ཕྱ་གཡང་གི་མཚོན་དོན་དང་དེ་འབྲེལ་གཡང་འགུག་གི་ཆོ་གའི་སྐོར་གླེང་བ།

[ཟླ་ཚེས། 2019-10-22 13:31:39][རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་“ཕྱ་”དང་“ཕྱྭའི་”སྐོར་ཞིབ་བཤེར་བྱས་ནས་གོ་དོན་སོ་སོར་བརྗོད་པ་དང་། དེ་བཞིན་“གཡང་”ཞེས་པའི་མཚོན་དོན་དང་བོན་ཕྱོགས་ནས་གཡང་འགུག་གི་ཆོ་ག་སྤེལ་པའི་ལམ་ལུགས་སྐོར་དང་། གཡང་ཆོག་གི་ངོ་སྤྲོད་དང་གཡང་འགུག་སྟངས་ཀྱི་རྣམ་གྲངས་སོགས་ཞུས་ཡོད།

  [བརྡ་ཆད་གཙོ་བོ།] “ཕྱ་”དང་། “ཕྱྭ་”དང་། “གཡང་”དང་། “གཡང་འགུག་གི་ཆོ་ག་”དང་། “གཡང་འབོད་”དང་། “གཡང་རྟེན་”དང་། “གཡང་བླན་”བཅས་ཡིན།

  གཡང་འགུག་གི་རིག་གནས་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་དངོས་སུ་བཀོལ་སྤྱོད་དང་ལག་བསྟར་བྱས་དང་བྱེད་བཞིན་པའི་དགོས་མཁོ་ཆེ་བའི་ཐུན་མོང་གི་རིག་གནས་མེད་དུ་མི་རུང་བ་ཞིག་ཡིན་པ་སྨོས་མ་དགོས་ལ། བོད་མིའི་སྲོལ་རྒྱུན་གྱི་ངག་སྒྲོས་ཤིག་ལ། ‘‘མྱི་ལ་ཚེ་འགུགས། ནོར་ལ་གཡང་འགུགས།’’ ཞེས་པའི་དོན་ནི་‘ཕྱ་’དང་‘གཡང་’ཞེས་བརྗོད་པ་དེ་རེད་ལ། དེའི་ཕྱིར་འགྲོ་བ་མི་ཞིག་ཡིན་སྟབས་དེ་དང་དུས་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད། དཔེར་ན་བོད་མི་ཞིག་ལ་མཚོན་ན་གཡང་འགུག་གི་ཆོ་ག་དེ་གལ་ཆེའི་ཆོ་ག་ཞིག་ཏུ་བརྩི་སྲོལ་ཡོད། དེ་ཡང་ནང་མི་ཚེ་ཐག་རིང་བ་བགྲེས་སོང་འདས་གྲོངས་སྐབས་དང་། གཉེན་སྟོན་གྱི་མཛད་སྒོ་དང་ལོ་གསར་སོགས་ལ་དམིགས་སུ་བཀར་ནས་ཕྱ་གཡང་གི་ཆོ་ག་སྤེལ་བའི་སྲོལ་རྒྱུན་ཡོད་པ་དེ་དག་ད་ལྟའང་མ་ཉམས་པ་གནས་བཞིན་ཡོད། གཤམ་དུ་ཕྱ་གཡང་གི་མཚོན་དོན་དང་གཡང་འགུག་གི་ཆོ་གའི་རིག་གནས་སྐོར་རགས་ཙམ་གླེང་བར་བྱ།

ཕྱའམ་ཕྱྭ་ཡི་ཐ་སྙད་སྐོར།

  དེ་ཡང་‘ཕྱ་’འམ་‘ཕྱྭ་’ཞེས་པའི་ཐ་སྙད་མི་འདྲ་བ་གཉིས་ཐོན་གྱི་ཡོད་པས་དེ་གཉིས་ཀྱི་ནང་དོན་ནི་གཅིག་ཏུའང་མི་འབབ་ལ། སྤྱིར་ཝ་ཟུར་མེད་པའི་‘ཕྱ་’ཞེས་པའི་ཐ་སྙད་འདི་ཡིས་གོ་དོན་ལྔ་ཙམ་མཚོན་པར་སྣང་། དེའང་ཚེ་སྲོག་དང་། བླ་དང་། འཕྱ་སྨོད། རྩིས། གཡང་དང་ལྔ་ཙམ་ལ་གོ་བའོ། །སྐབས་འགར་མཚན་མ་མེད་པའམ་སྟོང་པ་ལའང་གོ་བ་ཡོད། 1 དང་པོ་‘ཚེ་སྲོག་’གི་དོན་མཚོན་པ་སྟེའང་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ཡིག་ཚང་<<ཏུན་ཧོང་ཡིག་རྙིང་>>ལས། “རྒྱལ་པོའྀ་ཕྱ་ཉམས་པའྀ་ངོ་།”2ཞེས་དང་། “ནད་པ་ལ་བཏབ་ན་ཕྱ་ཉམས་པའྀ་ངོ་། །བོན་བྱས་ནའ་གདོན་ལན་ཕྱིར་ལྟས་ཏེ་ཕན་ནོ། །’’3ཞེས་པ་འདིའི་དོན་འཆད་ན། རྒྱལ་པོའི་ན་སྟངས་འདིར་མོ་བའམ་སྨན་པས་བརྟགས་དུས་ཚེ་སྲོག་ཉམས་འདུག་པས་ཚེ་འགུག་གི་ཆོ་ག་སྤེལ་སྟེ་ཚེ་ལེན་གྱི་བདག་པོའི་ལག་ནས་ཚུར་བླང་ཐུབ་ན་རྔོ་ཐོགས་འབྱུང་ཞེས་བརྗོད་ཡོད། དེ་བཞིན་<<མཛོད་སྒྲ་འགྲེལ་>>ལས། “དེ་རྣམས་ཕྱ་དང་གཡང་གི་བདག་པོ་ལགས་སོ། །དེ་ཡང་དོན་དུ་ཕྱ་ཟེར་ན་གཡུང་དྲུང་གི་ཚེ།”4ཞེས་པས་རྟོགས་སོ། །སྤྱིར་‘ཚེ་སྲོག་’ཅེས་པ་ནི་ནག་རྩིས་ཀྱི་གཞུང་ལས་འཆད་པའི་སྲོག་ལུས་དབང་གསུམ་གྱི་ཡ་གྱལ་སྲོག་ཅེས་པ་དེ་ཡིན། ‘ཚེ་’དང་‘སྲོག་’ ཅེས་པའི་ཐ་སྙད་མི་འདྲ་བ་གཉིས་སྣང་ཡང་ནང་དོན་ནི་གཅིག་མཚུངས་ཡིན་ཏེ་<<གཟུངས་སྡེ་ལྔ་བ་>>ལས། “ཚེ་ཞེས་བྱ་བ་ནི་སྲོག་ཡིན།”5ཞེས་དང་། <<སུམ་ལྡན་སྡུད་གྲྭའི་རྣམ་བཤད་>>ལས། “སྲོག་གི་དབང་པོ་ནི། ལས་ཀྱི་དབང་གིས་རིགས་མཐུན་དུ་འཕངས་པས་ཀུན་གཞི་དང་རྣམ་སྨིན་གྱི་བག་ཆགས་འབྲེལ་བའི་རྒྱུན་དུ་གྱུར་པའི་ཚེ་དེའོ། །’’6 ཞེས་པས་རྟོགས་ནུས། དེ་བཞིན་<<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>>ལས། “སྲོག་དབང་ལ་མཚན་ཉིད་ནི། སྔོན་ལས་ཀྱིས་འཕངས་པས་ཚེ་ཇི་སྲིད་གནས་པའི་ནུས་པར་བཞག་པའོ། །དབྱེ་ན་གཟུགས་ཅན་གྱི་སྲོག་དབང་དང་། གཟུགས་མེད་ཀྱི་སྲོག་དབང་ངོ་། །གཟུགས་མེད་ཀྱི་སྲོག་ནི། ཀུན་གཞི་རྣམ་སྨིན་གྱི་ཆ་ལ་ཚེ་གཅིག་གི་ཕུང་པོ་ཇི་སྲིད་གནས་པའི་ནུས་པ་ཡོད་པ་ལ། གཟུགས་ཅན་ནི་དེ་དང་དབུགས་འབྲེལ་བའོ། །’’7ཞེས་པས་སོ། །ཚེ་སྲོག་དེ་ཡང་འགྲོ་བ་སེམས་ཅན་གྱི་ལུས་ཕུང་སོགས་གྲུབ་ཙམ་ཉིད་ནས་ཀུན་གཞི་རྣམ་ཤེས་དང་ལྷན་ཏུ་གནས་བཞིན་ཡོད། སྐྱེ་བོ་ཉིད་ནམ་ཞིག་འཆི་བའི་དུས་སུ་ཚེ་སྲོག་དེའང་རྣམ་ཤེས་དང་མཉམ་དུ་གཟུགས་ཕུང་དང་ཁ་བྲལ་ནས་འགྲོ་བར་གྲགས་སོ། །ཚེ་སྲོག་གི་རྟེན་གནས་དང་། དབྱིབས་དང་ཁ་དོག་རྣམ་གྲངས་སོགས་གཟུངས་སྡེ་ལྔ་བ་སོགས་ལས་རྒྱས་བཤད་འཆད་ཀྱང་འདིར་བརྗོད་པར་འབད་པ་མི་བྱའོ། །བོན་གྱི་ཤོད་སྲོལ་ལྟར་ན། ནང་བཅུད་སེམས་ཅན་གྲོལ་ཚུལ་བརྗོད་པའི་སྐོར་ལས། རྒྱུ་འབྱུང་ལྔའི་བཅུད་ལས་འོད་སྒོང་དཀར་ནག་གཉིས་སུ་སྲིད་ནས་འོད་སྒོང་དཀར་པོ་རང་བརྡོལ་ལས་ཡོད་ཁམས་སྲིད་པའི་རྒྱལ་པོ་(ཡབ་གཅིག་སངས་པོ་འབུམ་ཁྲི་བརྗོད་)སྲིད། ཡབ་གཅིག་སངས་པོ་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ཡིད་ཀྱིས་བཤོས་པ་ལས་སྲས་མིང་སྲིང་བཅོ་བརྒྱད་དུ་འཁྲུངས་སོ། །དེའི་ནང་ནས་གཅེན་པོ་གསུམ་“སྲིད་སྐོས་ཕྱ་” གསུམ་ཞེས་པ་དེ་ལས་ཕྱ་ནི་ཕྱ་རྗེ་རིང་དཀར་ལ་ཟེར་ཞིང་། ཁོང་ནི་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་གི་རྫི་བོའམ་བདག་པོ་ཡིན་པ་དང་སྲོག་བདག་གི་འགོ་ཁུངས་ལྟ་བུར་བརྗོད་ཡོད། 8 ཡང་ཕྱ་ཚེ་རྒྱལ་མོ་ཞེས་པའང་དེ་བཞིན་དུ་བཤད་དོ། །9

  གཉིས་པ་“བླ”ཡི་དོན་ཏུ་མཚོན་པའང་མཆིས་ཏེ་<<བོན་སྒོ་གསལ་བྱེད་>>ལས། “མོན་ལྷ་བྲ་གུ་ཕྱ་ནི། བླ་གཡུ་འགུགས་པ་”10ཞེས་དང་། ཡང་<<སྲིད་པ་རྒྱུད་ཀྱི་ཁ་བྱང་>>ལས། “གཤེན་པོ་ཕ་བ་མཚེ་གཅོའ་དེས། བརླའ་གཡུའ་འོད་དཀར་གྱིས་རྗེའི་སྐུ་ཕྱ་བཀུག རྗེའི་ཐུགས་ཀར་བརླའ་གཡུའ་བཏགས། བདུད་བཙན་ལག་ནས་བརླའ་ཚེ་བཀུག”11ཞེས་པའི་གོང་གི་“སྐུ་ཕྱ་”ཞེས་པའི་དོན་ནི་“སྐུའི་བླ་”རུ་གོ་བ་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་མཆན་བཏབ་ནས་གསལ་བཤད་བྱས་པའོ། །12 དེའི་གཏམ་རྒྱུད་ཀྱི་ནང་དོན་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཕྱྭ་ཡུལ་ནས་མི་ཡུལ་དུ་བྱོན་རྗེས་རྗེའི་བླ་དེ་ངམ་བཙན་གྱིས་འཁྱེར་ནས་ནད་གཞི་བཟུང་སྟབས། དེ་ཉིད་ཀྱི་བོན་གཤེན་མཚེ་གཅོས་བླ་འགུག་གི་ཆོ་ག་སྤེལ་ནས་རྒྱལ་པོའི་བླ་དེ་ཚུར་བླའི་རྟེན་བླ་གཡུའི་ཐོག་ཏུ་བཀུག་ནས་རྒྱལ་གྱི་སྐུ་ལུས་ལ་བཏགས་པའི་དོན་སྨོས་སྐབས་ཕྱ་ནི་བླའི་དོན་ཏུ་འབྲེལ་བ་ཤུགས་ཀྱིས་གོ་བ་ནུས་སོ། །སྤྱིར་གནའ་བོའི་ཡིག་ཚང་དུ་དངོས་སུ་གསལ་བའི་“བླ་”ཡི་ཚབ་ཏུ་“བརླ་” ཞེས་བེད་སྤྱོད་བྱེད་ཡོད་པ་གོང་ཞུས་དེ་དང་<<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་གདམས་བསྒྲིགས་>>ལས། “གྲའ་བོའི་བརླ་རྡོ་ཡང་སྲྀ་ཁུང་ཁར་གཞག་གོ། སྔགས་མ་ནོར་བར་བྱས་ན་མྱི་འཆོར་རོ། ་་་་་་བརླ་རྡོ་ལ་རྟེན་བཅས་ལ། གཟུགས་བྲྀས་ལ། བརླ་གགུག་ཀོ།”13ཡང་། “རྗེ་ཡབ་བླ་བདལ་དྲུག་ཀྱི་༼གི་༽བརླ་དང་གླུད་བརྗེས་དེ། དེ་ལྟར་ཕན་ནོ།”14ཞེས་སོགས་ཀྱིས་མཚོན་ཐུབ་བོ། །ད་ཆར་བོད་རྒྱུད་བན་བོན་གཉིས་ཀས་ཐུན་མོང་གི་བེད་སྤྱོད་བྱེད་པའི་བླ་འགུགས་ཀྱི་རིག་གནས་ནི་བོད་གདོད་མའི་ཆོས་རིག་ཅིག་ཡིན་པ་ངོས་འཛིན་བྱེད་ཐུབ། བླ་འགུག་སྟངས་ཀྱི་ཁྱད་ཆོས་ལ་རྣམ་པར་གཉིས་སུ་ངེས་པས་གསོན་པོའི་བླ་ཉམས་པར་བླ་འགུག་པ་དང་། གཤིན་པོའི་བླ་ཡར་བར་བླ་འདུལ་བའི་ཆོ་ག་བྱ་སྲོལ་གཉིས་སུ་ཡོད། གཞན་བླ་དང་བླ་བསླུའི་ཆོ་ག་སོགས་ཀྱི་སྐོར་ཞིབ་ཕྲ་འདི་ནས་བརྗོད་པར་འབད་པ་མི་བྱའོ། །

  གསུམ་པ་འཕྱ་སྨོད་བྱེད་པའམ་ཟུར་ཟའི་གཏམ་བྱེད་པའི་དོན་མཚོན་ཏེ་<<དག་ཡིག་གསར་བསྒྲིགས་>>ལས། “ཕྱ། ཟུར་ཟ་དང་འཕྱ་སྨོད་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ།”15 སྤྱིར་འཕྱ་སྨོད་ཅེས་པ་ནི། འགྲོ་བ་གཞན་ལ་མ་དགའ་བའི་གཏམ་ཤོད་པའམ་ལུས་ཀྱི་རྣམ་འགྱུར་ངན་པ་སྟོན་པ་ལའོ། །དཔེར་ན། མི་གཉིས་ཀྱི་བར་ལ་འཆམ་མཐུན་མ་བྱུང་བའི་རྐྱེན་གྱིས་རྣམ་འགྱུར་དང་ངག་ཚིག་ལ་‘ཕྱ་གཏོང་’ཞེས་པའོ། །དེའང་མྱི་ཁ་བབ་ཅེས་ཀྱང་བརྗོད། དེའི་རིགས་ཟློག་ཐབས་ལའང་དམིགས་སུ་བཀར་ནས་བོན་ཕྱོགས་ནས་བཤད་ན་<<མྱི་ཁ་དགྲ་བཟློག་>>16ཅེས་པའི་བོན་གྱི་ཆོ་ག་ཐུང་ངུ་ཞིག་ཡོད། དེ་ཀློག་འདོན་བྱེད་ཐུབ་ན་རབ། མ་ཐུབ་ནའང་རས་དང་ཤོག་གུའི་རིགས་ལ་གྲངས་མི་ཉུང་བ་ཞིག་དཔར་ནས་ལམ་སུམ་མདོ་འམ་ལམ་ཟུར་གཡས་གཡོན་གཉིས་ལ་བཞག་སྲོལ་ཡང་ཡོད། དེས་ཀྱང་མྱི་ཁ་བཟློགས་ཐུབ་པ་ལ་ངོས་འཛིན་གནང་གི་ཡོད། དེའི་ནང་དོན་ནི་བདུད་བཟློག་ཅེས་པའི་ཆོ་ག་དེ་དང་གཅིག་མཚུངས་སུ་སྣང་ངོ་། །

  བཞི་པ་‘‘རྩིས་”ཀྱི་དོན་མཚོན་ཏེ། ཡིག་རྙིང་ཁག་འགའ་ལས་རྩིས་ཀྱི་དོད་དུ་‘ཕྱ་’ཞེས་པའི་ཐ་སྙད་འཇུག་ཚུལ་ཀྱང་འཁོད་ཡོད་ཅེས་པ་<<མདའ་དང་འཕང་>>ལས། “འོན་ཀྱང་དཔེ་རྙིང་དེ་དག་ནང་དུ་ཕྱིས་སུ་ཐོན་པའི་ཐ་སྙད་རྩིས་ཀྱི་དོད་དུ་ཕྱ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཡོད། ཕྱ་ཞེས་པས་གཏམ་རྒྱུད་ཁྲོད་ཐོན་པའི་གོ་དོན་ནི་རྩིས་ཞེས་པ་དང་གཅིག་མཐུན་ཡིན། ཕྱིས་སུ་གོང་དུ་བརྗོད་པའི་སྲོལ་རྒྱུན་ལག་ལེན་བཞི་ལ་དེ་དག་སོ་སོའི་བྱེད་ནུས་དང་ཁྱད་ཆོས་ལ་བསྟུན་ནས་མོ་བཏབ། ཕྱ་ཀླགས། གཏོ་ཞིང་། དཔྱད་དཔྱད་ན་ཞེས་ཟེར་སྲོལ་ཆགས་ཡོད།”17ཅེས་པས་གསལ། སྤྱིར་བཏང་རྩིས་ཞེས་པ་ནི། ཕྱི་ནང་གི་འབྱུང་བ་དང་མིའི་སྲོག་ལུས་དབང་ཀླུང་། ལོ་ཟླ་ཞག་དུས་དང་སྤར་སྨེ་སོགས་ཁམས་འཕྲད་ཚུལ་མཐུན་མིན་གྱི་ཐོག་ནས་དར་གུད་དང་གོད་ཆགས་ལེགས་ཉེས་ཀྱི་རྣམ་པ་ཡོང་མིན་བརྟགས་པའི་རིག་གནས་ཀྱི་གྲུབ་ཆ་ཞིག་ལའོ། །རྩིས་ལ་དབྱེ་ན་གབ་རྩེ་སུམ་བརྒྱ་དྲུག་ཅུ་སོགས་མཆིས་ཀྱང་བསྡུས་ན་དོན་རྣམ་པ་བཞི་རུ་འདུས་ཏེ་<<མདོ་དྲི་མེད་གཟི་བརྗིད་>>ལས། “རྩིས་ལ་རྣམ་པ་བཞི་ཡིན་ཏེ། །གབ་རྩེ་འཕྲུལ་གྱི་མེ་ལོང་དང་། །སྤར་ཁ་སྨེ་བ་གླིང་སྐོར་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །ཅི་ཡག་(ཇུ་ཞག་)རྟེན་འབྲེལ་ལས་རྩིས་དང་། །རྣམ་པ་བཞི་རུ་ཤེས་པར་བྱ། །’’18ཞེས་སོ། །དེ་རྣམས་ཀྱི་དབྱེ་བ་སོགས་འདིར་སྤྲོ་བར་མི་བྱའོ། །

  ལྔ་བ་“གཡང་”གི་དོན་མཚོན་པ་ནི། བོན་གྱི་དཔེ་རྙིང་<<མུ་ཡེ་པྲ་ཕུད་ཕྱའི་མཐའ་ཐུག་>> ལས། 19 “ལྷ་ཕྱ་པང་དུ་ལོན་ནས་བདའ། ༼གདའ༽ ཐང་དཀར་དམུག་རུམ་འཐིམས་པ་འདྲ། མི་ཕྱ་ཁྱིམ་དུ་ལོན་ནས་བདའ། ༼གདའ༽ སྟག་རལ་མདས་བཀང་པ་འདྲ། རྟ་ཕྱ་གྲེས་སུ་ལོན་ནས་བདའ། ༼གདའ༽ རྐྱང་དཀར་དྲོ་ལ་ལྷག་པ་འདྲ། གནག་ཕྱ་གདང་དུ་ལོན་ནས་བདའ། ༼གདའ༽ སོལ་དོང་ཁ་ནི་ཕྱེ་བ་འདྲ། ལུག་ཕྱ་ལྷས་སུ་ལོན་ནས་བདའ། ༼གདའ༽སྤང་ལྗོངས་སེར་བས་གང་བ་འདྲ། འབྲུ་ཕྱ་བང་ནང་ལོན་ནས་བདའ། ༼གདའ༽ འབྲས་དཀར་ཐང་མ་བདལ་བ་འདྲ།” ཞེས་པ་དེ་དག་གིས་འབྲེལ་ཡུལ་ལྷ་མི་སོགས་རང་རང་དང་འབྲེལ་བའི་སྙིང་པོའམ་ཡང་བཅུད་རྣམས་བརྗོད་ཡོད་ལ། གཞན་<<ཕྱ་བཀྲ་ཤིས་འཁྱིལ་པ་སྲིད་པ་རྒྱལ་མོའི་གཡང་འགུག>>ལས། “བཙན་ཕྱ་ཕྱུག་ལ་བླང་། གཅན་དང་གཅུང་མ་བྲལ། མི་ཕྱ་ནོར་ལ་བླང་། ནོར་གཡང་མི་ལ་བླང་། མི་དང་ནོར་མ་བྲལ།”20ཞེས་སོགས་ཀྱིས་ངེས་པས་སོ། །གཡང་གི་དོན་ནི་གཤམ་དུ་གཡང་གི་སྐོར་ཞེས་པར་གཟིགས་པར་འཚལ། དུས་རྒྱུན་‘ཕྱ་’དང་འབྲེལ་བའི་ཐ་སྙད་དོན་མི་འདྲ་བ་ཁ་ཤས་འདིར་འགོད་འདོད་བྱུང་། དཔེར་ན་ཕྱ་གསས། ཕྱ་གཡང་། ཕྱ་ཚེ། ཕྱ་མདའ། ཕྱ་འཕང་། ཕྱ་ཆང་། ཕྱ་རྫས་ཟེར་བ་ལྟ་བུའོ། །འདིར་གླེང་དགོས་པའི་གལ་ཆེའི་གནད་དོན་ཞིག་ནི་བོན་གྱི་དཔེ་རྙིང་ཁག་འགའ་ལས་“ཕྱྭ་གཡང་ཁུག”ཅེས་བྱུང་བ་མིང་ཚིག་འདི་ལ་གོ་བ་ལེན་ཚུལ་ཡིད་གཟབ་དགོས་པར་འདུག་སྙམ། གང་ཞེ་ན། དཔྱོད་ལྡན་འགའ་ཤས་ཀྱིས་“ཕྱྭ་གཡང་”ཞེས་‘ཕྱྭ་’ཝ་བཏགས་ཅན་དང་‘གཡང་’ གཉིས་མཉམ་དུ་བརྗོད་སྐབས་དེ་གཉིས་གོ་དོན་གཅིག་པ་དཔེར་ན་‘ཚེ་སྲོག་’ཅེས་སྨོས་པར་‘ཚེ་’ དང་‘སྲོག་’གཉིས་གོ་དོན་སོ་སོར་མི་འབྱུང་བ་ལྟ་བུ་གོ་བ་ལེན་གྱི་ཡོད། ཡང་ལ་ལས། གོ་དོན་ཐ་དད་པ་‘ཕྱྭ་’ལ་ཝ་ཟུར་བཏགས་པ་དེའི་དོན་ནི་‘ཚེ་སྲོག་’ཅེས་པའི་‘ཚེ་’ལ་གོ་ནས་བླ་མའི་སྐུ་ཚེ་བརྟན་པའི་ཞབས་རིམ་ལ་བླ་མའི་སྐུ་ཕྱྭའི་ཞབས་རིམ་ཞེས་བརྗོད་པས་ཤེས་སོ། །འདི་ལྟར་གོ་བའི་ཤུགས་རྐྱེན་འབྱུང་ཚུལ་ལྟ་བུ་ནི་གཡང་འགུག་གི་ཆོ་ག་ཕལ་ཆེར་གསང་སྔགས་ཡི་དམ་གང་ཞིག་གི་ཆོ་གའི་ཕྲིན་ལས་ཀྱི་སྐབས་སུ་ཚེ་སྒྲུབ་ཀྱི་སྡེ་ཚན་ལས་ཡོང་བ་ཞིག་རེད་སྙམ། ཡང་ཚེ་སྒྲུབ་སྤྱི་ལ་‘ཕྱྭjཚེ་’ཞེས་‘ཕྱ་’ཡིག་ལ་ཝ་ཟུར་འདོགས་མིན་ཅི་རིགས་ལྟ་བུའི་སྣང་ཚུལ་ཞིག་འདུག་མོད། འོན་ཀྱང་‘ཕྱ་ཚེ་’ཞེས་བརྗོད་སྐབས་དོན་དུ་ཚེ་སྒྲུབ་ཡིན་པས་‘ཕྱ་’ཡིག་ལ་ཝ་ཟུར་མ་འདོགས་ན་དོན་དང་འབྲེལ་ཆེ་བར་འདུག་སྙམ་མོ། །ཁོ་བོས་ལྟར་ན། “ཕྱྭ་གཡང་”ཞེས་པ་‘ཕྱྭ’འམ་‘ལྷ་’ཡི་གཡང་སྟེ་བར་གྱི་དྲུག་སྒྲ་བསྡུས་ནས་བརྗོད་པ་ཡིན་ཏེ། དཔེར་ན་དེ་དང་ཆ་མཚུངས་པ། མི་གཡང་། ཟས་གཡང་། ནོར་གཡང་ལས་སོགས་བར་གྱི་དྲུག་སྒྲ་བསྡུས་པ་ནི་སུས་ཀྱང་གོ་སླའོ། །སྤྱིར་‘ལྷ་’ཞེས་པ་ནི། གནས་སྐབས་དང་མཐར་ཐུག་གི་རེ་ལྟོས་ཞུ་ས་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ཙམ་མ་ཟད་ལྷ་དེ་དག་ནི་འགྲོ་བ་མི་དང་རང་བཞིན་གྱིས་བསྐལ་དོན་དུ་སོང་ཡང་མི་ལས་ཁྱད་དུ་འཕགས་ཤིང་ཕན་པའི་སྡོང་གྲོགས་བྱེད་པར་རྫུ་འཕྲུལ་གྱིས་ནུས་སྟོབས་ཆེན་པོ་སྟོན་ཐུབ་མཁན་ཞིག་ལ་ངོས་འཛིན་བྱ་སྲོལ་ཡོད། དེས་ན་‘ཕྱྭ’འམ་‘ལྷ་’ཡི་‘གཡང་’ཚུར་ཡོན་བདག་གི་གཞི་གནས་ལ་བཀུགས་པའམ་བླན་པའི་དོན་ལ་“ཕྱྭ་གཡང་ཁུག་ཅིག”ཅེས་བརྗོད་པས་སྟོན་ནོ། །དཔེ་གཞུང་འགའ་ཡི་ནང་དུ་‘ཕྱ་གཡང་’ཞེས་ཝ་ཟུར་མེད་པའི་‘ཕྱ་’དང་‘གཡང་’གཉིས་མཉམ་དུ་བརྗོད་པ་ནི་‘ཕྱ་’ཡིག་འདི་‘ཚེ་’ལ་གོ་བ་གོང་དུ་བཤད་པ་ལྟར་‘ཚེ་’རང་ལ་འཇུག་པས་‘ཚེ་གཡང་’ལྟ་བུའི་དོན་དང་རང་བཞིན་གྱིས་ལྡན་ཡོད་ལ། འོན་ཀྱང་རྣམ་པ་ཀུན་ཏུ་‘གཡང་’གི་ཐ་སྙད་དང་གོ་དོན་སོ་སོར་ཡོད་པའང་མ་ཡིན་པ་གོང་དུ་སྨོས་པས་ངེས་ལ། དཔེར་ན་‘ནུས་མཐུ་’ཞེས་བརྗོད་སྐབས་‘ནུས་པ་’དང་‘མཐུ་’གཉིས་མཉམ་དུ་སྨོས་ཀྱང་དེ་གཉིས་དོན་སོ་སོར་མེད་པ་ལྟ་བུའི་སྦྱོར་ཚུལ་དང་འདྲའོ། །ཡང་སྙིང་‘ཕྱྭ་’ཡིག་ཝ་ཟུར་ཅན་ནི་‘གཡང་’གི་དོན་དུ་བརྗོད་པ་མིན་པར་མཁྱེན་དགོས་སོ། །

  ཕྱྭ་ཡི་སྐོར། ‘ཕྱྭ་’ཞེས་པའི་ཐ་སྙད་ལ་ཝ་ཟུར་ཡོད་ན་དེ་ནི་ལྷ་རིགས་ཤིག་ལ་བརྗོད་པ་རེད། བོན་གཞུང་གི་ཡིག་རྙིང་ཁག་འགའ་ལས་‘མིའུ་གདུང་དྲུག་’21མ་གྲོལ་བའི་གོང་དུ་‘སྲིད་པ་ཆེ་དྲུག’གམ་‘སྲིད་པ་སྐོས་དྲུག་’གྲོལ་ཚུལ་བརྗོད་པའི་སྐོར་ལ། ཕྱྭ། དམུ། གཙུག གཉན། ཡེ། ངམ་བཅས་ལས་ཕྱྭ་ནི་སྲིད་པ་སངས་པོ་འབུམ་ཁྲིའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་བརྗོད་ཡོད་དེ་<<དབུ་ནག་མིའུ་འདྲ་ཆགས་>>ལས། “སྲིད་པ་སངས་པོ་འབུམ་ཁྲི་ལ། ཡེ་མོན་༼སྨོན་༽རྒྱལ་པོ་ཞེས་ཀྱང་བྱ། སྲིད་པ་ཡེ་སྨོན་རྒྱལ་པོ་དེས། གཡས་སུ་གསེར་དང་གཡུ་བཞག་ནས་སྨོན་ལམ་བཏབས་པས། གསེར་རི་གཡུ་ལུང་གཉིས་སུ་སྲིད། ཕྱྭ་བརྒྱུད་༼རྒྱུད་༽ཐམས་ཅད་དེ་ལས་གྲོལ།”22ཞེས་པས་སོ། །འདིའི་‘ཕྱྭ་’ནི་ཕྱྭ་རྗེ་ཡབ་བླ་བདལ་དྲུག་23ལ་ངོས་འཛིན་གནང་ཡོད་ལ། ཁོང་ནི་བོད་མིའི་མེས་པོ་ཡིན་པར་འཁོད་ཡོད། 24 བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་ཐོག་མ་ཕྱྭའམ་ལྷ་ཡི་ཡུལ་དུ་འཁྲུངས་ནས་མི་ཡུལ་དུ་བྱོན་སྐབས་ཞང་པོས་གནང་བའི་དམུ་སྐས་དང་དམུ་ཐག་ལ་བརྟེན་ནས་ཀོང་པོའི་ཡུལ་གྱི་ལྷ་རི་གྱང་ཏོའི་རྩེ་ལ་བབས་ཚུལ་གྱི་གཏམ་རྒྱུད་སོགས་བརྗོད་སྐབས་བོད་རྒྱལ་ནི་ཕྱྭའམ་ལྷའི་རྒྱུད་པ་ཡིན་པར་བཤད་དོ། །25 ཡང་གཅིག་བཤད་ན་བོན་གཞུང་དག་ཏུ་སྟོན་པ་གཤེན་རབ་མི་བོ་ཕྱྭ་ཡི་ཡུལ་དུ་འགྲོ་དོན་ལ་ཕེབས་པར་བརྗོད་པའི་སྐབས་‘མགོན་བཙུན་ཕྱྭ་26ཡི་ཡུལ་’ཞེས་ལྷ་ཡི་གནས་ཤིག་ལ་ངོས་འཛིན་གནང་གི་ཡོད། 27 ཡང་<<འཁོར་བ་ངན་སོང་དོང་སྤྲུག་སྐྱེ་སྒོ་གཅོད་པའི་མདོ་>>ལས། ཡབ་བླ་བདལ་དྲུག་ཕྱྭ་བླ་དང་། །ཡོངས་སུ་དག་པ་ལ་སོགས་ཏེ། །ལྷ་ཡི་སྡེ་ཚོགས་ཐམས་ཅད་ལ། །ཕྱག་འཚལ་སྡིག་བཤགས་མཆོད་པ་འབུལ། 28 ཞེས་པ་དང་གོང་སྨོས་ཀྱི་དཔྱད་གཞིའི་ཡིག་ཆ་ཏུན་ཧོང་ཡིག་རྙིང་གཙོས་པའི་བོན་གྱི་དཔེ་རྙིང་ཁག་འགའ་ལས་གསལ་བ་ལྟར་‘ཕྱ་’དང་‘ཕྱྭ་’ཞེས་པའི་མིང་ཚིག་གི་རྣམ་པ་མི་འདྲ་བ་བཞིན་བརྗོད་དོན་ཡང་གཅིག་མཚུངས་སུ་མི་འབབ་པ་རྟོགས་ནུས་སོ། །དེའི་ཕྱིར་‘ཕྱྭ་’ནི་‘གཡང་’དང་‘ཚེ་’ཡི་གོ་དོན་ལེན་པའི་དཔྱོད་ལྡན་པ་རྣམས་ལ་སླར་ཡང་དགོངས་དཔྱད་དུ་ལེགས་སྐྱེས་སུ་འབུལ་བ་ལགས་སོ། །

གཡང་གི་སྐོར།

  གནའ་བོའི་ཞང་ཞུང་ལ་སྒོ་ཕུག་བར་གསུམ་དུ་གྲགས་པའི་བར་པ་སྨར་ཡུལ་དུ་འབོད་པ་དེའི་ཡིག་སྐད་ཐོག་ན་བཤད་ན་‘གཡང་’གི་དོན་ལ་‘དམུ་ཞགས་’ཅེས་སྨོས་ཀྱིན་ཡོད་དོ། །29 སྤྱིར་‘གཡང་’ཞེས་པ་ནི། དངོས་པོའི་ནང་གི་མི་ངོམས་པའི་ནུས་པའི་གྲུབ་ཆའམ་ཡང་སྙིང་བཅུད་ལ་གོ་སྟེ་<<མཛོད་སྒྲ་འགྲེལ་>>ལས། “གཡང་ཟེར་ན་དེ་ཉིད་ཀྱི་བཅུད་དུ་བསྟན་པའོ། །’’30ཞེས་པས་སོ། །སྐབས་འགར་ལོངས་སྤྱོད་ཟས་ནོར་དངོས་གྲུབ་སོགས་ཚུར་ལེན་པའི་དོན་ལ་གོ་བའང་ཡོད་དེ། <<མུ་ཡེ་པྲ་ཕུད་ཕྱའི་མཐའ་ཐུག་>>ལས། “གཡང་ཞེས་བྱ་བའི་མཚན་ཉིད་ནི། དམུ་ཡད་ཟས་བཅུད་ལེན་པའི་དོན།”31ཞེས་པ་སོགས་ཀྱིས་མཚོན་ནོ། །དེ་འདྲའི་དངོས་པོ་ཞིག་ཚུར་རང་ཕྱོགས་ལ་བཀུག་པའམ་བླན་པའི་དོན་ལ་‘གཡང་བླན་’ནམ་‘གཡང་ལྡོན་’ཞེས་འབོད་ཀྱི་ཡོད། ཕྱ་གཡང་བླན་ཚུལ་སྐོར་ཞིབ་ཕྲ་མཇུག་ཏུ་གླེང་བར་བྱ།

གཡང་འགུག་གི་ཆོ་གའི་སྐོར།

  སྤྱིར་ཆོ་ག་བྱ་བ་འདི་ནི། དད་མོས་ཀྱིས་གཞིར་བྱས་པས་རང་གཞན་གང་ལ་ཕན་གནོད་ཀྱི་ནུས་པ་འདོན་ཐབས་ཤིག་ཡིན། དེ་ཡང་རྒྱ་ཆེ་ཆུང་ཅི་རིགས་ཡོད་ལ་ཆེ་བ་ནི་དཔེ་གཞུང་ཆེན་པོ་ལའང་ལག་ལེན་མགོ་རྙོག་པོ་ཡོད། ཆུང་བ་ལའང་ཚིག་བཅད་འགའ་ཙམ་སྒོ་ནས་སྔགས་རེ་བཟླས་པའམ་གླུད་གཟུགས་ཆུང་ངུ་རེ་བསྔོས་པས་ཡང་ཆོག་པ་ཡོད། དེ་ཡང་ཕན་གནོད་ལ་མཚོན་ན། ཕན་པ་ནི་རང་ལ་ལྟོས་ཏེ་གཤམ་དུ་འཆད་འགྱུར་གྱི་གཡང་འགུག་གི་ཆོ་ག་ལྟ་བུ་ཡིན་ལ། གནོད་པ་ནི་རང་ལ་གནོད་པའི་ཕ་རོལ་པོ་ལ་ལྟོས་ཏེ་བསད་པ་དང་མནན་པའི་ཆོ་ག་ལྟ་བུའོ། །

  གཡང་འགུག་གི་རིག་གནས་ནི་ལོ་རབས་འདི་ནས་འགོ་བཙུགས་པ་ཞེས་བརྗོད་ཐབས་བྲལ་ནའང་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་“རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་”དར་བ་ཞེས་བརྗོད་དེ་<<བྱམས་མ་>>ལས། “བོད་ཀྱི་ཡུལ་དུ་སྒོམ་ལྷ་བོ་ལྷ་སྲས་དང་། ལྡོང་ལྷ་བོན་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་པོས་མཚན་ལྟས་ཁྲུས་གསོལ། རྒྱལ་པོར་ཕྱུངས་པ་གཉའ་ཁྲི་བཙན་པོ་དེ་ཡི་རིང་ལ། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་བྱ་བ་དར་ཏེ། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འདྲེ་ཤེས་གླུ་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྡ་བྱད། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་རྒུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཅུ་ཏིག འགྲོ་ཤེས་འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་སུ་བཏགས་པ་དར་རོ། །’’32ཞེས་པས་ངེས་སོ། །མདོར་ན་དེའི་དུས་སྐབས་དམིགས་བསལ་གྱི་བོན་སྒོ་འདྲ་མིན་བཅུ་གཉིས་ལ་མངའ་བསྙེས་པའི་བོན་གཤེན་བཅུ་གཉིས་ཀྱིས་བོད་ཡུལ་དུ་བོན་སྒོ་འདྲ་མིན་སྤེལ་ནས་བོད་མི་མང་ལ་ཞི་བདེའི་འཚོ་བ་ཞིག་བསྐྲུན་པར་ཤུགས་ཀྱིས་རྟོགས། བོན་གཤེན་བཅུ་གཉིས་པོའི་ནང་ནས་“གཡང་ཤེས་ཕྱྭ་བོན་”ཞེས་པ་ནི། ཆེད་དུ་དམིགས་ནས་དངོས་པོའི་ཡང་བཅུད་དམ་ཡང་སྙིང་སོགས་འགུག་པའི་ལས་སྦྱོར་ལ་དབང་འབྱོར་བའི་གཡང་ཆོག་འདོན་པའི་བོན་གཤེན་ཞིག་ལ་ཟེར་སྟེ་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད་>>ལས། “གཡང་ཤེས་ཕྱྭ་བོན་ཞེས་པ་འདི་ནི་བོན་ལུགས་ཡོངས་གྲགས་སུ་ཕྱྭ་གཤེན་པ་ཞེས་བྱ་བ་ཡིན། འོན་ཀྱང་ཕྱྭ་གཤེན་གྱི་ཁོངས་སུ་སྨན་དཔྱད་དང་རྩིས་སོགས་ཚུད་སོད་པར་བརྟེན། འདིར་དམིགས་སུ་བཀར་ནས་གཡང་ཤེས་ཕྱྭ་བོན་ཅེས་པའི་ཐ་སྙད་བྱས་ཡོད་པ་དེ་ནི། མི་ལ་ཚེ་རིང་བའི་གཡང་དང་བསོད་ནམས་ཆེ་བའི་གཡང་། རླུང་རྟ་རྒྱས་པའི་གཡང་། དཔལ་འཛོམས་པའི་གཡང་སོགས་ལེགས་པའི་ཚོགས་ཐམས་ཅད་ཀྱི་འབྱུང་ལྔའི་ཁམས་ཀྱི་གཡང་ངམ་ཤུགས་དང་། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འབྱུང་ལྔའི་ཁམས་ཀྱི་གཡང་ངམ་ཤུགས་སོགས་ཇི་ལྟར་ཡོད་པའི་ཚུལ་ཤེས་པའི་བོན་གཤེན་དེས་སྣོད་བཅུད་ལེགས་ཉེས་ཀྱི་བྱེད་པོི་ཕྱའམ་གཡང་དེ་རིགས་འགུགས་ཤིང་། ལེགས་ཚོགས་ཀྱི་དཔལ་ཡོན་བསྐྱེད་པའི་ལས་སྦྱོར་བྱེད་པ་ལ་ཟེར་བ་ཡིན།’’33ཞེས་པ་ལྟར། རྗེ་གཉའ་ཁྲི་བཙན་པོའི་སྐུ་དུས་ནས་ཀྱང་གཡང་འགུག་གི་རིག་གནས་ཡོད་པ་མ་ཟད་བོད་ཡུལ་དུ་དར་ཁྱབ་ཀྱང་ཆེ་བ་ཡོད་པར་རྟོགས་ནུས།

  གཡང་འགུག་གི་ཆོ་ག་ཞེས་པ་ནི། དངོས་པོ་སྤྱི་ཡི་འབྱུང་ཁམས་ཀྱི་ནུས་སྟོབས་རྒུད་པ་རྣམས་གསོ་བ་དང་། ཉམས་པ་རྣམས་བསྐྱེད་པ་དང་། ཆད་པ་རྣམས་བསྲིང་བ་དང་། འཁྱམས་པ་རྣམས་འགུགས་པའམ་བླན་པའི་ནུས་པ་འདོན་ཐབས་ཀྱི་ཆོག་གཞུང་རྣམས་ལ་ཟེར། ཆོ་ག་དེ་ནི་དམངས་ཁྲོད་ཀྱི་འཚོ་བའི་ཁྲོད་དུ་སྤྱོད་པའི་སྐབས་ལ་བཤད་ན་དམིགས་བསལ་དུ་བག་མ་ལེན་སྐབས་34དང་གནམ་ལོ་གསར་ཚེས། ཁང་སྟོན་གྱི་མཛད་སྒོའི་སྐབས་སོགས་སུ་སྤེལ་སྲོལ་ཡོད་དོ། །ཡང་གཡག་ལུག་ར་སོགས་ཀྱི་དཀོར་ནོར་ལ་གཅན་གཟན་གྱིས་སྡང་ཁ་མང་བ་དང་། ནད་ཡམས་ཕོག་ཅིང་མང་དུ་འཆི་བ་དང་བོར་བརླག་ཡང་མང་དུ་འགྲོ་བའི་སྐབས་རྣམས་སུ་རྟ་གཟུངས། ནོར་གཟུངས། ལུག་གཟུངས་སོགས་ཀྱི་ཆོ་ག་ཀློག་འདོན་བྱ་སྲོལ་ཡོད་ལ་ཆོ་ག་འདི་དག་ནི་གཡང་འགུག་གི་ཆོ་ག་དངོས་སུ་བརྩི་སྲོལ་མེད་ཀྱང་དེའི་ཁོངས་སུ་འདུ་བར་སྙམ། དེ་ལྟར་བྱས་པས་སྔར་ཉེས་པ་དང་ཉམས་པ་རྣམས་རྒྱུན་གཅོད་ཅིང་དཀོར་ནོར་སླར་ཡང་འཕེལ་རྒྱས་ཡོང་བར་དད་འདུན་བྱེད་ཀྱི་ཡོད། དེ་བཞིན་འགྲོ་བ་མི་ཞིག་ལ་མཚོན་ན། དུད་ཁྱིམ་གྱི་མི་སྣ་འཇོན་ཐང་ཅན་ནམ་རྒན་རབས་ལོ་དོན་གསུམ་ཐོག་ཏུའམ་ཉིན་སྐར་བཟང་པོའི་དུས་སུ་ཕྱི་མའི་ལྔ་ལམ་དུ་གྱུར་པའི་ཚེ། མྱིའི་གཡང་ཤོར་བའི་34ཉེས་སུ་གྲགས། དེར་བརྟེན། ཚེས་བཅོ་ལྔ་དང་གཟའ་སྤེན་པ་ལ་གཡང་འགུག་གི་ཆོ་ག་ངེས་པར་སྤེལ་ན་བཟང་བར་འདོད་ལ།36 སྤེལ་བའི་དུས་ལའང་གཟའ་སྐར་འཕྲོད་སྦྱོར་བརྩི་བའི་ལུགས་ཀྱང་ཡོད། དེ་ལའང་“གཡང་ལེན་བོན་ཆོག་བྱ་བའི་རྩིས་”ཀྱང་ཟེར། དེ་འདྲའི་གཡང་ཆོག་གི་མིང་ལ་<<ཚེ་འདས་གཡང་སྐར་ལེན་བ་>>ཞེས་བརྗོད། འདིའི་སྐོར་མདོར་བསྡུས་ཀྱི་ཚིག་དུམ་བུ་ཞིག་འདིར་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ན། “ཀྱཻའ་ཚེ་འདས་ཉོན་མོངས་རིགས་ཀྱི་བུ། གཤིན་ཕྱིར་ཕྱ་གཡང་མི་སྟོང་ཕྱིར། འཁོར་འདས་གཉིས་མེད་སེམས་ལ་ལྟོས། ཤི་རྒབ་ཆོད་ལ་གསོན་རྒབ་སྤེལ། ལྷ་སྒོ་ཕྱིར་༼ཕྱེས་༽ལ་དུར་སྒོ་ཆོད། ད་གཡང་རྣམས་ཚུར་ལ་སྐྱབས་པ་ནི། བདུད་རྩི་སྨན་གྱི་གཡང་མཚོ་དང་། རྐང་ཅིག་མར་གྱི་གཡང་འབྲི་དང་། བྱ་ཁྱུང་རྒྱལ་པོའི་ཟེ་བ་དང་། ལྷ་འབྲི་ལྷ་ལུག་ལྷ་གཡང་དང་། འབྲས་བུ་ཆང་གི་ཁུ་བ་དང་། རྒྱ་ཇ་དམར་པོའི་དྭངས་མ་དང་། དཀར་མངར་ཤ་ཐུད་ཕྲུམ་ལ་སོགས། དེ་ལ་ཕྱ་དང་གཡང་གི་རྟེན་མཛོད་ཅིག གཡུང་དྲུང་བོན་གྱི་གཡང་ལ་བྱོན། དམ་པ་ཆོས་ཀྱི་གཡང་ལ་བྱོན། རྒྱལ་བུ་མཐིང་གི་གཡང་ལ་བྱོན། ཡབ་ལྷ་བདལ་དྲུག་གཡང་ལ་བྱོན། མི་བུ་རིགས་དྲུག་གཡང་ལ་བྱོན། བདེ་བུ་སྤུན་བདུན་གཡང་ལ་བྱོན། མ་དང་ཕྱི་ལོ་གཡང་ལ་བྱོན། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། ཟས་ནོར་ལོངས་སྤྱོད་སྣ་ཚོགས་ལ། རྟ་བརྒྱད་གཤིན་ལ་ཕར་གཏད་ཀྱང་། ལྷ་རྟ་སྙན་དཀར་ཁྱུ་ལ་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན་མཛོད་ཅིག ནོར་བརྒྱ་གཤིན་ལ་ཕར་གཏད་ཀྱང་། ལྷ་འབྲི་ལྷ་གཡག་ཁྱུ་སྣ་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན། ལུག་བརྒྱ་གཤིན་ལ་ཕར་གཏད་ཀྱང་། ལྷ་ལུག་ག་པ་ཁྱུ་སྣ་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན། ཟས་བརྒྱ་གཤིན་ལ་ཕར་གཏད་ཀྱང་། འབྲི་མར་སེར་མོ་ཁྱིམ་ན་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན། གསོ་བརྒྱ་གཤིན་ལ་ཕར་གཏད་ཀྱང་། ཟ་འོག་བེར་ཆེན་ཁྱིམ་ན་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན། མཚོན་བརྒྱ་གཤིན་ལ་ཕར་གཏད་ཀྱང་། ཡ་ཚ་རྣོ་ཕྲན་ཁྱིམ་ན་ཡོད། དེ་ལ་ཕྱ་དང་གཡང་གི་རྟེན། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། ཟས་ནོར་ལོངས་སྤྱོད་སྣ་ཚོགས་ལ། སྐར་ཕྲན་ཙམ་ཅིག་ཕར་གཏད་ཀྱང་། ཉི་ཟླ་ཙམ་ཅིག་ཚུར་ལ་ཤོག ཆུ་ཐིག་ཙམ་ཅིག་ཕར་གཏད་ཀྱང་། རྒྱ་མཚོ་ཙམ་ཅིག་ཚུར་ལ་ཤོག འཇག་མ་ཙམ་ཅིག་ཕར་གཏད་ཀྱང་། ལྗོངས་ཤིང་ཙམ་ཅིག་ཚུར་ལ་ཤོག གཤིན་ཕྱིར་ཕྱ་གཡང་མི་གཏོང་འཚལ། ཤི་རྒབ་ཆོད་ལ་གསོན་རྒབ་སྤེལ། གསོན་པོ་འཕེན་ལ་རག་པར་གྱིས། བཀྲ་ཤིས་དར་ལ་རྒྱས་པར་ཤོག བཙན་ཕྱུག་ལ་དར་བར་ཤོག བླ་མེད་འབྲས་བུ་ཐོབ་པར་ཤོག”34ཞེས་པས་སོ། །དེ་སོགས་ཀློགས་འདོན་གྲངས་མི་ཉུང་བ་བྱས་ན་མིའི་གཡང་མི་ཤོས་པས་བུ་རབས་ཚ་རྒྱུད་རྣམས་ཚེ་རིང་དུ་ཡོང་པའི་འདུ་ཤེས་ཡོད།

  ཕྱ་གཡང་གི་ཆོ་ག་རྒྱས་པ་མ་སྤེལ་བའི་གོང་དུ་གཡང་འགུག་པ་ལ་བགེགས་སུ་གྱུར་པ་ཟློག་པའི་ཕྱིར། གཤེན་པོ་གཅིག་གཉིས་ཙམ་གྱིས་འདོན་ཐུབ་པའི་<<འགོང་པོ་བཀར་བ་>>ཞེས་པ་ཡས་རྫས་སྣ་ཚོགས་འཛོམས་པའི་གླུད་ཀྱི་ཆོ་ག་ཐུང་ངུ་ཞིག་སྤེལ་དགོས་པ་ཡིན། ཆོ་ག་འདིའི་སྐོར་ཐུང་ངུ་ཞིག་དཔེར་མཚོན་ཙམ་འདིར་བཀོད་ན་<<དྲན་པ་ནོར་གཡང་སྒྲུབ་པ་>>ལས། “ཀ༔ མི་ལ་བསེ་རག་ཁྱོད་ཉོན་ཅིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ གཡང་བདག་ཆེན་པོ་མཆོད་ཅིང་སྒྲུབ༔ བསོད་ནམས་དབང་ཐང་སྤེལ་བས་ན༔ གཡང་གི་རུ་མ་བྱེད་པ་ལ༔ ཁྱོད་བསེ་རག་སྡེ་རིགས་འདི་མི་དབང༔ འབྲུ་ནག་བྲ་སྲན་རམ་བུ་གཡེར༔ སྒོག་ཤུན་མར་ཤུན་ཤ་ཤུན་ལྤགས༔ སྦང་མ་ཟོ་ཤེ་རྒྱལ་ཤེ་ཟས༔ རུས་པ་ཟས་ལྷག་བཅུད་མེད་པོ༔ བྱུར་ཡས་སྣ་ཚོགས་ཁྱོད་ལ་སྦྱིན༔ ཁྱོད་ཀྱི་ཐོབ་པའི་ཟས་སྐལ་གྱིས༔ སྣང་ཡུལ་ངོམས་ཤིང་ཚིམ་ནས་སུ༔ འདི་ནས་ཕར་འདས་མུན་པའི་ཡུལ༔ འདུག་པའི་གནས་སུ་ཁྱེར་ལ་སོང་༔ མི་ལ་བསེ་རག་མ་འཁོར་ཞིག༔ ཅེས་པ་ལྟ་བུའོ། །’’38དེ་བཞིན་དུའང་། ཁོ་བོས་ཞིབ་འཇུག་བྱ་ཡུལ་གྱི་གཡང་འགུག་གི་ཆོ་ག་ཞིག་ལས་ཕྱ་གཡང་གི་ཆོ་ག་མ་སྤེལ་བའི་གོང་དུ་ཕྱ་གླུད་ཅིག་གཏོང་དགོས་པ་བཤད་ཡོད་ལ། དེ་གཉིས་ནང་དོན་ནི་ཕལ་ཆེར་གཅིག་མཚུངས་སུ་གནས། ཡང་རྣམ་རྒྱལ་གཡང་སྒྲུབ་ལྟ་བུ་ལ་མགོ་མཇུག་གཉིས་ཀ་ལ་བསེ་རག་བཀར་ཡར་བྱ་དགོས་པ་ཡང་ཡོད་དོ། །སྤྱིར་འདྲེ་དང་གདོན་དང་འགོང་དང་བདུད་སོགས་ནི་སྤྱི་བཤད་ཙམ་བྱེད་ན་དཀར་ཕྱོགས་དགེ་བའི་ལས་ལ་བར་དུ་གཅོད་པ་དང་སེམས་ཅན་ལ་གནོད་འཚེ་གཏོང་བའི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། སྤྱིར་འགོང་པོ་ལ་སོགས་ཀྱི་གླུད་ཆོག་བསྔོ་བ་ནི་ཡོན་བདག་གི་གཞི་གནས་མཁར་ཁང་ནས་དེ་དག་མར་བཀར་ཅིང་སླར་ཡང་མི་འཁོར་བའི་འགོག་ཐབས་ལྟ་བུ་རེད། ཆོ་ག་དེ་སྤེལ་རྗེས་སུ་གཡང་འགུག་གི་ཆོ་ག་སྤེལ་བའི་འགོ་གཟུག་དགོས་ལ། སྤྱིར་བཏང་གཡང་འགུག་གི་ཆོ་གའི་སྐོར་གཞུང་རྒྱས་བསྡུས་ཇི་སྙེད་ཅིག་ཡོད་ཀྱང་། འདིར་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་བོན་གཞུང་གི་ཡིག་རྙིང་རྒྱས་ཤོས་ནི་<<མུ་ཡེ་པྲ་ཕུད་ཕྱའི་མཐའ་ཐུག་>>དང་<<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་>>གཉིས་ཡིན་ལ། དེ་གཉིས་དབར་གྱི་དབྱེ་ཞིབ་ནི་ཁོ་བོས་བྲིས་པའི་རྩོམ་ཡིག༼བོན་གྱི་དཔེ་རྙིང་<ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་>དང་<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>གཉིས་དབར་གྱི་དཔྱད་བསྡུར་༽ཞེས་པ་དེ་གཟིགས་པར་མཁྱེན། <<བོན་གྱི་གཡང་གཞུང་ནག་པོ་འགྲོ་ཤེས་>>དང་<<ཕྱ་བཀྲ་ཤིས་འཁྱིལ་པ་སྲིད་པ་རྒྱལ་མོའི་གཡང་འགུག>>དང་<<ཕྱ་ཚེ་གཡང་འབུམ་དཀར་པོ་>>འབྲིང་བསྡུས་ཙམ་ནི་<<གསེར་འོད་ནོར་བུ་འོད་འབར་>>དང་<<དྲན་པ་ནོར་གཡང་སྒྲུབ་པ་>>དང་<<ཕྱ་གཡང་འདོད་དགུ་ཆར་འབེབས་ཐེག་དགུའི་གཡང་འབོད་>>དང་<<རྣམ་པར་རྒྱལ་བའི་གཡང་བསྐྱབས་>>དང་<<བྱམས་མའི་གཡང་འགུག་>> དང་<<གཡང་འགུག་བཀྲ་ཤིས་འཁྱིལ་བ་>>དང་<<ནོར་ལྷ་མཆེད་བརྒྱད་>> སོགས་ཡིན་ནོ། །

  སྐབས་འགར་ཆོ་གའི་ནང་དུ་གཏོ་ཞེས་པའི་ཐ་སྙད་ཅིག་ཐོན་ཡོང་གི་ཡོད་ལ། དེའི་ནང་དོན་ཟུར་ཙམ་ཞིག་སྐབས་འདི་དང་བསྟུན་ནས་བཤད་ཁུལ་བྱ་ན། གཏོ་ཞེས་པའི་ཐ་སྙད་དེ་ནི་བོན་པོའམ་གཤེན་པོ་རྣམས་ཀྱིས་རྒྱུན་སྤྱོད་དུ་སྤེལ་བའི་ཆོ་ག་བཞིའི་ཡ་གྱལ་དེའི་ནང་ཐོན་གྱིན་ཡོད། བཞི་པོ་ནི་མོ་དང་། རྩིས། གཏོ། དཔྱད་བཅས་སོ། །གཏོ་ཞེས་བྱ་བའི་ནང་དོན་ནི་དད་མོས་ཀྱི་གཞི་ལས་གྲུབ་ཅིང་མི་དང་མི་མིན་སོགས་ཀྱི་དབར་འགལ་འཁྲུགས་སོང་བ་རྣམས་མཐུན་པ་བཅོས་པ་དང་རེ་འདོད་ཆགས་པ་ལའང་ཅི་བཞིན་རེ་བ་བསྐང་ཞིང་ཐམས་ཅད་ཞི་བདེར་མཉམ་སྙོམས་གནས་པར་བྱེད་པའི་བཅོས་ཐབས་ཞིག་ལའོ། །དཔེར་ན་སྐྱེ་བོ་ཞིག་ལ་ན་ཚས་གདུང་བའི་སྐབས་རང་གི་ལུས་སྟེང་དུ་འབྱུང་ཁམས་ཀྱི་སྟོབས་ཤུགས་ཆེ་ཆུང་སོགས་ཆ་མ་འགྲིག་པའི་ཐོག་ནས་འབྱུང་བ་གཅིག་དང་། གཞན་འདྲེ་དང་གདོན་བགེགས་སོགས་ཀྱིས་གནོད་འཚེ་ལ་བརྟེན་ནས་འབྱུང་བ་གཉིས་སུ་ཡོད་པས། གཙོ་ཆེར་ཕྱི་མ་འདིར་རྔོ་ཐོགས་པ་ཞིག་ཡིན། གཏོ་ལ་དབྱེ་ན། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་བཤད་ཀྱང་མདོར་བསྡུས་ན་རྣམ་པ་བཞིའི་ཁོངས་སུ་འདུས་ཏེ། ཡོ་གཏོ། བརྟག་གཏོ། བསྣུན་གཏོ། བརྗེ་གཏོ་དང་བཞི་ཡིན་ཏེ་<<མདོ་དྲི་མེད་གཟི་བརྗིད་>>ལས། “གཏོ་ལ་རྣམ་པ་བཞི་ཡིན་ཏེ། །འབྱུང་བ་འཁྲུག་པའི་ཡོ་གཏོ་དང་། །ཧོས་ཆ་རྟེན་འབྲེལ་བརྟག་གཏོ་དང་། །གག་གཉན་ཟློག་པའི་བསྣུན་གཏོ་དང་། །མཉམ་གཉིས་བསོར་བའི་བརྗེ་གཏོ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ།”39ཞེས་པས་རྟོགས་སོ། །འདིར་དེ་རྣམས་ཀྱི་ངོ་བོ་དང་དབྱེ་བ་སོགས་སྤྲོ་བར་མི་བྱའོ། །

གཡང་རྟེན་གྱི་སྐོར།

  གཡང་རྟེན་ཞེས་བྱ་བ་ནི་གཡང་འཁོར་ས་ལ་ཟེར་བ་རེད། དེ་ཡང་གཡང་འཁོར་སའམ་འཁོར་སའི་རྟེན་གཞི་ཡང་ཡིན། དེ་དང་འབྲེལ་བའི་དངོས་རྫས་ཤིག་འཇོག་སྲོལ་ཡོད། དེ་མེད་ན་འཁོར་སའམ་རྟེན་ས་མེད་པ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་བོན་གཞུང་ལས་ཕྱ་གཡང་གི་རྟེན་ནམ་གཡང་རྫས་སྐོར་འཆད་སྲོལ་མང་ཡང་། འདིར་<<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་>>དང་བསྟུན་ནས་ཕྱ་གཡང་གི་རྟེན་གྱི་སྐོར་མདོར་བསྡུས་ཤིག་བཤད་ན། ཕྱ་གྲལ་སྟེགས་བུ་གཙང་མ་ཞིག་གི་སྟེང་དུ་ལིང་ཕྱིང་དཀར་པོ་(མ་རྙེད་ན་རས་དཀར་པོ་ཞིག་རུང་)ཞིག་དགོས། ལིང་ཕྱིང་དཀར་པོ་ཞེས་པ་ནི། སྤྱིར་ལིང་ཕྱིང་གྲུབ་བྱེད་ཀྱི་རྒྱུ་ཆ་ནི་གཡང་མོ་ལུག་གི་བལ་གྱིས་བཟོས་པའི་ཕལ་སྐད་དུ་ཕྱིང་བ་ཟེར་བ་དེ་ཡིན། དམིགས་སུ་བཀར་ནས་ལིང་ཕྱིང་ཞིག་དགོས་དོན་ནི་གཡང་དང་ལུག་གཉིས་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པས་གཤམ་དུ་གཏམ་རྒྱུད་དང་སྦྲགས་ནས་གླེང་བར་བྱ། དེའི་མཚོན་དོན་ནི་ཕུགས་ཀྱི་ལྷ་གཞི་བཏིང་བའི་ཆེད་ཡིན་ལ། དེའི་སྟེང་དུ་ནས་ཀྱིས་གཡུང་དྲུང་གི་རི་མོ་ཞིག་འབྲི་དགོས་པ་ཡིན། དེ་ཡི་གོ་དོན་ནི་མི་ནོར་ནས་བས་འཕེལ་བ་དང་ཕྱ་གཡང་གི་ལྷ་ཡི་དཀྱིལ་འཁོར་ཡང་མཚོན་པ་ཡིན། དབུས་སུ་གཡང་སྒྲུབ་ཀྱི་ཆོ་ག་གང་བསྒྲུབ་པའི་གཡང་གཏོར་གཞུང་ལྟར་བཅའ་ནས་འཇོག་ཅིང་། གཡས་གྲལ་དུ་ཕྱ་མདའ་སྒྲོ་དཀར་ཞིག་བཙུགས་དགོས། །སྤྱིར་མདའ་ནི་ཕོ་ཡི་མཚོན་བྱེད་ཀྱང་ཡིན་པས་དེ་ནི་ཕོ་སྲོག་མདའ་ལ་བརྟེན་པའི་དོན་ཡིན་ལ། གོང་སྨོས་ཀྱི་ཕྱ་མདའ་སྒྲོ་དཀར་ཟེར་བ་ནི། མདའ་དར་ལ་མི་འདྲ་བ་གསུམ་ཙམ་གྱིས་མཚོན་ཡོད་པས་དེའི་ནང་གི་གཅིག་ཚེ་ཡི་མདའ་དར་དེ་ལའོ། །དེའི་སྐོར་ཁོ་བོས་དེ་སྔོན་སྤེལ་ཟིན་པའི་རྩོམ་ཡིག་<<ཡ་ཐོག་བོན་གྱི་རིག་གནས་དང་འབྲེལ་ཏེ་མདའ་དར་ཞེས་པའི་སྐོར་ལ་རགས་ཙམ་གླེང་བ་>>40ཞེས་པའི་ནང་བརྗོད་ཡོད་པས་དེ་ལ་གཟིགས་པར་མཁྱེན། གཡོན་གྲལ་དུ་གཡུ་འཕང་གསེར་ལོ་ཞིག་བཙུག་དགོས་སོ། །སྤྱིར་འཕང་ནི་བུད་མེད་ཀྱི་མཚོན་བྱེད་ཡིན་པས་དེ་ནི་མོ་དཔལ་གྱེན་དུ་བསྟན་པའི་དོན་དང་། ཟ་འོག་སྣལ་མས་བརྒྱན་པ་དེ་མི་ནོར་རྫས་གསུམ་ལྡན་པ་དང་། འཕང་ལོ་འཁོར་ལོ་བསྒྱུར་བ་དེ་སྟོང་གསུམ་ཕྱ་གཡང་འགུགས་པ་དང་། འཕང་མཐིལ་རྡོ་ལ་བྱས་པ་ནི་མོ་སྲོག་བྲག་ལས་སྲ་བ་དང་། འཕང་ཤམ་ས་ལ་བཙུག་པ་དེ་ཆུང་སྲི་ཁ་དམར་གནོན་པ་སོགས་ཀྱིས་མཚོན་ནོ། །རྒྱབ་གྲལ་ཕྱོགས་སུ་རི་དྭགས་ཤྭ་བའི་ལག་པ་གཡོན་པའི་(མ་རྙེད་ན་ལུག་ལག་གཡོན་པ་རུང་)སོག་པ་གནམ་དུ་བསྟན་ཅིང་། དཔུང་པ་བར་དུ་འགྱིང་བ་ལག་ངར་ས་ལ་བཙུག་ནས་འཇོག་དགོས། ཕྱ་ཤྭའི་ལག་པ་བཙུག་པ་ནི་སྒྲ་བླ་དར་མ་བརྟེན་པ་དང་། ལག་པ་གཡས་པ་མི་རུང་གཡོན་པས་ཕར་ལ་གཡའ་གཡའ་མི་ཟེར་ཅིང་། ཚུར་ལ་གཡོན་ཡོན་འགུགས་པ་དང་། སོག་པ་གནམ་ལ་བསྟན་པ་དེ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། དཔུང་པ་བར་དུ་འགྱིང་བ་དེ་མི་ནོར་རྫས་གསུམ་སྤུངས་པ་དང་། ལག་ངར་ས་ལ་བཙུག་པ་དེ་དགྲ་འདྲེ་གྱོད་གསུམ་གནོན་པ་སོགས་ཀྱིས་མཚོན་ནོ། །དམིགས་སུ་བཀར་ནས་རི་དྭགས་ཤ་བའི་ལག་པ་གཡོན་པ་ཞིག་གཡང་རྟེན་ལ་འཇོག་དགོས་པ་ཡང་། ཤ་བ་ནི་བོན་གྱི་ཆོག་གཞུང་འགའ་ལས་ཕྱ་གཡང་གི་རྟེན་ཡིན་པའི་སྐོར་གཏམ་རྒྱུད་བརྗོད་པའི་སྐབས་སུ་‘དུང་ཤྭ་དཀར་མོ་’དང་‘ཟངས་ཤྭ་དམར་པོ་’དང་‘མཆོང་ཤྭ་སྨུག་པོ་’དང་‘ལྕགས་ཤྭ་ནག་པོ་’སོགས་ཟེར་གྱིན་ཡོད། དུང་ཤྭ་དཀར་མོ་སོགས་ཕྱ་གཡང་གི་རྟེན་ཕུན་སུམ་ཚོགས་པ་ཞིག་ཡིན་ཚུལ་བརྗོད་ཡོད། དེའི་སྐོར་ཅུང་ཙམ་སྨོས་ན། སྔོན་ཡབ་གཅིག་སངས་པོ་འབུམ་ཁྲི་དང་ཡུམ་གཅིག་ཆུ་ལྕམ་རྒྱལ་མོ་གཉིས་ལ་སྲས་གཡུང་དྲུང་འཕྲུལ་གྱི་མི་ཕོ་ཞེས་བྱ་བ་ཞིག་འཁྲུངས། དེའི་སྐབས་“མྱི་ལ་ཕྱ་”མེད། “ནོར་ལ་གཡང་”མེད་གོད་ཁས་ཀྱང་སྡང་། “ཟས་ལ་བཅུད་”མེད་ཕན་པའི་སྟོབས་ཤུགས་ཀྱང་ཆུང་བས། ཡབ་ཡུམ་སྲས་གསུམ་གྱིས་གཡང་ལེན་གྱི་སྐོར་ལ་བཀའ་གྲོས་བྱས་ནས་ཕྱ་གཡང་འགུག་པར་མངའ་བརྙེས་པའི་ལྷ་བོན་ཐོད་དཀར་གདན་འདྲེན་ཞུ་བ་གྲོས་ཐག་བཅད། འཕྲུལ་སྲས་གདན་འདྲེན་པ་པོར་གཏོང་། གཡུང་དྲུང་འཕྲུལ་གྱི་མི་ཕོས། ཀྱཻ་ཕྱ་གཡང་འགུག་པའི་མངའ་བདག་ལྷ་བོན་ཐོད་དཀར་ལགས། དུས་བསྐལ་འདིར་མྱི་ལ་ཕྱ་མེད་ནོར་ལ་གཡང་མེད་ཟས་ལ་བཅུད་མེད་པས་ཕྱ་གཡང་འགུག་དགོས་པའི་རེ་བ་ཞུས། ལྷ་བོན་ཐོད་དཀར་གྱིས་གསུངས་པ། ཕྱ་དང་གཡང་དུ་འགུག་པ་ལ་ཕྱ་རྫས་སྣ་དགུ་འཚོལ་ཅིག་ཅེས་པ་བཀའ་བསྩལ་མ་ཐག་ཏུ་གཡུང་དྲུང་འཕྲུལ་གྱི་མི་ཕོ་དེས་དབུ་ལ་དར་དཀར་ཐོད་ཅིག་བཅིང་། སྐུ་ལ་དར་དཀར་འཇོལ་བེར་གསོལ། ཕྱག་གཡས་པས་ཉི་ཟེར་འཕྲུལ་གྱི་ཞགས་པ་དང་ཕྱག་གཡོན་པས་ཐབས་ཤེས་ཀྱི་གཡུའི་མདའ་གཞུ་བསྣམས་ནས་ཕྱ་རྫས་སྣ་དགུ་བཙལ་བར་རི་རྒྱལ་ལྷུན་པོའི་ཤར་དང་བྱང་དང་ནུབ་དང་ལྷོ་སོགས་ལ་ཕྱིན་པས། དུང་ཤྭ་དཀར་མོ་དང་ཟངས་ཤྭ་དམར་པོ་དང་མཆོང་ཤ་སྨུག་པོ་དང་ལྕགས་ཤྭ་ནག་པོ་བཅས་དང་འཕྲད་པ་ལ་ཉི་ཟེར་འཕྲུལ་ཞགས་འཕང་ནས་བཟུང་། ཤྭ་བས་མྱི་སྐད་ལྷང་ཞིག་སྨྲས་ནས་ང་ཚོ་རེ་རེ་ནི་ལྷ་ལ་བཙུག་པའི་ལྷ་རྟེན་དང་བཙན་ལ་བཙུག་པའི་བཙན་རྟེན་དང་དམུ་ལ་བཙུག་པའི་དམུ་རྟེན་དང་བདུད་ལ་བཙུག་པའི་བདུད་རྟེན་ཡིན་ཞིང་། ཁྱེད་ལ་དགོས་པའི་ཤ་བ་དེ་དབུས་ན་ཡོད་ཅེས་ཟེར། རི་རབ་དབུས་ལ་བྱོན་སྐབས་རིན་པོ་ཆེའི་ཤྭ་བ་གཅིག་དང་འཕྲད། ཤྭ་བ་དེའི་ཁོག་སྟོད་དཀར་པོ་དུང་ལ་བྱས། སྐེད་པ་སེར་པོ་གསེར་ལ་བྱས། ཁོག་སྨད་སྨུག་པོ་མཆོང་ལ་བྱས། རྭ་གཉིས་དཀར་པོ་ཤེལ་ལ་བྱས། ལྕེ་ལེ་བར་ནང་གློག་ལ་བྱས། མིག་གཉིས་ཁྲ་མོ་གཟི་ལ་བྱས། རྨིག་བཞི་ནག་པོ་ལྕགས་ལ་བྱས་པའི་རིན་ཆེན་ཤྭ་བ་དེ་ལ་ཉི་ཟེར་འཕྲུལ་ཞགས་འཕངས་པས་བཟུང་ནས་འཕྲུལ་གྱི་མི་ཕོའི་ཞལ་ན་རེ། ང་འདོད་པའི་རྫས་དང་འཕྲད་ནས་བྱུང་། བཙལ་བའི་ནོར་རྫས་རྙེད་ནས་བྱུང་། ཞེས་སྨྲས་ནས་རིན་པོ་ཆེའི་ཤ་བ་དེ་ལྷ་བོན་ཐོད་དཀར་གྱི་ཕྱག་ཏུ་ཕུལ། ཕྱ་དང་གཡང་དུ་འགུག་འཚལ་ཅིག་ཞུས་པས། ལྷ་བོན་གྱིས་རིན་པོ་ཆེའི་ཤྭ་བ་དེ་ལ་ཕྱ་གཡང་འགུག་པའི་སྣ་རྫས་ཚང་བ་རེ་རེ་བརྗོད་ནས་ཕྱ་གཡང་འགུག་པའི་ཆོ་ག་སྤེལ་ཚུལ་བརྗོད་ཡོད་དོ། །འདིར་སྔོན་‘ཤྭ་བ་’གཡང་རྟེན་བྱས་ནས་ཕྱིས་སུ་‘གཡང་མོ་ལུག་’ལ་སྤོས་ཚུལ་ཡང་ཡོད་དེ་<<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>>ལས། “ད་ནི་ཤ་བ་ལུག་ལ་སྤོས། ཤ་བ་རང་གི་ཡུལ་དུ་སྐྱོད། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ལུག་ལ་རྟེན་འཛུགས་དེ་ནས་བྱུང་།”41ཞེས་དང་། “གཡང་མོ་ལུག་”ནི་མིའི་གཡང་རྟེན་མ་ཟད་བཙན་གྱི་རྟེན་བྱེད་ཚུལ་ཀྱང་འཁོད་པ་ཡོད་དེ་<<མཚུན་བཅོས་རིན་ཆེན་ཕྲེང་བ་>>42ལས་གསལ་བ་བཞིན་ནོ། །གཡང་མོ་ལུག་ནི། བོན་གྱི་ཤོད་སྲོལ་ལྟར་ན། ལུག་གིས་འགྲོ་བ་མིའི་ཁམས་དང་མཐུན་པའི་འཚོ་བའི་གནས་བབ་གལ་ཆེན་བཟུང་བས་འགྲོ་བ་མི་ལ་ཕན་འདོགས་པ་དང་དེ་ཡང་ལྷ་ཆེན་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་ཚུལ་བརྗོད་ཡོད་ལ། 43 ལུག་ཐོག་མ་དེའི་མིང་ལའང་ལུག་ལྷ་བ་བལ་ཆེན་ཞེས་ཐ་སྙད་བཏགས་ཡོད། 44 གཡང་གི་དཀྱིལ་འཁོར་གྱི་གཤམ་དུ་ཕྱ་གཡང་འགུག་པ་ལ་རང་རང་གི་འགུག་རྟེན་ལ་རྫས་ཐུན་མིན་རེ་ཡོད་པ་བོན་གཞུང་ཡིག་རྙིང་ཁག་འགའ་ལས་བརྗོད་ཡོད་ལ། དཔེར་ན་མི་ལ་མདའ་དར་དང་། རྟ་ལ་སྒ་སྲབ་སྒྲོག་མཐུར་དང་། གནག་ལ་གདང་ཐག་གདང་ཕུར་དང་། ལུག་ལ་བསྟར་ཐག་གཡང་ཐག་དང་། ར་ལ་འཇོ་སྐྱོག་བསྟར་ཐག་དང་། བ་ལ་འཇོ་སྐྱོག་སྒྱིད་ཐག་དང་། འབྲུ་ལ་བྲེ་སྲང་འབོ་སོགས་ལ་འགུག་དགོས་པར་གསལ་ཡོད། ཡང་གཡང་ཞགས་སྒོར་མོ་དང་། རྫི་ཤ་གཡང་ཁུག་བཅས་འཇོག་སྲོལ་ཡོད། 45 གཡང་ཞགས་ནི་དམུ་ཡད་བདུད་རྩི་འཁྱིལ་བ་དང་། རྫི་ཤ་ནི་སྣང་སྲིད་བཅུད་རྣམས་འདུས་པ་དང་། སྒ་སྲབ་སྒྲོག་མཐུར་ནི་དྲུ་གུའི་རྟ་གཡང་འགུགས་པ་དང་། གདང་ཐག་གདང་ཕུར་ནི་ཟལ་མོ་འབྲི་གཡང་འགུགས་པ་དང་། བསྟར་ཐག་གཡང་ཐག་ནི་གཡང་དཀར་ལུག་གཡང་འགུགས་པ་དང་། འཇོ་སྐྱོག་བསྟར་ཐག་ནི་ཚེ་དེ་ར་གཡང་འགུགས་པ་དང་། འཇོ་སྐྱོག་སྒྱིད་ཐག་ནི་འདོད་འཇོ་བ་གཡང་འགུགས་པ་དང་། བྲེ་སྲང་འབོ་གསུམ་ནི་སྔོན་མོ་ནས་ཀྱི་འབྲུ་གཡང་འགུགས་པའི་དོན་མཚོན་ནོ། །དེ་སོགས་རྫས་སྣ་ཕུན་ཚོགས་བསགས་ནས་གཡང་བླན་དགོས་པས་གཤམ་དུ་གཡང་བླན་སྐོར་རོབ་ཙམ་འབྲི་བར་བྱ།

གཡང་འབོད་དང་གཡང་བླན་སྐོར།

  འདིར་གཡང་འབོད་ཅེས་པ་གཡང་འགུག་ཆོ་གའི་སྐབས་སུ་ཚིག་དོན་དེ་ལྡན་རྣམས་ལ་བརྗོད་པ་ལས་དམིགས་བསལ་གཡང་འགུགས་ཀྱི་ཆོ་གའི་རྗེས་བྱའི་སྐབས་སུ་ཕྱོགས་བཞིའི་གཡང་འབོད་ཞེས་པ་ལེའུ་ཟུར་ལ་ཡོད་པ་དེ་འདྲ་ཁོ་ན་ལ་བརྗོད་ཀྱི་མེད་པ་ཤེས་དགོས། དེ་ཡང་བོན་གྱི་ཤོད་སྲོལ་ལྟར་ན། གཡང་བདག་དཀོར་ནོར་རྟ་དང་འབྲི་གཡག་ལུག་དང་དེ་མིན་ལོངས་སྤྱོད་ཚེ་དང་དངོས་གྲུབ་གཏེར་ཁ་རྣམས་གཞན་ལ་མི་འཁྱམས་པ་དང་མི་འཐུར་བར་ཁ་འཛིན་ནམ་རྫི་བོ་མཛད་པའི་གཡང་སྨན་ཕྱུག་མོ་སྤུན་དགུ་ཞེས་པའི་བུ་མོ་སྤུན་དགུ་46ཡོད་པར་འདོད་ཅིང་། དེ་རྣམས་ཀྱང་དེ་རིང་ཡོན་བདག་གི་གཡང་རྟེན་ལ་འཁོར་ཞིང་ལོངས་སྤྱོད་ཚེ་དང་དངོས་གྲུབ་དང་གཡང་རྟེན་དཀོར་ནོར་དེ་རྣམས་ལ་རྫི་བོ་མཛོད་ཅེས་ཆོ་གའི་སྒོ་ནས་འབོད་བསྐུལ་ལྟ་བུ་བྱ་སྲོལ་ཡོད། སྤྱིར་འབོད་པར་བྱ་བའི་གཡང་དང་བླང་བྱའི་གཡང་དེ་དག་གྲངས་ངེས་ཇི་ལྟར་ཡིན་སྙམ་ན་དེ་ནི་ཚད་བཟུང་གི་གྲངས་ལས་འདས་ཏེ། སྣང་སྲིད་སྣོད་བཅུད་བརྗོད་བྱ་རྗོད་བྱེད་བོན་དང་བོན་མིན་ཀུན་ལ་ཕལ་ཆེར་གཡང་རེ་ཡོད་ཆོག་པ་ལྟ་བུ་རེད། དེ་འདྲ་སྣང་ཚུལ་ལྡན་པའི་ཆོ་གའི་གཞུང་ཞིག་འདིར་དྲངས་ན། དེ་ཡང་<<རྣམ་པར་རྒྱལ་བའི་ཕྱྭ་གཡང་>>ལས། འཛམ་གླིང་ཡུལ་བརྒྱད་ཕྱ་གཡང་རྣམས། དེང་འདིར་ཕྱྭ་གཡང་རྟེན་ལ་བླན། ཐོད་དཀར་སྲིད་པའི་གཏོ་གཡང་བླན། རྒྱ་གར་གཙུག་ལག་ཆོས་གཡང་བླན། རྒྱ་ནག་གཏན་གྱི་ཁྲིམས་གཡང་བླན། སྟག་གཟིག་དཀོར་ནོར་མཛོད་གཡང་བླན། ཞང་ཞུང་བོན་གྱི་མཐུ་གཡང་བླན། གེ་སར་དམག་གི་མི་གཡང་བླན། ཟ་ཧོར་དྲུ་གུའི་རྟ་གཡང་བླན། བྲུ་ཤ་ཁ་ཆེའི་སྨན་གཡང་བླན། བལ་མོན་བོད་ཀྱི་གཏེར་གཡང་བླན། ཕྱི་ཡི་ལྷ་བདུད་ཆེ་གཡང་བླན། ནང་གི་ཡུལ་མཆོག་བཙུན་གཡང་བླན། ཕྱྭ་རབ་སྲིད་པའི་ཕྱྭ་གཡང་བླན། དམུ་རབ་སྲིད་པའི་དམུ་གཡང་བླན། གཙུག་རབ་སྐོས་ཀྱི་རྨ་གཡང་བླན། ཕྱྭ་གསས་གཤེན་གྱི་ཧོས་གཡང་བླན། དགྲ་བླའི་གྲ་མའི་དཔའ་གཡང་བླན། གོ་བཙན་མཚོན་རྣོའི་ངར་གཡང་བླན། མི་འཕེལ་རྟ་རག་རྩལ་གཡང་བླན། ཐུགས་ཁར་ལྷ་རབ་ནོར་གཡང་བླན། ཅང་སེང་མི་མགོན་མི་གཡང་བླན། ཅང་སེང་ནོར་མགོན་ནོར་གཡང་བླན། ཅང་སེང་རྟ་མགོན་རྟ་གཡང་བླན། ཅང་སེང་ལོ་མགོན་ལོ་གཡང་བླན། རྨ་རིགས་དྲལ་དགུའི་འབྲི་གཡང་བླན། རྨ་སྨན་གཡང་ཕྱུགས་ལུག་གཡང་བླན། ཛམ་བྷ་ལྷ་ཡི་ནོར་གཡང་བླན། གང་བ་བཟང་པོའི་དཀོར་གཡང་བླན། ཀུ་བེེ་ར་ཡི་རྟ་གཡང་བླན། ཨུ་པ་ར་ཡི་མཛོ་གཡང་བླན། གནོད་སྦྱིན་སྡེ་ལྔའི་འབྲུ་གཡང་བླན། འབྲོག་གནས་མཆེད་ལྔའི་ནོར་གཡང་བླན། ལྷ་མོ་སྡེ་ལྔའི་ཟས་གཡང་བླན། གཡང་བདག་སྡེ་ལྔའི་ཕྱུགས་གཡང་བླན། མཐོན་པོ་དགུང་གི་ཕ་གཡང་བླན། དོག་མོ་ས་ཡི་མ་གཡང་བླན། ཕྱོགས་སྐྱོང་བཅུ་ཡི་མཆེད་གཡང་བླན། སྲིད་པ་དྲལ་དགུའི་ཉིན་གཡང་བླན། སྲིད་པའི་ལྕམ་དགུའི་སྲིབ་གཡང་བླན། ཡུལ་ལྷ་ཟོ་དོར་ཕུ་གཡང་བླན། ཡུལ་མཁར་ཞིང་ལྷའི་མདའ་གཡང་བླན། ཁེ་སྐྱེད་མགྲོན་པོའི་ཚོང་གཡང་བླན། གཞི་འདུག་མི་གཡང་ནོར་གཡང་བླན། རླུང་ཁ་བཟང་པོའི་བསྙེན་གཡང་བླན། ཅི་བྱེད་ལེགས་པའི་བཟང་གཡང་བླན། ཅི་སྨྲ་འགྲུབ་པའི་སྨོན་གཡང་ལེན། ཅི་བསམ་འགྲུབ་པའི་དོན་གཡང་བླན། ཅི་འདོད་རྙེད་པའི་ཟོག་གཡང་བླན། 47ཞེས་གསུངས་པས་ཤེས་སོ། །དེ་ལྟར་གཡང་འགུགས་ཀྱི་ཆོ་ག་སྤེལ་བ་དང་དངོས་སུ་འབྲེལ་བ་མ་ཡིན་ནའང་ཞིང་འབྲོག་གཉིས་ཀྱི་འཚོ་བའི་ནང་དུ་གཡང་ལེན་བྱ་སྲོལ་གྱི་རྣམ་པ་ལ་མཚོན་ན། འབྲུ་རིགས་ལྟ་བུ་གཞན་ལ་ཚོང་བསྒྱུར་བྱེད་སྐབས། འབྲུ་དེའི་ཁ་ནས་འབྲུ་སྤར་གང་ཚུར་ལེན་ནས་རང་གི་འབྲུ་མཛོད་ནང་དུ་བླུག་པའི་སྲོལ་ཡོད། དེ་ནི་དུད་ཁྱིམ་དེའི་འབྲུ་རིགས་ཀྱི་གཡང་གཞན་དུ་མི་ཤོར་བའི་བྱེད་ཐབས་ལྟ་བུ་རེད། གཞན་ནོར་ལུག་སོགས་བཙོང་སྐབས་སུའང་སྔོན་དུ་ནོར་ལུག་གི་རྔ་རྔོག་གི་ཟེ་འགའ་བཏོག་ནས་ནོར་རའི་ཀ་བ་དང་སྒོ་ཐོག་ཏུ་འདོགས་པ་ཡིན། དེ་འདྲ་མ་བྱས་པ་བཙོང་པས་ཕྱིས་སུ་ནོར་ལུག་སོགས་གཅིག་རྗེས་གཉིས་མཐུད་ནས་ཤི་བརླག་སོང་ཚེ་ནོར་གཡང་ཤོར་བའི་ཉེན་དུ་བརྩི་བ་ཡིན། ཡང་ལོ་གསར་གྱི་དུས་སྟོན་དང་གཉེན་སྟོན་གྱི་སྐབས་སོགས་སུ་གཡང་ལེན་ནམ་གཡང་འགུགས་བྱ་སྲོལ་གྱི་རྣམ་པ་མཚོན་ན། ཇི་སྐད་དུ། “དར་དཀར་གཡབ་ཅིང་གཡང་ལ་འབོད། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། ཕྱྭ་གཡང་དངོས་གྲུབ་མ་ལུས་རྣམས། གནས་འདིར་བདག་ལ་སྩལ་དུ་གསོལ།’’ ཞེས་པའི་ནང་དོན་བཞིན། ཡོན་བདག་གམ་གྲོང་མི་བགྲེས་སོང་སྐྱེས་པ་ཞིག་གིས་ལག་གཡོན་པས་ཕྱ་མདའ་སྒྲོ་དཀར་ཞིག་བསྣམས། གཡས་པས་འབྲུ་རིགས་གཏོར་ཞིང་། སྒྲུབ་གཤེན་གྱིས་གཡང་འགུག་གི་ཆོ་གའི་དཔེ་གཞུང་རྣམས་གྱེར་ནས། ཡོན་མཆོད་གཉིས་ཀ་མཉམ་དུ་མཁར་ཁང་དང་ནོར་ལུགས་སོགས་ཀྱི་ལྷས་ར་བཅས་ལ་གཡང་བསྐོར་འགྲོ་ཞིང་། མཐར་ཕྱི་སྒོ་ནས་ཁ་ནང་དུ་འཁོར་ཏེ་སྒྲུབ་གཤེན་དང་ཡོན་བདག་ཀུན་གྱིས་“ཕྱ་ཁུག་” “གཡང་ཁུག་”ཅེས་པའི་ཁ་གཡང་སྣ་ཚོགས་འབོད་སྲོལ་ཡོད་དོ། །དེ་ནས་མཛོད་ཁང་ངམ་གཡང་ཁང་གི་ནང་དུ་ཕྱིན་ནས་གཡང་རྟེན་དང་གཡང་རྫས་གཡང་གཏོར་རྣམས་དེར་འཇོག་ཅིང་རྒྱས་གདབ་དང་བཀྲ་ཤིས་གསོལ་བའི་ཆོ་ག་རྣམས་ཀྱིས་མཐར་གྲུབ་པར་བྱེད་པ་ཡིན་ནོ།། །།

  དཔྱད་མཆན།

  1<<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>>མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano)གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། <<ཁུ་བྱུག་སྔོན་མོའི་གསུང་སྙན་>>(The Call of the Blue Cuckoo) ནང་དུ་བསྡུས་ཡོད་པའི་དེབ་གཟུགས། ཤོག་ངོས་45ལས། “ དང་པོ་ཕྱ་ཞེས་བྱ་བ་ནི། ནམ་མཁའ་སྟོང་པ་ལ་མཚན་མ་མེད་པའི་༼པས་༽ཕྱ་ཞེས་བྱ། བོན་ཉིད་དབྱིངས་ལ་སྐྱེ་འགག་མེད་པའི་༼པས་༽ཕྱ་ཞེས་བྱ། སེམས་ཉིད་སྟོང་པ་ལ་འཛིན་པ་མེད་པའི་༼པས་༽ཕྱ་ཞེས་བྱ།” ཞེས་པ་ལྟར་རོ། །

  2<<ཏུན་ཧོང་ཡིག་རྙིང་ཤོག་དྲིལ་ཨང་PT 1040>>ཀྱིས་གསལ།

  3 <<ཏུན་ཧོང་ཡིག་རྙིང་ཤོག་དྲིལ་ཨང་PT 113>>ཀྱིས་གསལ།

  4 <<མཛོད་སྒྲ་འགྲེལ་>>ལམ་<<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག>>མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། སྨན་རིའི་བླ་བྲང་གི་དཔེ་གཟུགས་དབུ་མེད་བྲིས་མ་ཅན། ཤོག་ངོས་42རྒྱབ་ལས་གསལ།

  5 <<གཟུངས་སྡེ་ལྔ་བ་>>འམ་<<འབྲས་བུ་ཆེ་བ་ལྷ་ཡི་བོན་ཕན་བྱེད་གཟུངས་སྡེ་ལྔ་བ་>> སྟོན་པ་གཤེན་རབ་མི་བོའི་བཀའ། 1999ལོར། ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་(1938-2014) བཀའ་འགྱུར་དཔེ་གཟུགས། པོད་གྲངས་(69) མདོ་སྡེ། ཤོག་ངོས32ལས་གསལ།

  6 <<སུམ་ལྡན་སྡུད་གྲྭའི་རྣམ་བཤད་>>དམ<<ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ་>> མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2004ལོར། དེབ་གཟུགས། ཤོག་ངོས་55ལས་གསལ།

  7<<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>> མཛད་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། (1242ལོར་འཁྲུངས། ) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2005ལོར། དེབ་གཟུགས། ཤོག་ངོས་245ལས་གསལ།

  8 གོང་མཚུངས་<<མཛོད་སྒྲ་འགྲེལ་>> ཤོག་ངོས་39ལས། “ཕྱ་རྗེ་རིང་དཀར་ཞེས་པ། སྐྱེ་འགྲོ་དབུགས་ཀྱིས་བསྡུས་པ་ཐམས་ཅད་ཀྱི། ཚེ་རྫི་དང་སྲོག་སྐྱབས་བྱེད་པས་ཕྱ་ལྡེའོ། །ཕྱ་བུར་དཀར་པོའི་ན་བཟའ་གསོལ་བས་རིང་དཀར་རོ། །ད་ལྟ་སེམས་ཅན་ལ་གསོལ་བ་དང་སྐྱོབ་པ་ལས་དགའ་བ་དེའི་གྲོལ་ཕུགས་ལས་འཕེལ་བའོ། །’’ ཞེས་པ་ལྟར་རོ། །

  9 གོང་མཚུངས་<<མཛོད་སྒྲ་འགྲེལ་>> ཤོག་ངོས་41ལས། “ཕྱ་ཚེའི་རྒྱལ་མོ་ཞེས་པ། མི་ཕྱ་མེད་ལ་འཚག་སྟེར། སྨྲ་ཚེ་ཟད་ཀྱི་ཚེ་སྲིང་བློ་བུར་དང་ཡེ་འགྲོག་ལས་རྒྱལ་བ་སྟེ། ད་ལྟ་ཟ་མ་ཟས་དཀར་མངར་སྨན་ལ་སྤྱོད་ཀྱིན་ཚེ་སྲོག་ཉམས་པ་སྐྱོབ་པ་ནི་སྲིད་པ་དེ་ལས་གྲོལ་བའོ། །’’ ཞེས་པ་ལྟར་རོ། །

  10 <<བོན་སྒོ་གསལ་བྱེད་>>རྩོམ་པ་པོ། ཏྲེ་སྟོན་རྒྱལ་མཚན་དཔལ། དཔེ་གཟུགས་ཤོག་ངོས་15ལས་གསལ།

  11 <<སྲིད་པ་རྒྱུད་ཀྱི་ཁ་བྱང་>>གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐུན་ཁང་། 2011ལོར། དེབ་གཟུགས་ཤོག་ངོས་43ལས་གསལ།

  12 <<མདའ་དང་འཕང་>> རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས་སྨད་ཆ། ཤོག་ངོས་160ལས། “ཁོ་བོས་ལྟར་ན། འདིར་འཁོད་པའི་སྐུ་ཕྱ་ཞེས་པ་ནི་སྐུ་བླ་ཞེས་དང་དོན་གཅིག་ཡིན་སྙམ།” ཞེས་པས་སོ། །

  13 <<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་>>ལས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2007ལོར། དེབ་གཟུགས། ཤོག་ངོས་6ལས།

  14གོང་མཚུངས། <<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་>> ལས། ཤོག་ངོས་16ལས།

  15<<དག་ཡིག་གསར་བསྒྲིགས་>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོར། དེབ་གཟུགས། ཤོག་ངོས་495ལས་གསལ།

  16<<མི་ཁ་དགྲ་བཟློག་>> དཔེ་གཟུགས་བྲིས་མ། མཛད་པ་པོའི་མཚན་མི་གསལ།

  17གོང་མཚུངས། <<མདའ་དང་འཕང་>>ཤོག་ངོས་17ལས་གསལ། གོང་མཚུངས།

  18<<མདོ་དྲི་མེད་གཟི་བརྗིད་>> སྤྲུལ་སྐུ་བློ་ལྡན་སྙིང་པོ་(1360-1406)ཡི་སྙན་བརྒྱུད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2014ལོར། དེབ་གཟུགས། པོད་གྲངས་གཉིས་པ། ཤོག་ངོས་264ནས་265གསལ།

  19གོང་མཚུངས། <<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>> ཤོག་ངོས་44ལས་གསལ།

  20 <<ཕྱ་བཀྲ་ཤིས་འཁྱིལ་པ་སྲིད་པ་རྒྱལ་མོའི་གཡང་འགུག>> ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༩༧ཅན། ཤོག་ངོས་18ལས་གསལ།

  21གོང་མཚུངས། <<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>> ཤོག་ངོས་106ལས། “དབྲ་འགྲུ་ལྡོང་གསུམ་སྒ་དང་བཞི། ནུ་བོ་དབའ་ལྡ་གཉིས་དང་མི་ཚོ་དྲུག” ཅེས་པ་ལྟར་རོ། །བགྲང་ཚུལ་གཞན་ཞིག་ཀྱང་། <<བོན་གྱི་རྣམ་གྲངས་ལེགས་བཤད་དགའ་སྟོན་>> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོར། དེབ་གཟུགས། ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ། སྨད་ཆ། དེབ་གཟུགས་ཤོག་ངོས་155ལས། “བོད་ཀྱི་མིའུ་གདུང་དྲུག་ནི། འབྲི་གུང་སྐྱུ་རའི་གདུང་། སྟག་ལུང་ག་ཟིའི་གདུང་། ས་སྐྱའི་འཁོན་གྱི་གདུང་། བོན་རྒྱལ་བྱའི་གདུང་། འོད་གསལ་ལྷའི་གདུང་། སྣེའུ་གདུང་གང་མ་ལྷའི་གདུང་དང་དྲུག་གོ། །’’ ཞེས་པ་ལྟར་རོ། །

  22<<དབུ་ནག་མིའུ་འདྲ་ཆགས་>>མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano) གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས། <<ཁུ་བྱུག་སྔོན་མོའི་གསུང་སྙན་>>(The Call of the Blue Cuckoo)ནང་དུ་བསྡུས་ཡོད་པའི་དེབ་གཟུགས། ཤོག་ངོས་99ལས་གསལ།

  23 གོང་མཚུངས། <<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་>> ལས། “རྗེ་ཡབ་བླ་བདལ་དྲུག” ཅེས་པ་ལྟར་རོ། །

  24 གོང་མཚུངས། <<དབུ་ནག་མིའུ་འདྲ་ཆགས་>> ཤོག་ངོས་100ལས། “ཕྱྭ་རྗེ་ཡབ་ལྷ་བདལ་དྲུག” ཅེས་པ་ལྟར་རོ། །

  ཀོང་པོར་ཡོད་པའི་བྲག་རྐོས་ཀྱི་བཀའ་གཙིགས་གཅིག <<གཡུང་དྲུང་འཛིན་དུ་ཡོད་པའི་བཙན་པོའི་བཀའ་གཙིགས་>>2003ལོར། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་དུས་དེབ་<<ཞང་ཞུང་རིག་གནས་>>སྤྱིའི་དེབ་འཕྲེང་(2)ཤོག་ངོས་112 ལས། “ཕྱྭ་ཡབླ་བདག་དྲུག་གྀ་སྲས།’’ ཞེས་པ་ལྟར་རོ། །

  25གོང་མཚུངས། <<མདའ་དང་འཕང་>> ཤོག་ངོས་23ལས་གསལ།

  26གོང་མཚུངས། <<གཡུང་དྲུང་འཛིན་དུ་ཡོད་པའི་བཙན་པོའི་བཀའ་གཙིགས་>> ཤོག་ངོས་112ལས། “ཐོག་མ་ཕྱྭ་ཡབླ་བདག་དྲུག་གྀ་སྲས། ཉ་ཁྲྀ་བརྩན་པོ་མྱི་ཡུལ་གྱི་རྗེར། ལྷ་རི་གྱང་དོར་གཤེགས་པ་ཚུན་ཆད།’’ ཅེས་པ་ལྟར་རོ། །

  27གོང་མཚུངས། <<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་>> ཤོག་ངོས་53 ལས། “འགོན་བཙུན་ཕྱྭའྀ་ཁབ་དུ་བཞེས།” ཞེས་པ་ལྟར་རོ། །

  28<<རྩ་རྒྱུད་ཉི་སྒྲོན་>>ནམ་<<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>བྲ་བོ་སྒོམ་ཉག་གི་གཏེར་མ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2013ལོར། <<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>ཞེས་པའི་དེབ་འཕྲེང་(42)ཤོག་ངོས་138 ལས། “སྟོན་པ་མགོན་བཙུན་ཕྱྭ་ཡུལ་དུ་བྱོན་ཚུལ་སྐོར། དེ་ནས་མི་ལོ་སྟོང་དང་བརྒྱད་བརྒྱ་ན། གཤེན་རབ་ལོ་ནི་བཅོ་བརྒྱད་ནས། སྟོན་པ་མགོན་བཙུན་ཕྱྭ་ཡུལ་དུ། ཕྱྭ་ཡི་སྐུ་འཚོ་མཛད་དུ་གཤེགས། ཕྱྭ་ཡུལ་སྣང་དང་གཡུ་རྩེ་རུ། སྟོན་པས་ལྷ་ལ་བོན་བཤད་དེ། ལྷ་རྣམས་ཡེངས་པའི་ལས་སྤངས་ནས། བརྩོན་འགྲུས་བོན་ལ་ཤེས་རྒྱུད་སྦྱངས། ལྷ་རྣམས་དོན་དམ་གཡུང་དྲུང་བསྙོམས། ལྷ་ཟ་གུང་དྲུག་ཁབ་ཏུ་བཞེས། སྲས་ནི་མུ་ཆོ་ལྡེམ་དྲུག་འཁྲུངས། མུ་མེད་བོན་ལ་མཁས་པའོ། །ལྷ་མ་ཡིན་གྱི་འདྲེན་སྟོན་མཛད། ཕྱི་རབས་གཤེན་རབ་གདུང་འཚབ་བརྒྱུད། བཀའ་ཡི་བཤད་སྲོལ་མཛད་མིའོ། །དེ་ནས་མི་ལོ་སྟོང་དང་དགུ་བརྒྱ་ན། གཤེན་རབ་ལོ་ནི་བཅུ་དགུའི་དུས། གཤེན་རབ་གསས་ཀྱི་ཡུལ་དུ་བྱོན།” ཞེས་པ་ལྟར་རོ། །

  29<<འཁོར་བ་ངན་སོང་དོང་སྤྲུག་སྐྱེ་སྒོ་གཅོད་པའི་མདོ་>>སྟོན་པ་གཤེན་རབ་མི་བོའི་བཀའ། གཏེར་སྟོན་པ་ལྷུན་གྲུབ་ཐོག་མེད། དཔེ་གཟུགས་དབུ་མེད་བྲིས་མ། ཤོག་ངོས་18ལས་གསལ།

  30<<ཞང་ཞུང་གི་སྒྲ་ཡི་བསྡེབས་སྦྱོར་མཐོང་བ་དོན་གསལ་>> དཔེ་གཟུགས་བྲིས་མ། མཛད་པ་པོ། མཁས་མཆོག་རྒྱལ་བ་འོད་ཟེར། ཤོག་ངོས་17ལས།

  31གོང་མཚུངས། <<མཛོད་སྒྲ་འགྲེལ་>> ཤོག་ངོས་42རྒྱབ་ལས་གསལ།

  32གོང་མཚུངས། <<མུ་ཡེ་པྲ་ཕུད་ཕྱ་ཡི་མཐའ་ཐུག་>> ཤོག་ངོས་39ལས་གསལ།

  33<<བྱམས་མ་>>འམ་<<ཀུན་གསལ་བྱམས་མ་རྩ་བའི་རྒྱུད་>> གཏེར་སྟོན་པ། སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷ། (596-1077)རྒྱ་གར་རྡི་ལི་དཔེ་གཟུགས་ལྕགས་པར་ཅན། ཤོག་ངོས་96-97བར་གསལ།

  33<<ཞང་བོད་ལོ་རྒྱུས་ཏི་སེའི་འོད་>>རྩོམ་པ་པོ། ནམ་མཁའི་ནོར་བུ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར། དེབ་གཟུགས་ཤོག་ངོས་293 ལས་གསལ།

  34 སྤྱིར་བག་མ་ལེན་སྐབས་སུ་རྗོད་པའི་གཡང་འགུག་པའི་ཆོ་ག་དུ་མ་ཞིག་ཡོད་ཀྱང་བོན་དཔེ་རྙིང་ཤོས་ནི་<<མནའ་བོན་ལེའུ་བཅུ་གསུམ་པ་>>ཞེས་པ་དེ་ཡིན་པར་སྣང་ལ། དེ་ནི་སྔོན་སྟོན་པ་གཤེན་རབ་མི་བོ་སྐུ་བཞུགས་དུས་སུ། རྒྱལ་བུ་ཐིང་གེ་ཟེར་བ་ཞིག་གིས་སྨན་བཙུན་དཀར་མོ་ཁབ་ཏུ་བཞེས་སྐབས། གཤེན་གཉན་སྔགས་བོན་གྱིས་སྟོན་པ་ལ་ཞུས་ནས་གསུངས་པའི་བོན་ཆོག་ཞིག་རེད། ལེའུ་བཅུ་གསུམ་ནི། མིང་སྲིང་དཔལ་བགོས་པའི་ལེའུ། གཡང་ལེན་གྱི་ལེའུ། ཡུམ་གྱིས་འགྲོ་བ་དང་ལྕམ་ལ་ཁ་ད་རྗོད་པའི་ལེའུ། གླང་ཆེན་སྣ་བསྒྱུར་བའི་ལེའུ། ཐོ་བགྱིལ་བའི་འཕྲིན་ལས་ཀྱི་ལེའུ། སྣ་མེ་འབུད་པའི་ལེའུ། གནམ་ཁྱི་ཐེ་ཁྱིམ་བཙུན་མོ་བཅོས་པའི་ལེའུ། དར་སྐུད་གནམ་ལ་འདོག་པའི་ལེའུ། ལྷ་འདོག་གི་ལེའུ། སྲུང་བཙུག་པའི་ལེའུ། ནས་གཏོར་བའི་ལེའུ། བག་མ་དཔལ་བསྟོད་པའི་ལེའུ། ལྷ་འདོག་བཀྲ་ཤིས་ཀྱི་ལེའུ་དང་བཅུ་གསུམ་མོ། །

  35<<རྒྱ་ནག་ཀེགས་ཟློག་>> རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་པར་གྲགས། དཔེ་གཟུགས་དབུ་མེད་བྲིས་མ། ཤོག་ངོས་3ལས། “དོན་གསུམ་རྒན་རབས་གཡང་ཀེག་ཟློག” ཞེས་པ་ལྟར་རོ། །

  36གོང་མཚུངས། <<གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་དང་འབྲས་རྩིས་བདེན་དོན་སྙིང་པོ་>> ཤོག་ངོས་225ལས། “ཉི་ཟླ་ལྷག་ཕུར་པ་སངས་རྣམས། སྤྱིར་བཏང་བཟང་ཡང་དམིགས་བསལ་དུ། ཉི་མ་ལྷ་གསོལ་སྦྱིན་སྲེག་བཟང་། ཟླ་བ་ཀླུ་མཆོད་མཆོག་ཏུ་ཤིས། མིག་དམར་སྤེན་པ་སྤྱིར་ངན་ཡང་། གཡང་ལེན་གཡང་འགུགས་སྤེལ་བ་བཟང་། སྐར་མ་སྣར་མ་མགོ་ནབས་སོ། རྒྱལ་དང་སྨིན་དྲུག་མེ་བཞི་དབོ། ཆུ་སྨད་ས་རི་ལྷ་མཚམས་གྲེ། ཆུ་སྟོད་སྣྲོན་སྣུབས་གྲོ་བཞིན་ལག མོན་གྲུ་མོན་གྲེ་ནམ་གྲུ་དང་། ཁྲུམས་སྟོད་ཐ་སྐར་རྣམས་ལ་བཟང་། བྲ་ཉེ་མཆུ་སྐག་ས་ག་དང་། ཁྲུམས་སྨད་རྣམས་ངན་གཞན་བཏང་སྙོམས། དུས་སྦྱོར་གླང་འཁྲིག་སེང་གེ་བཟང་། ཀརྚ་སྡིག་ལུག་ཆུ་སྲིན་ངན། ཚེས་ནི་བཅོ་ལྔ་ལྷག་པར་བཟང་།” ཞེས་པ་ལྟར་རོ། །

  37 <<ཚེ་འདས་གཡང་སྐར་ལེན་བ་>>མཛད་པ་པོ། འདུལ་གཤེན་རྨའུ་ཁུ་བྱུག དབུ་མེད་བྲིས་མ། ཤོག་ངོས་1-2བར་གསལ།

  38<<དྲན་པ་ནོར་གཡང་སྒྲུབ་པ་>> མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། དཔེ་གཟུགས་དབུ་མེད་འཕྲུལ་པར་ཅན། ཤོག་ངོས་4ལས་གསལ།

  39 གོང་མཚུངས། <<མདོ་དྲི་མེད་གཟི་བརྗིད་>> ཤོག་ངོས་265ལས།

  40 << མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་>> གཙོ་སྒྲིག་པ། རིན་སྤུངས་ཚུལ་བསྟན། ཨ་དཔལ་བཟང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015ལོར། དེབ་གཟུགས། གླེགས་བམ་དང་པོ། ཤོག་ངོས་308ལས་གསལ།

  41 གོང་མཚུངས། <<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>> ཤོག་ངོས་40ལས།

  42 <<མཚུན་བཅོས་རིན་ཆེན་ཕྲེང་བ་>>ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༡ཅན། ཤོག་ངོས་306-311ལས། “ཀྱེ་ལྷ་མཚུན་སྒྲ་བླ་ཚུར་ཉོན་དང་། གཡང་མོ་ལུག་གི་མགོ་བྲང་འདི། ལུག་མགོ་མ་ཡིན་གཡང་མགོ་ཡིན། གཡང་མགོ་རང་ལ་ཡོད་པ་ཡིན། མི་མགོ་རྒུང་བས་མཐོ་བ་ཡིན། ལུག་མགོ་མ་ཡིན་གསེར་མགོ་ཡིན། གསེར་གྱི་ལུག་མགོ་བྷ་ཤེས་ཡིན། བྷ་བ་མ་ཡིན་བྷར་བ་ཡིན། མི་ནོར་དབང་ཐང་བྷར་བ་ཡིན། དུང་ར་གཡས་དང་གཡོན་པ་འདི། སྒྲ་བླའི་གནམ་མཐོང་བྱེད་པ་ཡིན། རྣ་བ་གཡས་དང་གཡོན་པ་འདི། སྒྲ་བླའི་ལྷ་བསྙན་བསྲིང་པ་ཡིན། སྒྲ་བླའི་ལྷ་སྙན་བསྲིང་ཙམ་ན། རང་རེས་རྟག་ཏུ་བསྙན་པ་ཡིན། སྤྱན་མིག་གཡང་དང་གཡོན་པ་འདི། སྒྲ་བླའི་ལྷ་སྤྱན་དབྱེ་བ་ཡིན། སྒྲ་བླའི་ལྷ་སྤྱན་དབྱེ་ཙམ་ན། རང་རེ་རྟག་ཏུ་སྐྱིད་རྒ་མཐོང་པ་ཡིན། ལུག་གི་སྨྲ་ལྕེ་གྲོལ་པ་འདི། སྒྲ་བླའི་སྨྲ་ལྕེ་གྲོལ་བ་ཡིན། སྒྲ་བླའི་སྨྲ་ལྕེ་གྲོལ་ཙམ་ན། རང་རེ་སྨྲ་མཁན་ཤག་ལ་རྒྱལ་བ་ཡིན། གཡང་མོ་ལུག་གི་བྲང་ལུཾ་འདི། ལྷ་མཚུན་སྒྲ་བླ་མཆོད་པས་དམ་རྫས་ཡིན། བྲང་སྟོད་ཤ་ཚིལ་འདྲིས་པ་འདི། མི་ནོར་ལྷན་ཏུ་འཛོམས་པ་ཡིན། བུ་ནོར་ལོངས་སྤྱོད་རྒྱས་པ་ཡིན། བྲང་སྨད་བྲང་བགོས་གཡོགས་པ་འདི། བསམ་པ་ཡིད་བཞིན་འགྲུབ་པ་ཡིན། ཟུར་གསུམ་རྩེ་མོ་ལྡན་པ་འདི། ཡིད་བཞིན་ནོར་བུ་རྒྱས་པ་ཡིན། འཕྲུལ་གྱི་རྩིབ་དྲུག་རྒྱས་པ་འདི། དཔག་བསམ་ལྗོན་ཤིང་རྒྱས་པ་ཡིན། ནུ་མའི་འཕེལ་རྩིབས་ཡོད་པ་དེ། ཡིད་བཞིན་དགོས་འདོད་འབྱུང་བ་ཡིན། འདི་གསུམ་དུས་གསུམ་བདེར་གཤེགས་མཆོད་རྫས་ཡིན། ཕ་མཚུན་སྒྲ་བླའི་གསོལ་ཟས་ཡིན། མ་ལྷ་ཞང་ལྷའི་དམ་རྫས་ཡིན། གཡང་ར་བ་སྒོ་བཞིའི་གཡང་རྟེན་ཡིན། མི་ནོར་འཕེལ་བའི་འཕེལ་རྩི་ཡིན། ལྷ་མི་མང་པོའི་འདུ་རྟེན་ཡིན། ཕྱ་སྐྱོབས་གཡང་སྐྱོབས་སྒ་ར་ར། ཀྱེ་གཡང་མོ་ལུག་གི་ལག་པ་འདི། ལག་པ་མ་ཡིན་ལབ་གཡབ་ཡིན། མི་ནོར་ཚུལ་ལ་གཡུབ་པའི་ལག་ཡུག་ཡིན། ལག་གཡབ་མ་ཡིན་ལག་ཡུག་ཡིན། ཕ་མཚུན་སྒྲ་བླ་འབོད་དོ་ལག་ཡུག་ཡིན། སོག་པ་མ་ཡིན་བསོགས་པ་ཡིན། མི་ནོར་དབང་ཐང་བསོགས་པ་ཡིན། རང་སར་ལྷ་བ་ཆེ་བ་དེ། མི་ནོར་ཟས་གསུམ་རང་ལ་ཡོད་པ་ཡིན། སོག་རྡང་རང་ལ་ཡོད་པ་དེ། སྒྲ་བླ་རང་ལ་ཡོད་པ་ཡིན། རྨན་ཚིལ་རང་ལ་ཡོད་པ་དེ། མི་ནོར་རང་ལ་རྒྱས་པ་ཡིན། ཕ་ཚན་གཡུང་དྲུང་ཤར་བ་ཡིན། སོག་པའི་ཀ་བ་ཐུང་ལ་ཡང་བ་དེ། མི་ནོར་འཕེན་ལ་རག་པ་ཡིན། སོག་པའི་མེ་ལོང་དཀར་བ་དེ། མི་ངོ་ལྷ་ངོ་དཀར་བ་ཡིན། སོག་ཀ་ཡར་ལ་ཕྱེས་པ་དེ། སྐྱིད་ཀྱི་གནམ་མཐོང་བྱེ་བ་ཡིན། སོག་དབྱ་གོང་བ་བཟུང་བ་དེ། འདྲེ་ལ་གོ་བ་ཟིན་པ་ཡིན། སོག་གུལ་ལན་ཅིག་ཕྲ་བ་དེ། དགྲ་འདྲེ་བྱུར་གསུམ་གཉོམ་པ་ཡིན། དལ་རྩིབ་མ་ཡིན་བརྩིག་པ་ཡིན། མི་དང་ནོར་གཉིས་བརྩིག་པ་ཡིན། ཕྱི་རྩིབ་གསུ་ལ་འཐུག་པ་དེ། ཕ་ཚན་མི་ནོར་རྒྱས་པ་ཡིན། དལ་རྩིབ་གཡས་ན་གཡོན་པ་དེ། ཚ་ཞང་དར་ལ་རྒྱས་པ་ཡིན། རྩིབ་གྷོ་རང་སར་ཡོད་པ་དེ། སྒྲ་བླ་རང་ལ་འཁོར་བ་ཡིན། རྩིབ་ཁ་ཡང་ལ་འདུ་བ་དེ། བུ་ནོར་འདབ་ལག་རྒྱས་པ་ཡིན། རྩིབ་མ་དང་སོག་པ་ནམ་ཚང་གསུམ། དེ་གསུམ་ལྷན་དུ་འཛོམ་པ་དང་། ཕ་མ་བུ་གསུམ་འཛོམ་པ་ཡིན། རྩིབ་བུ་དྲུག་ཏུ་བྱེད་བ་དེ། མི་བུ་རུས་དྲུག་འཕེལ་བ་ཡིན། ད་དཔུང་པ་མ་ཡིན་སྤུང་པ་ཡིན། ཟས་དང་ནོར་གཉིས་སྤུང་པ་ཡིན། རང་སར་དཔུང་པ་སྦོམ་པ་དེ། སྒྲ་བླ་དཔུང་པ་སྦོམ་པ་ཡིན། དཔུང་མགོ་ལྷ་བ་ཆེ་བ་ཡིན། བུ་ནོར་དབང་ཐང་ཆེ་བ་ཡིན། ཕྱིའི་དཔུང་པ་ཕྲ་བ་དེ། དགྲ་བོའི་དཔུང་པ་ཕྲ་བ་ཡིན། དཔུང་པ་དང་སོག་པ་འབྲེལ་བ་དེ། ལྷ་མི་དཔུང་སོག་འབྲེལ་པ་ཡིན། ད་ལག་ངར་མ་ཡིན་ལྷ་ངར་ཡིན། ལྷ་སྲུང་དགྲ་ལ་ངར་བ་ཡིན། ད་ཧ་ཀ་མ་ཡིན་དཔལ་ཁ་ཡིན། དཔལ་ཁ་རང་ལ་ཡོད་པ་ཡིན།”[1] ཞེས་པས་སོ། །

  42 <<མདོ་དྲི་མེད་གཟི་བརྗིད་>>གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། 2014ལོར། དེབ་གཟུགས་པོད་དྲུག་པ། ཤོག་ངོས་317ལས། “སྲིད་པ་ཡེ་རྗེ་སྨོན་པ་ཡིས། མི་འཕྲོད་རྫས་སྣ་བཅུ་གསུམ་བཙལ། གནམ་ཞོ་ཁད་ཀྱི་རུ་མ་དང་། ས་བཅུད་གསེར་གྱི་སྙིང་པོ་དང་། ཆུ་བཅུད་རྒྱ་མཚོའི་དབུ་བ་དང་། མེ་བཅུད་དྲོད་ཀྱི་རླངས་པ་དང་། རླུང་བཅུད་ངད་ཀྱི་ཟེར་མ་དང་། སྤྱི་རྗེ་བྱ་ཁྱུང་གི་ཐེལ་གཤོག་དང་། ཁྲི་སྙན་ས་ལེའི་རུ་དར་དང་། གནོད་སྦྱིན་ལག་གི་མཆིད་བུ་དང་། སྒམ་ཁྱེར་ཕ་ཝང་སྨྲ་ལྕེ་དང་། ཞུན་ཆེན་མགར་གྱི་སོལ་རྡོག་དང་། ལྷ་བུའི་ཐབས་ཀྱི་ཐིག་ལེ་དང་། སྲིན་ཟའི་མངལ་གྱི་རག་ཏ་རྣམས། སྲིན་དཀར་ཐེབས་ཙེའི་ནང་དུ་བཏུམས། ཡོད་རི་དེལ་དཀར་གྱི་རྩེ་མོ་ནས། གྱི་ལིང་ཁ་གར་གྱི་བང་ལ་སྦངས། དེ་ལ་ཡོད་རྗེས་སྨོན་ལམ་བཏབ། བདག་སྲིད་པ་ཀུན་གྱི་རྗེ་བོ་ཡི། མི་བུ་རིན་ཆེན་དཀོར་ནོར་ལ། རང་དང་འདྲ་བས་ནོར་ཞིག་འདོད། བཞག་ན་དམར་ལ་བཙོང་ན་འབྲིམས། གསོ་གསན་ཉ་ར་དབང་པོ་གསལ། བཟའ་བའི་ཟས་དང་བཏུང་བའི་སྐོམ། གོན་པའི་གོས་དང་བསགས་པའི་ནོར། གཡང་གི་རུ་མ་སྨིན་པར་ཤོག ཅེས་ཟེར་ནས་ཞལ་ནས་སྨོད་བཙུགས་པས། ཞག་གསུམ་དྲོས་བཞིའི་ནངས་པར། ཡོད་རི་དེལ་དཀར་གྱི་རྩེ་ལ། སྔོན་མ་མཐོང་བ་སྐད་སྙན་པོ་འབའ་ཏོང་ཏོང་པ་ཞིག་གྲགས། དེར་སྲིད་པ་ཡེ་སྨོན་རྒྱལ་པོས་གཟིགས་པས། སྲིད་པའི་ལུགས་དང་མཐུན་པའི་སེམས་ཅན། ཆེ་ཆུང་ཚད་དུ་རན་པ། མགོ་ནི་རི་དྭགས་འདྲ་བ། སུག་པ་གཡུང་དྭགས་འདྲ་བ། སྤུ་ནི་ལྷོ་སྤྲིན་འདྲ་བ། སྐད་ནི་སྙན་ལ་གདུང་བ། མཐོང་ན་ཉམས་དགའ་བ། དཔྱད་ན་ཡིད་དུ་འོང་བ། བཞག་ན་རང་ལ་དམར་བ། བཙོང་ན་མི་ལ་འབྲིམས་པ། གོང་དང་རིན་ཐང་ཆེ་བ། ཞོ་ལས་གསོས་སུ་འབྱུང་བ། སྤུ་ལས་གོས་སུ་འབྱུང་བ། ཕྱྭ་གཡང་འཕེལ་ཁ་ཆེ་བ་ཞིག་སྣང་ཞིང་། ཡེ་རྗེས་སྨོན་ལམ་ལུགས་དང་མཐུན་པ་རུ་བྱུང་བས། རིན་པོ་ཆེའི་རྐང་འགྲོས་ལུག་ཅེས་བྱ་བར་བཏགས་སོ། །’’ ཞེས་པས་སོ། །

  43 གོང་མཚུངས། <<མདོ་དྲི་མེད་གཟི་བརྗིད་>> ཤོག་ངོས་314ལས། “སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། འགྲོ་བ་སེམས་ཅན་གྱི་གསོ་སྦྱིན་དུ། ལུག་ལྷ་བ་བལ་ཆེན་ལ་སྨྲང་གསོལ་བས།” ཞེས་པས་སོ། །

  44 <<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་>>ལས། དཔེ་རྙིང་དབུ་མེད་བྲིས་མ་ཅན། ཤོག་ངོས་31ལས། “ཕྱ་བོན་མཁས་པའི་ཞལ་ན་རེ། གཏོ་གཤེན་འབྲང་དཀར་ཚུར་གསོན་དང་། མི་ཡི་ཕྱ་དང་གཡང་བྲོས་ན། ཕྱ་མདའ་སྒྲོ་དཀར་གོང་ནས་བླུ། རྟ་ཡི་ཕྱ་དང་གཡང་བྲོས་ན། སྒ་སྲབ་སྒྲོག་མཐུར་གོང་ནས་བླུ། གནག་གི་ཕྱ་དང་གཡང་བྲོས་ན། སྡང་༼གདང་༽ཐག་སྡང་ཕུར་གོང་ནས་བླུ། ལུག་གི་ཕྱ་དང་གཡང་བྲོས་ན། གདར་༼བསྟར་༽ཐག་གཡང་ཐག་གོང་ནས་བླུ། ར་ཡི་ཕྱ་དང་གཡང་བྲོས་ན། འཇོ་སྐྱོག་གདར་༼བསྟར་༽ཐག་གོང་ནས་བླུ། བ་ཡི་ཕྱ་དང་གཡང་བྲོས་ན། འཇོ་སྐྱོག་སྒྱིད་ཐག་གོང་ནས་བླུ། འབྲུ་ཡི་ཕྱ་དང་གཡང་བྲོས་ན། བྲེ་སྲང་བོག་༼འབོ་༽གསུམ་གོང་ནས་བླུ། ཕྱ་ཉི་མ་ཙམ་ཅིག་༼ཞིག་༽འཁོར་རོ་རོ། གཡང་ཟླ་བ་ཙམ་ཅིག་༼ཞིག་༽ཀྱི་ལི་ལི། ཕྱ་ཕྱ་དོན་དུ་བཤད་ན་དེ་ལྟར་ལགས། གཡང་ཕྱ་ཚིགས་སུ་བཀྲོལ། ཕྱ་དེ་ཡང་མ་ཕམ་ཁུ་ཡེ་གསང་། གཡང་དེ་ཡང་མ་ཉམ་༼ཉམས་༽ཁུ་ཡེ་གསང་།” ཞེས་པས་སོ། །

  45 གོང་མཚུངས། <<མུ་ཡེ་པྲ་ཕུད་ཕྱ་ཡི་མཐའ་ཐུག་>> ཤོག་ངོས་43ལས། “ཀྱེ། ཡབ་གཅིག་སྲིད་བྲག་རྩེ་མཐོ་དང་། ཡུམ་ནི་སྲིད་མཚོ་འཕྲུལ་མོ་ཆེ། དེ་གཉིས་ཐུགས་ཀྱི་སྤྲུལ་བ་ལས། སྲིད་པའི་སྒོང་ང་བརྒྱད་དུ་བྱུང་། དུང་སྒོང་དཀར་པོ་རྡོལ་༼བརྡོལ་༽པ་ལས། དུང་གི་མི་ཕོ་དཀར་པོ་ཅིག ཕྱག་ན་གསེར་སྲབ་གཡུ་མཐུར་བསྣམས། མཚན་ནི་རྟ་ལྷ་འཕན་པོ་བྱ། རྟ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། ཤེལ་སྒོང་མཚེར་པ་རྡོལ་༼བརྡོལ་༽བ་ལས། ཤེལ་འོད་མཚེར་བའི་མི་ཕོ་ཅིག ཕྱག་ན་དུང་གི་གདང་ཐག་བསྣམས། མཚན་ནི་གཡག་ལ་འགྱིང་བ་བྱ། གནག་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། གཡུ་སྒོང་སྔོན་པོ་རྡོལ་༼བརྡོལ་༽བ་ལས། གཡུའི་བུ་མེད་སྔོན་མོ་ཞིག ཕྱག་ན་གསེར་གྱི་ཟོ་བ་བསྣམས། མཚན་ནི་འབྲི་ལྷ་ཤམ་པོ་བྱ། འབྲི་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། མཆོང་སྒོང་སྨུག་པོ་རྡོལ་༼བརྡོལ་༽བ་ལས། མཆོང་གི་མི་ཕོ་གསེར་འོད་འཕྲོ། ཕྱག་ན་ཤེལ་གྱི་སྟར་ཐག་བསྣམས། མཚན་ནི་ལུག་ལྷ་མཁར་བུ་བྱ། ལུག་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། ལྕགས་སྒོང་སྔོན་པོ་རྡོལ་༼བརྡོལ་༽བ་ལས། ལྕགས་ཀྱི་མི་ཕོ་སྔོན་པོ་ཅིག ཕྱག་ན་དུང་གི་ཟོ་བ་བསྣམས། མཚན་ནི་བ་ལྷ་སྒྲུམ་མོ་བྱ། བ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། མཐིང་སྒོང་སྔོན་པོ་རྡོལ་༼བརྡོལ་༽བ་ལས། མཐིང་གི་མི་ཕོ་སྔོན་པོ་ཅིག ཕྱག་ན་གཡུ་ཡི་ཟོབ་བསྣམས། མཚན་ནི་ར་ལྷ་ཚེད་མོ་བྱ། ར་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། ཟངས་སྒོང་དམར་པོ་རྡོལ་༼བརྡོལ་༽བ་ལས། འཇའ་ཚོན་སྣ་ལྔའི་མི་ཕོ་ཅིག ཕྱག་ན་བང་ང་མིག་དགུ་བསྣམས། མཚན་ནི་ཁམས་གསུམ་བཅུད་བསྡུད་བྱ། འབྲུ་གཡང་ཐམས་ཅད་དེ་ཡིས་འགུགས། དེ་ཡང་མ་གཡེལ་ཕྱའི་རྟེན་ལ་བཞུགས། རིན་ཆེན་སྒོང་ང་རྡོལ་བ་ལས། རིན་པོ་ཆེའི་མི་ཕོ་ཅིག ཕྱག་ན་རིན་ཆེན་གཏེར་མཛོད་བསྣམས། མཚན་ནི་གཡང་བདག་འཛམ་ལྷ་བྱ། སྲིད་གསུམ་འབྱུང་བའི་བཅུད་མདངས་བསྡུད། དེ་ཡང་གཡེལ་ཕྱའི་རྟེན་ལ་བཞུགས། དང་པོ་ཡང་མ་འཕང་ཁུ་ཡེ་གསུངས། གཡང་དེ་ཡང་མ་ཉམས་ཁུ་ཡེ་གསུངས།” ཞེས་པ་ལྟར་རོ། །

  46 <<གཡང་འགུག་བཀྲ་ཤིས་འཁྱིལ་བ་>> དཔེ་གཟུགས་ལྕགས་པར་ཅན། ཤོག་ངོས་2ལས། “གཡང་སྨན་ཕྱུག་མོ་སྤུན་དགུ་ནི། ཆེ་བ་ལྷ་ཡི་བུ་མོ་ནི། དུང་གི་བུ་མེད་ཡ་མཚན་ཅན། གསེར་གྱི་ན་བཟའ་སྐུ་ལ་གསོལ། ཕྱག་ན་ཚེ་ཡི་གཟུངས་ཐག་བསྣམས། ཚེ་གཡང་མི་འཆུག་རྫིའུ་མཛོད། དེ་འོག་གཉན་གྱི་བུ་མོ་སྟེ། གསེར་གྱི་བུ་མེད་ཡ་མཚན་ཅན། ཕྱག་ན་དར་གྱི་སྲབ་མདའ་བསྣམས། གོང་བུ་རྟ་ཡི་རྫིའུ་མཛོད། དེ་འོག་ཀླུ་ཡི་བུ་མོ་སྟེ། གཡུ་ཡི་བུ་མོ་ཡ་མཚན་ཅན། ཕྱག་ན་ཟངས་ཀྱི་བཞོ་བཟོ་བསྣམས། ཟིལ་དཀར་འབྲི་ཡི་རྫིའུ་མཛོད། དེ་འོག་ཕྱ་ཡི་བུ་མོ་སྟེ། ཤེལ་གྱི་བུ་མེད་ཡ་མཚན་ཅན། ཕྱག་ན་གསེར་གྱི་དར་ཐག་བསྣམས། གཡང་དཀར་ལུག་གི་རྫིའུ་མཛོད། དེ་འོག་དམུ་ཡི་བུ་མོ་སྟེ། མཐིང་གི་བུ་མེད་ཡ་མཚན་ཅན། ཕྱག་ན་གསེར་གྱི་སྣལ་ཁྱུ་བསྣམས། རོག་པོ་གཡག་གི་རྫིའུ་མཛོད། དེ་འོག་གཙུག་གི་བུ་མོ་སྟེ། གཙུག་ལྕམ་དཀར་མོ་འོད་འབར་མ། ཕྱག་ན་ཚེ་ཡི་བུམ་པ་བསྣམས། འཆི་མེད་ཚེ་ཡི་རྫིའུ་མཛོད། དེ་འོག་ཀལ་གྱི་བུ་མོ་སྟེ། ཀལ་ལྕམ་ལྷ་མོ་ཡ་མཚན་ཅན། དར་དཀར་ན་བཟའ་སྐུ་ལ་གསོལ། ཕྱག་ན་དུང་གིས་༼གི་༽ལྡེ་མིག་བསྣམས། མཁའ་ལ་མི་འཆུག་རྫིའུ་མཛོད། དེ་འོག་གནོད་སྦྱིན་བུ་མོ་སྟེ། ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། དངོས་གྲུབ་སྤེལ་བའི་རྫིའུ་མཛོད། དེ་འོག་ས་བདག་བུ་མོ་སྟེ། ཕྱག་ན་ས་ཡི་གཏེར་ཁ་བསྣམས། བང་མཛོད་འབྲུ་ཡི་རྫིའུ་མཛོད། གཡང་སྨིན་རྒྱལ་མོ་སྤུན་དགུ་ཡང་། དེ་རིང་གཡང་རྟེན་གཡང་ལ་འཁོར།” ཞེས་པ་ལྟར་རོ། །

  47 <<རྣམ་པར་རྒྱལ་བའི་ཕྱྭ་གཡང་>>དཔེ་གཟུགས་འཕྲུལ་དཔར་ཅན། ཤོག་ངོས་9ལས་གསལ།

  དཔྱད་གཞིའི་ཡིག་ཆ།

  <<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་>> བོན་གྱི་དཔེ་རྙིང་དབུ་མེད་བྲིས་མ་ཅན། མཛད་པ་པོའི་མཚན་མི་གསལ།

  <<མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་>>ནི་(The Call of the Blue Cuckoo)མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano) གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་<<ཁུ་བྱུག་སྔོན་མོའི་གསུང་སྙན་>> ཞེས་པའི་དེབ་གཟུགས་ཅན།

  <<གསེར་འོད་ནོར་བུ་འོད་འབར་>>འ་ཞ་གསང་བ་འདུས་པས་སྟོན་པ་གཤེན་རབ་མི་བོ་(ཕྱི་ལོ་སྔོན་16017ལོར་འཁྲུངས། )ལ་ཞུས་པའི་བཀའ། གླིང་གཤེན་མུ་ལ་ཐོགས་མེད་ཀྱི་སྙན་བརྒྱུད་དུ་གྲགས།

  <<ཟབ་དོན་གསང་བའི་སྙིང་པོ་ལས༔ ༔དྲན་པ་ནོར་གཡང་སྒྲུབ་པ༔>>གསང་སྔགས་གླིང་བ་(1864ལོར་འཁྲུངས། )ཡི་དགོངས་གཏེར་ཡིན་པ་གསུངས།

  <<རྣམ་པར་རྒྱལ་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་རྒྱ་ནག་མ་>> སྟོན་པ་གཤེན་རབ་མི་བོའི་བཀའ། རྒྱ་ནག་ལེགས་ཐང་རྨང་པོས་བདུད་འདུད་རུ་ཏྲའི་གླིང་དུ་བསྒྲིགས། རག་ཕྲོམ་གྱི་བྲག་ནས་གོ་སྡེ་འཕགས་པས་གཏེར་སྒོ་ཕྱེ།

  <<དབུ་ནག་མིའུ་འདྲ་ཆགས་>>ནི་(The Call of the Blue Cuckoo)མཁར་རྨེའུ་བསམ་གཏན་(samten karmay)དང་ན་ག་ནོ་(Yasuhiko Nagano) གཉིས་ཀྱིས་2002ལོར་འཇར་པན་ནས་པར་དུ་སྐྲུན་པའི་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་<<ཁུ་བྱུག་སྔོན་མོའི་གསུང་སྙན་>> ཞེས་པའི་དེབ་གཟུགས་ཅན།

  <<འབྲས་བུ་ཆེ་བ་ལྷ་ཡི་བོན་ཕན་བྱེད་གཟུངས་སྡེ་ལྔ་བ་>> སྟོན་པ་གཤེན་རབ་མི་བོའི་བཀའ། 1999ལོར་ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་དཔར་དུ་བསྐྲུན་པའི་བཀའ་འགྱུར་དཔེ་གཟུགས་ཅན། པོད་གྲངས་69མདོ་སྡེ།

  <<སུམ་ལྡན་སྡུད་གྲྭའི་རྣམ་བཤད་>>མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (1813-1862) 2004ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་རྒྱ་གར་གྱི་རྒྱལ་ས་ལྡིར་ལི་ནས་པར་དུ་བསྐྲུན་པའི་དེབ་གཟུགས།

  <<བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག་>> མཛད་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། (1242ལོར་འཁྲུངས། ) 2005ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྐྲུན་པའི་དེབ་གཟུགས།

  <<དག་ཡིག་གསར་བསྒྲིགས་>>དམུ་དགེ་བསམ་གཏན་གཙོ་བས་1989ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས།

  <<མདོ་དྲི་མེད་གཟི་བརྗིད་>>ལྡང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙད་དུ་བརྒྱུད་པའི་སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་པོད་བཅུ་གཉིས་ཅན། 2016ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་རྒྱ་གར་གྱི་རྒྱལ་ས་ལྡིར་ལི་ནས་པར་དུ་སྐྲུན་པའི་དེབ་གཟུགས།

  <<ཞང་བོད་ལོ་རྒྱུས་ཏི་སེའི་འོད་>>རྩོམ་པ་པོ། ནམ་མཁའི་ནོར་བུ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར།

  <<ཀུན་གསལ་བྱམས་མ་རྩ་བའི་རྒྱུད་>>ཟར་སྟག་སྣ་ནས་ཁྲོ་ཚང་འབྲུག་ལྷས་གཏེར་དྲངས་པའི་དཔེ་གཟུགས་ལྕགས་པར་ཅན།

  <<ཚེ་འདས་གཡང་སྐར་ལེན་བ་>> མཛད་པ་པོ། འདུལ་གཤེན་རྨའུ་ཁུ་བྱུག དབུ་མེད་བྲིས་མ།

  <<ཕྱ་གཡང་འདོད་དགུ་ཆར་འབེབས་ཐེག་དགུའི་གཡང་འབོད་>> མཛད་པ་པོ། སྤྲུལ་སྐུ་བློ་ལྡན་སྙིང་པོ། ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༡པོད་ཏིའི་ནང་དུ་འཁོད་འདུག

  <<རྒྱ་བཞི་གཏོ་ཡི་སྐོར་>>ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༦ཅན།

  <<སྲིད་པ་རྒྱུད་ཀྱི་ཁ་བྱང་>>གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐུན་ཁང་། 2011ལོར། དེབ་གཟུགས།

  <<ཞང་ཞུང་གི་སྒྲ་ཡི་བསྡེབས་སྦྱོར་མཐོང་བ་དོན་གསལ་>> (དཔེ་ཆ་དེའི་མཇུག་ཏུ་མཁས་མཆོག་རྒྱལ་བ་འོད་ཟེར་གྱིས་མཛད་གསུང་འདུག་ཀྱང་གཞུང་དངོས་ཀྱི་བརྗོད་བྱ་ཅི་ལྟར་བ་ཞུ་ཉི་མའི་༼སྒྲ་ཡི་སྡེབ་སྦྱོར་དོན་གསལ་སྒྲོན་མ། ༽དེ་དང་གཅིག་མཚུངས་སུ་འདུག) དཔེ་གཟུགས་བྲིས་མ་ཅན།

  <<མི་ཁ་དགྲ་བཟློགས་>>མཛད་པ་པོའི་མཚན་མི་གསལ། དཔེ་གཟུགས་དབུ་ཅན་བྲིས་མ།

  <<མདའ་དང་འཕང་>>རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། 2007ལོར་ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས་སྟོད་སྨད་གཉིས།

  <<མཛོད་སྒྲ་འགྲེལ་>>ལམ་<<བདེན་པ་བོན་གྱི་མཛོད་སྒོ་འཕྲུལ་གྱི་ལྡེ་མིག་>>མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། (ཕྱི་ལོ་སྔོན་914ལོར་འཁྲུངས། ) སྨན་རིའི་བླ་བྲང་གི་དཔེ་རྙིང་བྲིས་མ། མ་གཞི་དོལ་པོ་བསམ་གླིང་དགོན་པའི་ཕྱག་དཔེ་ཡིན་པར་གྲགས།

  <<གཡང་འགུག་བཀྲ་ཤིས་འཁྱིལ་བ་>> བྲུ་གཟུངས་སུ་གྲགས་པ། བྲུ་རྒྱལ་པས་བསྒྲིགས་པའི་གཟུངས་འདུས་ལ་པོད་སྟོད་སྨད་གཉིས་སུ་ཡོད་པའི་སྨད་ཆའི་ནང་དུ་ཡོད་པའི་ལེའུ་ཚན་ཞིག་ཡིན། 2009ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ནས་པར་དུ་བསྐྲུན་པའི་དཔེ་གཟུགས་ཅན།

  <<ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་བློ་གྲོས་རྒྱ་མཚོའི་གསུང་འབུམ་>> 2011ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་པའི་སྟོད་བར་སྨད་གསུམ་གྱི་དེབ་གཟུགས་ཅན།

  <<གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་>> 2007ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་པའི་དེབ་གཟུགས།

  <<ཞང་ཞུང་རིག་གནས་>>ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས་པའི་2003ལོར་བོད་ལྗོངས་མངའ་རིས་ས་ཁུལ་སྨན་རྩིས་ཁང་གིས་པར་དུ་བསྐྲུན་པའི་༼ཞང་ཞུང་རིག་གནས་༽སྤྱིའི་སྡོམ་གྲངས་གཉིས་པ་དེབ་གཟུགས་ཅན།

  <<རྩ་རྒྱུད་ཉི་སྒྲོན་>>ནམ་<<སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་>>བྲ་བོ་སྒོམ་ཉག་གི་གཏེར་མ། 2013ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱ་གར་རྒྱལ་ས་ལྡིར་ལི་ནས་པར་དུ་སྐྲུན་པའི་དེབ་གཟུགས།

  <<བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། 2013 ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱ་གར་རྒྱལ་ས་ལྡིར་ལི་ནས་པར་དུ་སྐྲུན་པའི་དེབ་གཟུགས།

  <<ཕྱ་བཀྲ་ཤིས་འཁྱིལ་པ་སྲིད་པ་རྒྱལ་མོའི་གཡང་འགུག>> ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༩༧ཅན།

  <<འཁོར་བ་ངན་སོང་དོང་སྤྲུག་སྐྱེ་སྒོ་གཅོད་པའི་མདོ་>>སྟོན་པ་གཤེན་རབ་མི་བོའི་བཀའ། གཏེར་སྟོན་པ་ལྷུན་གྲུབ་ཐོག་མེད། དཔེ་གཟུགས་བྲིས་མ་ཅན།

  <<མཚུན་བཅོས་རིན་ཆེན་ཕྲེང་བ་>> ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༧༡ཅན།

  <<གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་དང་འབྲས་རྩིས་བདེན་དོན་སྙིང་པོ་>>མཛད་པ་པོ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། (1879-1916) 2005ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་རྒྱ་གར་གྱི་རྒྱལ་ས་ལྡིར་ལི་ནས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཅན།

  <<རྒྱ་ནག་ཀེགས་ཟློག་>> རྒྱ་ནག་ཀོང་རྩེ་འཕྲུལ་རྒྱལ་གྱིས་མཛད་པ་གྲགས། དཔེ་གཟུགས་བྲིས་མ།

  <<དྲན་པ་ནོར་གཡང་སྒྲུབ་པ་>>དཔེ་གཟུགས་བྲིས་མ། མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ།

  <<ཕྱ་ཚེ་གཡང་འབུམ་དཀར་པོ་>>ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་པར་དུ་བསྐྲུན་པའི་དཔེ་གཟུགས། པོད་གྲངས་༩༧ཅན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།