སྔོན་དཔག་བྱེད་པའི་མྱོང་རྩིས་དང་། ཟླ་བའི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ཟླ་ཞག་དང་དུས་བཞི་བརྩི་བའི་རྒན་མོ་བལ་མའི་ཟླ་རྩིས་དང་། ཞང་ཞུང་རྒན་པོའི་ངག་རྩིས་སོགས་རྣོ་མཐོང་རྩིས་ཀྱི་རིག་པ་ཕུན་སུམ་ཚོགས་ཞིག་ཡོད་པ་སྔོན་གྱི་ལོ་རྒྱུས་དག་ན་གསལ། རེབ་འདིའི་བོན་དཔེའི་ཁྲོད་ན་ཉི་ཟླ་གཟའ་སྐར་གྱི་འཁོར་བགྲོད་དང་། ལོ་ཟླ་ཞག་གསུམ་གྱི་རྒྱུ་བ། དུས་བཞིའི་འཕོ་འགྱུར་དང་། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ལ་བརྟག་ཅིང་དཔྱོད་པའི་རྣོ་མཐོང་རྩིས་ཀྱི་གནའ་དཔེ་རྙིང་ཧྲུལ་ཞིག་བཞུགས་པ་དེ་ནི། དབྱིབས་མགོ་ཚེམས་ཅན་ཡིན་ཞིང་ཕྱི་གཡོག་ཀོ་བས་བྱས་ཤིང་། ཤོག་བུ་རྙིང་པ་ལ་ཡི་གེ་ཆེར་མེད་པ། དཔེ་རིས་སྣ་ཚོགས་ཀྱིས་གཟའ་སྐར་དུས་ཚེས་འཕྲོད་སྦྱོར་བཟང་ངན་སོགས་མཚོན་པར་བྱས་པའི་རྩིས་རིག་པའི་དཔེ་རྙིང་ཧྲུལ་པོ་ཞིག་འདུག་ཅིང་། ཁ་བྱང་དུ“བཅིག་པོ་སྨོན་༦་གིས་ཀར་ཡྣི་དབུ་ལྷ་སུཾ་”ཞེས་ཡི་གེ་མི་གསལ་བའི་འགའ་སྣང་བ་དེ་ནི་རྩིས་པ་སྨོན་དྲུག་གི་སྐར་དབུ་ལགསྷོ་ཞེས་པའི་དོན་ཨེ་ཡིན་སྙམ། དཔེ་ཆའི་མཚན་བྱང་བཞུགས་པའི་དབུ་ལྡེབ་ཀྱི་ངོས་སུ་བྱ་རྒྱལ་ཁྱུང་གིས་སྤྲུལ་བསྒྲལ་བཞིན་པའི་རི་མོ་ཞིག་བྲིས་འདུག དེ་ལས་ལོ་ཡི་གྲལ་རིམ་ནི་བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་དང་། རྟ་ལུག་སྤྲེལ་བྱ་ཁྱི་ཕག་བཅས་བཀོད་ཡོད། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱི་རྣམ་གཞག་བྱེད་ཅིང་། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་སྟེ་ཕོ་ཟླ་དྲུག་པོའི་ཚེས་ཁོངས་ཚེས་གཅིག་སྟག་ནས་ཚེས་པ་དང་། གླང་ཡོས་སྤྲུལ་ལུག་བྱ་ཕག་སྟེ་མོ་ཟླ་དྲུག་པོའི་ཚེས་ཁོངས་ཚེས་གཅིག་སྤྲེལ་ནས་འགོ་བཟུང་ཡོད། དེ་ནས་ཟླ་བ་རེ་ལ་ཞག་སུམ་ཅུ་རེ་བརྩིས་པ་ནས་འགོ་བཟུང་སྟེ་ཟླ་ཁམས་གང་ཡིན་མཚོན་བྱེད་ལ་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་རིས་བྲིས་ཡོད་དེ། ཟླ་བ་དང་པོ་མཚོན་བྱེད་དུ་སྟག་གི་གཟུགས་བརྙན་དང་། དེ་བཞིན་ཟླ་བ་གཉིས་པ་ཡོས་དང་། གསུམ་པ་འབྲུག བཞི་པ་སྤྲུལ། ལྔ་པ་རྟ། དྲུག་པ་ལུག བདུན་པ་སྤྲེའུ། བརྒྱད་པ་བྱ། དགུ་པ་ཁྱི། བཅུ་པ་ཕག བཅུ་གཅིག་པ་བྱི་བ། བཅུ་གཉིས་པ་གླང་གི་གཟུགས་བརྙན་བཅས་བྲིས་ཡོད་ཀྱང་། ཟླ་བ་གཉིས་པ་ཡོས་དང་གསུམ་པ་འབྲུག་གཉིས་ལ་ཞག་ཉེར་དགུ་མ་གཏོགས་མེད་ཅིང་འཕྲོ་མའི་ཟླ་བ་བཅུ་བོ་ལ་ཞག་སུམ་ཅུ་རེ་བྱས་ནས་བརྩིས་འདུག གཟའ་སྐར་འཕྲོད་སྦྱོར་དང་། དུས་ཚོད་བཟང་ངན་སོགས་མཚོན་བྱེད་དུ་ཁྱུང་དང་། མདའ། ཕུར་བ། གཡུང་དྲུང་། ཉི་ཟླ་སྐར་གསུམ་དང་། རྩེ་གསུམ། གོར་ཐིག་གསུམ་པ་དང་། གོར་ཐིག་བཞི་བ། གོར་ཐིག་ལྔ་བ། ཟླ་གམ་ལ་སོགས་པའི་གཟུགས་རིས་ཇི་སྙེད་ཅིག་བཀོད་ཅིང་། རྒྱུ་སྐར་སོ་སོའི་དབྱིབས་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་ནས་བོན་རང་གི་ལུགས་སུ་རྒྱུ་སྐར་ཉེར་བརྒྱད་ལས་སྨིན་དྲུག་ལ་དམུ་དྲུག་དང་། མགོ་ལ་གྷོ། སྐག་ལ་སྐྲག་གམ་སྐྱག་དང་། ཁྲུམ་སྟོད་ལ་ཁྱུང་སྟོད་དང་། ཁྲུམ་སྨད་ལ་ཁྱུང་སྨད་སོགས་འབྲི་ལུགས་མི་འདྲ་བའང་དུ་མ་བཞུགས།

གསུམ་པ། གནའ་དཔེའི་ཁྱད་ཆོས་སྐོར་གླེང་བ།

  བོན་དཔེ་འདི་ལ་སྤྱིར་ཁྱད་ཆོས་མང་ཡང་། ཆེས་མངོན་པར་གསལ་བ་ནི་མཚན་བྱང་གསོལ་ལུགས་དང་། བརྡ་སྤྲོད་ལུགས། གྲངས་ཀྱི་ཡི་གེ་སྤྱོད་སྟངས་དང་། གནའ་བོའི་ཡིག་གཟུགས། སྐུང་ཡིག་བསྡུ་ལུགས་དང་། ཞང་བོད་སྐད་གཉིས་སྤྱོད་ལུགས་བཅས་ཀྱི་ཁྱད་ཆོས་ཡོད།

  གཅིག མཚན་བྱང་གི་ཁྱད་ཆོས། དཔེ་ཆའི་མགོ་ཤོག་གི་རི་མོ་མང་ཤོས་ལ་གཤོག་པ་ཡངས་པོར་བརྒྱངས་ཏེ་མཆུའམ་སྡེར་མོར་སྦྲུལ་བཟུང་བའི་བྱ་རྒྱལ་ཁྱུང་ཆེན་བྲིས་འདུག མཚན་བྱང་གི་གཡས་གཡོན་ནམ་སྟེང་འོག་ཏུ་ཚོས་སྣ་དུ་མས་བྱུགས་པའི་ཉི་ཟླ་གཟའ་སྐར་དང་། སྣང་སྤྲིན་མ་གློག་གསུམ། རི་ཆུ་ནགས་བྲག་དང་། གཡུང་དྲུང་གསས་མཁར། སྟག་སེང་ཁྱུང་འབྲུག་དང་། རྟ་ལུག་ར་གཡག ཁྲ་གླག་ཁྲུང་རྒོད་དང་། སྦྲུལ་སྤྲེལ་ཁྱི་གླང་སོགས་ཀྱི་གཟུགས་རིས་སྣ་ཚོགས་དང་། ཡུལ་ལྷའམ་སྐུ་བླའི་ཆིབས་སུ་སྟག་སེང་ར་ལུག་ཤྭ་སྤྱང་དང་། ཕྱག་ཏུ་མདའ་མདུང་གྲི་ཞགས་བསྣམས་པ། མིག་བགྲད་མཆེ་བ་གཙིགས་ཏེ་གང་ཞིག་འཇིགས་པར་བྱེད་པའི་ཁྲོ་བོར་རོལ་བའི་རྣམ་པ་ཅན་ཞིག་བྲིས་འདུག

  བོན་དཔེ་བྱིངས་ཀྱི་མཚན་བྱང་ལ་རིང་ཐུང་ཅི་རིགས་ཡོད་པ་ལས་རིང་བར་ཡིག་འབྲུ་བཅུ་བཞི་དང་ཐུང་བར་ཡིག་འབྲུ་ལྔ་ཡིས་གྲུབ། ཚིག་རྒྱན་གྱིས་མ་སྤུད་པར་རང་བཞིན་དྲང་པོའི་སྒོ་ནས་མཚན་བཏགས་པ་ནི་བོན་དཔེ་འདིའི་སྤྱི་ཆོས་ཤིག་ཏུ་སྣང་བ་དང་། ཁ་བྱང་དུ་དབུ་ཁྱུད་སུམ་སྦྲེལ་མ་དང་ཉིས་སྦྲེལ་མ། དབུ་ཁྱུད་གཅིག་མ་སོགས་གང་རུང་སྦྱར་ཏེ་X X X X X Xདབུ་ལ་གསོལ་ཞེས་བྲིས་ཤིང་། མཚན་བྱང་གསོལ་སྐབས་ཉི་ཟླ་གཟའ་སྐར་དང་རི་ར་བ་གསས་ཁང་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ལྷ་འདྲེ་མི་སྲིན་དང་འདབ་ཆགས་བྱ། སྡེར་ཐོགས་གཅན་གཟན་དང་། རྨིག་ཅན་རི་དྭགས་སོགས་ནང་བཅུད་སེམས་ཅན་གང་རུང་གི་སྒོ་ནས་མཚན་གསོལ་ཡོད་དེ། དཔེར་ན། སྲིད་པའི་མདའ་སྐྱུར་དབུ་ལགསྷོ། ལྷ་མུན་དབུ་ལགསྷོ། ཀླུའི་ཤིང་རྩེ་དབུ་ལགསྷོ། ཀླུའི་དངོས་གྲུབ་དབུ་ལགསྷོ། བདུན་ཟུར་དབུ་ལགསྷོ། བྱ་ཁྱུང་གི་སྤྱེན་དབུ་ལགསྷོ། སྲིན་ཟློག་དབུ་ལགསྷོ། ཤིང་མྱི་དབུ་ལགསྷོ། སྨན་སྐུར་དབུ་ལགསྷོ། གཟའ་དང་རྒྱུ་སྐར་འཁྲུལ་བ་དབུ་ལགསྷོ། ས་བདག་འཁྲུལ་བ་དབུ་ལགསྷོ། གཏོད་ཀྱི་འཁྲུལ་བ་དབུ་ལགསྷོ། གཉན་གྱི་འཁྲུལ་བ་དབུ་ལགསྷོ། སྣ་ཁྱི་དབུ་ལགསྷོ། གོང་ཙེ་འཕྲུལ་རྒྱལ་དབུ་ལགསྷོ། དགྲ་ཟོར་དབུ་ལགསྷོ། ཐན་མདའ་དབུ་ལགསྷོ། ལམ་ལྷ་དབུ་ལགསྷོ། གཡང་འབོད་དབུ་ལགསྷོ། འབུམ་རྩེ་དབུ་ལགསྷོ། རྨི་ལམ་བརྟག་པ་དབུ་ལགསྷོ་ཞེས་པ་ལྟ་བུའོ།།

  གཉིས། ཞང་སྐད་ཀྱི་ཁྱད་ཆོས། བོན་གྱི་སྔ་རབས་ཡིག་ཚང་ཁག་ཏུ་འཁོད་པ་ལྟར་ན། ཁྱུང་ལུང་ངམ་ཁྱུང་པོའི་ལུང་བར་གྲགས་པའི་ཞང་ཞུང་གི་སྐད་ལ་ཕུག་པའི་སྐད་དང་། བར་པའི་སྐད། སྒོ་པའི་སྐད་དང་། ཕལ་པའི་སྐད་(42)བཅས་དབྱེ་བ་ལས་ཞང་ཞུང་ཕུག་སྐད་ནི་ཤར་ཕྱོགས་ཆུ་བོ་ན་ར་ཛ་(རྨ་བྱ་ཁ་འབབ་)དང་། ལྷོ་ཕྱོགས་ཆུ་བོ་སིནྡྷུ་(གླང་ཆེན་ཁ་འབབ་)དང་། ནུབ་ཕྱོགས་ཆུ་བོ་གྱིམ་ཤང་(རྟ་མཆོག་ཁ་འབབ་)དང་། བྱང་ཕྱོགས་ཆུ་བོ་པཀྵའི་(སེང་གེ་ཁ་འབབ་)བཞུར་རྒྱུན་དུ་གནས་པའི་མི་རྣམས་ཀྱིས་བཤད་པའི་སྐད་ལ་ཟེར། ཞང་ཞུང་བར་པའི་སྐད་དུ་སཾསྐྲྀ་ཏ་ལྷ་ཡི་སྐད་མང་(43)བ་དང་། སྒོ་པའི་སྐད་ནི་ཞང་ཞུང་སྨར་སྐད་(44)ཡིན་པ་དང་། ནང་གསེས་ཀྱི་དབྱེ་བས་སྨར་གྱི་སྐད་དང་། དར་མའི་སྐད། དིར་མའི་སྐད་དང་། དར་མ་དིར་གྱི་སྐད། གུ་གེའི་སྐད་དང་། ཕལ་པོ་གླང་གི་སྐད་སོགས་ཡོད། དེ་ལས་སྨར་སྐད་ནི་ཞང་ཞུང་སྒོ་པ་སྤྱིའི་མཆོག་སྐད་དུའང་བཤད། སྔོན་ཆད་ཞང་ཞུང་གི་སྐད་ཅེས་པ་ཞིག་བྱུང་མྱོང་ཡོད་ཚུལ། བོན་དཔེ་སྲིད་པའི་མཛོད་ཕུགས་དང་། སྒྲ་ཡི་དོན་བསྡེབས་སྣང་གསལ་སྒྲོན་མེ། ཏུན་རོང་གཏེར་ཡིག་ལས་བྱུང་བའི་བཙན་པོ་རིམ་བྱོན་གྱི་མཚན་ཁྲོད་དུའང་ཞང་སྐད་ཐོན་པས་རྟོགས་ནུས་ལ། གཞན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་དང་བལ་པོ་སོགས་མི་རིགས་ནང་དུ་དུས་དེང་སང་ཡང་ཞང་སྐད་བཤད་མཁན་ཡོད་ཚུལ་གནའ་བོའི་ཞང་སྐད་ལ་ཞིབ་འཇུག་བྱེད་མྱོང་བའི་མཁས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་དང་། གྭར་ཞ་བ་ཚེ་རིང་རྡོ་རྗེ་སོགས་ཀྱི་དཔྱད་རྩོམ་ན་གསལ། རེབ་འདིའི་གནའ་དཔེ་ཁྲོད་དུའང་ཞང་སྐད་ཀྱི་ཐ་སྙད་མི་ཐོན་པ་མེད་དེ། དཔེར་ན། སྐུ་གསུང་ཐུགས་ཀྱི་ད་ལ། འབྱུང་བ་ཡང་གི་སྤྲུལ་བ། ཀླུའི་འཕེལ་གཡང་སུ་ཏི་སྩོལ། ཇ་ཆང་ཡུ་ཏི་ཕུལ། ཞེས་པ་དེ་བོད་སྐད་དུ་བསྒྱུར་ན་འདི་ལྟ་སྟེ། སྐུ་གསུང་ཐུགས་ཀྱི་བདེ་བ་དང་། འབྱུང་བ་རླུང་གི་སྤྲུལ་བ། ཀླུའི་འཕེལ་གཡང་དངོས་གྲུབ་སྩོལ། ཇ་ཆང་བདུད་རྩི་(ཆང་)ཕུལ་ཞེས་པའི་དོན་ལ་འཇུག་པ་ལྟ་བུ། དེ་བཞིན་ཞང་ཞུང་དང་། ར་ཙ། བོམ་ར། ཏ་ཀ། ཧ་ར། ཝེར་མ། ཅང་སེང་།ཀ་རུ། ཕ། གསས། དམུ། ཏི་སེ། གེ་ཁོད། ཀོང་རྩེ། ལེའུ་སོགས་ཞང་སྐད་མང་པོ་ཐོན་པས་ན། གནའ་བོའི་ཞང་སྐད་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་འགངས་ཆེན་ཞིག་རེད་སྙམ།

  གསུམ། ཡིག་གཟུགས་རྙིང་བའི་ཁྱད་ཆོས། བོན་གྱི་ཡིག་ཚང་རྣམས་སུ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་ནི་ཐོག་མར་སངས་པོ་འབུམ་ཁྲིས་གཏོ་ཡི་བཀའ་སྒྲོམ་ཞེས་པ་ཞིག་མཛད་སྐད་པ་དང་། དེ་ནས་སྤྱི་ལོའི་སྔོན་གྱི་ལོ་1917ལ་གངས་ཏི་སིའི་ཞོལ། མཚོ་མ་ཕམ་གྱི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེང་གི་སྟོད་མངའ་རིས་ཀྱི་སྤུ་རངས་ཕྱོགས་དེར་སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་མཛད་པར་གྲགས་ཤིང་། དེ་དུས་བཟོ་རྒྱལ་གར་མ་ལི་ཤོ་དང་དེའི་སློབ་མ་བསྟན་པའི་རྒྱན་དྲུག་གི་ནང་གསེས་བྲིས་ལ་མཁས་པ་ཡི་གེ་འཕྲུལ་བུ་ཆུང་གཉིས་ཀྱིས་ཡིག་གཟུགས་ཀྱི་སྲོལ་ཕྱེས་པ་ནས་བཟུང་། སྟག་གཟིག་ལ་སྤུངས་སོ་ཆེ་ཆུང་དང་། ཞང་ཞུང་ལ་ཡིག་རྒན་དང་། སྨར་སྦྲག ཞང་ཞུང་སྒོ་བར་ལ་སྨན་ཆེན་སྨར་ཆུང་། བོད་ལ་ཐོག་མར་གཟབ་ཚུགས་དང་། དེ་ནས་འབྲུ་མའི་གཟུགས་རྣམས་རིམ་བཞིན་དར་ཁྱབ་ཏུ་སོང་སྟེ། མཐར་ཡུལ་སོ་སོ་ལ་རྒྱུ་འབྲས་ཀྱི་བོན་རྣམས་ཡིག་གཟུགས་ཐོག་ནས་དར་འགོ་ཚུགས་པར་གསུངས། དེར་བརྟག་ན། བོད་ཅེས་པའི་གོང་བུ་གཅིག་གྱུར་གྱི་མི་རིགས་འདི་མ་གྲུབ་པའི་སྔོན་དུ། བོད་ཀྱི་རུས་ཆེན་བསེ་ཁྱུང་སྦྲ་ལས་མཆེད་པའི་ཁྱུང་ལུང་ངམ་ཁྱུང་པོའི་ལུང་བར་གྲགས་པའི་ཞང་ཞུང་ལ་ཡི་གེ་ཡོད་པ་གསལ་བོ་རེད། ཡ་མཚན་པ་ཞིག་ནི་དཔེ་རྙིང་འདིར་དེང་སྐབས་ང་ཚོས་སྤྱོད་བཞིན་པའི་བོད་ཡིག་གི་གསལ་བྱེད་སུམ་ཅུའམ། ཡང་ན་མཁས་དབང་ནམ་མཁའ་ནོར་བུ་ལགས་ནས་ཡ་ཐོག་བོད་ཀྱི་ཡི་གེ་བྱུང་ཚུལ་སྐབས་བྲིས་པའི་ཞང་ཞུང་ཡིག་རྒན་ནམ་སྨྲར་ཆེན་དུ་གྲགས་པའི་ཡིག་གཟུགས་ལའང་མེད་པའི་ཡི་གེའི་གཟུགས་རིས་རྙིང་བ་འདི་རིགས་སྤྱད་དེ་གང་ཞིག་བརྗོད་པར་འདོད་པའི་དོན་མཚོན་ཡོད་པར་གཞིགས་ན། ཡིག་གཟུགས་རྙིང་བ་འདི་རིགས་ནི་དུས་རབས་དྲུག་པའི་སྔོན་ནམ། ཡང་ན། སྟོན་པ་གཤེན་རབ་ཀྱི་དུས་རབས་ལས་ཀྱང་སྔ་བའི་གངས་ཅན་བོད་ཡུལ་བྱེ་བྲག་པའི་ཡི་གེའི་གཟུགས་རྣམ་ཞིག་ཨེ་ཡིན་སྙམ་པའི་དོགས་གཞི་ཆེ། ཡིག་གཟུགས་འགའ་རེར་ཚིག་སྔ་ཕྱི་ཕན་ཚུན་མཐུད་ནས་ཞིབ་ཏུ་དཔྱད་ཚེ་ནི་ རྒྱལ་བོ་དང་། ནི་གཉན། ནི་དགྲ་བོ། ནི་ཟླ་བའམ་དབང་། ནི་སྒོ་བཞིའམ་གསས་མཁར་ལ་འཇུག་གོ།

  བཞི། སྐུང་ཡིག་གི་ཁྱད་ཆོས། སྐུང་ཡིག་འབྲི་སྲོལ་བྱུང་སྔ་སྟེ་བཙན་པོའི་སྐབས་ཀྱི་རྡོ་རིང་དང་། ཏུན་ཧོང་གཏེར་ཡིག་སོགས་ལས་མཐོང་ཐུབ་ཅིང་། དེ་ལ་སྦས་ཡིག་དང་། བསྡུས་ཡིག ཡང་ན་ཡིག་ལོག་བཅས་འབོད་ལུགས་མང་ཡང་། དོན་ལ་མིང་ཚིག་ཡི་གེའི་འབྲུའམ་ཚིག་ཚོགས་ཆ་ཤས་ཉུང་ངུར་བསྡུས་པ་ལ་གོ། དུས་ཕྱིས་དུས་རབས་བཅོ་ལྔ་བར་བོད་ལ་ཤིང་དཔར་དར་བ་ནས་བཟུང་སྐུང་ཡིག་འབྲི་སྲོལ་ཡང་རིམ་གྱིས་ཉམས་སྐད། བོན་གྱི་དཔེ་རྙིང་འདིར་སྐུང་ཡིག་བསྡུས་ཆེ་བས་ཀློག་མི་བདེ་བ་དང་། དོན་རྟོགས་པ་ལ་དཀའ་བ་ཆེ་ཡང་། སྤྱིའི་ཆ་ནས་བཤད་ན་སྐུང་ཚུལ་ལ་མིང་སྐུང་བ་དང་ཚིག་སྐུང་བ་རིགས་གཉིས་སུ་སྣང་། འདིར་གསལ་བཤད་ཞུ་རྒྱུར་ཡི་གེའི་ཀླད་ཀྱི་སྐུང་རྟགསZརིགས་བྲིས་པར་གཤམ་ནས་ཀླད་གོར་གྱིས་ཚབ་བྱས་ཡོད།

  1.མིང་བསྐུངས་ཡོད་པ་ནི་དཔེར་ན། དམ་ཉམས་ལ་དཾཉཾས། ཡབ་ཡུམ་ལ་ཡུཾམ། དགྲ་བོ་ལ་དགྲོ། འཁོར་བཅས་ལ་འཁོརས། ཕོ་བྲང་ལ་ཕྲོང་། འཁོར་ལོ་ལ་འཁཽར། ཁྲོ་བོ་ལ་ཁྲཽ། རིན་ཆེན་ལ་རིནེ། དངོས་གྲུབ་ལ་དདྲུབ། སྨོན་ལམ་ལ་སྨཽན། ཞང་ཞུང་ལ་ཞུངང་། གཡུང་དྲུང་ལ་གཡུང་། ཕོ་ཉ་ལ་ཕྙོ། ཡི་གེ་ལ་ཡྒི། བར་སྣང་ལ་བརང་།དཀྱིལ་འཁོར་ལ་དརོཾ། འཇིག་རྟེན་ཁམས་ལ་འིནེ་ཁཾས། ཉི་མ་ལ་ཉྨི། སྤྱན་འདྲེན་ལ་སྤྱེན། འཇིག་རྟེན་ལ་འཇིནེ་ཞེས་པ་ལྟ་བུ་དང་།

  2.ཚིག་བསྐུངས་ཡོད་པ་ནི་དཔེར་ན། གསོལ་ལོ་མཆོད་དོ་བསྟེན་ཡོན་འབུལ་ལ་གསཽལ། སྐུ་གསུང་ཐུགས་གསུམ་ལ་སྐུསུཾཐུཾག་༣་། སེམས་ཅན་ཐམས་ཅད་ལ་སེནཾཐཾད། མེ་ཏོག་ཆེན་པོ་ལ་མཏོག་ཆོན། བཞེས་སུ་གསོལ་ལ་བཞེསུལོ། ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ལ་ཏིངྀནི་གྱིས་བྱིནསྱིབས། ཐོག་འབྲུག་བར་སྣང་གསས་མཁར་ལ་ཐོགབྲུག་བརང་གསས་མཁར་དང་། འཁོར་བཅས་མ་ལུས་གཤེགས་སུ་གསོལ་ལ་འརོས་མསུ་གཤེགསུལོ་ཞེས་པ་ལྟ་བུའོ།།

  ལྔ། གྲངས་ཀྱི་ཡི་གེའི་ཁྱད་ཆོས། བོད་ཀྱི་ཡིག་ཚང་ཁག་ཏུ། ཡི་གེའི་རིགས་ལ་ཚངས་པའི་ཡི་གེ་དང་། མོན་ཡུལ་གྱི་ཡི་གེ ལྷའི་ཡི་གེ རྡོ་རྗེའི་ཡི་གེ་དང་། རྩིས་བསྐོར་བའི་ཡི་གེ གྲངས་ཀྱི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིར་དབྱེ་བ་ལས་གནའ་དཔེ་འདིར་བྱུང་བའི་ཨང་གྲངས་དགུ་ནས་བཅུའི་བར་གྱི་གྲངས་གང་རུང་གིས་ཡི་གེའི་ཚབ་བྱས་ཏེ་བརྗོད་བྱ་སྟོན་ཚུལ་དེ་ནི་གྲངས་ཀྱི་ཡི་གེར་གྲགས་པ་དེ་ཉིད་ཡིན་སྲིད། གྲངས་ཀ་དེ་དག་གིས་ཡི་གེའི་ཚབ་ཇི་ལྟར་མཚོན་ཡོད་ཅེ་ན། མི་གཅིག་ལ་མི་༡་དང་། སྤྱན་གཉིས་ལ་སྤྱན་༢ དུས་གསུམ་ལ་དུས་༣་དང་། ཕྱོགས་བཞི་ལ་ཕྱོགས་༤ ལམ་ལྔ་ལ་ལམ་༥ རྣམ་པ་དྲུག་ལ་རྣམ་པ་༦ ས་རིམ་པ་བདུན་ལ་ས་རིམ་པ་༧ མཚམས་བརྒྱད་ལ་མཚམས་༨ ཐེག་པ་དགུ་ལ་ཐེག་པ་༩་ལྟ་བུར་བྲིས་ཡོད། དཔེར་ན། ཁ་ཅིག་ན་རེ་ལ་ཁ་༡་ན་རེ་དང་། དགྲ་ངོ་སྐུར་ཅིག་ལ་དགྲ་ངོ་སྐུར་༡་དང་། བཀྲ་ཤིས་པར་གྱུར་ཅིག་ལ་བཀྲ་ཤིས་པར་གྱུར་༡་ཅེས་ཨང་གྲངས་༡་གིས་ཅིག་མཚོན་པ་ལྟ་བུ་དང་། ལུས་ངག་ཡིད་གསུམ་ལ་ལུས་ངག་ཡིད་༣་དང་། ཕྱོགས་བཞི་མཚམས་བརྒྱད་ལ་ཕྱོགས་༤མཚམས་༨་དང་། དཀར་གསུམ་མངར་གསུམ་ལ་དཀར་༣་མངར་༣་དང་། ལྷ་བཞི་སྒོ་ལྔ་ལ་ལྷ་༤སྒོ་༥། བདུད་མཁར་ནག་པོ་སྒོ་བཞི་ལ་བདུད་མཁར་ནག་པོ་སྒོ་༤དང་། ཐེལ་རང་ཨ་ཉག་སྤུན་དྲུག་ལ་ཐེལ་རང་ཨ་ཉག་སྤུན་༦། ངར་མྱི་བརྒྱད་ལ་ངར་མྱི་༨། ཤ་དུར་རུས་དུར་བཅུ་གསུམ་ཞེས་པར་ཤ་དུར་རུས་དུར་༡༣་ཞེས་བྲིས་པའི་རིགས་མང་།

  དྲུག བརྡ་སྤྲོད་ཀྱི་ཁྱད་ཆོས། བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་། བྲག་བརྐོས་ཡི་གེ དྲིལ་བུའི་ཁ་བྱང་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ། ལི་ཡུལ་ནས་བུད་པའི་ཁྲམ་ཤིང་སོགས་སུ་མིང་རྗེས་སྔོན་གསུམ་དང་། མགོ་འདོགས་བརྩེགས་གསུམ་གྱི་ཡི་གེ་ཕན་ཚུན་བརྗེ་རེས་བྱེད་པ་མང་དུ་འབྱུང་ལ། བོན་དཔེ་འདི་ལའང་དེ་ལྟ་བུའི་ཁྱད་ཆོས་ཡོད་དེ། དཔེར་ན། ཀླད་པ་ལ་གླད་པ་དང་། ཁྱེའུ་ཆུང་ལ་ཀྱེའུ་ཆུང་། འདྲེ་ལ་འཏྲེ། ཀུན་ལ་གུན། བར་ཆད་ལ་པར་ཆད་ཅེས་མིང་གཞི་ཕན་ཚུན་བརྗེ་རེས་བྱེད་པའི་ཁྱད་ཆོས་དང་། མིང་གཞི་རྐྱང་མཐའ་ལ་འ་ཡིག་འབྲི་བ་སྟེ་མཐོ་ལ་ཤའ། དགྲ་ཤ་ཟོའ། སྣའ་། ཏི་སེའ། མཚོའ། རྨ་བྱའ་ཞེས་པ་ལྟ་བུ་དང་། འདོགས་ཅན་ར་ཡ་གཉིས་རེས་མོས་ཀྱིས་བེད་སྤྱོད་པ་སྟེ། བདུད་དམག་འབུམ་གྱི་སྣ་ཁྲིད་ལ་བདུད་དམག་འབུམ་གྱི་སྣ་ཁྱིད་དང་། དགྲ་བོ་ལ་དགྱ་བོ་དང་། གྲི་ལ་གྱི་ཅེས་པ་ལྟ་བུ། གཞན་ཕྲད་རྣམ་དབྱེའི་སྦྱོར་ཚུལ་སོགས་ལ་ལྟོས་པ་མེད་པར་གང་འདོད་དུ་སྦྱར་ཡོད་པ་སྟེ། ཤར་ལྷོ་ཡི་ཕྱོགས་ལ་ཤར་ལྷོ་གིས་ཕྱོགས་དང་། བདུད་ཀྱི་རྒྱལ་པོ་ལ་བདུད་གྱིས་རྒྱལ་པོ། ལྷ་གོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ལྷ་གོང་ཙེ་འཕྲུལ་གི་རྒྱལ་པོ་ཞེས་པ་ལྟ་བུའི་རིགས་ཤིན་ཏུ་མང་ཞིང་། དཔེ་རྙིང་ཁ་ཤས་ནི་གཅིག་ལ་གཅིག་བརྒྱུད་ཀྱིས་བཤུ་འབྲི་བྱས་པས་ཆད་ལྷག་དང་ཡིག་ནོར་ཡང་མང་སྟེ། ལག་པའི་ནད་ལ་ལག་པི་ནད་དང་། བྱིན་རླབས་ལ་བྱི་རླབས། ནད་རིགས་ལ་ནད་རིག་དང་། ཕྱོགས་བཅུ་ལ་ཕྱོག་ཅུ། མཐའ་ཡས་ལ་ཐའ་ཡས། མཆོད་སྦྱིན་ལ་ཆོད་སྦྱིན། སྣ་བརྒྱད་ལ་སྣ་རྒྱད། བྲག་ཕུག་ལ་ཏྲག་ཕུག མཆོད་པ་ལ་ཆོད་པ། སྟོན་པ་ལ་ཏོན་པ་ལྟ་བུ་དང་། གཞན་གསལ་བྱེད་ཡི་གེའི་མིང་གཞི་རྐྱང་བ་ཕ་དང་། ར་དང་། ད་དང་། བ་དང་། ག་སོགས་ལྟ་བུ་ལ་སྐབས་བསྟུན་གྱིས་ཙ་རྟགས་སྦྱར་ཡོད་པའང་ཤིན་ཏུ་མང་།

བཞི་བ། མཇུག་བསྡུ་བའི་གཏམ།

  གོང་ནས་གནའ་དཔེ་(50)འདིའི་ནང་དོན་དང་ཁྱད་ཆོས་གཉིས་སྐོར་ནས་རགས་བཤད་ཙམ་སོང་ཡང་། མ་རྟོགས་འཁྲུལ་བའི་དབང་གིས་གོ་འཛོལ་གྱི་ཆ་ཅི་མཆིས་ལ་དོན་གཉེར་སྤྱན་དཀྱུས་རིང་བ་རྣམས་ནས་ཡོ་བསྲང་གནང་རྒྱུའི་ཞུ་བ་དང་བཅས་བོད་མིའི་བསོད་ནམས་ཀྱི་སྐལ་བར་སྨིན་པའི་ཡིག་ཆ་འདི་ནི། བོན་གྱི་བསྟན་པ་དེ་དུས་ནམ་ཞིག་དང་། བོན་གང་ཞིག ཡུལ་གང་ཞིག་ནས་དར་ཚུལ་སྤྱི་དང་། བྱེ་བྲག་གནའ་རབས་བོད་མིའི་རུས་རྒྱུད་ཀྱི་ཆོ་རབས་དང་། ས་མིང་ཆུ་མིང་། བཙན་ཕྱུག་འཕན་གསུམ་མཆོག་འཛིན་གྱི་གནའ་མིའི་འདུ་ཤེས་དང་། སྲིད་པའི་བོན་གྱིས་མཚོན་པའི་འཇིག་རྟེན་སྐྱ་བོའི་རིག་གནས། ཞང་བོད་སྐད་གཉིས་ཤན་སྦྱར་གྱི་ཐ་སྙད་དང་། གནའ་རབས་བོད་ཀྱི་ཡི་གེའི་བྱུང་འཕེལ་སོགས་ལ་རྟོག་དཔྱོད་ཞིབ་འཇུག་བྱེད་པའི་ཡིག་ཆ་རྨ་མེད་པ་ཞིག་སྟེ། མདོར་ན། གནའ་རབས་བོད་མིའི་སྲིད་པ་ཆགས་ཚུལ་དང་། མི་རྒྱུད་གྲོལ་ཚུལ། ལྷ་འདྲེའི་བྱུང་རབས་དང་། འཚོ་བ་སྐྱེལ་སྟངས་བཅས་འདུས་པའི་རིག་མཛོད་ཅིག་ཡིན་པ་དང་། དེ་ལ་མི་རིགས་དང་། ས་ཁོངས། གདོད་མའི་ཁྱད་ཆོས་སོགས་མངོན་པར་གསལ་ཕྱིར། བོད་གནའ་རབས་ཀྱི་སྤྱི་ཚོགས་མཐོང་བའི་མེ་ལོང་དང་། ལོ་རྒྱུས་ཀྱི་གསང་གནད་འབྱེད་པའི་ལྡེ་མིག ཡུལ་སྲོལ་གོམས་གཤིས་ལ་འཇུག་པའི་མཛོད་དང་། བོན་ཆོས་བྱུང་འཕེལ་བཅས་ཀྱི་དཀའ་གནད་བཀྲོལ་བ་དང་སྟོང་ཆ་གསབ་པའི་ཡིག་ཆ་གསེར་ལས་ལྷག་པ་ཞིག་གོ།

  དཔྱད་གཞིའི་ཡིག་ཆ།

  ①མདའ་ཚང་ལ་རྒྱ་སྐད་དུ宕昌ཟེར་བ་དང་། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས་ཤིང་། དེའི་ཤར་དུ་གུང་གུ་རྨེ་རུ་དང་། ནུབ་ཏུ་འབྲུག་ཆུ་དང་ཐེ་བོ། ལྷོ་རུ་ཆུ་མ་མཁར་དང་། བྱང་དུ་རི་རྒོད་ཐང་བཅས་ལ་ས་འབྲེལ་ནས་ཆགས་ཡོད།

  ②③《ཁྲབ་འཀྱེན་དབུ་ལགསྷོ》ཞེས་པར་དང་པོ་ཡོད་མེད་སྟོང་བ་ལས། རླུང་དཀར་ལྡང་པས་སྒོང་དཀར་བྱུང་། དེ་ལས་སྐུ་བླ་དུང་ཁྲབ་དཀར་པོ་བྱོན། རླུང་སྔོན་ལྡང་པས་སྒོང་སྔོན་དང་། དེ་ལས་སྐུ་བླ་གཡུ་ཁྲབ་བྱུང་། རླུང་སྨུག་ལྡང་པས་སྒོང་སྨུག་བྱུང་། དེ་ལས་སྐུ་བླ་མཆོང་སྨུག་བྱུང་། རླུང་སེར་ལྡང་པས་སྒོང་སེར་བྱུང་། དེ་ལས་སྐུ་བླ་གསེར་ཁྲབ་བྱུང་། དེ་རིང་སྤྱན་འདྲེན་གཤེགས་སུ་གསོལ། བསྟེན་ན་གཡག་དང་ལུག་གིས་བསྟེན། རྦད་དོ་སྡང་བའི་དགྲ་ལ་རྦོད་ཅེས་དགྲ་ཟློག་གི་འདོན་པ་བཞུགས་སོ།།

  ④《ཕྲོང་ཤྲིངལེ་བཞུང་སྤྱེན་དབུ་ལགསྷོ》ཞེས་པར་རྒྱལ་རྗེ་རྒྱལ་པོར་ཤིང་ཕྲེང་བཀྱགས། ཤིང་ཕྲེང་བཀྱགས་པའི་ཡོན་ཏན་གྱིས། དུར་འབྲམ་བཅད་པའི་འིང་ཕྲེང་བསྒྱུར། རྒྱལ་བོ་གང་ལ་འོད་གསལ་གྱིས། ཤིང་ཕྲེང་བཀྱགས་པས་དུར་འདྲེ་བསྒྱུར། རྒྱལ་བོ་ཤིང་ལོ་ཅུ་ཙེ་ཡིན། ཤིང་ཕྲེང་བཀྱགས་པས་གཤེད་བཞི་བསྒྱུར། རྒྱལ་བོ་རྩེ་མྱི་རིང་དགུ་ཡིན། ཤིང་ཕྲེང་བཀྱགས་པས་གཤེད་བཞི་ཆོད་ཅེས་ས་བདག་ཀླུ་གཉན་གཏོད་བཞི་སྤྱན་འདྲེན་པ་བཞུགས།

  ⑤རྒྱལ་དབང་ལྔ་པ་ཆེན་མོས་མཛད་ལ་མི་རིགས་དཔེ་སྐྲུན་ཁང་གིས་1988ལོར་པར་སྐྲུན་བྱས་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》 ཤོག་གྲངས་11ན་གསལ།

  ⑥གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1992ལོར་པར་ཏུ་བསྐྲུན་པའི་《བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་》 ཤོག་ངོས་2ན་གསལ།

  ⑦སྲིད་པ་སྐོས་དྲུག་སྟེ་ཕྱྭ་དམུ་གཙུག་གཉན་ཡེ་ངམ་ནི་《དབུ་ནག་མིའུ་འདྲ་ཆགས་》 ཞེས་པ་ར་རང་རེ་དབུ་ནག་གི་མི་ཞེས་པ་འདི། དང་པོ་བྱུང་བའི་ཕུག་བཙུན་སྟེ། འོད་གསལ་ལྷའི་གདུང་ལས་གྲོལ། བར་དུ་སྲིད་པའི་བརྒྱུད་འཕེལ་སྟེ། ཕྱྭ་དམུ་གཙུག་གསུམ་གཉན་དང་བཞི། ཡེ་ངམ་གཉིས་དང་དྲུག་ཏུ་སྲིད་ཅེས་བཀོད་ཡོད།

  ⑧ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》 ཀྱི་ཤོག་ངོས་284ན། བོན་ལུགས་སུ་སྒྲ་བླ་ཝེར་མ་དཔའ་ཁྲོམ་གཉན་གྱི་གཞུང་ལ། སྒྲ་བླ་གཉན་གྱི་གཞུང་དང་ཝེར་མ་གཉན་གྱི་གཞུང་། ཅང་སེང་གཉན་གྱི་གཞུང་དང་ཤུགས་མགོན་གཉན་གྱི་གཞུང་སྟེ་བའི་ཡོད། སྒྲ་བླ་གཉན་གྱི་གཞུང་དེ་ལ་ཡང་། ཡེ་སྲིད་འཕྲུལ་གྱི་སྒྲ་བླ་དང་། ཡེ་རྗེ་སྨོན་པའི་སྒྲ་བླ། ཡེ་དབང་མཐུ་ཡི་སྒྲ་བླ་དང་གསུམ་ཡོད་ཅེས་བཀོད་འདུག

  ⑨ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》 ཀྱི་ཤོག་ངོས་428ན་དྲྭ་མ་མཆེད་དགུ་ཞེས་པ་ནི་མཁས་པ་དང་ཡ་རབས་ཀྱི་གྲས་ལ་སྐྱོབས་མ་བྱེད་མཁན་ལྷ་སྲུང་གི་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⑩《བཀའ་གསང་བ་འདི་ནི་ཁྱུང་གི་སྤྱན་འདྲེན་དབུ་ལགསྷོ》 འདིར་ཡི་གེ་ཧ་ལས་སྐྱེས་པའི་ཁྱུང་། འབྲུ་ལས་སྐྱེས་པའི་ཁྱུང་། བྱ་ཁྱུང་དཀར་པོ། རུ་བའི་སྦྲུལ་བའི་ཁྱུང་། ཞི་རྒྱས་དབང་དྲག་གི་ཁྱུང་། སྤྱི་འདུལ་ཁྱུང་། ཞི་འདུལ་ཁྱུང་དང་དྲག་འདུལ་ཁྱུང་། ཨོཾ་ལས་སྐྱེས་པའི་ཁྱུང་དང་སྦྲུལ་བའི་ཁྱུང་། རྫོགས་པའི་ཁྱུང་དང་ཡང་སྤྲུལ་ཁྱུང་། དྲོད་དང་མངལ་ལས་སྐྱེས་པའི་ཁྱུང་། ཀླུ་འདུལ་ཁྱུང་དང་ནད་འདུལ་ཁྱུང་བཅས་ཁྱུང་རིགས་སྣ་ཚོགས་སྤྱན་འདྲེན་དང་ཕྱག་མཆོད། ཡོན་མཆོད་ཀྱིས་འདོད་དོན་འཕྲིན་བཅོལ་བྱ་བའི་འདོན་པ་བཞུགས་སོ།།

  ⑾《ཁྱུང་གི་སྤྱན་འདྲེན་དབུ་ལགསྷོ》འདིར་ཕོ་བླ་དུང་ཁྱུང་དཀར་པོ་དེ། དེ་རིང་བྱ་རྡང་སྐུ་བླ་བཞུགས་སུ་གསོལ། གསེར་དང་གཡུ་ཡིས་སྤྱན་དྲངས་ན། གཡག་དང་ལུག་གི་མངའ་ཐང་གསོལ། དམ་ཉམས་དགྲ་བོ་ཆམ་ལ་ཕོབས། གཡུ་འབྲུག་དུང་གི་ཟེ་བ་ཅན། གསེར་དང་གཡུ་ཡིས་སྤྱན་དྲངས་ན། གཡག་དང་ལུག་གི་མངའ་ཐང་གསོལ་ཞེས་དུང་ཁྱུང་དཀར་པོ་སྤྱན་འདྲེན་དང་འཕྲིན་བཅོལ་བྱ་བའི་འདོན་པ་བཞུགས་སོ།།

  ⑿ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》 ཀྱི་ཤོག་ངོས་428ན་བྱེས་ཐུབ་དཔའ་བོ་སྤུན་དྲུག་ཅེས་པ་ནི་དཔའ་བོ་གཡུལ་དུ་ཞུགས་པའམ་ཚོང་གི་ལམ་ཕྱོགས་བྱོས་སུ་འགྲུལ་བ་ལ་སྐྱོབས་མ་བྱེད་པའི་ལྷ་སྲུང་གི་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⒀ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྱི་ཤོག་ངོས་428ན་གཞིས་སྲུང་ཁྲ་མོ་རྫོང་དྲུག་ཅེས་པ་ནི་ཟ་མ་མོའི་རིགས་གཞིས་སུ་སྡོད་མཁན་ལ་སྐྱོབས་མ་བྱེད་མཁན་གྱི་ལྷ་སྲུང་གི་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⒁ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྱི་ཤོག་ངོས་428ན་ཅང་སེང་མགྲོན་གཡག་བཅུ་གསུམ་ཞེས་པའི་མགྲོན་གཡལ་བཅུ་གསུམ་ནི་དགྲ་ལྷའི་རིགས་གཡག་གི་མགོ་ཅན་བཅུ་གསུམ་ཡོད་པ་དེ་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⒂ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྱི་ཤོག་ངོས་428ན་ལམ་ལྷ་གཉན་པོ་མཆེད་བརྒྱད་ཅེས་པ་ནི་འགྲུལ་བ་སྐྱོབས་མ་བྱེད་མཁན་གྱི་ལྷ་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⒃《ཅང་སེ་ཁ་ཀྱིད་དབུ་ལགསྷོ་》 ཞེས་པར་དུང་ལུག་དཀར་པོ་དང་། བྱུ་དམར་འོད་དཀར། འབྲི་གཡག་ཤེད་ཆེན། མཁན་བྱ་དཀར་པོ་དང་། སུ་དཀར་གསེར་མདོག་སོགས་གཅིག་བསྡུས་སུ་བརྟེན་པའི་སྐུ་བླ་ལ་ཅང་སེར་ཞེས་བྱའོ། དེ་རིང་ཅང་སེར་ཁྱེད་རྣམས་བསྟེན་པ་ནས། རང་ཉིད་རྣམས་ཀྱི་ཁ་འཛིན་མཛོད། དགྲ་བོ་ཐམས་ཅད་ཕམ་པར་མཛོད་ཅེས་པའི་དོན་བཞུགས།

  ⒄《ལཾ་ལྷ་དབུ་ལགསྷོ་》 འདིར་དང་པོ་སྲིད་པའི་འོད་ཟེར་ལས། སྲིད་པའི་ལམ་ལྷ་སྤུན་གསུམ་བྱུང་ཞིང་། དེ་ནི་དུང་གཡག་དང་། དུང་རྟ། དུང་ར་དང་དུང་ལུག་གསེར་གཡུ་བཅས་ཀྱིས་བསྟེན་ཏེ་མདའ་དང་ཅང་སེར་ལམ་ལྷའི་རྟེན་དུ་བཙུགས་ཞེས་སྐུ་བླ་ལམ་ལྷ་བསྟེན་པ་བཞུགས་སོ།།

  ⒅ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས་428ནས་429ན་ཤུགས་མགོན་རྫིའུ་བཅུ་གསུམ་ཞེས་པ་ནི་གཙོ་ཆེར་གྱོད་དང་ཁ་མཆུ་སོགས་གཏམ་གྱི་ཁ་འཛིན་བྱེད་མཁན་གྱི་ལྷ་སྲུང་གི་རིགས་ལ་ཟེར་ཞེས་བཀོད་ཡོད།

  ⒆《ས་སློང་དབུ་ལགསྷོ》 འདིར་ས་བདག་ཀླུ་གཉན་དཔའ་བོ་རྣམས། བྱ་རྡང་བཀྲ་ཤིས་ས་ན་བཞུགས། ཉི་མ་ཤར་གྱི་ས་བདག་ནི། སྲིད་པ་སྟག་ནི་སྐྱ་བོ་ལ། བྱ་རྡང་བཀྲ་ཤིས་ས་ན་བཞུགས། ཉི་མ་ལྷོ་ཡི་ས་བདག་ནི། སྲིད་པ་གཡུ་འབྲུག་སྔོན་པོ་ལ། བྱ་རྡང་བཀྲ་ཤིས་ས་ན་བཞུགས། ཉི་མ་ནུབ་ཀྱི་ས་བདག་ལ། སྤྲུལ་བའི་བྱ་ཆུང་དམར་པོ་ལ། བྱ་རྡང་བཀྲ་ཤིས་ས་ན་བཞུགས། ཉི་མ་བྱང་གི་ས་བདག་ནི། སྤྲུལ་བའི་རུས་སྦལ་སེར་པོ་ལ། བྱ་རྡང་བཀྲ་ཤིས་ས་ན་བཞུགས་ཞེས་བྱ་རྡང་སྤྱན་འདྲེན་པ་ལ་བརྟེན་ནས་ས་བདག་ལས་ས་སློང་པ་བཞུགས་སོ།།

  ⒇(21)《ཀླུ་ཡི་འཁྲུལ་བ་དབུ་ལགསྷོ》 འདིར་རྒྱ་མཚོ་ཆུ་ཡི་ཀློང་དཀྱིལ་ན། པད་མ་བརྒྱད་ཀྱི་གདན་སྟེང་ན། གཡུ་ལོ་མཛེས་པའི་ཡང་སྟེང་ན། ཆུ་ལ་མངའ་མཛད་ཀླུ་ཆེན་བརྒྱད། ཀླུ་ཡི་འཁྲུལ་བ་བཅོས་པ་དང་། ཀླུ་ནད་འཁྲུག་པ་བཅོས་པ་དང་། ཀླུ་ནད་འཕྲུལ་བ་སེལ་བ་དང་། ཀླུ་དང་འཁྲུག་པ་འདུམ་པའི་ཕྱིར། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ་ཞེས་ཀླུའི་ནད་སེལ་བའི་འདོད་གསོལ་བཞུགས་སོ།།

  (22)(23)《གཉན་གྱི་འཁྲུལ་བ་དབུ་ལགསྷོ》 འདིར་དེ་རིང་འཁྲུལ་བ་གཅོད་པའི་དོན་ཆེན་ལ། ཤིང་ལ་མངའ་མཛད་གཉན་རིགས་རྣམས། ཡོན་བདག་དོན་དུ་སྤྱན་འདྲེན་ན། བྱང་སེམས་དང་བཅས་གཤེགས་སུ་གསོལ། གཉན་གྱི་འཁྲུལ་བ་ཞི་བར་མཛོད། གཉན་གྱི་འཁྲུལ་བ་བསལ་བའི་ཕྱིར། མཆོད་ཡོན་དམ་པ་འདི་འབུལ་ལོ་ཞེས་གཉན་གྱི་འཁྲུལ་བ་སེལ་བའི་འདོན་པ་བཞུགས་སོ།།

  (24)(25)(26)དཔལ་ཚུལ་གྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1998ལོར་པར་དུ་བསྐྲུན་པའི་《 གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》 ཀྱི་ཤོག་ངོས་162ནས་163བར་ན་འགྲོ་བ་རྨང་པོ་འཕེན་པར་འདོད་པ་ལ། གཡུང་དྲུང་རྩ་དཀར་སྲིད་པའི་འཕེལ་སེལ་དང་།། དབུལ་བས་ཉེས་ཏེ་ཕྱུག་ངར་འདོད་རྣམས་ལ།། སྲིད་པ་གར་གྱི་གྱེན་སེལ་བྱ་བ་དང་།། ཁས་ཉེན་དམན་པ་བཙན་པོར་འདོད་དག་ལ།། ཀླུང་རྟ་མཐོན་པོར་དར་བའི་གེགས་སེལ་དང་།། ཆུང་བས་ཉེན་ཏེ་ཆེ་བར་འདོད་རྣམས་ལ།། རྒྱལ་གྱི་ཁྲི་འཕང་འཛེགས་པའི་གོང་སེལ་བཅས་རྩ་དཀར་འཕེལ་བའི་ཡར་སེལ་བའི་དང་། རིགས་ཁུངས་རྨང་སྟེ་ཆད་ལ་ཁད་པ་ལ།། འདྲེ་དགུ་སྲིད་བཅུའི་ཐུར་སེལ་བྱ་བ་དང་།། ནོར་ཉམས་དབུལ་ཏེ་ལྟོགས་ལ་ཁད་པ་ལ།། སྲིད་པ་ས་བདག་ཀླུ་ཡི་ཐུར་སེལ་དང་།། བརླག་སྟོར་འཕུང་སྟེ་ཉེན་ལ་ཁད་པ་ལ།། མ་བླ་བྱུར་དང་ཆུད་ཀྱི་དམན་སེལ་དང་།། དམའ་ཞིང་འདྲིལ་ཏེ་ལྷུང་ལ་ཁད་པ་ལ།། མཐོ་རུ་མི་སྟེར་ཉེས་པའི་སྐྱོན་སེལ་བཅས་རྩ་ནག་འགྲིབ་པའི་མར་སེལ་བའི་དང་། ལྷ་ཀླུ་གཉན་སོགས་འགྲས་ཏེ་འཁོན་པ་ན།། ལྷ་དང་མི་ཡི་བར་གྱི་དབྱེན་སེལ་བྱ།། ཤིན་ཏུ་གེགས་ཉེན་རྩུབ་པའི་དགྲ་བོ་ལ།། བྱ་དམར་མཚལ་བུ་དག་གི་གེགས་སེལ་བྱ།། སྨེ་མནོལ་མི་གཙང་བཙོག་གྲིབ་འབགས་པ་ལ།། དམེ་མུག་ནལ་གྱི་བཙོག་སེལ་བྱ་བ་དང་།། མི་མཐུན་རྨི་ལམ་པྲ་ལྟས་ངན་པ་ལ།། ལྟས་ངན་བཟློག་པའི་ཐན་སེལ་བཅས་མཉམ་གཉིས་གསོར་བའི་བར་སེལ་བའི་སྟེ་བསྡོམས་པས་སེལ་སྒོའི་རིགས་ཆེན་པོ་བཅུ་གཉིས་གསུངས་འདུག

  (27)(40)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ཤོག་ངོས་324དང་། ཤོག་ངོས་547ན་གསལ།

  (28)(29) 《ན་རོ་ལྦ་བསང་དབུ་ལགསྷོ》 ཞེས་པར་ལྦ་ཡི་ལྦ་སྤུ་ལྦ་ཁྲག་ལྦ་ཤ་ལྦ་རུས་བཅས་ཕྱུང་ནས་བསང་བཏང་པས་སྣང་སྲིད་ཀྱི་ལྷ་རིགས་ཐམས་ཅད་མནོལ་བ་ཚངས་ཤིང་དག་པར་གྱུར་པའི་སྲིད་པའི་དོན་བཞུགས་སོ།།

  (30)ནམ་མཁའ་ནོར་བུའི་བརྩམས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1994ལོར་བསྐྲུན་པའི་ 《ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད》ཀྱི་ཤོག་ངོས་189ན་གསལ།

  (31)《ཕྱོགས་བཞི་བླ་མགོན་དབུ་ལགསྷོ》 ཞེས་པར་ཤར་གྱི་ཕྱོགས་ལས་བླ་འགུག་མ། གཤེན་རབ་ལས་ཀྱི་སྤྱན་གཅིག་མ། ཡ་གལ་ཁ་ཕྱེ་གནམ་ལ་གཤེགས། མ་གལ་ཁ་ཕྱེ་ས་ལ་གཤེགས། ཡ་སོ་ལྕགས་ལ་མ་སོ་ཟངས། ཟངས་ལྕགས་གཉིས་ཀྱི་མཆེ་བ་གཙིགས། དགྲ་ཤ་ཟོས་ན་ལེགས་སེ་ལེགས། དགྲ་ཁྲག་འཐུང་ན་འཇིགས་སེ་འཇིགས། དགྲ་རུ་ཆེ་ན་ཆེམས་སེ་ཆེམས། ལྕགས་ཀྱུ་བཟུང་ནས་སྙིང་ལ་བཟུང་ཞེས་པའི་འདོན་པ་བཞུགས་སོ།།

  (32)《བླ་ཀླུང་ཆོས་མེས་དབུ་ལགསྷོ》 འདིར་བསང་ཆེན་དུད་པ་སྤྱན་དྲངས་ནས། ཡོན་བདག་འདི་ཡིས་བླ་འཚོས་སོང་། གསེར་གཡུ་གཉིས་ཀྱི་འཕྲིན་པ་སོང་། བླ་འདི་མ་འཁྱམས་བླ་འདི་སྐོར། ཡུལ་ཞིང་མཁར་གསུམ་འདི་ན་ཡོད། ཟན་མྱི་ནོར་གསུམ་འདི་ན་ཡོད། གོ་རྟ་མཚོན་གསུམ་འདི་ན་ཡོད། མ་ཡི་སྐད་ལ་ཉན་བཞིན་ཤོག བླ་བདུད་ཀྱི་ཡུལ་དུ་མ་འཁྱམས་ཤིག བླ་ཡ་མ་ཡུལ་དུ་མ་འཁྱམས་ཤིག བླ་བཙན་གྱི་ཡུལ་དུ་མ་འཁྱམས་ཤིག་ཅེས་པའི་བླ་འགུག་གི་སྐབས་ཀྱི་འདོན་པ་བཞུགས་སོ།།

  (33)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་བསྐྲུན་པའི་མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་《མདའ་དང་འཕང་》 གི་སྨད་ཆའི་ཤོག་ངོས་183ན་གསལ།

  (34)《གླུད་ཀྱི་རྫོངས་འདེབས་དབུ་ལགསྷོ》ཞེས་པར་དེ་རིང་གླུད་འདེབས་དགྲ་ལ་འདེབས། དེ་རིང་གླུད་ཟློག་དགྲ་ལ་ཟློག དེ་རིང་གླུད་སྐྱུར་དགྲ་ལ་སྐྱུར། དེ་རིང་རྫོངས་འདེབས་དགྲ་ལ་འདེབས། བྱ་རྒྱལ་ཁྱུང་ཆེན་མན་ཆད་དང་། བྱིའུ་ཆུང་མཆིལ་བ་ཡན་ཆད་དང་། འདབ་ཆགས་རྒྱལ་བོ་ཚུན་ཆད་ཀྱང་། དེ་རིང་གླུད་བྱ་ཡོན་དུ་འབུལ། གླུད་བྱ་ཁྱོད་ལ་བརྫོངས་སུ་འབུལ་ཞེས་པའི་དོན་བཞུགས་སོ།།

  (35)《གཡང་འབོད་དབུ་ལགསྷོ》 ཞེས་པར་ཀྱེ་ཤར་ཕྱོགས་ལྷ་མོ་དུང་གི་ཐོར་གཙུག་ཅན། ཁ་ཤར་དུ་འབྱུང་ཉིད་ཕྱག་ཅིག་འཚལ། ཤར་ཕྱོགས་གཉན་གྱི་མྱི་གཡང་འགུག ཤར་ཕྱོགས་གཉན་གྱི་རྟ་གཡང་འགུག ཤར་ཕྱོགས་གཉན་གྱི་ནོར་གཡང་འགུག ཤར་ཕྱོགས་གཉན་གྱི་ལུག་གཡང་འགུག ཤར་ཕྱོགས་གཉན་གྱི་འབྲུ་གཡང་འགུག ཤར་ལས་སྤྱན་འདྲེན་གཤེགས་སུ་གསོལ་ཅེས་ཕྱོགས་བཞིའི་གཡང་འགུག་པའི་དོན་བཞུགས།

  (36)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་1998ལོར་པར་དུ་བསྐྲུན་པའི་ 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 ཀྱི་ཤོག་ངོས་163བར་ན་གསལ།

  (37)《ཐན་ཟློག་དབུ་ལགསྷོ》 ཞེས་པར་འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན། ལྷ་ཡི་ལྟས་ངན་བཟློག་ཏུ་གསོལ། སེང་ཆེན་གཤེན་གྱི་ལྟས་ངན་ཡིན། གཤེན་གྱི་ལྟས་ངན་བཟློག་ཏུ་གསོལ། འུག་པ་དམུ་ཡི་ལྟས་ངན་ཡིན། དམུ་ཡི་ཐན་ངན་བཟློག་ཏུ་གསོལ། ཕོ་རོག་བདུད་ཀྱི་ཐན་ངན་ཡིན། བདུད་ཀྱི་ཐན་ངན་བཟློག་ཏུ་གསོལ། ཤྭ་སྤྱང་བཙན་གྱི་ཐན་ངན་ཡིན། བཙན་གྱི་ཐན་ངན་བཟློག་ཏུ་གསོལ། སྦྲུལ་ནག་ཀླུ་ཡི་ཐན་ངན་ཡིན། ཀླུ་ཡི་ཐན་ངན་བཟློག་ཏུ་གསོལ། སྦལ་བ་ས་བདག་གི་ཐན་ངན་ཡིན། ས་བདག་གི་ཐན་ངན་བཟློག་ཏུ་གསོལ་ཞེས་ཐན་ལྟས་ངན་པ་བཟློག་པར་བྱ་བའི་འདོན་པའོ།།

  (38)དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་1991ལོར་བསྐྲུན་པའི་《མདོ་གཟེར་མིག》ཤོག་ངོས་534ན་གསལ།

  (39)མི་རིགས་དཔེ་སྐྲུན་ཁང་གིས་2010ལོར་པར་བསྐྲུན་བྱས་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་ཉེར་གསུམ་པ། པཎ་ཆེན་ལི་ཤུ་སྟག་རིང་གིས་མཛད་པའི་ 《རྫོགས་ཆེན་ཡང་རྩེ་ཀློང་ཆེན》 གྱི་ཤོག་ངོས་19ན་གསལ།

  (41)《ཕོ་བྲང་ཤིང་རྩེ་ཕྱག་བཞེས་དབུ་ལགསྷོ》 འདིར་རྒྱལ་བཞིན་བཅོས་པའི་ཉམས་ལེན་ལ། ཏིང་འཛིན་རྣམ་པ་གསུམ་ཏེ། སྒོམ་ཚུལ་བོན་གྱི་སྤྲོས་བྲལ་དང་། ཉམས་བཞག སྟོང་ཉིད་བཅས་དང་། རྫོགས་པ་ཀུན་འདུས་ཀྱི་ཏིང་འཛིན། སྤྱི་གཙུག་མཐིང་། སྲོག་རྩ་སེར། རྩ་སྦུབ་ཐིམ། བག་ཆགས་སེལ། གཤེན་རབ་རྫོགས་པ་ཆེན་པོ་ནི། སྐུ་མདོག་བཀྲག་མདངས་གསལ། མདའ་དར་གསས་མདུང་ཕྱག་ཆ་བསྣམས་ཤིང་། སྐུ་འོད་གསལ་ལ་རང་བཞིན་མེད་པའི་དོན་བསྟན་པ་བཞུགས།

  (42)(43)(44)མི་རིགས་དཔེ་སྐྲུན་ཁང་གིས་2010ལོར་པར་ཏུ་བསྐྲུན་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་གཉིས་པ། བརྡ་དག་སྒྲ་སྦྱོར་གྱི་སྐོར་ལས། ཞུ་ཡས་ཉི་མ་གྲགས་པས་མཛད་པའི་《སྒྲ་ཡི་དོན་བསྡེབས་སྣང་གསལ་སྒྲོན་མེ》 ཡི་ཤོག་ངོས་325ན་གསལ།

  གསལ་བཤད། གནའ་དཔེའི་མ་ཡིག་ལ་བརྩི་བཀུར་དང་། མཐོང་ཆེན། ཡང་ན་དེའི་རིན་ཐང་བཅས་ལ་གཞིགས་ནས། ཕྲན་གྱིས་མདའ་ཚང་བོན་དཔེ་ལས་དྲངས་པའི་ལུང་འདྲེན་དག་ནི་མ་ཡིག་རང་ལ་ཡོད་པའི་ཡིག་ནོར་དང་། ཡུལ་སྐད། སྐུང་ཡིག་སོགས་ཇི་མ་ཇི་བཞིན་རང་སོར་བཞག་ཏེ་བཤུས་པ་ཡིན། སྐུང་ཡིག་སྐབས་ཀྱི་ཡི་གེའི་ཀླད་རྟགས་“Z”འདི་རིགས་དང་། མིང་གའི་རྐྱང་བ་ག་ཕ་བ་ད་ར་སོགས་ལྟ་བུ་ལ་སྐབས་བསྟུན་གྱིས་ཙ་རྟགས་སྦྱར་ཡོད་པ་དེ་རིགས། ཧི་མ་ལ་ཡའི་བོད་ཡིག་ཕབ་གཞོང་དུ་མེད་པས་ན་སོ་སོའི་ཚབ་ཏུ་ཀླད་གོར་“。”དང་གི་གུ་ཕྱིར་ལོག་“ ”ཅན་གཉིས་བྲིས་ཡོད། དཔེར་ན། སེམས་ཅན་ཐམས་ཅད་ལ་སེནཾཐཾད། ཏིང་ངེ་འཛིན་ལ་ཏིངྀནི་ལྟ་བུའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།