ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ།
[ཟླ་ཚེས། 2020-02-12 11:23:17][རྩོམ་པ་པོ། གླིང་སྨན་གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁྱུང་ཡུལ་ནི་ཞང་ཞུང་ཤེས་རིག་གི་ཕ་ས་དང་། རལ་པའི་ཞབས་བྲོ་ཡི་འབྱུང་ཁུངས་ཞེས་སུ་འབོད་ཀྱང་ད་ལན་རང་ཉིད་ཀྱི་ཉམས་ཞིབ་དང་འབྲེལ་བའི་སྒོ་ནས་རལ་པའི་བྲོ་ཡི་སྐོར་མདོ་ཙམ་བརྗོད་འདོད་བྱུང་། དེ་ཡང་འདས་ཟིན་པའི་ ལོ་རྒྱུས་ནང་ཁྱུང་ཡུལ་ཁམས་འདི་ནི་ཞང་ཞུང་སྒོ་ཕུག་བར་གསུམ་དུ་དབྱེ་བའི་ནང་གསེས་སྒོ་པ་ཡིན་པ་དང་། ཁུལ་འདིར་ཆོས་དང་རིག་གནས་སྒྱུ་རྩལ་རྩེད་བྲོ་སོགས་ཚང་མ་གནའ་རབས་ཞང་ཞུང་གི་ཆོས་རིག་གོམས་གཤིས་སོགས་དང་སྒོ་ཀུན་ནས་འབྲེལ་བ་ཟབ་ལ། ཕལ་ཆེ་བ་དེ་ལས་འཕྲོས་པའི་དཔང་རྟགས་དང་རྒྱུ་མཚན་ཀྱང་མང་དུ་འདྲེན་རྒྱུ་ཡོད་པ་དེ་འདྲ་ཡིན།
དང་པོ། རལ་བྲོ་དང་ཤོན་རྩེད་དེ་མིན་བོན་གྱི་ཆོ་ག་སོགས་ཀྱི་འབྲེལ་བ།
གཅིག གནའ་སྔ་མོ་ནས་བཟུང་ས་ཆ་འདིར་རོལ་དབྱངས་དང་བྲོ་གར་གྱི་རིགས་རྣམ་གྲངས་དུ་མ་ཞིག་དར་མྱོང་བ་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱེད་བཞིན་ཡོད་པ་སྟེ། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་པ་《མདོ་དྲི་མེད་གཟི་བརྗིད།》ནི་ བོད་ཀྱི་གནའ་རབས་ཤེས་རིག་ཀུན་འདུས་ཀྱི་ངོ་བོ་ཡོངས་སུ་ཚང་བའི་དེབ་ཐེར་གཙིགས་ཆེན་ཞིག་རེད། དེའི་ནང་དུ་རྟེན་འབྲེལ་གྱི་མཛད་སྒོའི་རྣམ་པ་སྐབས་སུ་“ལ་ལ་ཞིག་ནི་དུང་འབུད་དོ།། ལ་ལ་ཞིག་ནི་རྔ་བརྡུང་ངོ་།། ལ་ལ་ཞིག་ནི་གཤང་དཀྲོལ་ལོ།།”ཞེས་དང་། ཡང་དེ་ཉིད་ལས། “ལ་ལ་ཞིག་ནི་གླིང་བུ་འབུད་དོ།། ལ་ལ་ཞིག་ནི་པི་ཝང་སྒྲིལ་ལོ།། ལ་ལ་ཞིག་ནི་སྦ་གླིང་འབུད་དོ།། ལ་ལ་ཞིག་ནི་སྨྱུག་གླིང་འབུད་དོ།།” ཞེས་དང་། ཡང་དེ་ཉིད་ལས། “ལ་ལ་ཞིག་ནི་གར་བྱེད་དོ།། ལ་ལ་ཞིག་ནི་རོལ་མོ་བསྒྱུར་རོ།། ལ་ལ་ཞིག་ནི་སྒང་བསྒྱུར་རོ།། ལ་ལ་ཞིག་ནི་སྒང་རྩེའོ།། ལ་ལ་ཞིག་ནི་སྒོང་སྤོར་རོ།། ལ་ལ་ཞིག་ནི་ཤོན་འཁྲབ་བོ།། ལ་ལ་ཞིག་ནི་ཁྱུང་མོའི་ལྡིང་གར་བྱེད་དོ།། ལ་ལ་ཞིག་ནི་རྟ་མཆོག་གི་དཀྱུས་གར་བྱེད་དོ།། ལ་ལ་ཞིག་ནི་ལྷ་བྲན་གྱི་དགྱེས་གར་བྱེད་དོ།། ལ་ལ་ཞིག་ནི་ལྷ་མོའི་འཛུམ་གར་བྱེད་དོ།། ལ་ལ་ཞིག་ནི་ཁྲོ་བོའི་འགྱིང་གར་བྱེད་ དོ།། ལ་ལ་ཞིག་ནི་ཤ་ཟའི་རོལ་ཚོམ་བྱེད་དོ།། ལ་ལ་ཞིག་ནི་རྒྱལ་ཆེན་གྱི་འགྱིང་གར་བྱེད་དོ།། ” ཞེས་དང་། ཉེ་ལམ་རྒྱ་གར་ མངའ་ཁོངས་མོན་རྟ་དབང་ནས་རྙེད་པའི་དཔེ་རྙིང་《ལྷ་གཞུང་གཏེར་མ་ཡིད་བཞིན་ནོར་བུ།》ལས་རལ་ཆས་ལྟ་བུ་སྟོན་པ་གཤེན་རབ་ཀྱི་སྐུ་ལ་རྫོགས་པར་བརྒྱན་པ་གསལ་ཏེ། ཕ་ཇོ་སྟོན་པ་གཤེན་རབ་ཁོང་། སྐུ་ནི་ལྷ་དང་གསས་ཀྱི་བརྒྱན། གསུང་ནི་སྨྲང་དང་བོན་གྱི་བརྒྱན། ཐུགས་ནི་ལྟོ་དང་སྤྱད་ཀྱི་བརྒྱན། སྐུ་ལ་ཞེ་ཐུལ་སྲམ་ཐུལ་གསོལ། དབུ་ལ་སྟག་ཞྭ་ཁྲ་མོ་གསོལ། ཞབས་ལ་གཟིག་ལྷམ་ཡུ་ཐུང་གསོལ། ཞེས་དང་། ཇོ་༼ཇུ་༽ཐིག་ཐག་པ་སློ་༼གློ་༽ལ་རྟགས་༼བཏགས༽། རྔ་གྲམ་པོ་གཞུང་རྒྱལ་རྒྱབ་ལ་ཁུར། གཤང་མཁར་མོ་འཁྲོལ་ཆེན་ཕྱག་ན་བསྣམས། ཞེས་འཁོད་པ་ལྟར་ན་ཇུ་ཐིག་ཐག་པ་གློ་ལ་བཏགས་ཟེར་བ་དེས་དེང་སང་རལ་པ་འཁྲབ་མཁན་ཕོ་ཡི་སྐེད་པར་དཀྲིས་པའི་ཉྭ་རྒྱའམ་ཐག་རལ་ཞེས་པ་དེའི་འབྱུང་ཁུངས་ནི་ཕ་ཇོ་སྟོན་པ་གཤེན་རབ་མཆོག་ནས་ཇུ་ཐིག་ཐག་པ་གློ་ལ་འདོགས་པའི་རྟེན་འབྲེལ་ལས་འཕྲོས་པ་ཡིན་པ་གསལ་པོ་བསྟན་པ་དང་། ད་སྐབས་ཇུ་ཐིག་གི་མོ་ཐག་དེ་རི་མོར་བཀོད་པའམ་དངོས་སུ་བསླས་འཐག་བྱས་པ་ཅི་ཡིན་རུང་ཉྭ་རྒྱ་དང་མདོག་དབྱིབས་ནོར་སོ་ཆེ་བ་ཞིག་ཏུ་གྲུབ་ཡོད་པས་རྟོགས། རྔ་གྲམ་པོ་གཞུང་རྒྱལ་རྒྱབ་ལ་ཁུར། ཞེས་འཁོད་པ་དེས་ཀྱང་རང་རེ་ཆབ་མདོའི་ཁུལ་ དུ་དར་སྲོལ་ཆེ་བའི་བུ་ཡི་རྔ་ཁུར་རལ་བྲོའི་ལུགས་ཐོག་མར་ཇི་ལྟར་བྱུང་བ་རྟོགས་ཐུབ་ལ། ད་དུང་གཤང་སོགས་ཀྱི་བྱུང་ ཁུངས་ཀྱང་ཁ་ཇེ་གསལ་དུ་བསྟན་འདུག་པར་མཐོང་། མདོར་ན་ཆོ་གའི་ཡོ་ཆས་དང་། སྒྱུ་རྩལ་བྲོ་གར་གྱི་རིགས། རོལ་མོའི་རྣམ་གྲངས་ཕུན་སུམ་ཚོགས་པོ་དག་ལ་ངོ་མཚར་ལོ་རྒྱུས་ཀྱི་ཁུངས་ལུང་རིང་མོ་ཞིག་གྱེར་བཞིན་པ་ནི་ཤིན་ཏུ་སྔ་བའི་དཔེ་གཞུང་དག་ལས་ཡོངས་སུ་མཇལ་ཐུབ་པར་སྣང་ངོ་།།
གཉིས། སློབ་དཔོན་པདྨའི་བཀའ་ཐང་ལས། མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས། གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་ དང་། རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་། སྔགས་བོན་རྔ་ཐོགས་འཆམ་པོ་བྱེད་པ་དང་། རྒྱལ་པོ་མཉེས་པའི་བཙུན་ མོ་མཛེས་མ་ཀུན། རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས། གསུང་སྙན་ཟོར་ཁུག་འཐེན་ཞིང་རྐང་བྲོ་བརྡུང་། ཞེས་སུ་འཁོད་པའི་ཤོན་རྩེད་ནང་དེང་སང་འཁྲབ་བཞིན་པའི་རལ་པའི་སྒྱུ་རྩལ་ གྱི་ཁྱད་ཆོས་ཕལ་ཆེར་ཚང་ཡོད་པ་དང་། མཛེས་པའི་ཁྱེའུ་འམ་བུ་ཕོས་ལག་ན་རྔ་མ་ཐོགས་པའང་གསལ་པོ་བསྟན་འདུག ད་དུང་རལ་པའི་བྲོ་ཚིག་ཏུ། རྔ་ཚིགས་རེ་ལ་རྡོག་ཚིགས་རེ། རྔ་སྒྲ་རེ་ལ་རྡོག་སྒྲ་རེ། ཞེས་པའི་ཚིག་གིས་ཤོན་བྲོ་ཕལ་ཆེར་རྔ་རྡུང་མཁན་པོ་ཆེད་དུ་བསྐོས་པའི་ལོ་རྒྱུས་ཡོད་པར་གྲགས། རལ་པར་དེ་ལྟར་མ་ཡིན་པ་ཙམ་ལས་གཞན་སྔ་དེང་མཚུངས་པར་མཐོང་། དེང་སང་རྔ་དེ་ཞབས་བྲོ་བ་ཕོ་མོ་གཉིས་ལས་མོ་ཕྱོགས་ཀྱི་གར་ཆས་སུ་གྱུར་བ་ལས་ངོ་བོའི་ཐད་ནས་ཁྱད་པར་དེ་ཙམ་ཆེ་བ་མ་མཐོང་། དེས་མ་ཟད་ཁ་སྐོར་ལུགས་དང་གྲལ་བསྣོལ་ལུགས་སོགས་ད་ལྟའི་རལ་པའི་བྲོ་ཡི་ཁྱད་ཆོས་དང་ཕྱོགས་མཚུངས་པར་སྣང་། ད་དུང་གཡུང་དྲུང་བོན་གྱི་ཆོ་གའི་ཕྱག་ཆ་འཁྲུལ་མེད་གཤང་ངམ་སིལ་སྙན་དེ་ཤོན་གྱི་རྩེད་བྲོའི་སྐབས་བྲོ་པ་མཇུག་མ་དེས་ལག་གཡོན་དུ་སིལ་སྙན་ཞིག་ཐོགས་ནས་འགྲོ་བར་བཤད་པ་དེ་རྗེས་སུ་ལག་གཡས་སུ་འཇུས་ཏེ་དང་དོད་གནང་བའི་སྲོལ་བྱུང་བར་དོགས། ཤོན་རྩེད་ནང་རྔ་རྡུང་མཁན་དེ་གོང་ཞུས་ལྟར་མི་གཅིག་ཆེད་དུ་བཀོད་སྒྲིག་གིས་དེའི་རྔ་སྒྲ་ལ་རྩེ་གཅིག་ཏུ་ཉན་ནས་རྡོག་བྲོ་རྒྱག་པའི་སྲོལ་དེ་ཕོ་མོ་གཉིས་སུ་ཕྱེས་ཏེ་རལ་བཟའ་མ་དག་གི་གར་ཆས་སུ་བསྒྱུར་ནས་རྣམ་པའི་ཐོག་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཐད་འགྱུར་ལྡོག་ཅུང་ཟད་ཕྱིན་པ་ལས་ངོ་བོའི་ཐོག་ནས་ཁྱད་དེ་ཙམ་མེད་པ་མངོན་སུམ་ཀུན་ཀའི་མིག་ལམ་དུ་འཆར་བཞིན་པ་འདི་འདྲའོ། །
གསུམ། སྔ་རབས་གཡུང་དྲུང་བོན་གྱི་《སྟག་ལའི་རྔ་འཆམ།》ནང་དུ་རྔ་ཡི་ཁྱད་ཆོས་དང་འབྲེལ་བའི་སྐོར་མང་དུ་འཁོད་འདུག་ལ། 《རྔ་རབས།》དང་《གཤང་རབས།》སོགས་བོན་གཞུང་《གེ་ཁོད་》བྱ་བའི་དཔེ་རྙིང་ནང་མང་དུ་གསལ་ཡོད་པ་ཡིན། རྔ་ལ་ཞི་རྒྱས་དབང་དྲག་སོགས་ཡོད་པ་ལས་དེང་སང་འབྲི་རུའི་ཁུལ་དུ་དར་བའི་སྟེང་དཀར་རལ་བྲོའི་སྐབས་ཀྱི་རྔ་དེ་རྒྱས་པའི་རྔ་རུ་སྣང་ལ། གཞན་གྱིས་རལ་བྲོའི་སྐབས་སུ་བཀོལ་བཞིན་པའི་རྔ་ཕལ་མོ་ཆེ་གོར་གོར་ཞི་བའི་རྔ་གཟུགས་སུ་སྣང་། ད་དུང་བོན་གཞུང་རྙིང་པ་《ལྷ་རྒོད། 》བྱ་བའི་ནང་<གཤང་རྔ་ཨུན་སྦུབ་རྐང་གླིང་རྣམས་ཀྱི་འབྱུང་ཁུངས་རབས་བཤད། ཞེས་པའི་ནང་གཤང་དང་རྔ་སོགས་ཀྱི་བྱུང་ཁུངས་གསལ་པོ་འཁོད་ཡོད་པའང་གནའ་སྔ་མོ་ནས་དར་བར་བཤད་པའི་དཔང་རྟགས་ཁུངས་བཙུན་ཞིག་ཏུ་ངོས་འཛིན་བྱས་ཆོག་སྙམ། །
བཞི། ལོ་རབས་ལྔ་བཅུ་པའི་ནང་ལྷ་མོ་དང་རལ་བྲོ་ཆེད་དུ་ཞིབ་འཇུག་གནང་མཁན་བོད་ཀྱི་སྒྱུ་རྩལ་ཉམས་ཞིབ་ཆེན་མོ་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱིས་བོན་གྱི་དཔེ་རྙིང་《མཆོད་ཆས།》ཟེར་བ་ཞིག་ལག་སོན་བྱུང་བའི་ནང་རྩལ་རྩེད་དང་། རྔ་འཆམ། རླུང་སྒོ། གྲི་རྩེད་སོགས་རལ་པའི་སྒྱུ་རྩལ་རང་དུ་འདུགརལ་པའི་སྒྱུ་རྩལ་འདི་ནི་བོན་གྱི་འཆམ་ལས་བྱུང་བ་བསྙོན་མེད་རེད། ཅེས་གསུངས་པ་དེ་ཡང་མཁས་པ་ཆེན་པོའི་བདེན་དོན་གཡོ་མེད་རི་འདྲ་བ་ཞིག་ཡིན་པར་འཁུམས། །
གཉིས། རལ་པའི་བྲོ་ཡི་ཁྱད་ཆོས།
གཅིག ཕོའི་ལག་གཡས་སུ་གཤང་ངམ་སིལ་སྙན་ཐོགས་པ། ལག་གཡོན་དུ་རྔ་མ་ཐོགས་པ། ཐོག་མར་རྔམས་ཆ་ཆེ་ལ་གྲལ་འགྲིག་པ་དང་། རྗེས་སུ་འཁྲུག་ཆ་ཆེ་ལ་ངར་ཤུགས་ལྡན་པ་“རལ་པ་ཕ་སྨྱོ་བུ་སྨྱོ།”ཟེར་བ་ལྟ་བུའི་ཚོར་སྣང་ཞིག་ངང་གིས་སྐྱེ་བ་འདུག འོན་ཏེ་རོལ་མོའི་སྒྲ་ལ་ཞིབ་ཏུ་ཉན་ན་མཚམས་མ་གསལ་བ་དེ་ཙམ་མེད་པར་སྣང་ངོ་།།
གཉིས། བུ་མོའི་ལག་གཡས་སུ་རྔ་ལྕགས་ཐོགས་པ། ལག་གཡོན་དུ་རྔ་ཐོགས་ནས་“རྔ་ཚིགས་རེ་ལ་རྡོག་ཚིགས་རེ། རྔ་སྒྲ་རེ་ལ་རྡོག་སྒྲ་རེ།”ཞེས་རལ་པའི་བྲོ་ཡི་གར་སྟབས་དང་མགྱོགས་དལ་ཕལ་ཆེར་ཕོ་ཕྱོགས་ཀྱི་སིལ་སྙན་དང་མོ་ཕྱོགས་ཀྱི་རྔ་སྒྲ་ལ་ཉན་ནས་འཁྲབ་དགོས་པ་ལས་བྲོ་པ་རང་གི་འདོད་ཚུལ་དབང་དུ་སོང་བའི་རྡོག་བྲོ་རྒྱག་རྒྱུ་མེད་པ་རྩ་དོན་དུ་འདུག་གོ །
གསུམ། རལ་པའི་ཞབས་བྲོའི་བར་གསེང་དུ་མོ་ཡིས་རྔ་འགྱུར་རྒྱག་པ་དང་། ཕོ་ཡིས་འཕགས་ཆེན་རྒྱག་པ། འཕགས་ཆེན་དེའང་གཡུང་དྲུང་གི་རིས་སུ་འཆར་ཐུབ་པ། དེ་ཡང་ཐོག་མའི་དུས་སུ་བོན་འཁོར་༼逆时针༽རམ་གཡས་ནས་གཡོན་དུ་འཁོར་བའི་སྐོར་བ་མང་དུ་དགོས་ལུགས་འཆད་བཞིན་པ་མ་ཟད་བར་གསེང་དུ་འབག་དང་སེང་གེ་འཁྱམས་པའང་པདྨ་བཀའ་ཐང་གི་དགོངས་པ་དང་ཧ་ལམ་མཐུན་ནས་འདུག་གོ །
བཞི། རྩལ་རྩེད་དང་ཤ་འགྱིང་སོགས་ཀྱི་ཁྱད་ཆོས་ཀྱང་མངོན་དུ་འཕགས་པ་ཡོད་འདུག་སྟེ། དེ་ཡང་ཁ་རྒྱུན་དུ། གྲི་རྩེད་མ་བརྩེས་ན་རལ་པ་མིན། ཡ་ཡུད་མ་བསྲེས་ན་ཚོང་དཔོན་མིན། ཞེས་དང་། རལ་པའི་བུ་ཆུང་ལ་གྲི་ཁ་མ་འགྱེད། མཚན་ཉིད་མཁན་པོ་ལ་གྱོད་ཁ་མ་བཤད། ཟེར་བ་སོགས་རྩལ་རྩེད་ཚད་གཞི་མཐོན་པོའི་ཚད་ལ་སླེབས་པ་དང་ཤ་འགྱིང་དང་། ཤ་འགུལ་གྱི་རྔམས་སྟབས་བརྗིད་ཆགས་པའང་རལ་བྲོ་གཟིགས་མོ་བ་ཀུན་གྱི་མིག་གི་ལོངས་སྤྱོད་དུ་རོལ་ཐུབ་བོ། །
ལྔ་པ། རལ་བྲོའི་བར་གསེང་དུ་འགྲིལ་ལྡོག་བྱེད་པ་དང་། མི་ཐོག་མི་འགྱིངས་བྱས་ནས་ཕར་ཚུར་རྔམས་སྟབས་ཀྱིས་བསྐྱོད་པ། གྱད་མིའི་ཉམས་སྟོན་པ་སོགས་ཅི་དགར་ལྟད་མོ་རོལ་ཐུབ་པ་བཅས་གནའ་ཉམས་དོད་ཅིང་། སྣ་ཚོགས་སྒྱུ་རྩལ་དཔལ་གྱིས་ཕྱུག་ལ་ཡོངས་ཁྱབ་རང་བཞིན་ལྡན་པའི་བྲོ་གར་རྩེར་སོན་ཞིག་ཏུ་འདོད་དོ། །
གསུམ། རལ་པ་ཞེས་པའི་མིང་གི་བྱུང་བ།
གཅིག འཁྲབ་སྟོན་གནང་མཁན་རྣམས་ཀྱི་སྐྲ་ཕྱིང་སྟེ་རལ་པ་བཞིན་ཆགས་ཡོད་པས་དང་།།
གཉིས། སྔར་དུས་རས་ཆ་དཀོན་པ་དང་ལྷག་ཏུ་སྒྱུ་རྩལ་སློང་མོ་བ་དག་གི་གྱོན་པ་རལ་ནས་ཡོད་པས་ཀྱང་དོགས།།
གསུམ། ཇུ་ཐིག་ཐག་པ་ལས་འཕྲོས་པའི་སྐེད་པའི་ཉྭ་རྒྱ་རལ་པ་ལྟར་བརྐྱངས་ཡོད་པའི་ཐག་རལ་ལའང་།།
བཞི། འཕགས་ཆེན་མཁན་པོའི་སྐྲའམ་རལ་པའི་སྣེ་མོ་ས་ངོས་སུ་རེག་ཐུབ་པས་ན་རལ་པའི་སྒྱུ་རྩལ་གྱི་ཚད་ལོན་པར་བརྗོད་པས་ཀྱང་།།
ལྔ། སྔར་དུས་སྔགས་བོན་སོགས་རལ་པའི་བྲོ་ལ་རོལ་མཁན་གསང་སྔགས་པ་དག་གི་དབུ་ལ་རལ་པའམ་ལྕང་ལོ་ཡོད་པ། །
དྲུག རལ་བཤད་རྒྱག་མཁན་གྱི་མགོ་ལ་རལ་རྫུན་རྔ་མ་དཀར་པོ་གྱོན་པ་དེ་ཕྱིས་སུ་མགོ་ལ་རལ་པ་མེད་ཀྱང་དེའི་ཚབ་ཏུ་རྔ་མ་དཀར་པོ་གྱོན་པ་སོགས་མདོར་ན་དེ་དག་ཚང་མ་རལ་པ་ཞེས་པའི་མིང་དང་འབྲེལ་ཆེ་ཞིང་ཐ་སྙད་དེ་ལྟར་གྲུབ་པའི་བྱུང་བ་རྒྱུ་མཚན་དུ་འགྲོ་བར་སྙམ། མདོ་དོན་སྔ་རབས་བོན་གཤེན་གྱི་གར་འཆམ། ཤོན་རྩེད་ཀྱི་ཁྱད་ཆོས། རལ་པའི་སྐེད་པར་འདོགས་པའི་ཐག་རལ། སྔགས་བོན་དང་རྗེ་བཙུན་མི་ལའི་དབུ་སྐྲ། རྒྱུ་རྩལ་སློང་མོ་བ། རལ་རྫུན་འདོགས་སྲོལ་སོགས་གང་ལྟར་ཡང་“རལ་པ་”ཞེས་གནད་དུ་འབབས་པ་ལས་“རས་པ་”ཞེས་འགྲེལ་བརྗོད་མི་ཐུབ་པའི་ཁུངས་ཐུབ་དཔྱད་ཡིག་ཇི་སྙེད་བཙལ་འཚོལ་ཐུབ་པར་མི་སྣང་ངོ་།།
བཞི། རལ་པའི་བྲོ་ཡི་ཚིག་བཤད།
ད་ནི་རལ་པའི་བྲོ་ཡི་ཚིག་བཤད་འགའ་རེ་དཔེ་མཚོན་དུ་འགོད་ན། དེ་ཡང་རལ་པ་རྒན་པོའི་ཞལ་ན་རེ། ཁོག་སྟོད་ཚ་བ་ནད་ཀྱིས་མ་བཟུང་ལེ་སྦ་ལོ་ལྡེམ་ལྡེམ། ཁོག་སྨད་གྲང་བ་ནད་ཀྱིས་མ་བཟུང་ལེ་ཉ་མོ་འཁྱུག་འཁྱུག ཕར་འགྲོ་གོམ་པས་རྟ་བརྒྱ་རི་ལེ། ཚུར་ཡོང་གོམ་པས་དྲེལ་བརྒྱ་རི་ལེ། ས་ལེ་སི་ལེས་འབྲི་བརྒྱ་རི་ལེ། སོ་གོར་སུམ་ཅུས་ལུག་བརྒྱ་རི་ལེ། རྫི་མ་རོག་པོས་ར་བརྒྱ་རི་ལེ། ཞེས་ལུས་ཀྱི་འཁྱུག་འགྲོས་དང་གར་སྟབས། བཞིན་གྱི་མཛུམ་མདངས་དང་རྣམ་འགྱུར། གོམ་པའི་འདེགས་འཇོག་དང་ཉམས་བཟང་སོགས་ལ་རེ་བ་ནན་པོ་ཡོད་པ་མ་ཟད། ད་དུང་། ས་ཡར་རེ་མི་འཕགས་ལེའི་ལྕགས་ཀྱི་ཐོ་བ་ཡོད་ས། གནམ་མར་ལ་མི་དིབས་ལེའི་གནམ་གྱི་ཀ་བ་ཡོད་ས། གཅིག་འཆམ་པ་དེ་ས་ཆགས་པ་ཡི་བྲོ། གཉིས་འཆམ་པ་དེ་ས་འདུལ་བའི་བྲོ། གསུམ་འཆམ་པ་དེ་ས་ཁོད་སྙོམས་པ་ཡི་བྲོ། ཞེས་ས་འདུལ་ཡུལ་འདུལ་གྱི་ཁྱད་ཆོས་ཡོད་པའི་དན་རྟགས་མང་དུ་གསུངས་འདུག་ལ་སྔོན་དུས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་༼༡༢༧༧ལོར་ལས་མཇུག་ཡོངས་སུ་གྲུབ་སྐད།༽གསར་དུ་བཞེངས་སྐབས་ཁྱུང་ཡུལ་ཨོ་ཐོ་རལ་པའི་ཞབས་བྲོ་ཚོགས་པ་གདན་ཞུ་ཕུལ་ནས་དེ་འདྲའི་དགོས་མཁོ་བསྐང་བར་གྲགས། ད་དུང་རལ་བྲོའི་སྒྱུ་རྩལ་ཁུངས་བཙུན་ཡིན་པར་བསྟན་བྱེད་དུ། ཕུ་མེད་པའི་ཁོལ་མོ་དང་ལུང་མེད་པའི་སྒོ་ང་༼ཕུ་མེད་པའི་སྦུད་པ་དང་ལུང་མེད་པའི་སྒྱེ་མོ།༽ཅི་མིན། ཟེར་བ་སོགས་མང་དུ་མཇལ་ཐོས་ཀྱི་སྐལ་བ་བཟང་ངོ་།།
ལྔ། རལ་པའི་བྲོ་དང་མི་ལ་རས་པའི་བར་གྱི་འབྲེལ་བ།
དུས་ཕྱིས་རྟོགས་དཔྱོད་ཞིབ་ཏུ་མེད་པ་འགའ་ཞིག་གིས་རལ་པའི་སྒྱུ་རྩལ་ནི་རྗེ་བཙུན་མི་ལ་རས་པ་དང་འབྲེལ་བ་ཆེ་བར་སྙམ་པ་དང་། ཐ་ན་རལ་པའི་ཟློས་གར་ནི་ཁོང་གིས་སྲོལ་གཏོད་དེ་རས་ཆུང་རྡོ་རྗེ་སོགས་བརྒྱུད་ནས་རིམ་པར་བྱུང་བར་འདོད་པས་དེ་དག་ནི་དད་པའི་དགོས་མཁོ་སྐོང་ཕྱིར་ཙམ་ཡིན་ན་མ་གཏོགས་ཞིབ་འཇུག་གི་ཐབས་ལ་བརྟེན་ནས་དྲང་བདེན་གྱི་ལམ་ལ་ཞུགས་ན་རྒྱུ་མཚན་ཁུངས་བཙུན་པར་རྙེད་པ་ལ་དཀའ་ཚེགས་ཤིན་ཏུ་ནས་ཆེ་འདུག་སྙམ།
གཅིག མི་ལ་རས་པ་ཞེས་མཚན་དུ་འདོགས་མཛད་པའི་རས་དེ་རས་གོས་རྐྱང་པ་མནབས་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་མཁན་ཞིག་གི་ཁྱད་ཆོས་ལས་འཕྲོས་པའི་རྗེས་གྲུབ་ཀྱི་ཐ་སྙད་དུ་མཐོང་བ་དང་། ལུས་ལ་བདེ་དྲོད་འབར་བས་དགུན་ལྷག་ངད་ཚ་དུས་ཀྱང་རས་གོས་རྐྱང་པས་གོ་ཆོད་པ་བྱུང་བ་སོགས་ལས་མིང་དེ་ལྟར་ཐོགས་པར་འདོད།།
གཉིས། མི་ལ་རས་པའི་རྣམ་ཐར་དུ་གྲགས་པའི་དེབ་གཟུགས་དང་དཔེ་གཟུགས་གང་ཡིན་ནང་མི་ལས་རལ་བྲོའི་སྒྱུ་རྩལ་གསར་གཏོད་དང་བརྒྱུད་སྤེལ་བྱས་པའི་སྐོར་གང་ཡང་མི་གསལ་བ།།
གསུམ། ཁྱུང་རབས་ཁག་ནང་མུ་ལ་རས་པ་ཁྱུང་ཡུལ་དུ་རལ་པའི་སྒྱུ་རྩལ་སྤེལ་དུ་ཕེབས་པའི་ལོ་རྒྱུས་མི་མཆིས་ལ། སྐབས་དེར་ཁྱུང་པོ་བ་ག་གེ་མོས་རྗེ་བཙུན་མི་ལའི་མདུན་ནས་རལ་བྲོ་ཞུས་ནས་ལོག་ཕེབས་པའི་ལོ་རྒྱུས་ཀྱང་མཇལ་ཡུལ་མ་གྱུར། །
བཞི། ནག་ཤོད་འབྲི་རུའི་ཁུལ་དུ་རལ་བྲོ་འཁྲབ་སྲོལ་བྱུང་བ་དེ་ནི་སྟེང་དཀར་རལ་པ་ཞེས་ཁྱུང་པོ་སྟེང་ཆེན་དཀར་རུའི་ཁུལ་ནས་ཡར་ནག་ཤོད་འབྲི་རུའི་ཁམས་སུ་དར་བ་ཡིན་པ་མིང་གི་ཐ་སྙད་འདོགས་སྟངས་ཁོ་ནས་ཐེ་ཚོམ་གྱི་ངལ་བ་སེལ་ཐུབ་ལ་ཕལ་ཆེར་ཁྱུང་པོ་འབུམ་རྗེ་གྲགས་པ་མངའ་ཐང་དར་བའི་སྐབས་སུ་དར་ཁྱབ་སོང་བ་མིན་ནམ་སྙམ། །
ལྔ། ཞར་བྱུང་མི་ལ་རས་པའི་ཐོག་མའི་སློབ་དཔོན་དག་གཡུང་དྲུང་བོན་ལུགས་འཛིན་པ་རུ་འདུག་པས་“མི་ལ་”མ་ཡིན་པར་“མུ་ལ་”མིན་འགྲོ་སྙམ། གང་ལགས་ཞེ་ན་བོན་ལུགས་སུ་ནམ་མཁའི་མཚན་ཅན་འདོགས་པ་མང་བས་“མུ་ལ་”ཞེས་ཞང་སྐད་དུ་ནམ་མཁར་གོ་བས་དཔྱད་པའི་གཞིར་མཐོང་བ་བཅས་སོ། །
དྲུག “རལ་པ་”ལ་“རས་པ་”ཡང་ན་“རད་པ་”སྒྲ་ཡི་ཐོན་ཚུལ་དབྱེ་ཞིབ།
དེ་ཡང་དུས་རྒྱུན་ཁམས་སྐད་ཁྲོད་རྗེས་འཇུག་“ལ་”ཞེས་འཁོད་ཡོད་ཀྱང་ངག་ནས་ས་སྒྲ་ལྟ་བུ་ཐོན་པ་དཔེར་ན། “གསོལ་”ལ་“གསུས་”དང་།“ཕུལ་”ལ་“ཕུས།”“ཐལ་”ལ་“ཐས།” ཁལ་ལ་ཁེས།“རུལ་”ལ་“རུས།” “བལ་”ལ་“བེས།” “རལ་”ལ་“རས་”སོགས་ཀློག་སྟངས་མི་ཉུང་བ་བྱུང་བ་ནི་ཁྱུང་ཡུལ་གཙོ་བོར་བྱས་པའི་ཁམས་ཁུལ་གྱི་ཡུལ་གྲུ་ཕལ་མོ་ཆེར་ངག་གི་བརྗོད་སྟངས་དེ་འདྲ་བྱུང་བ་ལས་དོན་དུ་རྗེས་འཇུག་“ལ་”ཡིན་པ་ལས་“ས་”མ་ཡིན་པ་ཀུན་གྱིས་ཤེས་སླ། དབུས་ལྷ་སའི་སྐད་བརྡ་ཁྲོད་དེ་དང་འདྲ་བ་ཐོན་མང་སྟེ། དཔེར་ན། “མལ་གྲོ་”ལ་ “མས་གྲོ་”ཞེས་དང་། “ཚལ་གུང་ཐང་ ”ལ་ “ཚས་གུང་ཐང་།” “རྣམ་རྒྱལ་”ལ་ “རྣམ་རྒྱས།” “སྟོབས་རྒྱལ་”ལ་ “སྟོབས་རྒྱས་”ཞེས་ངག་ནས་བཟློ་བར་བྱེད་པས་བརྗོད་སྟངས་ཀྱི་གནད་དེ་དག་གིས་“རལ་པ་”དང་“རས་པའི་”བར་གྱི་རྩོད་རྙོག་དག་ཡུལ་སྐད་ཀྱི་བཀླག་སྟངས་ལས་དེ་ལྟར་གོ་བ་ལས་བརྡ་དག་གི་འགྲོས་དང་བསྟུན་ན་“རལ་”ལས་“རས་”མ་ཡིན་པའི་དཀའ་གནད་ལས་ཐར་ཐུབ་སྙམ། གནད་འགག་གཞན་ཞིག་ལས་ཁ་ནས་སྒྲ་དེ་ལྟར་ཐོན་པར་བདེན་པའི་གསལ་ཁ་ཞིག་ཀྱང་བསྟད་རྒྱུ་འདུག་སྟེ། ཁམས་ཁུལ་ལུང་པ་ཕལ་གྱི་ཁོངས་སུ་“བོནད་”ལ་“བོད་”ཟེར་བ་ལྟར་སྔར་ད་དྲག་ཡོད་པའི་ཡི་གེ་“རལད་པ་”ལ་“རད་པ་”དང་། “ཕ་ཡུལད་”ལ་“ཕ་ཡུད་”“རིལད་མ་”ལ་“རིད་མ་”ལྟ་བུ་རྗེས་འཇུག་ལ་”ལས་ཡང་འཇུག་“ད་”དྲག་ཤུགས་ཆེ་བ་ཀློག་པའི་དབང་གིས་“རལད་པ་”ལ་“རད་པ་”ཞེས་པའི་སྒྲ་ཐོན་པ་ལས་“རས་པ་”ཞེས་ནམ་ཡང་ལོག་འགྲེལ་ལམ་མ་དག་རྒྱུན་འབྱམས་ཀྱི་དབང་དུ་འཆོར་བར་མི་རིགས་པའི་གཏན་ཚིགས་མང་ངོ་། །
བདུན། རལ་པའི་བྲོ་ཡི་བརྒྱུད་འཛིན་བྱས་ཐབས་སྐོར།
གཅིག ཐག་རྒྱུག་རལ་པ། ཆེས་དར་སྔ་བའི་རལ་བྲོ་ཞིག་ཡིན་པར་གྲགས། དེང་སང་རྒྱུན་ཆད་ནས་མེད་པར་སྣང་།
གཉིས། ཨོ་ཐོ་རལ་པའམ་དབུ་མདོ་རལ་པ། ཁྱུང་ཡུལ་དཀར་སྨད་གྱང་སྔོན་ཁུལ་དུ་དར་སྲོལ་ཆེ་བ་འདུག བརྒྱུད་འཛིན་པ་ཨོ་ཐོ་ཚང་། སྔོན་དུས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་གསར་བཞེངས་སྐབས་ཆེད་དུ་རལ་བྲོ་འཁྲབ་མཁན་དེ་ཨོ་ཐོ་རལ་པ་ཡིན་པ་དང་དེང་སང་ཡང་དེའི་ལུགས་སྲོལ་མ་ཉམས་པར་དམིགས་བསལ་དུས་སྟོན་སྐབས་ཁྱུང་པོ་སྟེང་ཆེན་ནས་རལ་པའི་སྒྱུ་རྩལ་བ་ཆེད་ཕེབས་ཀྱིས་འཁྲབ་སྟོན་དགོས་པ་ཡིན་འདུག །
གསུམ། ལྡོང་ལུགས་རལ་པ། ཁྱུང་ཡུལ་ནག་རུའི་སྡེ་ཁོངས་ས་མདོ་ཤང་དུ་དར་ཁྱབ་ཆེ་བའི་རལ་པ་ཞིག བརྒྱུད་འཛིན་པ་ ས་མདོ་ལྡོང་ལུགས་ཚང་ངམ་རལ་པ་ཚང་བཀྲ་ཤིས་ཆོས་སྒྲོན་འཁོར་དང་བཅས། །
བཞི། ཁྲ་ག་གཟི་རལ་པའམ་རྡོ་བཅངས་རལ་པ། ཁྲ་ག་གཟི་ནས་རལ་རྒན་བསོད་ནམས་མགོན་པོ། དེས་རལ་པ་སྐྱ་བདག་རྡོ་རྗེ། དེས་རལ་རྒན་ཚུལ་ཁྲིམས་རྡོ་རྗེ། དེས་རལ་རྒན་ག་ཁྲོ། དེས་བསྟན་འཛིན་ནོར་བུ་བར་བརྒྱུད་ཅིང་སྤྱི་ཚོགས་ཁྲོད་བསྟན་འཛིན་ནོར་བུའི་རལ་བྲོའི་སྒྱུ་རྩལ་ཁྱད་ཆོས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་ལ་རལ་བྲོ་དེ་ནི་ཁྱུང་ཡུལ་སེར་ཚའི་ཡུལ་དུ་དར་སྲོལ་ཆེ་བ་ཞིག་ཡིན་འདུག །
ལྔ། མཛོ་པ་རལ་པ། ཁྱུང་སེར་གསེར་གཡུ་མདོ་སྐོར་དུ་དར་མྱོང་ཡོད་པའི་རལ་བྲོ་ཞིག་ཡིན་སྐད་ཐོས། དེ་ལ་སོགས་པ་ཁྱུང་ཡུལ་ས་གནས་མང་པོར་རལ་བྲོའི་སྒྱུ་རྩལ་འདི་དག་གནའ་ནས་ད་བར་ཤོག་བུ་ལ་སྣུམ་གྱིས་འཚོས་པ་བཞིན་དང་ཆུ་བོ་ལམ་དུ་ཞུགས་པ་ལྟར་རྒྱུན་མ་ཆད་པར་དར་སྲོལ་བྱུང་བ་ཡིན་འདུག མིང་མི་འདྲ་བར་ཐོགས་པའང་རལ་པའི་སྒྱུ་རྩལ་གྱི་སྲོལ་འབྱེད་མཁན་ངོས་ནས་མ་ཡིན་པར་བརྒྱུད་འཛིན་པའི་དུད་མིང་དང་རུས་མིང་བྲོ་ལ་སྦྱར་ནས་དེ་ལྟར་ཐོགས་པ་དཔྱད་པའི་ལམ་ནས་ཡོངས་སུ་བརྟགས་ཐུབ་པ་འདུག་གོ། །
བརྒྱད། མཇུག་བསྡུའི་གཏམ།
གོང་ཞུས་གནའ་རབས་ཞང་ཞུང་ཤོན་གྱི་རྩེད་བྲོ་དང་བོན་གྱི་གར་འཆམ་སོགས་ལས་འཕྲོས་ཏེ་“རལ་པ་ཕ་སྨྱོ་བུ་སྨྱོ་”ཞེས་སུ་གསུངས་པ་ལྟར་ཐོག་མར་དལ་ལ་ལྷོད་པ་དང་མཇུག་ཏུ་འཁྲུག་པའི་རྩལ་སྣ་ཚོགས་འཛོམས་ཅིང་། ཨོ་ཐོ་རལ་པ་དང་། སྐྱ་ན་རལ་པ། ག་གཟི་རལ་པ། ག་ཁྲོ་རལ་པ། མཛོ་པ་རལ་པ་སོགས་འདི་དག་རལ་པའི་བྲོ་གར་གྱི་སྲོལ་གཏོད་པོ་མ་ཡིན་པར་རལ་པའི་སྒྱུ་རྩལ་གྱི་ཁྱིམ་བརྒྱུད་དབང་གིས་ཁྱིམ་མིང་དང་རུས་མིང་བྲོ་དང་སྦྲགས་པ་དེ་འདྲ་བྱུང་འདུག གདོད་མ་ནས་ད་ལྟའི་བར་ཕ་ཡིས་བརྒྱུད་པ། བུ་ཡིས་འཛིན་པའི་ཐབས་བླ་ན་མེད་པས་མ་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ། བརྒྱུད་འཛིནདར་འཕེལ་དུ་གཏོང་ཐུབ་པ་ནི་འུ་ཅག་ཚོའི་གཟི་བརྗིད་ཡིན་པར་བསམ་ལ་ཁོང་རྣམ་པའི་བཀའ་དྲིན་དང་ནམ་ཡང་འབྲལ་དུ་མེད་སྙམ།།
མདོར་ན་མེས་རྒྱལ་གླུ་གར་རྒྱ་མཚོའི་ནང་གི་གཟི་བརྗིད་ཆེ་ལ་འོད་མདངས་རབ་ཏུ་འཚེར་བའི་སྒྱུ་རྩལ་ཞབས་བྲོ་འདི་ཉིད་ཕྱོགས་བསྡུས་རང་བཞིན་ལྡན་པའི་གནའ་རབས་བོད་མིའི་བྲོ་གར་རྩེར་སོན་ཞིག་ཡིན་པའི་ཐད་ཐེ་ཚོམ་གང་ནས་ཡོང་སྲིད། མ་འོངས་ཏང་གིས་མི་རིགས་རིག་གནས་སྲུང་སྐྱོང་ཐད་ལ་བཏོན་པའི་སྲིད་བཟང་འོག་ང་ཚོས་རལ་པའི་འཕེལ་རིམ་ གྱི་ལོ་རྒྱུས་རྣལ་མ་མཁྱེན་པའི་ཐོག་ནས་འདི་བཞིན་བརྒྱུད་འཛིན་ཡོང་ཐབས་ལ་འབད་ན་ཡག་ཐོག་ཡག་བརྩེགས་དང་ཤ་ཐོག་མར་བརྩེགས་ཡོང་བའི་རེ་བ་རབ་ཏུ་བརྟན་ཞེས་ཁྱུང་པོ་རལ་བྲོའི་སྒྱུ་རྩལ་གྱི་གཤིས་ལ་གོམས་འདྲིས་ཅུང་ཙམ་ལྡན་ལ། དེའི་ བྱུང་འཕེལ་ཐད་བདེན་པའི་བག་ཆགས་ཅུང་ཙམ་འཇོག་འདོད་ཆེ་བའི་གླིང་སྨན་གཡུང་དྲུང་བཀྲ་ཤིས་སམ་གཞན་དུ་ཁྱུང་འཚོ་བྱེད་ཟླ་འོད་དུ་འབོད་པས་བཀྲ་ཤིས་རྫས་རྟགས་བརྒྱད་ཀྱི་བགོ་སྐལ་ས་བཅད་རྣམ་པའི་ཐོག་ནས་རོབ་ཙམ་ཀུན་གྱི་སྤྱན་སྔར་དུ་བསྟར་བ་འདིས་འབྲེལ་ཐོགས་ཡོངས་ལ་དཔྱད་པ་བྱེད་པའི་གཞི་རུ་སྨོན། ཐ་ཚན་མུ་ཙུག་སྨར་རོ། །
རྩོམ་པ་པོས་ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བྱམས་པ་ལགས་དང་ལྷན་དུ་ཁྱུང་ཡུལ་རལ་བྲོའི་སྐོར་ནས་ཁ་བརྡ་བྱེད་བཞིན་པ།