གནའ་རབས་བོན་དང་འབྲེལ་བའི་གསོ་རིག་སྐོར་གྱི་དཔྱད་གླེང་།
[ཟླ་ཚེས། 2020-02-04 22:05:10][རྩོམ་པ་པོ། གླིང་སྨན་གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། དཔྱད་གླེང་འདིར་ཉེ་དུས་བོད་ཀྱི་གསོ་བ་རིག་པའི་བདག་དབང་ལ་ཧབ་ཐོབ་རྒྱག་པའི་དུས་ཀྱི་དགོས་མཁོར་བསྟུན་ནས་ཐོག་མར་བོད་རང་ལུགས་པའི་གསོ་རིག་བྱེད་པོ་གཤེན་རབ་མི་བོ་ཆེའི་འཁྲུངས་དུས་དང་འཁྲུངས་གནས་སྐོར་ནས་ར་སྤྲོད་དང་སྐབས་དེའི་གསོ་དཔྱད་ཡོངས་ཀྱི་བསྡུ་བ་པོ་སྐུ་སྲས་དྲང་སྲོང་ཆེན་མོ་དཔྱད་བུ་ཁྲི་ཤེས་ཀྱི་འཁྲུངས་དུས་ལོ་ཚིགས་ཀྱང་གསལ་བཤད་ཞུས་ཡོད། དེ་ནས་གནའ་རབས་བོན་གྱི་སྐབས་སུ་གསོ་དཔྱད་རིག་པ་ཕུན་སུམ་ཚོགས་པོ་ཡོད་པའི་གཏན་ཚིགས་བན་བོན་ཕྱོགས་གཉིས་ཀའི་ཚད་ལྡན་ཡིག་ཆ་ཁག་ནས་ལུང་འདྲེན་ཁུངས་སྐྱེལ་དང་། རིམ་བཞིན་གནའ་རབས་བོན་དང་འབྲེལ་བའི་གསོ་དཔྱད་བརྒྱུད་རིམ་ཁག་ངོ་སྤྲོད་དང་དཔྱད་གཞིའི་ཚུལ་དུ་ཀུན་གྱི་སྤྱན་སྔར་བསྟར་ཡོད། མཇུག་ཏུ་མ་འོངས་ཞིབ་འཇུག་གི་ཐབས་ལམ་བཟང་པོས་མི་རིགས་རང་གི་གསོ་རིག་བྱུང་བ་སྲོང་པོར་བརྗོད་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུའི་འདུན་པ་རབ་ཏུ་བརྟན་པ་བཅས་ཀྱི་ནང་དོན་ཚུད་ཡོད། །
བརྡ་ཆད་གཙོ་བོ། སྟོན་པ་གཤེན་རབ། དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི། གཏན་ཚིགས། བརྒྱུད་རིམ།
དང་པོ། གཤེན་རབ་ཡབ་སྲས་སྐོར་གྱི་གླེང་མོལ།
༡ སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་དུས།
ཞང་ཞུང་གི་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་དུ། ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་(b.c.16016)ལོར་འཁྲུངས། སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན(a.d.1813-1870གྱི་བཞེད་པ་ལྟར་རོ། དེ་ལྟར་བརྩིས་ན་འདི་ལོ་༢༠༢༠ལྕགས་བྱི་ལོ་བར་འབྱུང་ལོ་༡༨༠༣༧ཕྱིན་འདུག དེ་འཁྲུངས་ལོ་མང་བའི་དབང་དུ་བྱས་ནས་བརྩིས་པ་ཡིན་འདུག འཁྲུངས་ལོ་ཉུང་བའི་བཞེད་པ་ལྟར་ན་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འབྱུང་ལྡན་ཉེར་ལྔ་པའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་བརྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས། གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་གསུངས་པ་དེ་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་མཐུན་ཡོད་པ་མཁས་དབང་གོ་འཇོ་དབང་འདུས་སོགས་ཀྱི་ཐུགས་ལ་འཁྲུངས་ནས་བོད་ཀྱི་གསོ་བ་རིག་པའི་ཡིག་ཐོག་རིག་གཞུང་ལ་འདི་ལོལྕགས་བྱི་ལོ་བར་ལོ་ངོ་༣༨༧༧ཙམ་གྱི་ལོ་རྒྱུས་ཡོད་ཅེས་གསར་དུ་བྱས་པའི་བོད་ཀྱི་གསོ་རིག་བྱུང་བ་བརྗོད་པའི་ལོ་རྒྱུས་ཁག་ནང་བཀོད་ཡོད། །
༢ སྟོན་པ་གཤེན་རབ་ཀྱི་འཁྲུངས་གནས།
སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ནི་སྟོན་པའི་རྣམ་ཐར། 《མདོ་འདུས་》ལས། ༼ ལེའུ་༢༢ཤ༢༠༡ ༽གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ནས། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་གླིང་སྨྲིག་ཤད་ཤིང་གི་རྩར། རི་བོ་གངས་ཅན་ཏི་ཙེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགོ། རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་དགུ་འདས་ཀྱི་ར་བ་སྟེ། ཆུ་བོ་པཀྵུ་དང་ནི་སི་འདུ་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་གནས། ངོ་མཚར་རྨད་དུ་བྱུང་བའི་ནང་། ས་ནི་པདྨ་འདབ་བརྒྱད་བཀྲ། བཀྲ་ཤིས་མེ་ཏོག་ཨུ་དུ་འབར་ར་སྐྱེས། རི་ནི་གཡུང་དྲུང་དགུ་བརྩེགས་རི། གནམ་ནི་འཁོར་ལོ་རྩེ་བརྒྱད་འདྲ། ཉི་མ་དྲོ་ཞིང་ཟླ་བ་གསལ། ཞེས་དང་། རི་བོ་གངས་ཅན་ཏི་སེ་ནི། གཡུང་དྲུང་དགུ་བརྩེགས་ཞེས་ཀྱང་བྱ། ཞེས་དག་སྣང་ཁོ་ན་མ་ཡིན་པའི་འཆད་ཚུལ་དུ་སྣང་། གཞན་ཡང་《སྲིད་པ་སྤྱི་མདོས་》ལས། ཡ་ཀིའི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་འགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་ཕམ་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། ཞེས་གསུངས་པ་ལྟར་མདོར་ན་སྔར་ཞང་ཞུང་ཕུག་པར་གྲགས་ཅིང་དེང་གངས་ཏི་སེ་དང་མཚོ་མ་ཕམ་ལྟེ་བ་བྱས་ཤིང་སྤོས་རི་ངད་ལྡན་ནམ་བོན་རི་སྟག་སྣ་དང་ཉེ་བའི་ས། ཆུ་བོ་བཞི་འདུས་ཀྱི་འགོ་མོ་རུ་བསྔགས་པའི་སྟོད་མངའ་རིས་ཀྱི་ས་ཁོངས་ལྟེ་བ་དེ་ན་ཡིན་པར་འདོད་དོ། །
༣ རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཀྱི་སྐོར།
དྲང་སྲོང་དཔྱད་བུ་ཁྲི་ཤེས་ནི་ཡབ་སྟོན་པ་གཤེན་རབ་དང་ཡུམ་ཧོས་བཟའ་རྒྱལ་མེད་གཉིས་ཀྱི་སྲས་སུ་འབྱུང་ལྡན་ཉེར་དྲུག་པའི་ཤིང་སྤྲེལ་ལོ་སྟེ་སྤྱི་ལོའི་སྔོན་གྱི་༡༤༤༩༦ལོར་འཁྲུངས་པར་བཞེད། གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ་ཡབ་ཀྱི་དྲུང་ནས་གསན་ཞིང་དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་ཐུགས་ལ་གསལ་བས་སངས་རྒྱས་སྨན་གྱི་ལྷ་དང་དབྱེར་མེད་དུ་གྱུར། སྟོན་པས་ཕྱི་ནང་གསང་བའི་བོན་སྤྱི་དང་། ཁྱད་པར་དུ་བཞི་བརྒྱ་རྩ་བཞིའི་ནད་སེལ་བར་བྱེད་པའི་གཉེན་པོར་གསོ་རིག་འབུམ་བཞི་དང་། དཔྱད་ཀྱི་གཞུང་ཆེན་ལྔ། མདོ་སྡེ་ཆེན་པོ་དགུ། མན་ངག་ཡན་ལག་བརྒྱད། ཉིང་ལག་ཉི་ཁྲི་ཆིག་སྟོང་བཅས་གསོ་དཔྱད་བདུད་རྩིའི་བོན་སྒོ་གཏན་ལ་ཕབ་ནས་སྲས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པས་ཞང་བོད་ཀྱི་གསོ་རིག་བསྟན་པའི་སྒྲོན་མེ་ལྟ་བུར་གྱུར། དུག་བཅོས་གཡུང་དྲུང་འཁྱིལ་བ་དང་དཔྱད་ཐབས་འཕྲུལ་སྡེ། བྱིས་སྦའི་རྣ་རྩ་བཏགས་ཐབས་སོགས་མང་དུ་བརྩམས། རྗེས་སུ་རབ་ཏུ་བྱུང་བས་ཚུལ་མིང་ཚུལ་འབར་ཁྲི་ཤེས་གསོལ། བཀའ་བསྡུའི་སྐབས་དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས་ཁོང་གིས་བཀའ་བསྡུས་མཛད་པ་ཡིན་འདུག་གོ།
གཉིས་པ། གནའ་རབས་བོན་གྱི་སྐབས་སུ་གསོ་དཔྱད་ཡོད་པའི་གཏན་ཚིགས།
དེ་ཡང་ཡུལ་གངས་ཅན་པའི་གསོ་དཔྱད་ཐོག་མ་ནི་བོད་རང་ས་ནས་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱིས་གསུངས་དྲང་སྲོང་ཆེན་མོ་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་ནས་དར་སྤེལ་མཛད་པ་ནི་དེང་དུས་ཡོངས་གྲགས་སུ་གྱུར་ཅིང་། ཁོང་ནི་བོན་གྱི་ལོ་རྒྱུས་གཏན་ཚིགས་ངེས་པའི་གལ་མདོ་ལས། གཤེན་སྲས་དཔྱད་བུ་ཁྲི་ཤེས་སྤྲུལ། གསོ་དཔྱད་སྨན་གྱི་བསྟན་པ་སྤེལ། ནད་དང་དུག་གི་བར་ཆོད་བསལ། ཞེས་གསུངས་ཡོད། ཁོང་ཉིད་བོད་རང་ས་ནས་འཁྲུངས་པའི་གཤེན་རབ་མི་བོའི་སྐུ་སྲས་གཉིས་པ་ཡིན་ཞིང་གསོ་བ་སྨན་གྱི་རིག་པ་གཉེར་གཏད་མཛད་སའི་སྣོད་ཀྱི་གཙོ་བོ་ཡིན་སྐོར་ནི་དཔྱད་རྒྱུད་བདུད་རྩིའི་བུམ་པ་ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་དུ་གཏན་ལ་ཕབས་ནས་བཤད་པར་མཛད་དེ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། ཅེས་གསུངས་པར་གཞིགས་ན། སྐབས་དེར་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་དང་། བལྟ་རེག་དྲི་གསུམ་གྱི་བརྟག་ཐབས། དེ་དང་བསྟུན་པའི་གསོ་ཐབས་ལག་ལེན་བཅོ་བརྒྱད་སོགས་ཚང་བར་གཏན་ལ་ཕབ་ནས་བསྟན་ཡོད་པར་གསལ། དེང་གི་ཆར་བོད་ཀྱི་གསོ་རིག་ཕལ་གྱི་ཕྱི་མོར་བཞུགས་པ་ནི་དཔྱད་བུས་བསྡུས་པའི་སྨན་གྱི་འབུམ་བཞི་འདི་ཉིད་ཡིན་ཅིང་། ད་དུང་ཁོང་ནས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་དང་། དབང་པོ་རིལ་བུའི་ལག་ལེན། རྩ་འགྲེལ་ལེའུ་བདུན་པ། དཔྱད་རྒྱུད་ཟླ་བའི་འོད་ཟེར། དཔྱད་རྒྱུད་ཁྲི་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་། བྱིས་ནད་བརྟག་བཅོས་ཆུང་དཔྱད་མེ་ལོང་། བྱིས་པའི་རྣ་རྩ་བརྟག་པའི་ཡིག་ཆུང་། ཤིང་སྦྱོར། རྡོ་སྦྱོར། ལྡུམ་སྦྱོར་སོགས་གསོ་དཔྱད་ཀྱི་གཞུང་ལུགས་སྣ་ཚོགས་ཡོད་པར་གྲགས་ཤིང་དེ་དག་ལས་མཇལ་དུ་ཡོད་པའི་སྨན་དཔེ་མི་ཉུང་བ་ཞིག་ད་ལྟ་ཡངབྱིན་རླབས་མ་ཡལ་བརབཞུགས་ཡོད། ཐོག་མར་ཐུགས་འབུམ་ནམ་མཁའ་སྔོན་པོ་དགའ་ལྡནབྱ་བར་བསྟན་ཟིན་རྗེས་ཕྱིས་བསྟན་པ་གཉེར་གཏད་སྐབས་རིག་པའི་གནས་ལྔ་ལ་འབུམ་གསུམ་རེ་བསྟན་པ་ལས་སྐབས་དོན་གསོ་བ་རིག་པའི་འབུམ་གསུམ་ནི་སྲས་དཔྱད་བུར་བསྟན་པ་སྟེ་《རྣམ་པར་རྒྱལ་བའི་གཟུངས་ཆེན་ལས།》གསོ་བྱའི་ནད་འབུམ་ནག་པོ། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ་རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ། །ཞེས་དང《བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས།》ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས། །ཚུལ་མིང་གཤེན་རབ་ཚུལ་འབར་ཁྲི་ཤེས་གསོལ། །ཞེས་གསུངས་སོ། །
ད་དུང་སྟོན་པའི་མཛད་རྣམ་རྒྱས་པ་《མདོ་དྲི་མེད་གཟི་བརྗིད་ལས།》ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་བཤད་པར་མཛད་དོ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། ཞེས་འཁོད་པ་མ་ཟད། དཔྱད་བུ་ཁྲི་ཤེས་ནི་སྟོན་མཆོག་གཤེན་རབ་མི་བོས་བསྟན་པའི་གསོ་དཔྱད་བཀའ་ཡི་བསྡུ་བ་པོ་གཙོ་བོ་ཡིན་སྐོར་ནི། 《བསྟན་པ་གཉེར་གཏད་ཀྱི་མདོ་》ལས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་དང་། རིག་པའི་དཔྱད་ལ་རྣོ་བས་དཔྱད། །སེམས་ཉིད་ཡོངས་ལ་བྱམས་པས་བུ། །དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི། །དེ་ཡི་ཕྱིར་ན་དཔྱད་བུ་ཁྲི་ཤེས་སོ། །ཞེས་དཔྱད་བུ་ཁྲི་ཤེས་ཀྱི་མཚན་འདོགས་དང་འབྲེལ་བའི་འགྲེལ་བརྗོད་ཀྱང་ལྷན་དུ་གསལ་ལོ། །ད་དུང་བོད་ཀྱི་གསོ་རིག་གཤེན་རབ་ཡབ་སྲས་སྐུ་དུས་དབུ་བརྙེས་པ་དང་ཞང་བོད་ལྗོངས་ལ་གནའ་རབས་གསོ་ཐབས་ཕུན་སུམ་ཚོགས་པོ་ཡོད་པའི་ཤེས་བྱེད་གཞན་འགའ་འགོད་ན། དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འབྱུང་ལྡན་ཉེར་ལྔ་པའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་རྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས། གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་དང་། མཁས་མཆོག་དེལ་དམར་མཆོག་གི་ཟབ་གསལ་སྙིང་ཐིག་ཏུ་《དུག་བཅོས་གཡུང་དྲུང་འཁྱིལ་བ་》ལ་ཁུངས་གཏུག་དང་དེ་ལས་ལུང་འདྲེན་ཞིབ་པར་མཛད་ཡོད་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་《གསོ་རིག་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་》ལས། སྔ་རབས་པ་འགས་བྱས་པ་ཡི། གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། དེ་ནི་མ་བརྟག་གཏམ་ཡིན་ཏེ། ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། བི་བྱི་བི་ལྷ་གཉིས་བྱོན་ཏེ། འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། སྤེལ་བའི་ཐོག་མར་དབུ་བརྙེས་ལས། འདི་དུས་བོད་ཀྱི་གསོ་དཔྱད་དབུ། བརྙེས་པར་བརྗོད་ན་མངོན་སུམ་འགལ། གངས་ཅན་བོད་ཀྱི་གསོ་དཔྱད་ནི། གཉའ་ཁྲི་བོད་རྗེར་མ་བྱོན་གོང་། སྟོན་པ་གཤེན་རབ་མི་བོ་ཆེ། ཞང་ཞུང་འོལ་མོ་ལུང་རིང་བལྟམས། དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། དཔྱད་བུ་ཁྲི་ཤེས་ལ་སོགས་པའི། རྗེས་འཇུག་མཁས་པ་མང་བསྐྱངས་ནས། བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། གཡུང་དྲུང་བོན་ལ་རླུང་ལྟར་གྲགས། དེས་ན་བོད་ཀྱི་གསོ་དཔྱད་དབུ། གཡུང་དྲུང་བོན་གྱི་དུས་སུ་བརྙེས། ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་དབུབས་》ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། ཞེས་དང་། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་མན་ངག་པོ་ཏིདམར་པོའི་ནང་བྱིས་པའི་རྣ་རྩ་བརྟག་ཐབས་ཀྱི་དབུར། དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་ཕྱག་འཚལ་ལོ། ཞེས་འཁོད་པ་དང་། དྭག་པོ་ལྷ་རྗེས་མཛད་པའི་《དྭག་པོའི་སྙིང་ཐིག་ཤེལ་འཕྲེང་བཅོ་བརྒྱད་ནས་མན་ངག་གང་མོས་སྡེབས་སྦྱོར་སྙིང་ཁྲག་ཐིག་པ་བཞུགས་སོ།》ཞེས་པའི་ནང་། སྨན་གྱི་རྒྱལ་པོ་གྷྲིང་སྒྲུབ་ཐབས་ནིཿགཤེན་རབ་སྟོན་པ་ཉིད་ལ་ཕྱག་འཚལ་ལོ། ཞེས་དང་། གནའ་རབས་བོན་གྱི་གསོ་རིག་མཁས་དབང་དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་》ལས། འདིར་བཤད་པའི་བཅད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱདབུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས། རུས་འབྱོར། རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ལས་བཏུས། ཞེས་དང་། ཏུན་ཧོང་བྲག་ཕུག་ནས་རྙེད་པའི་བོད་ཡིག་ཤོག་དྲིལ་ལས། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མྱེད་དེ། །དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་དཔྱད་ཕུག་པ་དང་སྦྱར་ཏེ་བགྱྀས་པ་ལགས་སོ། །ཞེས་འཁོད་ཡོད་པ་དང་། དེ་བཞིན་བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་པོར་མངའ་གསོལ་སྐབས་གདན་འདྲེན་ཞུ་མཁན་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་དུ། ཕན་ཤེས་སྨན་དཔྱད་ཀྱི་བོན། ཞེས་དང་། དུག་ཡོད་ན་སྨན་ཡོད་ཅེས་གསལ། ད་དུང་《རྒྱལ་རབས་གསལ་བའི་མེ་ལོང་》ལས། བོན་ལ་རིགས་དགུ་ཕྱེ་སྟེ། རྒྱུའི་བོན་ལ་རིགས་བཞི། འབྲས་བུའི་བོན་རིགས་ལྔའོ། ཞེས་གསུངས་ཡོད་པ་ལས། རྒྱུའི་བོན་པོ་རིགས་བཞི་ལས་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་དང་གཡང་འགུག་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། ཅེས་གསལ་བ་དང་། སྟག་རི་གཉན་གཟིགས་སྐབས་འ་ཞའི་སྨན་པས་གསེར་གྱི་ཐུར་མས་མིག་ཕྱེས་པ་དང་མཁར་རོ་དང་དུར་ལམ་གྱི་གནའ་ཤུལ་ནས་ཀླད་རུས་གཤགས་བཅོས་བྱས་པའི་དངོས་དཔང་རག་པ་ལས་ཀྱང་བོད་ཀྱི་གསོ་རིག་དར་སྔ་བའི་ལོ་རྒྱུས་ཡོངས་སུ་རྟོགས་ཐུབ་པར་སྙམ་མོ། །
གསུམ་པ། གནའ་རབས་བོན་དང་འབྲེལ་བའི་གསོ་རིག་དཔེ་གཞུང་།
༡ 《གསོ་རིག་འབུམ་བཞི།》སྟོན་པ་གཤེན་རབ་ཀྱིས་གསུངས། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས།
༢ 《ཀླུ་འབུམ་དཀར་ནག་ཁྲ་གསུམ།》སྟོན་པ་གཤེན་རབ་ཀྱི་བཀའ།
༣ 《གེ་ཁོད་བདུད་འདུལ་གསང་བ་རྩ་བའི་རྒྱུད་ཅེས་བྱ་བ་བཞུགས།》སྟོན་པ་གཤེན་རབ་ཀྱི་བཀའ།
༤《ནད་འགོག》སྟོན་པའི་བཀའ། ཞུ་རྒྱལ་མཚན་མཆོག་ལེགས་ཀྱི་སྙན་བརྒྱུད་ཡིན་པར་བཀོད་འདུག
༥ 《གསེར་ལོ་ལྗོན་ཤིང་བདུད་རྩི་འཁྱིལ་པའི་རྒྱུད་བཞུགས་པའི་དབུའི་གཟིགས་ཕྱོགས་ལེགས་སོ། །》གཤེན་ལྷ་འོད་དཀར་གྱིས་གསུངས།
༦《ཁྱི་སྨྱོན་བཅོས་ཐབས་ཀྱི་མདོ་བཞུགས་སྷོཿ 》གཤེན་ལྷ་འོད་དཀར་གྱིས་མཛད།
༧ 《དུག་བཅོས་གཡུང་དྲུང་འཁྱིལ་བ།》དཔྱད་བུ་ཁྲི་ཤེས་ཀྱིས་མཛད།
༨ 《བྱིས་སྦའི་རྣ་རྩ་བཏགས་ཐབས།》དཔྱད་བུ་ཁྲི་ཤེས་ཀྱིས་མཛད།
༩ 《དཔྱད་ཐབས་འཕྲུལ་སྡེ།》དཔྱད་བུ་ཁྲི་ཤེས་ཀྱིས་མཛད།
༡༠《རྣ་རྩ་ཕབས་པའི་ཡིག་ཆུང་བཞུགས་སོ།》དཔྱད་བུ་ཁྲི་ཤེས་ཀྱིས་མཛད། ཡིག་བྲིས་ས་ཏྲིག་སམ་སད་བདག་གིས་གུ་གེར་རྒྱུད་པ་ཞེས་འཁོད།
༡༡《འཁོན་སྤྱུག་སྦྱོང་བའི་མན་ངག》མཛད་པ་པོ། ཞང་ཞུང་དྲན་པ་ནམ་མཁའ་དང་སྟོང་ཆེན་དམུ་ཙ་གྱེར་མེད་ནས་མཛད།
༡༢《འཁོར་ལོ་རྒྱལ་པོའི་བེ་བུམ།》རྒྱུད་བཞི་མཇུག་བྱང་དུ་ཞང་ཞུང་ལས་བྱུང་བའི་གསོ་གཞུང་ཡིན་སྐད།
༡༣《 ཏུན་ཧོང་ནས་ཐོན་པའི་ཞང་ཞུང་སྐད་ཀྱི་གསོ་རིག་ཡིག་ཆའི་འདྲ་བཤུས།》(S.t.755)英国大英博物館、印度事务部图书馆公布的斯坦因第二次探险收集的郭煌古藏文文献目录中)
༡༤《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམ་བསྒྲིགས།》མེ་བཙའི་བཅོས་ཐབས།
༡༥《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།》སྨན་དཔྱད་གཅེས་པ་དྲུབ་པ་(སྨན་དཔྱད་གཅེས་པ་གྲུབ་པ་ལེགས་སོ། )ཀུན་བསྡུས་པ། རྩོ། ཡེགས་སྷོ། །རྫོགས་སྩོ། སྩོགས་སྷོ།། །།
༡༦ སྨན་བོན་སྐོར་གྱི་ཡིག་ཆུང་《འཕྲུལ་གྱི་ཐེ་གུ་བརྒུ་སྐོར་》བོད་བཙན་པོའི་སྐབས་ཀྱི་སྨན་གཞུང་ཡིན་པར་སྣང་།
༡༧ 《རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས།》དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད།
༡༨《 རྩ་མདོ་ཁུ་བྱུག་ཞུས་ལན་ལས་ཀྱིས་་་་་་ཉེ་དུ་ཁི་དམར་འཚོ་འཆི་རྟེན་ལ་ཕབས་པའི་མན་ངགས་བཞུགས་པ་ལེགས་སྷཱོ།》༼རྩ་མདོ་ཁུ་བྱུག་ཟེར་བའི་སྨར་ཆུང་ཡིག་གཟུགས་དེ་ཙམ་མི་ལེགས་པ་ཞིག་འདུག༽མཛད་པ་པོ་མ་གསལ།
༡༩《བྱིས་སྦའི་རྣ་རྩ་འཕབ་པའི་འཕྲིན་ལས་གསལ་བའི་མེ་ལོང་བཞུགས་པ་ལེགས་སོ།》ནི་ལའི་མཐའ་ཅན་གྱིས་མཛད།
༢༠《མི་དང་རྟ་ཕྱུགས་སོགས་ན་བའི་ཚེས་གྲངས་གདོན་ཆ་རྟག་པའོ།》མཁན་ཉི་མ་བསྟན་འཛིན་གྱིས་མཛད།
༢༡ 《སྨན་གྱི་སྤྲ་སྒྲུབ་དང་རྩ་སྤྱད་ཉི་མའི་སྒྲོན་མེ་བཞུགས་པ་ལེགས་སོ།》མཛད་པ་པོ་གནས་སྐབས་མ་གསལ། རྗེས་སུ་རག་རྒྱུ་བྱས།
༢༢ 《 སྔགས་བོན་གཅེས་བཏུས་སྙིང་གི་ཐིག་ལེ།》གཙང་སྔགས་ཀྱིས་མཛད།
༢༣《སྔགས་བོན་གཅེས་བཏུས་སྙིང་གི་ཐིག་ལེའི་མ་ཚང་ཁ་སྐང་།》གཙང་སྔགས་ཀྱིས་མཛད།
༢༤《ཆུ་བརྟགས་གསེར་དངུལ་མེ་ལོང་ཞེས་བྱ་བ་བཞུགས་པ་ལགས་སྷཱོ།》མཛད་པ་པོ་མ་གསལ།
༢༥《མན་ངག་སྔགས་འབུམ་ཟབ་མོ་བཞུགས་སོ།》ཤེལ་ཞིག་ནམ་མཁའ་མཐའ་བྲལ་གྱིས་མཛད།
༢༦《སྔོ་ལ་བཟང་དྲུག་རྩི་སྨན་གྱི་ཚབ་སྟང་ཚབ་བཟོ་ནུས་པ་ཡོན་ཏན་ལྡན་པའི་ཉེར་མཁོ་བཞུགས།》གཡུང་དྲུང་བསྟན་པ་འབྲུག་གྲགས་ཀྱིས་མཛད།
༢༧ 《གསོ་རིགས་ཀྱི་མན་ངག་སྨན་ནུས་ཀྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ་བཞུགས་པ་ལེགས་སྷཱོ། །》དྲུང་མུ་ཙ་ཝེར་གྱིས་མཛད།
༢༨《འཚོ་བྱེད་ལས་དང་པོ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩི་ཐིག་པ།》ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་འམ་བསྟན་གཉིས་གཡུང་དྲུང་གླིང་པ་རིན་པོ་ཆེས་མཛད།
༢༩《ནད་སྨན་བརྡ་སྤྲོད་ཟིན་ཏིག་གཅེས་བསྡུས་ཀྱི་ཁ་བསྐང་ཡང་ཏིག་སྨན་གྱི་སྦྱོར་བ།》རིཀྵ་ཚུལ་མིང་པས་མཛད།
༣༠《གསོ་བ་རིག་པའི་རྒྱུད་དང་བསྟན་བཅོས་ཀུན་ལས་གཅེས་པར་བཏུས་པའི་སྨན་སྦྱོར་བདུད་རྩིའི་གྲུ་ཆར།》སྨན་གྱི་དྲང་སྲོང་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད།
༣༡《གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་སྨན་སྦྱོར་སྟོང་རྩ།》ཆ་ལག་དང་བཅས་པ། མཛད་པ་པོ་ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།
༣༢《ཐུགས་འབུམ་མཁའ་སྔོན་གྱི་སྡོང་དགུའི་འགྲེལ་བཤད་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས།》《གཏར་དམིགས་མེ་དམིགས་ཀྱི་མན་ངག་བླ་མའི་ཞལ་རྒྱུན།》《ནད་རིགས་དང་སྨན་རྫས་ཀྱི་ཟུར་བཀོད་དཀར་ཆག》ཤེས་རབ་མཆོག་ལྡན་ནམ་ཚངས་སྲས་སྨྲ་བའི་དབང་པོས་མཛད།
༣༣《སྔར་སྲོལ་བོད་ཀྱི་གསོ་རིག་འབུམ་བཞི་སོགས་ལས་གཅེས་པར་བཏུས་པའི་གལ་ཆེའི་གསོ་རིག་གནད་བསྡུས།》རག་ཤི་སྨན་དགེས་མཛད།
༣༤《ལུས་ཁམས་རིག་པ།》《བརྟག་ཐབས་རིག་པ།》《གསོ་བྱེད་ཐབས་ཀྱི་རིག་པ།》《ནད་ཐོག་རིག་པ།》《སྨན་སྦྱོར་རིག་པ།》《སྦྱོང་བྱེད་ལས་ལྔའི་སྐོར།》《འཇམ་རྩུབ་དཔྱད་ལྔའི་སྐོར།》《གསོ་བ་པོ་སྨན་པའི་སྐོར།》སོགས་མངའ་རིས་དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད་པ་བཅས་གཙོ་གནད་དཔེ་མཚོན་འགའ་ཞིག་མཚམས་སྦྱོར་དུ་བཀོད་པའོ། །
བཞི་པ། གནའ་རབས་བོན་དང་འབྲེལ་བའི་གསོ་དཔྱད་བརྒྱུད་རིམ།
༡༽ཤེས་རབ་མཆོག་ལྡན་ནས་མཛད་པའི་《ཐུགས་འབུམ་མཁའ་སྔོན་གྱི་སྡོང་དགུའི་འགྲེལ་བཤད་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས།》ཞེས་པ་ལས་བདུད་རྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཙ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབས་བྱེད་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་(༡༠༥༢-༡༡༠༦)ལ་སྤེལ་བའོ། དེས་མཉམ་མེད་ཆེན་པོ་དང་། མཁན་རབས་རིམ་པར་བརྒྱུད། རྩ་བའི་བླ་མ་སྐུ་མདུན་བསྟན་པ་བློ་གྲོས་རིན་པོ་ཆེ་དང་། འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གཉིས་ནས་བདག་ལ་བཀའ་དྲིན་ཆེའོ། །ལན་གཅིག་ཞུས་སོ། །ཞེས་དུས་ཕྱིས་བོན་ལུགས་དང་འབྲེལ་བའི་གསོ་དཔྱད་བརྒྱུད་རིམ་ཞིག་མཇལ་དུ་འདུག
༢༽ བདུད་རྩི་ཕུམ་བུམ་དགུ་པའི་བརྒྱུད་རིམ་ནི། བོན་སྐུ་ཀུན་ཏུ་བཟང་པོ། དེས་ཡབ་འཕྲུལ་གཤེན་སྣང་ལྡན། ཡུམ་བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ། རྨ་ལོ་དར་དཔྱང་། དེས་ལྷ་གཤེན་ཡོངས་སུ་དག་པ། རྒྱལ་གཤེན་མི་ལུས་བསམ་ལེགས། ཀླུ་གྲུབ་ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན། བོན་མོ་སྟག་བཟའ་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག ཞང་ཞུང་སད་ནེ་གའུ། ཞང་ཞུང་ཁྱུང་ལྷ་དགྲ་འདུལ། ཞང་ཞུང་ཨུ་གུ་དགྲ་འདུལ། ཞང་ཞུང་ལྷ་རི་དཀར་པོ། ཞང་ཞུང་ལ་དཀར་ཆེན་མོ། ཞང་ཞུང་ལི་མུར་ཁོད་ཏང་། ཞང་ཞུང་ཚ་ལ་རྒྱུང་ནེ། ཞང་ཞུང་ར་རིང་། ཞང་ཞུང་ཁྱུང་དཀར། ཞང་ཞུང་དམུ་ཚ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། ཞང་ཞུང་ཨ་པོ་ཆབ་དཀར། ཞང་ཞུང་གཡུང་དྲུང་རྒྱལ་པོ། ཞང་ཞུང་ཚེ་ཡི་རྒྱལ་པོ། ཞང་ཞུང་ཚེ་མི་ཀུན་སྣང་། ཞང་ཞུང་དོན་རྟོགས་རྒྱལ་པོ། ཞང་ཞུང་ཨ་ས་གཙུག་ཕུད། ཞང་ཞུང་ཨ་མདན་ཅིང་། ཞང་ཞུང་དར་མ་ཧཱ་ཏི། ཞང་ཞུང་ཏ་བ་ཧ་ཏི། ཞང་ཞུང་མུ་ལ་མ་ནོས། ཞང་ཞུང་དང་ར་ལ་ཧ་ཏི། རིག་འཛིན་གསང་བ་རབ་འབྱམས། ཀུན་འདུལ་རྒྱལ་པོ། ཐེག་ཆེན་ཀུན་འདུས། ཀུན་རིག་རྒྱལ་པོ། གཡུང་དྲུང་སྙིང་པོ། ཁུ་བོན་མང་པོ་རྗེ་ལོང་། མང་རྗེ་ཟླ་མཚན། ཁུ་གཤེན་ཁུ་མང་དགྲ་ལྷ། གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་བདག་ཡེ་ཤེས་དབལ་མོ་ལ་གཉེར་བཅོལ་ནས་གཏེར་དུ་སྦས་སོ། །ཕྱིས་དུས་སུ་ཁུ་མཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད་ནས་གཏེར་གྱི་བདག་པོར་སྤྲོད་གསུངས་ནས། གཤེན་དམ་པ་རྒྱལ་ཚབ་(1050-1138)རིན་པོ་ཆེར་གཤང་ཁྲི་ཆུང་བཅས་ཚང་མ་ཕུལ་ལོ། །གཤེན་ཆེན་དེས་གཤེན་ལྷ་རྗེ་ཇོ་བཀྲ་ལ(1069-1149)དེས་གཤེན་སྟོན་ནམ་མཁའ་རྒྱལ་མཚན(1087-1162)། དེས་གཤེན་ཡེ་ཤེས་རྒྱལ་མཚན(1120-1176)དེས་གཤེན་སྟོན་བློ་གྲོས་སེང་གེ(1154-?)། དེས་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན(1151-?)། དེས་གཤེན་འགྲོ་བའི་མགོན་པོ། དེས་གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས། དེས་གཤེན་ཆེན་པོ་བསོད་རྒྱལ་དཔལ། དེས་གཤེན་ཆེན་པོ་ཀུན་དགའ་དཔལ་ལྡན། དེས་གཤེན་ཆེན་པོ་རྣམ་དག་དྲི་མེད། དེས་གཤེན་ཆེན་པོ་དབང་གྲུབ་རྒྱལ་མཚན། དེས་གཤེན་ཆེན་པོ་ཕྱོགས་ལེགས་རྒྱལ་མཚན། དེས་དམུ་གཤེན་མཆོག་སྤྲུལ་ཉི་མ་རྒྱལ་མཚན། དེས་གཤེན་ཆེན་ནམ་མཁའ་རྒྱལ་མཚན། དེས་གཤེན་གཡུང་དྲུང་ཉི་མའི་རྒྱལ་པོ། དེས་གཤེན་རྒྱལ་བ་ལྷུན་གྲུབ་དཔལ་བཟང་པོ། དེས་མཚུངས་མེད་བསྟན་པ་འོད་ཟེར་ལ། དེས་གཤེན་གཙུག་ཕུད་འོད་ཟེར། དེས་མཁན་པོ་རྣམ་དག་འོད་ཟེར་ལ། དེས་མཁས་གྲུབ་ཚེ་དབང་འོད་ཟེར་ལའོ། །ཞེས་པའི་བར་གྱི་བརྒྱུད་རིམ་འདུག་པ་ལ་དཔྱད་ནས་འབུམ་བཞིའི་བརྒྱུད་རིམ་དང་ལོ་རྒྱུས་སོགས་ལ་ཞིབ་ཏུ་དཔྱད་པ་བྱེད་པའི་གཞིར་མཐོང་ངོ་། །
༣ ༽《གེ་ཁོད་བདུད་འདུལ་གསང་བ་རྩ་བའི་རྒྱུད་》ལས། ཞང་ཞུང་རྒྱལ་པོ་མངའ་དར་བའི་དུས་སུ། གསེར་གྱི་ཡང་ཞུན་འདྲ་བའི་བོན། རྒྱུད་དང་ཆ་ལག་མ་བུ་ཆ་ཚངས་པས། ཞང་ཞུང་རྒྱལ་པོ་ནས་དྲན་པ་ནམ་མཁའ་ཡན་ཆོད་དུ་དར་ཞིང་སྤྱོད་པའོ། དེ་ཡི་དུས་བོན་དང་རྒྱལ་པོ་མངའ་དར་བ་སྟེ། རྗེ་དང་བོན་ལ་སྙན་ཕྲ་བྱུང་ནས། བོན་པོ་ཀུན་བྱམས་མཐར་སྤྱུག བོན་རྣམས་གཏེར་དུ་སྦས་སོ། དེ་དུས་བླ་ཆེན་དྲན་པ། སྟོང་དམུ་ཚ་གྱེར་མེད། བློན་ར་སང་ཁོད་རམ་གསུམ་དང་། ཞང་ཞུང་བོན་ཚན་བཀའ་བསྒྲོས་ནས། གཏེར་གསུམ་ལ་བཅས་ཏེ་སྦས་སོ། ལྔ་བརྒྱ་མཐའ་ལ་དར་བའི་སྨོན་ལམ་བཏབ་པའི། ལས་འཕྲོ་ཅན་དང་འཕྲད་པར་ཤོག ཝེར་ཟེའི་མཐའ་རྒྱུད་བརླག་པར་ཤོག ཨུ་ཡ། ཨག་ཐཾ། ཞེས་བོན་དར་ནུབ་སྐབས་དང་འབྲེལ་བའི་འཕེལ་རིམ་གསོན་པོ་ཞིག་རང་རེའི་མིག་མདུན་དུ་ཝ་ལེར་བཤམས་འདུག་སྙམ། །
༤༽ ཡིག་ཚགས་སུ་འཁོད་པ་ནས་ལོ་ཆེན་རིན་བཟང་བར་གྱི་གསོ་རིག་མི་སྣ་བརྒྱད་ཅུ་ཙམ། ༡ ཕྱྭ་རྗེ་རིང་དཀར། ༢ སྐོས་རྗེ་དྲང་དཀར། ༣ ཕྱྭ་ཚེ་རྒྱལ་མོ། ༤འཕྲུལ་གཤེད་དར་དྲག ༥རྒྱལ་བོན་ཐོད་དཀར། ༦ རྒྱལ་བཞད་མ། ༧སྟོན་པ་གཤེན་རབ་མི་བོ། ༨ ཕྱ་གཤེན་ལེགས་རྒྱལ་ཐང་པོ། ༩ དཔྱད་བུ་ཁྲི་ཤེས། ༡༠ མུ་ཆོ་ལྡེམ་་དྲུག ༡༡ ཚངས་པ་གཙུག་ཕུད། ༡༢ སྟག་གཟིག་མཁས་པ་དམུ་ཚ་ཏྲ་ཧེ། ༡༣ ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཚ། ༡༤ སུམ་པར་མཁས་པ་ཧུ་ལི་སྤར་ཡ། ༡༥ ལྷ་བདག་སྔགས་གྲོལ། ༡༦ལེགས་ཏང་རྨང་པོ། ༡༧ ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས། ༡༨ སྟོང་རྒྱུང་མཐུ་ཆེན། ༡༩ སེ་བོན་ཤ་རི་དབུ་ཆེན། ༢༠ ལྡེ་བོན་གྱིམ་ཚ་རྨ་ཆུང་། ༢༡མི་ཉག་མཁས་པ་ལྕེ་ཚ་མཁར་བུ། ༢༢ ལི་ཤུ་སྟག་རིང་། ༢༣ རྫུ་འཕྲུལ་ཡེ་ཤེས། ༢༤ བླ་ཆེན་དྲན་པ་ནམ་མཁའ། ༢༥ ཕན་ཤེས་སྨན་དཔྱད། ༢༦ནམ་མཁའ་སྣང་བ་མདོག་ཅན། ༢༧མུ་ཁྲི་བཙན་པོ། ༢༨མཚེ་མི་དམུ་རྒྱལ། ༢༩ བཅོའུ་ཕྱག་དཀར། ༣༠ བཅོའུ་ལན་ཚ། ༣༡ བཅོའུ་སྨིན་དཀར། ༣༢ བཅོའུ་འོད་དཀར། ༣༣ བཅོ་མཚོ་མི་ཟུང་སྨོན། ༣༤བཅོ་དག་པ་མི་ཆེན། ༣༥ གཅོའུ་ཞལ་དཀར། ༣༦ ཕ་བ་མཚེ་གཅོ། ༣༧ གཅོའུ་གཉན་བཞེད། ༣༨ སྟོབས་ར་ཤིབས་ཤང་། ༣༩ མི་མོ་ཆུང་། ༤༠འཛིན་བོན་ཁོག་དེར། ༤༡ མཚེས་པ་གནམ་འདུལ། ༤༢ ཡེ་གཤེན་བདུད་འདུལ། ༤༣ འཛི་བོན་ཁ་ཏོན། ༤༤ ཞང་ཞུང་གཡུང་དྲུང་རྒྱལ་པོ། ༤༥ ཞང་ཞུང་མཚེ་མི་ཀུན་སྣང་། ༤༦ ཞང་ཞུང་དོན་རྟོགས་རྒྱལ་པོ། ༤༧ ཞང་ཞུང་ཨ་སོ་གཙུག་ཕུད། ༤༨ ཞང་ཞུང་ཨ་ལ་དན་ཅི། ༤༩ ཞང་ཞུང་ད་ར་མ་ཧ་ཏི། ༥༠ ཞང་ཞུང་ང་ས་ཧ་ཏི། ༥༡ མཚེ་བོན་གསས་ཆེན། ༥༢ མཚེ་བོན་གསང་ཆེན། ༥༣ ཞང་ཞུང་མུ་ལ་མ་ཧོ་རྒྱལ། ༥༤ ཞང་ཞུང་ཏ་ར་ལ་ཧ་ཏེ། ༥༥ མཚེ་བོན་འཕྲུལ་གསས། ༥༦ ཞང་ཞུང་མུ་ལ་ཧ་རྒྱལ། ༥༧ མཚེ་བོན་གཡག་ཞུ། ༥༨ ཞང་ཞུང་མུ་ལ་ཧ་རྒྱལ། ༥༩མཚེ་བོན་བྱ་སླག་ཅན། ༦༠ གཅོའི་བོན་ཁྲི་ཕྱུང་གྲགས་པ། ༦༡ ར་སངས་ཁྲི་ནེ་ཁོད། ་༦༢ ཁུའི་བོན་པོ་མང་རྗེ་ལོད་པོ། ༦༣ཁུའི་བོན་པོ་མང་སྒྲ་ལེགས་པ། ༦༤ གཅོ་བོན་གཡང་སྐྱེས། ༦༥མཚེ་བོན་འདུལ་སྲོང་། ༦༦ འབྲི་བོན་ཤོ་ཏྲི། ༦༧ རྨུའི་བོན་པོ་སྐྱེ་ངོ་མཚར། ༦༨ མཚེ་གཤེན་ལྡེ་གྲགས། ༦༩ ག་ལེས་ནོས། ༧༠ ཙན་པ་ཤི་ལ་ཧ། ༧༡ དྲན་པ་ནམ་མཁའ། ༧༢ བཻ་རོ་ཙ་ན། ༧༣ གནུབས་བན་སངས་རྒྱས་ཡེ་ཤེས། ༧༤ཁྱོལ་མ་རུ་ཙེ། ༧༥འཛི་ར་སྣ། ༧༦ མུ་ཟི་གསལ་བཟང་། ༧༧ རྒྱལ་པོའི་སྨན་པ། ༧༨ ཁྲོ་ཚང་འབྲུག་ལྷ། ༧༩ རྨེའུ་ལྷ་རི་གཉན་པོ། ༨༠ དེ་ནས་མཁས་པ་དཔལ་ཆེན་ལའོ། །
༥༽ཡང་སྨན་སྦྱོར་སྟོང་རྩ་དཔེ་རྙིང་ཞིག་གི་མཇུག་བྱང་དུ་བརྒྱུད་རིམ་འཁོད་པ་འདི་ལྟར་ཏེ། ཅེས་གསོ་རིག་རྒྱུད་འབུམ་ཕྱེ་བའི་ཡང་སྙིང་སྦྱར་ཐབས་སྟོང་རྩ་ལས་སྙིང་པོ་གཅེས་བཏུས་ཇི་ལྟར་སྦྱར་བའི་ཚུལ་ཡང་སྤྱིར་གཡུ་ཐོག་༼ ཟླ་འོད་འབར་༽ པའི་གཅེས་བཏུས། གཤེན་མཁས་གྲུབ་༼ ཤི་ལ་དྷཱ་ཛ་༽བྱང་པ་ལྷུན་སྡིངས། ༼ རྣམ་རྒྱལ་གྲགས་བཟང་། མི་ཡི་ཉི་མ། ༽ མཉམ་ཉིད་རྡོ་རྗེ། ༼ དྷཱརྨ་སྭཱ་མི། ༽ ཟུར་མཁར་པ། བློ་གྲོས་རྒྱལ་པོ། ༽ མི་དབང་སཱ་ར། ༼ སངས་རྒྱས་རྒྱ་མཚོ། ༽ འབྲི་གུང་པ། ༼ དཀོན་མཆོག་འགྲོ་ཕན་༽ དེལ་དམར་དགེ་བཤེས། བསྟན་འཛིན་ཕུན་ཚོགས། ༽ཀོང་སྤྲུལ། ༼ཡོན་ཏན་རྒྱ་མཚོའོ། ༽ཕྱིས་སུ་མཁས་དབང་སོགས་ཀྱིས་གཅེས་བཏུས་རིགས་མང་ཡང་ལ་ལ་བཤུས་ཆེས་ནད་བཅོས་ཐ་དག་མ་ཚང་བ་དང་། འགའ་ཞིག་ཐང་ཕྱེ་ཙམ་ལས་ལས་མཐའ་དཔྱད་སོགས་མིང་ཙམ་གསལ་མིན་དང་། རེ་འགས་སྨན་གྱི་བཟོ་ཚུལ་གཏོང་ཚུལ་སོགས་བྲལ་བའི་འཐོར་བུའི་སྨན་སྦྱོར་རེ་ཟུང་བློ་རྟེན་འཆའ་བ་དང་ཕལ་ཆེར་རྣམ་དག་རྒྱུད་ཁུངས་མཐོང་རྒྱུན་མེད་པ་ལས་འོལ་ཚོད་རྡོ་རྗེ་སྐེད་བཟུང་ལྟ་བུར་བྱེད་མཁན་མང་དུ་མཐོང་བས། དེ་ཕྱིར་རྒྱས་བསྡུས་འཚམ་པར་ཐང་ཕྱེ་ནས་དཔྱད་མཐའི་བར་དུ་མ་ཚང་བ་མེད་པར་རྒྱུད་ཁུངས་བཀྲལ་ཏེ་དེ་ལ་མྱོང་གྲུབ་མན་ངག་དུ་མས་ཁ་བརྒྱན་ཅིང་མཁས་དམན་ཀུན་གྱི་ཕྱག་ལེན་སྟབས་བདེའི་ཆེད་དུ་བརྒྱ་པའི་རྣམ་འདྲེན་གཟུགས་སྐུའི་བཀོད་པ་ངོམས་ནས་འབྱུང་ལྡན་སུམ་བརྒྱའི་ནང་ཚན་ལྕགས་ཕོ་སྟག་གི་ལོར། ཞང་ཞུང་ཁྱུང་ཆེན་སྤུངས་རིར་འཚོ་བྱེད་འཇིགས་མེད་ནམ་མཁས་བསྡེབས་པ་འདིས་ཀྱང་འགྲོ་ཁམས་ཉོན་མོངས་ནད་ཉེས་ལས་གྲོལ་ཏེ་སངས་རྒྱས་སྨན་བླའི་གོ་འཕང་མཆོག་ཆེན་ལ་མངའ་བརྙེས་པའི་རྒྱུ་རུ་གྱུར་ཅིག ཞེས་འཁོད་ཡོད་པ་སོགས་ལ་དཔྱད་གཞིའི་རིན་ཐང་གལ་ཆེན་དུ་མཐོང་བའོ། །
ལྔ་པ། ཕྱོགས་བསྡོམས་དང་བསམ་གཞིགས།
༡ མུ་མཐུད་བོད་རང་སའི་གསོ་རིག་འཕྲོས་རིམ་སྐོར་ནས་ཉམས་ཞིབ་བགྱིས་ཏེ་མི་རིགས་རང་ལ་གསོ་རིག་ལོ་རྒྱུས་ཀྱི་བདེན་པའི་རྐང་ཚུགས་པར་འབད་རྒྱུ།
༢ ད་ཐེངས་བོན་དང་འབྲེལ་བའི་གསོ་རིག་དཔེ་རྙིང་འཚོལ་བསྡུ་ལས་ཀའི་སྟེང་མུ་མཐུད་དཔེ་དཀོན་བསྡུ་རུབ་ཀྱི་ལས་ཀར་ཡག་ཐོག་ཡག་བརྩེགས་དང་། ཤ་ཐོག་མར་བརྩེགས་ཡོང་བའི་ལས་ལ་བརྩོན་རྒྱུ།
༣ བོན་དང་འབྲེལ་བའི་གསོ་རིག་བརྒྱུད་རིམ་སྐོར་དཔྱད་བསྡུར་གྱི་ལམ་ནས་ཁ་ཇེ་གསལ་དུ་གཏོང་རྒྱུའི་འདུན་པ་རབ་ཏུ་བརྟན་པ།
༤ འབྲེལ་ཡོད་མི་སྣ་ཡོངས་ནས་རམ་འདེགས་དང་ནུས་པ་ཆིག་སྒྲིལ་ཡོང་བའི་རེ་བ་འདོན་རྒྱུ་དང་། ལྷག་ཏུ་ཉམས་ཞིབ་ཀྱི་ནུས་པ་ཡོད་པའི་མི་སྣ་སྐྱེད་སྲིང་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ།
༥ དེང་སང་བོད་ཀྱི་གསོ་བ་རིག་པའི་བདག་དབང་ལ་ཧབ་ཐོབ་རྒྱག་པའི་དུས་འདིར་འདི་བཞིན་མི་རིགས་རང་གི་གསོ་རིག་བྱུང་བ་འཆད་པ་ནི་དུས་ཐོག་ཆར་པ་དང་། མཁོ་ཐོག་ལྷན་པ་ལྟ་བུར་མཐོང་བ་བཅས་ཐ་ཚན་མུ་ཙུག་སྨར་རོ། །