སྒ་སྟོན་ཤེས་རབ་འོད་ཟེར་གྱི་སྐུ་ཚེའི་མཛད་རིམ་ལ་དཔྱད་པ།
[ཟླ་ཚེས། 2019-11-06 09:56:34][རྩོམ་པ་པོ། ཁྲོམ་མེ་ལྷ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་འཛམ་གླིང་བསྟན་པའི་ཡང་རྩེ་བོད་བརྒྱུད་ནང་བསྟན་ལ་གྲགས་ཆེ་བའི་གཞུང་ལུགས་བོན་དང་བན་གཉིས་སུ་ཡོད། གཞུང་ལུགས་དེ་གཉིས་ཀ་ལ་ཐོས་བསམ་རྒྱ་ཆེན་མཛད་པའི་ཀུན་མཁྱེན་རོང་སྟོན་ནམ་སྒ་སྟོན་ཤེས་རབ་འོད་ཟེར་མཆོག་གི་འཁྲུངས་ཡུལ་དང་། སློབ་གཉེར་གནང་ཚུལ། བསྟན་པ་སྤེལ་ཚུལ། སྐུ་བོན་དབྱིངས་སུ་བལྟབས་སྟངས་བཅས་ཆོས་ལུགས་དང་ཆོལ་ཁའི་ཞེན་འགོག་གིས་དབང་དུ་མ་ཤོར་བ་གཞུང་དྲང་དབུ་མའི་ལམ་ནས་ཞུས་ཡོད།
[བརྡ་ཆད་གཙོ་བོ] འཁྲུངས་ཡུལ། མཛད་པ། བན་བོན།
གངས་ཅན་ཁ་བའི་ལྗོངས་འདིར་བན་བོན་གཉིས་ཀའི་གཞུང་ལུགས་ལ་མཁས་ཤིང་གྲུབ་པའི་དབང་པོ་རང་སྟོན་ཤེས་བྱ་ཀུན་རིག་གམ་ཤེས་རབ་འོད་ཟེར་མཆོག་གི་སྐུ་ཚེའི་མཛད་འཕྲིན་གླེང་བ་ལ་བླ་མའི་རྣམ་ཐར་དང་ལོ་རྒྱུས་ནི་དད་མོས་ཁོ་ནའི་བཤད་སྟངས་གཅིག་དང་། ཕྱོགས་ཞེན་དང་ཆབ་སྲིད་ཀྱི་དབང་བསྒྱུར་སྟོབས་ཀྱིས་བཤད་ཚུལ་གཉིས་ཡོད་རེད། བན་ཕྱོགས་ནས་རྣམ་ཐར་དང་ལོ་རྒྱུས་འབྲི་བ་ཡིན་ན། བན་གྱི་བསྟན་པ་སྤེལ་ཚུལ་རེད་མ་གཏོགས་བོན་པོའི་དཔེ་ཆ་གང་ལ་ཞིབ་འཇུག་མི་བྱེད། གལ་ཏེ་ལོ་རྒྱུས་ཁ་ཤས་མཐོང་ན། དེ་དག་སྦས་གསང་དང་མེ་བསྲེགས། ཆུ་གཡུག་སོགས་ཀྱིས་བྱེད་ལས་མང་པོ་ཡོད་རེད། དེ་བཞིན་བོན་ཕྱོགས་ནས་དེའི་རིགས་ཅུང་ཉུང་བ་ཡིན་པ་མཐོང་ངོ་། ང་ཚོས་ལོ་རྒྱུས་སྨྲ་བའི་སྐབས་སུ་ཆོས་ལུགས་ཀྱི་ཕྱོགས་རིས་ཆོལ་ཁའི་ཁྱད་པར་རྟོག་བཏགས་ཀྱིས་སྔགས་བརྗོད་མདོར་ན་ཞེན་འགོག་ངང་ནས་བཤད་ན་མི་འགྲིག་པ་དྲང་ལྡན་གྱི་ལོ་རྒྱུས་དང་ཕུལ་བྱུང་གི་གཞུང་ལུགས་ལ་བྱ་ར་རྣམ་པར་དག་པའི་སྒོ་ནས་དཔྱད་རྩོམ་དང་གཏམ་གླེང་རེ་བྱས་ན་དམ་པ་གོང་མའི་མཛད་བཟང་ལ་དྲི་མས་མ་གོས་པ་དང་རྗེས་སུ་གསར་སྐྱེས་ཀྱི་ཐོས་ལྡན་རྣམ་པའི་མནོ་བསམ་གཏོང་སའི་གནས་སུ་གྱུར་ཡོད་པས་དྲང་ལྡན་གྱི་ལམ་བུའི་བརྒྱུད་ནས་མཁས་པ་སྒ་སྟོན་ཤེས་རབ་འོད་ཟེར་མཆོག་གི་འཁྲུངས་ཡུལ་དང་སྐུ་ཚེའི་མཛད་པ། མཐར་བོན་དབྱིངས་སུ་གཤེགས་ཚུལ་བཅས་ས་བཅད་གསུམ་གྱི་བདག་ཉིད་ཅན་འདི་ཞུ་བའི་སྔོན་འགྲོའི་ལེའུ་སྟེ་དང་པོའོ།།
དངོས་གཞི་གཞུང་ལ། སྐུ་འཁྲུངས་ཡུལ་དང་། མཛད་པ་གནང་སྟངས། འདས་པའི་ཚུལ་སྟོན་སྟངས་དང་གསུམ་མོ།།
དང་པོ། སྐུ་འཁྲུངས་པའི་སྐོར་ལ་དེབ་ཐེར་དང་ལོ་རྒྱུས་མཁས་པའི་ཞལ་ངག་སྔོན་མིའི་གཏམ་རྒྱུད་བཅས་ཀྱི་དགོངས་དོན་རྣམ་པ་མི་འདྲ་བའི་ཁྱད་པར་མང་པོ་སྣང་ངོ་།《རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་》ལས། “བདག་ཉིད་ཆེན་པོ་འདིའི་འཁྲུངས་ཡུལ་ནི། སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ནས་དུས་ཡུན་རིང་མོར་བཞུགས་ཤིང་བྱིན་གྱིས་བརླབས་པའི་ས། ཤར་རྒྱལ་མོ་དངུལ་ཆུའི་འགྲམ་གྱི་ཡུལ་ལྗོངས་དགེ་མཚན་དང་ལྡན་པ་ཞིག་གོ” 1ཞེས་དང་། 《མདོ་སྨད་ཆོས་འབྱུང་》ལས། “གྱམ་གྱོ་ཟེར་བའི་སྡེ་ཁྲོད་ནས་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་དང་ཁུ་ཇོ་ནམ་མཁའ་རྒྱལ་མཚན་སོགས་ཀྱང་”འཁྲུངས་སོ། གསུངས་པ་སོགས་ལོ་རྒྱུས་ཡིག་རིགས་ལས་མི་འདྲ་བའི་ཁྱད་པར་ཡོད། ཁ་ཅིག་གིས་རྒྱལ་རོང་བྱེ་གྱོ་ཟེར་བའི་ས་ཆར་ངོས་མཛད་ཚུལ་ཡང་ཡོད། བྱེ་གྱོ་ཟེར་བའི་ས་ཆར་དེ་རྒྱལ་རོང་ཡོད་མེད་ཤེས་དཀའོ། རྒྱལ་རོང་ཆུ་ཆེན་ཀཱ་ལིང་ཀ་ཞེས་པའི་ས་གནས་སུ་སྐུ་འཁྲུངས་ཡོད་པ་འདོད་མཁན་མཐོང་། ཡང་ལུགས་ཅིག་ལ་རྗེ་མཉམ་མེད་ཆེན་པོའི་འཁྲུངས་ཡུལ་དེར་རེད་ཟེར་ནས་བཤད་སྲོལ་ཡོད། གང་ཡིན་རུང་བླ་མ་ཤེས་རབ་འོད་ཟེར་ཚང་གི་འཁྲུངས་ཡུལ་རྒྱལ་རོང་ཡིན་པ་ཐེ་ཚོམ་མེད། དེང་རབས་ཀྱི་དབང་དུ་བྱས་ན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཆུ་ཆེན་རྫོང་མར་པང་ཤང་རྒྱལ་མོ་གྲོང་ཚོ་རུ་རེད་ཟེར་ནས་བཤད་སྲོལ་འདུག ཡིན་ན་ད་དུང་དཔྱད་དགོས་པ་སེམས།
དཔལ་ནཱ་ལེནྡྲ་དུ་བཞུགས་ཡོད་པའི་རོང་སྟོན་སྐུ་ང་འདྲ་མ།
སྐུ་སྐྱེ་བ་མི་ཡུལ་དུ་བཞད་པའི་དུས་བཟང་ནི།
《བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་》ལས། “ཤིང་བྱ་ལོར། རོང་སྟོན་ཤེས་བྱ་ཀུན་རིག་བལྟམས་སྤྱི་﹙༡༣༤༥﹚”ཞེས་དང་། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྩིས་བརྒྱ་གསལ་བྱེད་མེ་ལོང་》ལས། “ཤིང་བྱར་རོང་སྟོན་རྗེ། མཁས་གྲུབ་ཤེས་བྱ་ཀུན་རིག་འཁྲུངས།” 2ཞེས་དང་། 《སྟེང་ཆེན་ལོ་ཐོ་》ལས། “ཤིང་བྱ་མཁས་ཤིང་གྲུབ་པ་ཡི། རོང་སྟོན་ཤེས་བྱ་ཀུན་རིག་བལྟམས། ༦༧༣” 3ཞེས་དང་། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ལས། རབ་བྱུང་དྲུག་པའི་མེ་ལུག་ལོ་སྟེ་སྤྱི་ལོ﹙༡༣༦༧﹚ལོར་སྐུ་འཁྲུངས་ཞེས་གསུངས་འདུག་ཡིན་ན་འང་རང་ལུགས་སུ་འཛིན་ན་ཤིང་བྱ་ལོ་ངོས་འཛིན་ན་ལེགས་ཏེ། 《བསྟན་རྩིས་ཀྱི་རྣམ་བཤད་》ལས། “གཞན་སྡེའི་བསྟན་རྩིས་ལས། རོང་སྟོན་ཤེས་བྱ་ཀུན་རིག་ཙང་ཁ་པ་ལས་ལོ་བཅུའི་ཆུང་བའི་མེ་ལུག་ཏུ་བཤད་པ་མི་མཐད་དེ། རོང་སྟོན་དངོས་སློབ་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྣམ་ཐར་བསྡུས་པ་ལས། དགག་དགོས་ཀྱིས་དགུང་སྙིང་གསང་བ་ཡིན་གྱིས། དོན་དུ་བརྒྱད་ཅུ་གྱ་ལྔ་ལ་སྐུ་གཤེགས། ཕྱི་ལོ་ལྕགས་ཁྱི་ལོར། བཀྲ་ཤིས་རྣམ་རྒྱལ་བ་གདན་སར་བཀོད་པ་སོགས་གསུང་པ་དང་འགག་བའི་ཕྱིར་”4ཞེས་གསུངས་སོ། དུས་ཚིགས་ལ་ཡང་མི་མཐུན་པ་མང་པོ་རེད་འདུག སྐྱེས་མཆོག་ཤེས་རབ་འོད་ཟེར་ཁོང་ཉིད་བོད་རབ་བྱུང་དྲུག་པའི་དུས་སུ་སྐུ་འཁྲུངས་ཡོད་པ་རྩོད་མེད་དང་བན་བོན་གཉིས་ཀྱི་ལུགས་ལ་མི་ལོ་ཉི་ཤུ་རྩ་གཉིས་ཙམ་གྱི་ཁྱད་པར་ཡོད། ཁོ་བོས་མཉམ་མེད་ཤེས་རབ་རྒྱལ་མཚན་ལས་སྒ་སྟོན་ཤེས་རབ་འོད་ཟེར་དགུང་ལོ་ཁ་ཤས་ཆེ་ན་སྙམ། མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པར་མཛད་པའི་གནས་སུ་གྱུར་རོ།།
བླ་མ་ཁོང་གི་གདུང་རུས་སྐོར་བཤད་པ།
《བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་》ལས། “གསལ་བའི་མེ་ལོང་འདི་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱིས། གངས་ཅན་ཤར་ཕྱོགས་རྒྱལ་རོང་རབ་བརྟན་རྒྱལ་པོའི་ཕོ་བྲང་བསམ་འགྲུབ་སེང་གེའི་རྫོང་དུ་སྦྱར་བའོ།”5ཞེས་གསུངས་པ་དང་། 《རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་》ལས།“རིགས་ནི་རུས་ཆེན་རྒ་ཞེས་བའོ། ཡབ་ནི་བོན་ཐེག་པ་རིམ་པ་དགུ་ལ་མཁས་པར་སྦྱངས་ཤིང་རྫུ་འཕྲུལ་སྟོན་ནུས་པ་གེ་གོད་﹙ཁོད་﹚རྒྱལ་པོ་ཞེས་པའོ། ཡུམ་ནི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་པ་རྒྱ་གར་སྨན་ཞེས་པའོ། མེ་ཕོ་རྟའི་ལོ་ལྟས་ཁྱད་པར་ཅན་དང་བཅས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་ཤིང་། མེ་མོ་ལུག་གི་ལོ་ལ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་འཁྲུངས།”6ཞེས་གསུངས་པས། མཁས་མཆོག་ཁོང་ནི་དབུ་ནག་བོད་ཀྱི་གདུང་རུས་སྒ་ཡི་རིགས་སུ་བཞད་ཡོད་པ་སེམས། རྒྱུ་མཚན་ནི་ཁོང་གིས་མཛད་པའི་དཔེ་ཆ་མང་པོའི་ནང་དུ་སྒ་རིགས་སྟོན་པ་ཞེས་བཀོད་ཡོད་པ་དང་གོང་གི་རྣམ་ཐར་ནང་རྒ་ཞེས་པ་དེ་སྒ་ལ་གོ་དགོས་པ་ཡིན་པ་དང་བླ་མ་རོང་སྟོན་པས་མཛད་པའི་མུ་སྟེགས་ཚར་གཅད་གཏན་ཚིགས་ཐིགས་མདོའི་བཀའ་འགྲེལ་གྱི་མཛད་བྱང་དུ་སྒ་རིགས་སྟོན་པ་ཤེས་རབ་འོད་ཟེར་གྱིས་མཁས་མང་དུ་མའི་འདུ་གནས་བཟང་པོའི་རི་ལ་སྦྱར་བ་ཞེས་བཀོད་འདུག་པས་ཁོང་གི་གདུང་རུས་སྒ་ཡིན་པ་མངོན་ནོ།
གཉིས་པ་མཛད་པའི་འཕྲིན་ལས་གནང་ཚུལ་བཤད་པ།
སྐྱེས་བུ་ཁོང་ནི་ཆུང་བྱི་པའི་དུས་སུ་སྐྱེ་བོ་ཕལ་པ་དང་མི་འདྲ་བ་ཁྱད་བོན་ལྡན་ཏེ་གྲུབ་ཆེན་གོང་མའི་རྣམ་སྤྲུལ་ཡིན་པའི་རྟགས་མཚན་ཡོད་པའི་ལོ་རྒྱུས་ཡོད། སློབ་གཉེར་མཛད་ཚུལ་དང་སློབ་བུ་བྱུང་ཚུལ་གཉིས། དང་པོ་བོན་ལུགས་ལ་སློབ་གཉེར་མཛད་ཚུལ་དང་བན་ལུགས་ལ་སློབ་སྦྱོང་བྱེད་སྟངས་གཉིས་ཡོད།
དང་པོ་བོན་ལུགས་ལ་བཤད་པ།
བླ་མ་ཁོང་གིས་ཡབ་ཀྱི་མདུན་ནས་ཤེས་རིག་གི་རྨང་གཞི་ཡི་གེ་འབྲི་ཀློག་དང་གཡུང་དྲུང་བོན་གྱི་ཆོ་ག་ཕྱག་ལེན་སྦྱངས། ལོ་རྒྱུས་ཁ་ཅིག་ནང་དུ་གཞི་ལམ་འབྲས་གསུམ་སོགས་བོན་གཞུང་མང་པོ་སློབ་སྦྱོང་གནང་ཡོད་ཚུལ་བཤད་འདུག་སྟེ་དཔྱད་དགོས་པ་སེམས། དགུང་ལོ་ཅུང་ཞིག་ནར་སོན་པའི་སྐབས་བོན་གྱི་བླ་མ་ཞིག་གི་མདུན་ནས་གཙང་གཙུག་གི་སྡོམ་པ་བཞེས་མཛད་དེ་མཚན་ལ་ཤེས་རབ་འོད་ཟེར་ཞེས་གནང་ཞིང་། བོན་གྱི་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་གནང་བ་མ་ཟད། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་སྐོར་ལ་སློབ་སྦྱོང་དང་འཆད་རྩོད་མཛད་དེ། མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པའི་མཚན་སྙན་འབར། དེ་ནས་མདོ་སྨད་བོན་གྱི་རྒྱལ་ཁམས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རབ་བརྟན་རྒྱལ་པོའི་མཆོད་གནས་སུ་གྱུར་ཏེ། བླ་དཔོན་གྱི་བར་འབྲེལ་བ་བཟང་པོ་ཆགས་ནས་ས་ཆ་དེར་བོན་གྱི་བསྟན་པ་བླ་ན་མེད་པ་སྤེལ་ཡོད་པ་སྣང་། མདོར་ནས་མཁས་མཆོག་ཁོང་གིས་མི་ལོ་བཅོ་བརྒྱད་རིང་ལ་རྒྱལ་རོང་ཡུལ་གྱི་བླ་མ་དང་མཁས་དབང་མང་པོ་བསྟེན་ནས་བོན་གྱི་གཞུང་ལུགས་ལ་སློབ་སྦྱངས་གནང་བ་དང་བོན་གྱི་བསྟན་པ་སྐྱོང་ནས་བོན་གྱི་གཞུང་ལུགས་ཁམས་ཆེན་སྟོང་ཕྲག་བརྒྱད་པའི་འགྲེལ་བ་མཛད་ཡོད་པ་རེད།
དབུས་ཀྱི་སྙེ་མོ་རྫོང་དུ་ཡོད་པའི་རྨེའུ་ཚང་གི་བླ་བྲང་དང་བཟང་རི་རྨེའུ་ཚང་དགོན།
དེ་ནས་བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན་དབུས་གཙང་ཡུལ་དུ་ཕེབས་ཏེ། བོན་གྱི་གྲྭ་ས་ཆེན་མོ་རྨེའུ་དཔལ་ལྡན་བཟང་པོ་རི་དགོན་ནམ་རྨེའུ་ལྷུན་གྲུབ་མཐོང་སྨོན་གླིང་གི་སྨྲ་སེང་བཅུ་གསུམ་གྱི་ནང་ཚན་སྨྲ་སེང་དགུ་པ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་སོགས་མཁས་པའི་དབང་པོ་སློབ་དཔོན་དུ་བསྟེན་ནས། གཡུང་དྲུང་བོན་གྱི་གཞུང་ལུགས་ཕྱི་མཚན་ཉིད་ཀྱི་མདོ་གཞུང་། ནང་གསང་བ་སྔགས་ཀྱི་གཞུང་། གསང་བ་ཡང་རྩེ་རྫོགས་པ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱོང་པ་སླར་ཡང་མཛད་པ་མ་ཟད་གདན་ས་རྨེའུ་དགོན་པའི་ཕྱག་ལེན་འཛིན་པའི་མཁན་ཆེན་གྱི་ཐུགས་འགན་གནང་ཡོད་པ་སྙམ། 《བསྟན་འབྱུང་རིག་པའི་ཤན་འབྱེད་》ལས།“རོང་སྟོན་ཤཱཀྱ་རྒྱལ་མཚན་ཟེར་བའི་ཆོས་ཕྱོགས་ལ་གྲགས་ཆེ་བ་དེ་འང་སྒ་སྟོན་གྱི་སློབ་རྒྱུད་ཡིན་ནོ།”7ཞེས་པས། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་སློབ་རྒྱུད་ཀྱི་མཁན་ཆེན་དང་གྲྭ་སའི་ཐོས་ལྡན་པ་ཡི་མཚན་ཡང་ཐོབ་ཡོད་པ་རེད། དེ་ནས་དབང་ལྡན་ཞུ་ཚང་གི་བླ་མ་འགྲོ་མགོན་ལྷུན་གྲུབ་འོད་ཟེར་གྱི་མདུན་ནས་གཞུང་ལུགས་གསན་ཡོད་པའི་ལོ་རྒྱུས་ཡང་མཐོང། མདོར་ན་ཁོང་གིས་བོན་གྱི་མཁས་དབང་མང་པོ་བསྟེན་ནས་དབུས་གཙང་ཡུལ་དུ་མཁས་པའི་བ་དན་དགུང་དུ་བསྒྲེངས་ཡོད་པ་དང་བོན་གྱི་གདན་ས་གྲགས་ཆེན་གཡས་རུ་དབེན་ས་ཁ་དང་། རྨེའུ་ཚང་དགོན། ཞུ་དབང་ལྡན་ལྷུན་གྲུབ་སྒང་སོགས་དགོན་པ་མང་པོའི་ནང་དུ་སློབ་གཉེར་དང་བསྟན་པ་སྤེལ་ཡོད་པ་མངོན་གསལ་དོ་པོ་རེད།
གཉིས་པ་བན་དེའི་ཕྱོགས་ནས་བཤད་པ།
བན་གྱི་ལོ་རྒྱུས་ནང་དུ་ཁོང་ཉིད་རྒྱལ་རོང་དུ་བཞུགས་སྐབས་བན་དེའི་བླ་མ་བསྟེན་པའི་ལོ་རྒྱུས་དང་སྔར་མིས་བཤད་ཚུལ་གང་ཡང་མེད། 《རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ་》ལས། “དེ་ནས་དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ། འཁོར་བ་མཐའ་དག་དུག་གི་རྒྱ་མཚོ་ཆེན་པོ་ལྟ་བུར་གཟིགས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པའི་ཐུགས་ཁྱད་པར་ཅན་འཁྲུངས་ནས་དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོར་ཕེབས་སོ།” 8ཞེས་པས།
རོང་སྟོན་ཆེན་པོས་སློབ་གཉེར་མཛད་སའི་དབུས་ཀྱི་གསང་ཕུ་དགོན་པ།
སྐྱེས་མཆོག་ཁོང་ཉིད་དགུང་ལོ་བཅོ་བརྒྱད་སྐབས་སུ་དབུས་གཙང་ཁུལ་དུ་ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ཏུ་ཕེབས་ཏེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་སྒོར་ཞུགས་ནས་གདན་ས་དེའི་སྟོད་པ་རིན་ཆེན་རྣམ་རྒྱལ་གྱི་དྲུང་ནས་བྱང་སེམས་སྡོམ་པ་བཞེས། མཚན་ལ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ཞིང་། མཁས་དབང་ཀོང་སྟོན་བློ་གྲོལ་དབང་ཕྱུག་སོགས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཆེན་བའི་སློབ་དཔོན་དུ་མའི་མདུན་ནས། དམ་པ་ཆོས་ཀྱི་བཀའ་དང་བསྟན་བཅོས་མཐུན་མོང་རིག་གནས་དང་བཅས་པ་གསན་པ་མ་ཟད། མཁས་ཆེན་ཁོང་གི་དྲུང་ནས་ཚད་མ་རིག་པའི་གཞུང་ལུགས་མང་པོ་སྦྱངས་པའི་ལོ་རྒྱུས་ཡོད། 《རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ་》ལས། “མཁས་པའི་དབང་པོ་ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པ་དང་། ཚད་མ་རྣམ་ངེས་དང་། རིགས་པའི་ཐིགས་པ་སོགས་གསུང་རབ་མང་དུ་གསན”9ཞེས་གསུངས་སོ། ལོ་རྒྱུས་དང་ཡིག་ཚང་གང་དུ་བལྟས་ན། བླ་མ་ཁོང་ནི་བཅོམ་ལྡན་ཐུབ་པའི་དབང་པོའི་ཆོས་སྒོ་ལ་ཞུགས་ཤིང་ཆོས་གཞུང་ཚད་མ། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ། ལྷག་ཏུ་བྱ་ཆོས་སྡེ་ལྔའི་སྐོར་ལ་མཁས་པ་ཕུལ་ཕྱིན་བྱུང་ཡོད་པ་རེད། ཀུན་མཁྱེན་རོང་སྟོན་ཆེན་པོ་དགུང་ལོ་ཉི་ཤུ་རྩ་བདུན་ཐོག་དཔལ་ལྡན་ས་སྐྱ་པའི་གདན་ས་ཆེན་མོ་གཙང་ས་སྐྱ་དགོན་དུ་ཕེབས་ནས་སྒྲིག་ཞུགས་གནང་། དེ་ནས་གདན་ས་དེའི་བླ་མ་དུ་མིའི་དྲུང་ནས་ས་སྐྱ་པའི་གཞུང་ལུགས་ཆོ་གའི་ཕྱག་ལེན་མང་དུ་སྦྱངས་ནས། ས་སྐྱ་པའི་གྲུབ་མཐའ་འཛིན་པའི་མཁས་དབང་ཆེན་པོར་གྱུར། དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་གངས་ཅན་མཁས་པའི་རྒྱན་དྲུག་ཅེས་པ་ནི། མདོ་ལ་མཁས་པ་གཡག་རང་རྣམ་གཉིས། སྔགས་ལ་མཁས་པ་ཀུན་དགའ་རྣམ་གཉིས། གཉིས་ཀ་ལ་མཁས་པ་གོ་ཤཱ་རྣམ་གཉིས་ཟེར་བའི་ནང་ཚན་གཡག་རང་རྣམ་གཉིས་ཀྱི་གྲལ་དུ་འཁོད་པའི་རོང་སྟོན་ཤེས་བྱ་ཀུན་གཟིགས་ཞེས་འཁོད་ཡོད། སྤྱི་ལོ་༡༣༨༧ལོར་རོང་སྟོན་བླ་མས་ཡར་འབྲོག་གཡུ་མཚོའི་ཤར་ངོས་སྟོང་རར་ཡོད་པའི་རི་རྡོ་དགོན་ཕྱག་བཏབ་པ་དང་ཆོས་གྲྭ་ཆེན་པོ་འཇོན་དགུན་ཆོས་སོགས་འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་སྤེལ།
ཀུན་མཁྱེན་རོང་སྟོན་པས་ཕྱག་བཏབ་པའི་དཔལ་ནཱ་ལེནྡྲ།
དེ་རྗེས་རྗེ་བླ་མ་དགུང་ལོ་དྲུག་ཅུ་རེ་དགུ་བཞེས་པའི་སྐབས་སུ་དཔལ་ནཱ་ལེནྡྲ་ཕྱག་བཏབ་པའི་ལོ་རྒྱུས་ཡོད། 《རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ་》ལས། དེ་ནས་དགུང་ལོ་དྲུག་ཅུ་བཞེས་པ། ཤིང་མོ་ཡོས་ཀྱི་སྨད་རི་བོ་རྩེ་ལྔའི་མགུལ་ན་སློབ་མའི་སོགས་མང་པོ་དང་བཅས་ཏེ་བཞུགས་པའི་ཚེ། མཚན་ལམ་དུ་རྗེ་ཉིད་ཀྱིས་བཏབ་པའི་དགོན་པ་ཡིན་ཟེར་བ་ཞིག་ཏུ། ཆོས་དུང་ལན་བདུན་བུས་པས་དགེ་འདུན་སྟོང་རྭ་ཅན་ཙམ་འདུས་པའི་མཚན་ལམ་བྱུང་ཞིང། དེའི་ཚེ་འཕན་ཡུལ་གྲོ་སའི་མཁན་པོས་རྗེ་བཙུན་དམ་པ་འདི་ཉིད་གྲོ་སའི་བུ་སློབ་བླ་ན་མེད་པ་ཡིན་པས། དགོན་པ་ཕྱག་ཏུ་འབུལ་བར་བསམས་ནས། ཐོག་མར་སྤྱན་དྲངས་སོ། 10ཞེས་གསུངས་པ་དང་། 《བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའི་ཐོག》 ལས། “དགུང་ལོ་རེ་དགུ་པ་ཤིང་ཡོས་སྤྱི་ལོ་༡༤༣༥ལོར་འཕན་པོ་ནཱ་ལེནྡྲའི་ཆོས་གྲྭ་བཏབ་ནས་གཞན་དོན་མཛད།” 11ཅེས་དང་། 《དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཆོས་གྲྭ་ཆེན་པོའི་བྱུང་བ་བརྗོད་པ།》 ལས། “རོང་སྟོན་ཆེན་པོ་ཉིད་དགུང་ལོ་རེ་དགུ་ཕེབས་པ། རབ་བྱུང་བདུན་པའི་ནང་གསེས། སྟོད་འགྲེལ་གྱི་སྐད་སྲིན་བུ། ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་ཤིང་མོ་ཡོས་སུ་འབོད་པ་སྟེ། སྤྱི་ལོ༡༤༣༥ལོ་དགུ་གླིང་གི་བདག་བདུན་དམར་མེ་ལོང་འབྱུང་བ་གསུམ་ལྡན། ཟླ་ཀླུང་འཛོམས་པའི་གནམ་ལོའི་ཧོར་ལུགས་ཀྱི་ཟླ་བ་བཅུ་པ། དམར་ཕྱོགས་ཀྱི་རྫོགས་པ་དང་པོ། ལྷའི་བླ་མ་འཚོ་བ་སྐྱེས་དང་རྩེ་བའི་འཕྲོད་ཆེན་གླང་པོ། འབྱུང་བ་མེ་རླུང་འཛོམས་པའི་ཉིན་ཕྱག་བཏབ།” 12ཅེས་ལོ་རྒྱུས་དེ་དག་ལ་གཞི་བཟུང་ན་ལེགས་པར་མཐོང་ངོ་། དེ་མིན་རོང་སྟོན་བླ་མ་དགུང་ལོ་སོ་གཅིག་ཕྱིན་པའི་སྐབས་དགོན་པ་འདི་ཉིད་ཕྱག་བཏབ་པའི་ཟེར་མཁན་ཡོད་ཀྱང་ལོ་རྒྱུས་དངོས་དང་འབྲེལ་བའི་ཐོག་ནས་བཤད་ན་དགུང་ལོ་སོ་གཅིག་སྐབས་སུ་ཕྱག་བཏབ་མེད་པའི་རྣམ་པ་རེད།
རྒྱུ་མཚན་ནི། རོང་སྟོན་བླ་མའི་སྐུ་སྲས་སམ་དངོས་སློབ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྣམ་པར་ཐར་པ་ལས་མ་གསལ་པ་དང་དེ་ལས་གཞན་པའི་ལོ་རྒྱུས་མང་པོའི་ནང་བཤད་མེད། པན་ཆེན་ཁོང་ནི་རོང་སྟོན་ཆེན་པོ་སློབ་བུ་ཡིན་པ་མ་ཟད་འཕན་པོ་ནཱ་ལེནྡྲ་ཕྱག་བཏབ་པའི་སྐབས་སུ་ལྷན་དུ་ཡོད་པ་གྲགས། དེ་ཡིན་དུ་ལོ་རྒྱུས་དེ་ལ་ཁུངས་དང་རྒྱུ་མཚན་བཙན་འདུག་སྙམ་མོ།
རོང་སྟོན་བླ་མའི་གསུང་རྩོམ་སྐོར་བཤད་པ།
མཁས་དབང་ཁོང་གི་གསུང་རྩོམ་ལ་བོན་དང་བན་གཉིས་ཀྱི་གཞུང་ལུགས་ལ་འགྲེལ་བ་མཛད་ཡོད་རེད། དཔེར་ན་ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་ལ་འགྲེལ་བ་གནང་བའི་ཐེག་འགྲེལ་དང་། མུ་སྟེགས་ཚར་གཅད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ཀྱི་འགྲེལ་བ། བྱམས་མ་འབུམ་ལྔའི་འགྲེལ་བ་སོགས་མང་དུ་ཡོད་པ་མ་ཟད་རོང་སྟོན་ཆེན་པོས་མཛད་པའི་ཁམས་ཆེན་གྱི་འགྲེལ་བ་ཞིག་ཡོད་པའི་བཤད་ཚུལ་ཡང་ཡོད། བོན་ཆོས་རྣམ་དབྱེ་སྣང་གསལ་རིག་པའི་མེ་ལོང་། དུན་རྩེ་རྡུང་བའི་ཐོ་ཆེ།
སྡེ་དགེ་ཞལ་བཞེས་དགོན་དུ་ཡོད་པའི་རོང་སྟོན་ཐེག་འགྲེལ།
རོང་སྟོན་ཆེན་པོས་མཛད་པའི་བོན་གྱི་དཔེ་ཆ་ཁག་གཅིག
དམ་པ་རི་ཁྲོད་པ་འམ་དགོངས་འཛིན་རི་ཁྲོད་ཆེན་པོའི་མཛད་རྣམ། བོན་གྱི་གདན་ས་ཆེན་པོ་རྨེའུ་ཚང་གི་སྨྲ་སེང་བཅུ་གསུམ་གྱི་ནང་ཚན་དུ་གྱུར་པའི་མཁས་པ་དཔལ་ཆེན་གྱི་རྣམ་ཐར། དཔོན་གསས་བླ་མ་རྣམས་ཀྱི་སྤྱི་བསྟོད། 《དབུར་བསྟོད་》ལས། “མཁས་པ་དཔལ་ཆེན་ལ་བསྟོད་པ་དཔལ་གྱི་འབྱུང་གནས། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། གསུང་རབ་མང་དུ་ཐོས་པའི་སྨྲ་བ་པ།། རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན།། ཉི་མའི་འོད་ཀྱིས་སྐར་མའི་ཚོགས་བཞིན་དུ།། རིག་པའི་སྟོབས་ཀྱིས་ཕས་རྒོལ་ཟིལ་གྱིས་གནོན།། འཆད་པ་ཉི་མའི་འོད་ཀྱིས་གདུལ་བྱ་ཡི།། བློ་གྲོས་པདྨོ་རབ་ཏུ་རྒྱས་པ་དང་།། སྐྱོན་བྲལ་རྩོམ་པ་མཁས་པ་དགའ་བྱེད་ཅིང་།། དུས་རྣམས་རྟག་ཏུ་དགེ་བའི་རང་བཞིན་ཅན།། སྤོབས་པ་མི་ཟད་མཁས་པའི་མཆོག་གྱུར་པ།། བསྟན་པ་ཉིན་མོར་བྱེད་པའི་སྣང་བ་ཅན།། ཀུན་ཏུ་རྣམ་པར་རྒྱལ་བའི་སྟོབས་མངའ་བ།། འགྲོ་བའི་དེད་དཔོན་ཁྱེད་ལ་གུས་པས་འདུད། མཁས་པ་ཕུལ་ཕྱིན་ཁྱོད་ལ་རབ་བསྟོད་པས།། མཁས་པའི་གོ་འཕང་མཆོག་ཏུ་བརྙེས་གྱུར་ཅིག །”13 ཅེས་གསུངས་པ་དང་། སྨན་གོང་འདུལ་བ་ལ་བསྟོད་པ། བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལ་བསྟོད་པ་སོགས་བོན་གྱི་བླ་ཆེན་མང་པོ་ལ་སྒོ་གསུམ་གུས་པ་ཆེན་པོས་བསྟོད་ཚིག་དང་སྐྱབས་ཡུལ་དུ་འཛིན་ཡོད་པ་ལོ་རྒྱུས་དང་གསུང་རྩོམ་ཁག་ནང་ལ་གཟིགས་ན་གསལ་པོ་ཤེས་ཐོབ། དེ་བཞིན་བན་དེའི་གཞུང་ལུགས་ལ་འགྲེལ་བ་དང་ཁོང་གི་གསུང་རྩོམ་པོད་བཅུ་ཡི་བདག་ཉིད་ཅན་ཞིག་ཡོད་པ་མ་ཟད་དཔེ་སྐྲུན་ཡང་དེབ་གཟུགས་དང་དཔེ་གཟུགས་གཉིས་ཀ་ཡོད་པས་དེ་དག་རེད་བཞིན་ངོ་སྤྲོད་འདིར་བྲིས་མེད་རྒྱས་པར་གཟིགས་འདོད་ན་རོང་སྟོན་ཆེན་པོའི་གསུང་འབུམ་ལ་གཟིགས་མཛོད།
རོང་སྟོན་བླ་མའི་གསུང་འབུམ།
གཉིས་པ་སློབ་བུ་བྱུང་ཚུལ་བཤད་པ།
སྐྱེས་བུ་ཆེན་པོ་རོང་སྟོན་བླ་མའི་སློབ་བུ་ནི་བོན་གྱི་མཁས་དབང་དང་བསྟན་འཛིན་སྐྱེས་བུ་བླ་ན་མེད་པ་བྱུང་ཡོད་ལ། བན་དེའི་ལུང་རིག་སྨྲ་བའི་ཐོས་ལྡན་དབྱར་གྱི་རྩི་ཐོག་ནང་བཞིན་གྲངས་ལས་འདས་པ་ཞིག་འཁྲུངས་ཡོད། བོན་གྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རྒྱལ་མཚན་ཞེས་མཚན་གྱི་ཅོད་པན་གངས་རིའི་ཁྲོད་དུ་བསྒྲེངས་བའི་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེས་བུ་དེ་ཀུན་མཁྱེན་རོང་སྟོན་པའི་དངོས་སློབ་ཡིན་པ་གསུང་ཡོད།
རྗེ་མཉམ་མེད་ཆེན་པོ་དང་བཟང་རི་རྨེའུ་ཚང་དགོན་དུ་ཡོད་པའི་མཁས་པ་རྒྱལ་མཚན་མཆོག་ལེགས་ཀྱི་སྐུ་འདྲ།
དབང་ལྡན་ཞུ་ཡི་གདུང་བརྒྱུད་རྒྱལ་སྲས་ཡེ་ཤེས་བློ་གྲོས་དེ་ཉིད་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཁྲིད་རིམ་གནང་ཡོད་པས་སློབ་བུ་ཏུ་གྱུར། མཁས་དབང་རྒྱལ་མཚན་མཆོག་ལེགས་སོགས་བོན་གྱི་བླ་མ་མང་པོས་རྗེ་རོང་སྟོན་པའི་མདུན་ནས་ཞལ་གདམས་དང་གཞུང་ལུགས་རིག་གནས་བཅས་གསན་ཡོད་ལ་དེའི་དུས་ཚིགས་དང་ས་གནས་རྣམས་ལ་དཔྱད་དགོས་སོ། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་སྐྱེས་བུ་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་ཞེས་པ་དེ་ཡང་རོང་སྟོན་བླ་མའི་དངོས་སློབ་ཡིན་ལ་བླ་མ་དེས་མཛད་པའི་གཞུང་ལུགས་རྣམས་ས་སྐྱ་པས་ཡིག་ཆ་གཙོ་བོར་འཛིན་ཡོད་པ་རེད། རོང་སྟོན་བླ་མའི་རྣམ་ཐར་མཛད་མཁན་པཎ་ཆེན་ཤཱཀྱ་མཆོག་ལྡན་ཞེས་པ་འདི་གཉིས་ས་སྐྱ་པའི་གོ་ཤཱ་རྣམ་གཉིས་ཞེས་སྙན་གྲགས་ཆེ་ཤོས་ཤིག་ཆགས་ཡོད།
རོང་སྟོན་བླའི་དངོས་སློབ་དང་ཁོང་གི་རྣམ་ཐར་མཛད་པ་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན། སྡེབ་རིས་འདི་ནི་གངས་ཕུ་དགོན་དུ་ཡོད།
ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་དེ་ཉིད་རོང་སྟོན་པོའི་དངོས་སློབ་ཡིན་པ་མ་ཟད་དཔལ་ནཱ་ལེནྡྲ་དུ་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་དེ། གདན་ས་དེ་ཉིད་བསྐྱངས་བ་དང་བསྟན་པ་སྤེལ་དགོས་པའི་ཞལ་གསུང་གནང་ཡོད་པ་གྲགས། རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཆེན་མོ་རྗེ་ཙང་ཁ་པས་བླ་མ་རོང་སྟོན་པའི་མདུན་ནས་ཁྲི་ལུང་ཞུས་ཡོད་ལ། རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུས་གྲུབ་ཞེས་པ་ཁོང་ཉིད་ཀུན་མཁྱེན་རོང་སྟོན་པའི་དངོས་སློབ་ཏུ་གྱུར་མྱོང་ཡོད། མདོར་ན་བོན་པོ། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཀྱི་བླ་མ་དང་དགེ་བཤེས་མང་པོ་རོང་སྟོན་སྨྲ་བའི་སེང་གེའི་སློབ་ཚོགས་སུ་གྱུར་ཡོད་པ་མངོན་ནོ།
རོང་སྟོན་བླ་མའི་མཚན་གྱི་རྣམ་གྲངས།
ཆོས་འབྱུང་མཁས་པའི་དགའ་སྟོན་ལས་སྒ་སྟོན་ཤེས་རབ་འོད་ཟེར་ཞེས་དང་། ཚད་མ་རྣམ་པར་ངེས་པའི་རྣམ་བཤད་གྱི་མཇུག་བྱང་ལ་རོང་སྟོན་ཤེས་རབ་འོད་ཟེར་ཞེས་དང་། བོན་ཆོས་རྣམ་དབྱེའི་མཇུག་བྱང་ལ་རོང་སྟོན་ཤེས་བྱ་ཀུན་རིག་དང་། དུན་ཙེ་རྡུང་བའི་ཐོ་ཆེན་གྱི་མཇུག་བྱང་ལ་རོང་སྟོན་ཆོས་རྗེ་ཞེས་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་སྒྲོན་མེའི་དོན་བསྡུས་ནས་ཞི་གནས་སྒྲུབ་པའི་ཚུལ་གྱི་མཇུག་བྱང་ལ་རོང་སྟོན་ཐམས་ཅད་མཁྱེན་པ་ཞེས་དང་། རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པའི་ཐབས་ནི་གུ་ཆོས་དྲུག་གི་མན་ངག་རིན་པོ་ཆེའི་གཏེར་མཛོད་ཀྱི་མཇུག་བྱང་ལ་ཐམས་ཅད་མཁྱེན་པ་རོང་སྟོན་ཞེས་དང་། དབུར་བསྟོད་ཚོགས་ཀྱི་སྐོར་གྱི་མཇུག་བྱང་ལ་རོང་སྟོན་ཆེན་པོ་ཞེས་སོགས་མཚན་གྱི་རྣམ་གྲངས་མང་པོ་ཡོད་པ་དང་མཚན་དེ་དག་བཏགས་པའི་དགོས་པ་ཡང་ན་རྒྱུ་མཚན་བླ་ན་མེད་པ་ཡོད་དོ།
གསུམ་པ་བོན་དབྱིངས་སུ་གཤེགས་ཚུལ་བཤད་པ།
ལོ་ངོ་༦༠༠ལྷག་ཙམ་ཕྱིན་པའི་རོང་སྟོན་བླ་མའི་བཞུགས་ཁྲི་དང་ཆོས་ཁྲིད་ཁང་། ད་ལྟ་དཔལ་ནཱ་ལེནྡྲ་དུ་ཡོད།
གངས་ཅན་མཁས་པའི་དབང་པོ་སྒ་སྟོན་ཤེས་རབ་ཟོད་ཟེར་གྱི་སྐུ་ཚེའི་མཛད་པ་མཐར་ཕྱིན་ནས་དགོངས་པ་བོན་དབྱིངས་སུ་གཤེགས་ཚུལ་ལ་བསྟན་རྩིས་དང་རྣམ་ཐར་ཁག་ལས་གསུངས་ཚུལ་མི་འདྲ་བ་མང་པོ་འདུག《བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་》ལས། “དོན་དུ་བརྒྱད་ཅུ་གྱ་ལྔ་ལ་སྐུ་གཤེགས། ཕྱི་ལོ་ལྕགས་ཁྱི་ལོར། བཀྲ་ཤིས་རྣམ་རྒྱལ་བ་གདན་སར་བཀོད་”14ཅེས་གསུངས་པ་དང་། 《བླ་མ་དམ་པ་རོང་སྟོན་ཆོས་རྗེའི་རྣམ་ཐར་པར་ཐར་པ་》ལས། “དེ་རྣམས་ནི་དགུང་ལོ་ཉི་ཤུ་རྩ་གཉིས་ལ་རྣམ་ངེས་ཀྱི་ཊི་ཀ་མཛད་པ་ནས་བཟུང་སྟེ་དགུང་ལོ་བརྒྱད་ཅུ་གྱ་ལྔའི་བར།”15ཞེས་དང་། 《བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག་》ལས། “མཐར་དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ས་སྦྲུལ་སྤྱི་ལོ་༡༤༤༩ལོར་ཞི་བར་གཤེགས་སོ།”16ཞེས་པ་དང་དེ་བཞིན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རོང་སྟོན་རྣམ་ཐར་ལས་དགུང་ལོ་གྱ་གསུམ་ཐོག་དགའ་ལྡན་གནས་སུ་གཤེགས་ཞེས་གསུངས་འདུག རྣམ་ཐར་དེ་དག་གཅིག་བདེན་པ་དང་གཅིག་རྫུན་པ་རུ་ཁས་བླངས་སྟངས་ན་ཞི་འཇུག་གྱི་ཁ་ཕྱོགས་ལ་གནོད་པ་འབབ་པ་མ་གཏོགས་བདེན་དཔོན་བཙལ་བའི་ལམ་ཁ་མ་ཡིན། བླ་མ་ཁོང་གིས་གསུངས་བའི་བོན་གྱི་གཞུང་རྣམས་དང་བན་གྱི་རིག་གཞུང་མང་པོ་ལ་འགྲེལ་བ་མཛད་ཡོད་པ་དང་ལོ་རྒྱུས་རིག་གནས་དང་བཅས་པ་མང་པོ་ཡོད་པས་དེ་རྣམས་ཀྱི་མཇུག་བྱང་ལ་ཁ་གསལ་ཡོད་མེད་བརྟག་དཔྱད་ནན་པོ་དགོས་པ་སེམས་སོ།།
ཀུན་མཁྱེན་རོང་སྟོན་པའི་ཞིབ་ཕྲའི་མཛད་པ་དང་ལྷག་པར་དུ་བན་དེའི་ཆོས་ལུགས་ཉམས་སུ་ལེན་ཚུལ། གསུང་རྩོམ་རྣམས་ཀྱི་ངོ་སྤྲོད་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ལས་རྒྱས་པར་གསུངས་ཡོད་པས་དེར་གཟིགས་ན་རྟོགས་ནུས་སོ།།
མཇུག་གི་གཏམ།
དེ་ཡང་མཁས་པ་གོང་མའི་མཛད་བཟང་ལ་ཡང་ནས་ཡང་དུ་ཞིབ་འཇུག་དང་རྣམ་ཐར་ལ་གཟིགས་ཞིབ་གནང་དགོས་པ་གལ་ཆེན་རེད། དེང་རབས་མི་ཡི་བསམ་བློ་བཏང་སྟངས་ལ་གཉིས་སུ་ཡོད་པས། ཁ་ཅིག་གིས་དད་པ་ཁོ་ན་བྱེད་ནས་རང་གིས་ཞིབ་འཇུག་གང་ཡང་མི་བྱེད་པ་བླ་མ་ཞིག་གིས་གསུངས་རེད་ཟེར་ནས། དེ་ཡིན་ན་ཡིན། དེ་མིན་ན་མིན་ཟེར་ནས་བསྡད་བཞག་ན་ང་ཚོས་སྤྱི་ཚོགས་རྗེས་སུ་མི་ཟིན་པ་དང་ཆོས་ལུགས་ཀྱི་སྙིང་དོན་ཡང་རྟོགས་པར་དཀའ་འོ། ཁ་ཅིག་གིས་བླ་མ་གོང་མའི་རྣམ་ཐར་ལ་ཡིད་ཆེས་གཅིག་ཀྱང་མི་བྱེད་པ་རང་ལ་རྣམ་རྟོག་གི་རླུང་འཚུབ་དང་། ཉོན་མོངས་ཀྱིས་དབང་བསྒྱུར་ཅི་ཞིག་བྱས་ཡོད་པ་ཧ་མི་གོ་ནས། ཞིབ་འཇུག་ཤ་སྟག་བྱེད་ནས་སུ་གཅིག་ལ་ཡིད་དང་རེ་བ་མེད་པ་དེའི་རིགས་ལ་སྐྱོན་ཞིག་ཡོད་པ་རེད། ང་ཚོས་དེ་ལྟར་མ་ཡིན་པ་ཞིབ་འཇུག་དང་དད་པ་གཉིས་ཟུང་འབྲེལ་གྱིས་བླ་མ་དམ་པ་རྣམས་ཀྱི་ལོ་རྒྱུས་གླེང་དགོས་པ་གལ་ཆེ། དེ་རིང་གུས་པས་བླ་མ་རོང་སྟོན་སྨྲ་བའི་སེང་གེའི་མཛད་རྣམ་སྐོར་མདོར་ཙམ་བཤད་པ་འདི་ཡི་ཐོག་ལ་དཔྱད་གཞི་ཡིག་ཆ་མཐུན་འགྱུར་གནང་མཁན་དཔལ་ནཱ་ལེནྡྲའི་མཁན་པོ་བོད་ལྗོངས་ནང་བསྟན་སློབ་གླིང་དགེ་རྒན་ཆེན་མོ་ནོར་བུ་ཡོན་ཏན་མཆོག་གཙོས་པའི་རྒྱབ་རྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་རྩོམ་ཡིག་འདི་སྤེལ་བའི་དགེ་མཚན་ཡོད་དོ་ཅོག་ཚང་མ་རྗེས་སུ་གསར་སྐྱེས་ཀྱི་རྩོམ་པ་པོ་རྣམས་ལ་ཕན་པ་ཏོག་ཙམ་ཡོད་པའི་རེ་བ་དང་དགེ་བའི་རིགས་སུ་གྱུར་པ་རྣམས་ཁམས་གསུམ་སེམས་ཅན་ཀུན་ལ་བསྔོ་ནས་རང་གཞན་ལུས་ཅན་ཀུན་འཁོར་བའི་ཚོགས་ནས་སྒྲོལ་བར་སྨོན།
དཔྱད་མཆན།
1 པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས ཀ་པ། ཤ 9
2 རྒྱལ་ཚབ་ཀུན་བཟང་བློ་གྲོས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྩིས་བརྒྱ་གསལ་བྱེད་མེ་ལོང་། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ 946
3 སྟེང་ཆེན་སྨན་རྩིས་ཁང་། ས་ཁྱུ་ལོ། ཤ། 24
4 མཁན་ཆེན་ཉི་མ་བསྟན་འཛིན། བསྟན་རྩེས་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ། དགེ་རྩེའི་ཀུན་ཁྱབ་ཀྱིས་བསྒྲིགས། 2018 ལོ། ཤ 49
5 རོང་སྟོན་ཤེས་བྱ་ཀུན་མཁྱེན། བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ 253
6 པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས། ཀ་པ། ཤ 9
7 སློབ་དཔོན་ཡོན་ཏན་རྒྱ་མཚོ། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2018 ལོ། ཤ 971
8 པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས། ཀ་པ། ཤ 10
9 པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས། ཀ་པ། ཤ 10
10 པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས། ཀ། ཤ 71
11 གསང་ཕུ་ཀུན་དགའ། བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག དཔེ་སྐྲུན་ཁང་མ་གསལ། ཤ 178
12 དཔལ་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་ཆོས་གྲྭ་ཆེན་པོའི་བྱུང་བ་བརྗོད་པ་བཞུགས་སོ། དཔེ་སྐྲུན་ཁང་དང་མཛད་པ་པོ་མ་གསལ། ཤ 35
13 རོང་སྟོན་ཐམས་ཅན་མཁྱེན་པ། དབུར་བསྟོད་ཚོགས་ཀྱི་སྐོར། རོང་སྟོན་གསུང་འབུམ། པོད་དང་པོ། ཤ 18
14 ཀུན་མཁྱེན་ཉི་མ་བསྟན་འཛིན། བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུད་པོ། དཔེ་སྐྲུན་ཁང་མ་གསལ། ཤ 50
15 ནམ་མཁའ་དཔལ་བཟང་། བླ་མ་དམ་པ་རོང་སྟོན་ཆོས་རྗེའི་རྣམ་པར་ཐར་པ། ཕྲིན་ལས་རྒྱས་ཤིང་རྒྱུན་མི་འཆད་པའི་རྟེན་འབྲེལ་བཟང་པོ། དཔེ་གཟུགས། ཤ 15
16 གསང་ཕུ་ཀུན་དགའ། བོན་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག དཔེ་སྐྲུན་ཁང་མ་གསལ། ཤ 181
དཔྱད་གཞི་ཡིག་ཆ།
རོང་སྟོན་ཤེས་བྱ་ཀུན་མཁྱེན། བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
རོང་སྟོན་ཐམས་ཅན་མཁྱེན་པ། དབུར་བསྟོད་ཚོགས་ཀྱི་སྐོར། རོང་སྟོན་གསུང་འབུམ། པོད་དང་པོ།
པཎ་ཆེན་ཤཱཀྱ་མཆོག་ལྡན། རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་རོང་སྟོན་པོའི་གསུང་འབུམ། དཔེ་གཟུགས། ཀ།
སློབ་དཔོན་ཡོན་ཏན་རྒྱ་མཚོ། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
ཀུན་མཁྱེན་ཉི་མ་བསྟན་འཛིན། བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུད་པོ། དཔེ་སྐྲུན་ཁང་མ་གསལ།
རྒྱལ་ཚབ་ཀུན་བཟང་བློ་གྲོས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྩིས་བརྒྱ་གསལ་བྱེད་མེ་ལོང་། ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
ནམ་མཁའ་དཔལ་བཟང་། བླ་མ་དམ་པ་རོང་སྟོན་ཆོས་རྗེའི་རྣམ་པར་ཐར་པ། ཕྲིན་ལས་རྒྱས་ཤིང་རྒྱུན་མི་འཆད་པའི་རྟེན་འབྲེལ་བཟང་པོ། དཔེ་གཟུགས། རོང་སྟོན་གསུང་འབུམ། ཀ།
གསང་ཕུ་ཀུན་དགའ། བོད་ཀྱི་ནཱ་ལེནྡྲ་གསང་ཕུ་ནེའུ་ཐོག དཔེ་སྐྲུན་ཁང་མ་གསལ།