རང་བཞིན་བདེན་པའི་སྐོར་ལ་བསྐྱར་དུ་དཔྱད་པ།

[ཟླ་ཚེས། 2019-10-04 22:05:02][རྩོམ་པ་པོ། མཐོ་རམས་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཐོ་རམས་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
[གནད་བསྡུས] རྩོམ་འདིར་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་རྗེ་རིན་པོ་ཆེ་ཟུང་གི་ས་ལམ་དུ་གསལ་བའི་རང་བཞིན་བདེན་པའི་རྣམ་བཞག་དེ་ཉིད་ལ། ལོ་རྒྱུས་ཡར་དེད་ཀྱིས་འགོ་ཁུངས་འཚོལ་ཞིབ་ཐོག་དེ་འབྲེལ་སྒྲུབ་ཕྱོགས་དང་དགག་ཕྱོགས་ཅི་རིགས་ཀྱི་ཐོག་ནས་འཕེལ་རིམ་དང་རྒྱུན་སྐྱོང་ཇི་ལྟར་བྱུང་ཡོད་པའི་སྐོར་དེ་ཉིད་དམིགས་འབེན་དུ་བཟུང་ནས།  དེ་ལ་འབྲེལ་ཡོད་ཀྱི་མཁས་པ་གཞན་སྒ་སྟོན་དང་།  རྒྱལ་ཚབ་རིན་ཆེན་རྒྱལ་མཚན། ཤར་རྫ་རིན་པོ་ཆེ་བཅས་ཀྱི་ཡིག་ཆར་ཇི་ལྟར་གསལ་བ་དག་དཔྱད་གཞིར་བཟུང་སྟེ།  ལོ་རྒྱུས་ཐོག་རྣམ་བཞག་དེ་ཉིད་ག་དུས་ནས་བྱུང་ཡོད་པ་དང་།  དེའི་དོན་དང་མཚན་གཞི་གང་ཞིག་ལ་ངོས་འཛིན་དགོས་པ།   དེའི་སྐོར་མི་བཞེད་པའི་སྐོར་ཇི་ལྟར་ཡིན་པ་བཅས་ལ་གསལ་འགྲེལ་རོབ་ཙམ་བྱས་ཡོད།
[གནད་ཚིག] རང་བཞིན་བདེན་པ།   ཐ་སྙད་བྱུང་རིམ།  མཚན་གཞི།  དགག་སྒྲུབ།  
གཅིག   གླེང་གཞི།
དེ་ལ་གཡུང་དྲུང་བོན་གྱི་ལུགས་སུ་ཐེག་ཆེན་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མ་པའི་གྲུབ་མཐའི་གཞི་གཏན་ལ་འབེབ་པའི་སྐབས་སུ་བདེན་པ་གཉིས་ཀྱི་སྒོ་ནས་འཆད་ཚུལ་ཡོད་པ་ཡོངས་སུ་གྲགས་པ་ལྟར་ལ།  དེ་མཚུངས་གཞུང་དང་འགྲེལ་བ་ཕལ་མོ་ཆེར་ཅུང་མཐོང་དཀོན་པ་ཞིག་ནི། རང་བཞིན་བདེན་པ་དང་གནས་སྐབས་བདེན་པ་གཉིས་ཀྱི་དབྱེ་བ་འདི་ཉིད་བྱུང་སྣང་ཞིང་།  བར་སྐབས་ཤིག་ནས་དེའི་སྐོར་ལ་འབྲེལ་ཡོད་མཁས་པའི་ཁྲོད་དུ་དགག་བཞག་གི་ཚ་རླབས་གང་འཚམ་ཞིག་ཀྱང་འཕྱུར་བ་ནས་ད་བར་རྣམ་བཞག་དེའི་སྐོར་རྒྱུན་མཐུད་ཡོད་པ་ནི་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་ཞིག ①ཏུ་གསལ་ཡོད།  མ་གཞི་རང་བཞིན་བདེན་པའི་གོ་དོན་ཐད་སྐབས་ཀྱི་གཞུང་འགྲེལ་གང་ཞིག་སློབ་གཉེར་བྱེད་པ་དེ་གར་ཇི་ལྟར་གསལ་བ་བཞིན་གོ་བ་ལེན་ཆོག་མོད། དེ་ལ་ཟུར་དུ་དཔྱད་བྱ་གཞན་ཅི་ཞིག་ཡོད་དམ་སྙམ་ན་ཡོད་དེ།  དེ་ཉིད་སྤྱིར་ན་ལོ་རྒྱུས་ཀྱི་བྱུང་རིམ་དང་འབྲེལ་བའི་གོ་བ་དང་།  དགོས་སུ་སྔ་ཕྱིའི་མཁས་པའམ་ཡིག་ཆ་གང་ཞིག་ནས་གང་ཞིག་ཏུ་འཕེལ་རིམ་དང་འབྲེལ་བའི་སྒོ་ནས་འགྱུར་བ་ཇི་ལྟར་བྱུང་བ་སོགས་ཞིབ་དཔྱད་བྱས་ན་བྱུང་སའི་ཁུངས་རྙེད་ཅིང་གོ་བ་ཇེ་གསལ་དུ་འགྲོ་བ་སོགས་ཀྱི་དགོས་པ་ཅུང་ཡོད་པར་འདོད་དོ། །དེ་ལྟར་འཇུག་པར་བྱ་བའི་ཁ་ཕྱོགས་ལའང་གཉིས་ཙམ་དབྱེ་ཆོག་པ་སྟེ།  གཅིག་ནི་སྔོན་བྱོན་མཁས་པའི་གསུང་གི་ཁྲོད་དུ་དེའི་སྐོར་ངོས་འཛིན་དང་དགག་བཞག་ཇི་འདྲ་གནང་ཡོད་མེད་སྐོར་ཕྱོགས་རེ་ཙམ་མ་ཡིན་པར་གཟུ་བོར་གནས་པའི་སྒོ་ནས་བཞེད་ཕྱོགས་ཇི་ཡོད་རྣམས་གསལ་རྟོགས་ཡོང་བར་བྱེད་པ་དང་།  གཅིག་ཤོས་ནི་མཁས་པ་དེ་དག་གིས་དགག་བཞག་གང་གནང་བ་ཡིན་རུང་དེ་ཉིད་དོན་ལ་ཇི་ཙམ་གནས་ཡོད་མེད་སྐོར་ལ་དཔྱད་རྒྱུ་དེ་ཡིན་ཞིང་དེ་གཉིས་ལས་ཕྱི་མ་འདི་གལ་གནད་ཆེ་བ་ཡང་སྨོས་མ་དགོས་ཤིང་།  དེ་ལྟའི་ཕྱི་མ་དེའི་སྔོན་དུ་སྔོན་མ་དེ་ངེས་པར་འགྲོ་དགོས་པའི་ལྟོས་གྲུབ་ཀྱིས་ད་ལན་འདིར་གོང་མ་དེའི་སྐོར་ཞིག་འབྲེལ་ཡོད་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ཀའི་སྒོ་ནས་ཇི་ལྟར་གསལ་ཡོད་པའི་སྐོར་ཞིག་གླེང་བ་ནི་རྩོམ་ཐུང་འདིའི་བརྗོད་བྱ་གཙོ་བོར་གྲུབ་ཡོད།
གཉིས།  རང་བཞིན་བདེན་པའི་དོན་དང་ཐ་སྙད་སྐོར་ག་དུས་ནས་བྱུང་ཡོད་པ།
   དེང་གི་ཆར་རང་བཞིན་བདེན་པ་འདི་བཞིན་མདོ་ཐེག་ཆེན་ས་ལམ་གྱི་གཞུང་ཆེན་འགར་གསལ་བ་དང་དེ་འབྲེལ་གཞུང་འགྲེལ་གཞན་དུ་དེ་ཙམ་མ་གསལ་བ་ལྟ་བུར་སྣང་ཞིང་གང་ལྟར་དེ་ལ་ཞིབ་འཇུག་གསལ་པོ་ཞིག་བྱེད་དགོས་ན། དང་ཐོག་ཐ་སྙད་དེ་དུས་གང་ཞིག་ཏུ་བྱུང་བ་དང་། དེ་འདོགས་མཁན་སུ་ཞིག་ཡིན་པ། དེའི་མཚན་ཉིད་དང་དབྱེ་བ་སོགས་ཇི་ལྟར་བྱུང་ཡོད་པའི་སྐོར་ལ་རྒྱུ་མ་ཕུ་འདེད་ཀྱིས་དཔྱད་དགོས་པ་ཡིན་ལ།  དེ་ལྟར་ལོ་རྒྱུས་ཡར་འདེད་ཀྱིས་སྟོན་པ་སངས་རྒྱས་ཀྱི་བཀའ་རུ་རང་བཞིན་བདེན་པ་ཞེས་པའི་ཐ་སྙད་དེ་ད་ཡོད་མཇལ་ལམ་དུ་གྱུར་པའི་བཀའ་དཔེར་ན།  ཐེག་འགྲེལ་མེ་ལོང་དགུ་སྐོར་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་སུ་མ་མཇལ་ཞིང་།   དེ་ལས་གཞན་བསྟན་པ་སྔ་དར་གྱི་དུས་སུ་བྱུང་བའི་མཁས་བཞི་དང་། དྲན་པ་སོགས་ཀྱི་བཀའ་བརྟེན་ཁག་ཏུའང་དེའི་སྐོར་བྱུང་ཡོད་མེད་དཔྱད་གཞི་ཙམ་དུ་གྱུར་ཅིང་།  བསྟན་པ་ཕྱི་དར་དུས་ཀྱི་ཡར་མེ༼༡༠༥༨༽བའི«དབུ་མ་བདེན་གཉིས»རྩ་འགྲེལ་སོགས་སུའང་མ་གསལ། ཡིན་ནའང་འགྲོ་མགོན་བློ་གྲོས་རྒྱལ་མཚན༼༡༡༩༨༽གྱི་སྔ་ཙམ་ནས་བྱུང་ཡོད་ངེས་པ་ནི།  ཁོང་གིས་མཛད་པའི«ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་འཕྲུལ་གྱི་ལྡེ་མིག»ལས། “རང་བཞིན་གྱི་བདེན་པ་དང་། གནས་སྐབས་ཀྱི་བདེན་པ་དང་། རིགས་བསྡུས་པའོ། །དང་པོ་ལ་གསུམ་ལས། དང་པོ་ལ་མཚན་ཉིད་ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་ལྡན་པ་ཞེས་གསུངས་སོ། །”ཞེས་རང་བཞིན་བདེན་པའི་དོན་དང་ཐ་སྙད་གཉིས་ཀ་གསལ་ཞིང་ལུང་དེའི་ཚིག་མཇུག “ཞེས་གསུངས་སོ། །”ཞེས་པ་དེས་གསལ་བཤད་བྱས་པ་ནི། རང་བཞིན་བདེན་པའི་རྣམ་བཞག་དེ་ཉིད་ཁོང་གིས་གསར་བཏོད་མ་ཡིན་པར་ཁོང་གི་སྔ་ཙམ་ནས་རང་བཞིན་བདེན་པའི་རྣམ་བཞག་ཡོད་པ་ཙམ་དུ་མ་ཟད།  དེའི་མཚན་ཉིད་ལའང་ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་བདེན་པ་བཞག་པའི་ལུགས་ཡོད་པར་ཁ་ཚོན་གཅོད་ཆོག  འོ་ན་དེ་ལྟར་བཞེད་མཁན་མཁས་པ་སུ་ཞིག་ཡིན་པ་ནི།   ལུང་དེ་ཉིད་ཀྱི་བདེན་པའི་མཚན་ཉིད་འཇོག་སྐབས་སུ།  “གཉིས་པ་རང་ལུགས་ནི་བློ་གྲོས་ཀྱི་བདག་ཉིད་ཆེན་པོས་ཡིན་ལུགས་དང་ལྡན་པ་ཞེས་གསུངས་སོ། །”ཞེས་གསལ་བའི་བློ་གྲོས་ཀྱི་བདག་ཉིད་ནི་འགྲོ་མགོན་གྱི་ས་ལམ་སོགས་སུ་མཁས་པ་འགའི་ཆེ་མིང་བསྟན་སྐབས་ལ་དཔྱད་དེ་བྲུ་སྟོན་ཉི་མ་རྒྱལ་མཚན་ཡིན་པར་བཞེད་པར་འདོད་མཁན་ཡང་ཡོད་ལ།  དེ་ཉིད་མཐའ་གཅིག་ཏུ་ཁོང་ཡིན་ཞེས་ཁ་ཚོན་གཅོད་དཀའ་ནའང་ཁོང་ཡིན་པའི་དབང་དུ་བྱས་ན།   ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་ཁ་གསལ་མ་མཇལ་རུང་དུས་རབས་བཅུ་གཉིས་པའི་སྟོད་དུ་འཁྲུངས་ཡོད་པ་ནི་ཁོང་གི་རྣམ་ཐར་དང་འབྲེལ་ཡོད་མི་སྣ་ཁག་གི་ལོ་རྒྱུས་ལས་ཤེས་ཐུབ།  གང་ལྟར་དུས་རབས་དེ་ཙམ་ནས་ཡིན་ལུགས་ལྡན་པ་བདེན་པའི་མཚན་ཉིད་བཞེད་པར་གསལ་ཞིང་།  དེའི་ཤུགས་ལ་རང་བཞིན་བདེན་པའི་དོན་དང་ཐ་སྙད་གཉིས་ཀའང་གཏན་ལ་ཕབ་ཟིན་པར་ཚོད་དཔག་བྱེད་ཆོག གང་ལགས་ཤེ་ན། བྲུ་སྟོན་ཉི་མས་བརྩམས་པའི་ཡིག་ཆ་སོགས་ད་སྐབས་དངོས་སུ་མཇལ་དུ་ཡོད་མེད་གང་ལྟར་ཡང་།   བདེན་པ་སྤྱིའི་མཚན་ཉིད་བཞེད་པ་དེ་ག་འགྲོ་མགོན་བློ་གྲོས་ཀྱིས་བཞེད་པ་དང་།  དེའི་དབྱེ་བ་རང་བཞིན་བདེན་པ་དང་གནས་སྐབས་བདེན་པ་གཉིས་ཀྱི་མཚན་ཉིད་ཟུར་དུ་ཡིན་ལུགས་ལྡན་པ་གསལ་བ་དེས་བདེན་དཔང་ཤུགས་ལ་གྲུབ། དེ་ལྟར་མིན་རུང་སྒ་སྟོན་གྱི་གཞི་ལམ་རྣམ་འབྱེད་རང་འགྲེལ་དུ་རང་བཞིན་བདེན་པའི་སྐོར་གླེང་བ་བཞིན་འགྲོ་མགོན་གོང་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱི་དུས་ནས་དེའི་རྣམ་བཞག་ཡོད་པ་ནི་སོམ་ཉི་དང་བྲལ་བ་ཡིན།  ཡིན་ནའང་བྲུ་སྟོན་ཉི་རྒྱལ་སོགས་མཁས་པ་དེ་དག་གི་གོང་དུ་རང་བཞིན་བདེན་པའི་དོན་དང་ཐ་སྙད་སྐོར་གཏན་ལ་ཕབ་ཟིན་དུ་ཆུག་ཀྱང་འདིར་ཞལ་གསལ་བའི་ལུང་ཁུངས་ཞིག་མ་མཇལ་བས་ད་དུང་དཔྱད་གཞིར་བཞག་ཡོད།   དེ་དག་གིས་གཞི་རྩའི་རང་བཞིན་བདེན་པའི་སྐོར་དུས་ནམ་ཞིག་ནས་བྱུང་བར་ངོས་འཛིན་གྱི་དཔྱད་བསྡོམས་དེ་ཙམ་ལ་བཞག་ཡོད།
གསུམ།  རང་བཞིན་བདེན་པའི་དོན་ལ་བཞེད་ཚུལ་འདྲ་མིན་གང་འདྲ་བྱུང་བ།
   གོང་གསལ་ལྟར་སྤྱི་ཡི་ཆ་ནས་རང་བཞིན་བདེན་པའི་དོན་དང་ཐ་སྙད་གཉིས་ཀར་གཏན་ལ་ཕབ་ཟིན་མོད།  དེའི་ཐད་གླུ་བརྒྱ་ངག་གཅིག་དང་།  མཁས་བརྒྱ་མགྲིན་གཅིག་གི་བཞེད་ཕྱོགས་ཤིག་ད་བར་བྱུང་ཡོད་མེད་སྐོར་ནི་ཞིབ་ཏུ་དཔྱད་འོས་པའི་གནས་ཤིག་ཡིན།  དེ་ཡང་ཐོག་མར་ཐེག་ཆེན་དབུ་མའི་གཞི་གཏན་ལ་འབེབ་སྐབས་སུ་མཁས་པ་སུ་ཞིག་གིས་རང་བཞིན་བདེན་པ་ཞེས་པའི་གདགས་གཞི་ངོས་འཛིན་མཛད་པ་ནས་དེ་ག་རང་དང་ལེན་གནང་བའམ།  ཡང་ན་དེ་ལས་ལྡོག་སྟེ་བཞེད་པ་དེ་ཉིད་མི་འཐད་པའི་ཕྱོགས་སུ་བཟུང་ཡང་སྲིད་པ་ནི་གཞུང་འགྲེལ་དང་གྲུབ་འཛིན་མཁས་པའི་ཁྲོད་དུ་རྒྱུན་ལྡན་གྱི་སྣང་ཚུལ་ལྟ་བུ་ཞིག་ཡིན།  དེ་ཡང་འགྲོ་མགོན་གྱི«ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་འཕྲུལ་གྱི་ལྡེ་མིག»ལས།  “གཉིས་པ་མཚན་གཞི་ལ་གསུམ་སྟེ། རང་བཞིན་གྱི་བདེན་པ་དང་། གནས་སྐབས་ཀྱི་བདེན་པ་དང་། རིགས་བསྡུས་པའོ། །དང་པོ་ལ་གསུམ་ལས།  དང་པོ་ལ་མཚན་ཉིད་ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་ལྡན་པ་ཞེས་གསུངས་སོ། །”ཞེས་གཞི་རྩའི་རང་བཞིན་བདེན་པའི་མཚན་ཉིད་གང་ཡིན་བསྟན་ཞིང་།  བདེན་པ་གཉིས་པོ་རང་བཞིན་བདེན་པའི་དབྱེ་ངོར་བཞག་ཅིང་།  དབྱེ་གཞི་དེ་ཉིད་ངོས་འཛིན་ནི། “དང་པོ་ལ་ཁ་ཅིག་གིས། རང་བཞིན་མེད་པ་ཙམ་ལ་འདོད་དེ།  རང་བཞིན་མེད་པར་བདེན་པ་གཉིས༼ཀྱི༽སྤྱི་མ་ཡིན་ལ། བདེན་གཉིས་དེའི་བྱེ་བྲག་མ་ཡིན་ཏེ། ཀུན་རྫོབ་བྱིས་པའི་བློ་ལ་ལྟོས་ནས་རང་བཞིན་མེད་པ་ཡིན་ན་འབད་མེད་དུ་གྲོལ་ལ།  མ་ཡིན་ན་དབྱེ་གཞི་དེ་ཉིད་ཡིན་པར་ཉམས་པ་དང་། བདེན་གཉིས་རང་བཞིན་མེད་པའི་བྱེ་བྲག་ཀྱང་མ་ཡིན་ཏེ་དོན་དམ་ནི་རང་བཞིན་མེད་པར་གྲུབ་ཀྱང་ཀུན་རྫོབ་སྣང་ལ་རང་བཞིན་མེད་པའི་ལྡོག་པ་མ་ཡིན་པས་སོ། །དེ་ལྟར་ཡིན་ན་ཀུན་རྫོབ་རང་བཞིན་མེད་པའི་ལྡོག་པར་འགྱུར་བ་ལས། སྒྱུ་མ་ལྟ་བུར་གསུངས་པས་གསལ་ལོ། །དེས་ན་མཚན་ཉིད་དེ་ལྡན་གྱི་བདེན་པ་ཙམ་མོ། །” ཞེས་རང་བཞིན་བདེན་པའི་སྤྱི་ལྡོག་གང་ཞིག་ལ་ངོས་འཛིན་དགོས་པར་གསལ། འོན་ཏེ་དེའི་དོན་རྒྱས་བཤད་སྐབས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་ཀྱི་སྐོར་གསལ་ཞིང་།  རང་བཞིན་བདེན་པ་རང་གི་བཤད་པ་ལོགས་སུ་མངོན་གསལ་མེད་པ་དེ་རེད།   འོན་ཏེ་བཞེད་པ་དེ་ལ་ཅུང་ཁ་གསལ་དུ་བཏང་བ་གཞན་ཞིག་ནི།  རྗེ་རིན་པོ་ཆེའི«ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ»ལས། “ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་དང་ལྡན་པ། རང་བཞིན་གྱི་བདེན་པའི་མཚན་ཉིད་དུ་གསུངས་སོ། །ཁོ་བོས་ནི། གནས་སྐབས་ཀྱི་བདེན་པའི་ཁྱབ་བྱེད་དུ་གྱུར་ཅིང་ཡིན་ལུགས་དང་ལྡན་པ་ཞེས་བརྗོད་དོ། །”ཞེས་གཞི་རྩའི་རང་བཞིན་བདེན་པའི་མཚན་ཉིད་འགྲོ་མགོན་སོགས་ཀྱིས་བཞེད་པ་ལྟར་ལ།   “གནས་སྐབས་བདེན་པའི་ཁྱབ་བྱེད་དུ་གྱུར་ཅིང”ཞེས་པ་བསྣན་ཏེ་གོ་སྟབས་བདེ་བར་མཛད་འདུག  ཡིན་ནའང་རྗེ་ཡི་གདན་ས་བ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ས་ལམ་འགྲེལ་བ་སྟེ། «གཞི་ལམ་འབྲས་གསུམ་གྱི་ཁྱད་པར་གཏན་ལ་དབབ་པར་བྱེད་པ་རིག་པའི་འཕྲེང་བ»ལས།  “རང་བཞིན་གྱི་བདེན་པའི་མཚན་ཉིད་ལ་ཁྱབ་བྱེད་དུ་གྱུར་པའི་ཡིན་ལུགས་དང་ལྡན་པ་ཞེས་གསུངས་སོ། །”ཞེས་གསུངས་ཤིང་དེའི་ཟུར་དུ་གནས་སྐབས་བདེན་པའི་ཁྱབ་བྱེད་དུ་གྱུར་པ་དངོས་སུ་མ་གསལ་བ་ལས་རྗེ་ལྟར་རང་ལུགས་སུ་མི་བཞེད་པ་ནི་མ་ཡིན་སྙམ། ཡང་རྗེ་རིན་པོ་ཆེས་མཛད་པའི«ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར»ལས། “བདེན་པ་གཉིས་ཀྱི་རྣམ་བཞག་ལ་མཁས་པ་རྣམས་ཀྱིས་མི་མཐུན་པ་མང་དུ་གསུངས་ཀྱང་། འགྲོ་མགོན་བློ་གྲོས་ལས་སོགས་ཀྱི་རྗེས་སུ་འབྲེང་ན། གང་ལས་དབྱེ་བའི་གཞི་ནི་བདེན་པ་ཙམ་མོ། །གང་དབྱེ་བའི་ངོ་བོ་ནི། ཀུན་རྗོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་སོ། །”ཞེས་གཞུང་འདིར་བདེན་གཉིས་ཀྱི་སྐོར་རྒྱས་པར་གསལ་ཡང་རང་བཞིན་བདེན་པ་དང་གནས་སྐབས་བདེན་པ་གཉིས་ཀྱི་དབྱེ་སྟངས་དེ་མ་གསལ་བ་ནི། འབྲེལ་ཡོད་ཡིག་ཆ་ཕལ་དང་སྒོ་བསྟུན་པར་སྙམ། དེ་བཞིན་ཤར་རྫ་རིན་པོ་ཆེའི«སྡེ་སྣོད་མཛོད»དུ་རང་བཞིན་བདེན་པའི་སྐོར་དེ་མ་གསལ་ཞིང་། «ལུང་རིགས་མཛོད»དུ་གསལ་འདུག་པ་ནི་སྐབས་ཀྱི་ཁུངས་བཅོལ་ས་གཙོ་བོའི་ཡིག་ཆའི་དབང་གིས་དེ་ལྟར་གསུངས་པ་ལས། གཞི་རྩའི་ཁོང་ལ་དགོངས་ཕྱོགས་མི་འདྲ་བ་གཉིས་བྱུང་བ་ནི་ཅི་ལ་ཡིན།  གོང་གསལ་འགྲོ་མགོན་དང་། རྗེ་རིན་པོ་ཆེ། རིན་ཆེན་རྒྱལ་མཚན་གསུམ་གྱི་བཞེད་ཕྱོགས་གཅིག་ཏུ་བབ་པ་དང་།  དེ་འདྲའི་རང་བཞིན་བདེན་པ་དེའི་མཚན་གཞི་གང་ཞིག་ལ་ངོས་འཛིན་དགོས་པ་ནི།  «རྗེ་ཡི་ས་ལམ་རང་འགྲེལ»ལས། “ཀུན་རྫོབ་ཀྱི་བདེན་པ་བོན་ཅན།  དེར་ཐལ། དེའི་ཕྱིར།  མ་གྲུབ་སྟེ།  ཀུན་རྫོབ་ཀྱི་བདེན་པ་དང་།  དོན་དམ་གྱི་བདེན་པ་ནི།  གནས་སྐབས་ཀྱི་བདེན་པ་ཙམ་དུ་འདོད་དོ།  །རང་བཞིན་གྱི་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ། །”ཞེས་གསལ་བ་ལྟར་ན་དོན་དམ་བདེན་པ་དང་།  ཀུན་རྗོབ་བདེན་པ་སོ་སོ་བ་ནས་རང་བཞིན་བདེན་པར་མི་འདོད་པ་དང་།  རང་བཞིན་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ཞིག་ལ་འཇོག་པར་གསལ། འོ་ན་དེའི་བདེན་གཉིས་ཟུང་འབྲེལ་ཞེས་པ་དེ་གང་འདྲ་ཞིག་ལ་འཇོག་དགོས་སམ་སྙམ་ན།  གནད་དོན་དེ་དང་འབྲེལ་བའི་དཔྱད་གཞི་ཁ་གསལ་ཅན་ཞིག་ནི། སྒ་སྟོན་གྱིས་མཛད་པའི«ཐེག་པ་ཆེན་པོ་གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང»དུ་ཕྱོགས་སྔའི་འདོད་པ་བརྗོད་སྐབས་སུ།  “དང་པོ་ལ།  གཞན་ལུགས་དགག་པ་ནི།  གཉོས་རྒྱལ་གྱིས་བདེན་བཞི་ལ་གནས་སྐབས་བདེན་པར་བཏགས།  བདེན་གཉིས་ལ་རང་བཞིན་བདེན་པར་བཏགས་ནས།”  ཞེས་རང་བཞིན་བདེན་པ་དེ་ཉིད་སྒ་སྟོན་རང་ལུགས་སུ་བཞེད་པའི་བཟོ་མི་འདུག་མོད། དེ་ཉིད་ཕྱོགས་སྔར་བཞག་ཅིང་དེ་ཡང་གཉོས་རྒྱལ་གྱིས་དེ་ལྟར་བཞེད་པ་དང་། ཚུལ་ཡང“བདེན་བཞི་ལ་གནས་སྐབས་བདེན་པར་བཏགས།  བདེན་གཉིས་ལ་རང་བཞིན་བདེན་པར་བཏགས”ཞེས་རང་བཞིན་བདེན་པ་ཟེར་བ་ཡང་གཞན་ཞིག་མ་ཡིན་པར་ཀུན་རྗོབ་དང་དོན་དམ་བདེན་པ་གཉིས་ཀྱི་སྟེང་དུ་འཇོག་པར་བསྟན།  མ་གཞི་སུ་ཞིག་གིས་ཕྱོགས་སྔར་བཀོད་ཚེ་དེའི་བཞེད་པ་ཇི་ལྟར་མཚོན་ཐུབ་པའི་ངེས་པ་མེད་ནའང་།  ད་ལན་དེའི་སྐོར་དེ་ལྟར་ངེས་མིན་གྱི་དཔྱད་གཞི་དཀོན་སྟབས་རེ་ཞིག་བཏང་སྙོམས་ཀྱིས་དེ་ལྟར་ངེས་པའི་དབང་དུ་བྱས་ཏེ་གླེང་བར་བྱ་སྟེ།  ཧོབ་ཚོད་ཀྱིས་བལྟས་ན་རྗེ་ཡི་གསུང་། “ཀུན་རྫོབ་ཀྱི་བདེན་པ་དང་།  དོན་དམ་གྱི་བདེན་པ་ནི།  གནས་སྐབས་ཀྱི་བདེན་པ་ཙམ་དུ་འདོད་དོ།  །རང་བཞིན་གྱི་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ལོ། །”ཞེས་བདེན་གཉིས་ལ་རང་བཞིན་བདེན་པར་མི་འཇོག་པ་དང་།  ཡང་སྒ་སྟོན་གྱི་གསུང་།  “གཉོས་རྒྱལ་གྱིས་བདེན་བཞི་ལ་གནས་སྐབས་བདེན་པར་བཏགས།  བདེན་གཉིས་ལ་རང་བཞིན་བདེན་པར་བཏགས།”  ཞེས་བདེན་གཉིས་ལ་རང་བཞིན་བདེན་པར་འཇོག་པའི་ཚུལ་གསལ་བས་དེ་གཉིས་གཞི་རྩའི་གོ་བ་ཤར་ནུབ་ལྟར་གྱུར་པས་དེ་གཉིས་དགོངས་གཞི་གཅིག་ལ་ཇི་ལྟར་འབབ་སྙམ་པ་དང་།   གཞན་ཡང་སྒ་སྟོན་གྱིས་གཉོས་རྒྱལ་གྱི་བཞེད་ཕྱོགས་བཀོད་པ་དེ་འགྲོ་མགོན་དང་རྗེ་ལ་ཤུགས་རྐྱེན་དེ་ཙམ་མི་ཆེའོ་སྙམ་པའི་དོགས་པ་འབྱུང་མི་སྲིད་པ་མ་ཡིན་མོད།  སྤྱིར་ན་འགྲོ་མགོན་དང་།  རྗེ།  གཉོས་རྒྱལ་གསུམ་བཞེད་ཕྱོགས་མཐའ་དག་ཆུ་ལ་ཆུ་བཞག་ལྟར་ཡིན་པའི་ངེས་པ་མེད་ནའང་།  ས་ལམ་གྱི་སྐོར་རྣམས་གཡས་རུའི་སྟོན་པ་སྔ་མས་བཞེད་པའི་ཕྱོགས་རྣམས་ཕྱི་མ་ཕྱི་མས་རིམ་པར་ཁ་ཇེ་གསལ་དང་འཐུས་སྒོ་ཇེ་ཚང་དུ་མཛད་པ་ཡིན་སྟབས་དེའི་སྐོར་གཞི་རྩའི་དགོངས་པ་གཅིག་ཏུ་འབབ་རིགས་པ་ཡིན།   དེ་ལྟར་ན་སྒ་སྟོན་གྱིས་བཀོད་པ་ལྟར་རང་བཞིན་བདེན་པ་ཞེས་བདེན་པ་གཉིས་སོ་སོ་ནས་རང་བཞིན་བདེན་པར་འཇོག་གམ་ཟེར་ན།  དེ་ཡང་མ་ཡིན་ཏེ།  དེ་ལྟར་མི་འཇོག་པ་རྗེ་ཡིས་གསལ་པོར་བསྟན་ཟིན།  འོ་ན་གང་ལགས་ཤེ་ན།   འགྲོ་མགོན་དང་རྗེ་གཉིས་ཀས་རང་བཞིན་བདེན་པ་དབྱེ་གཞི་དང་། བདེན་པ་གཉིས་པོ་དེའི་དབྱེ་ངོར་བཞག་པ་འདི་དང་།  རྗེ་ཡིས་བདེན་པ་གཉིས་པོ་རང་བཞིན་བདེན་པ་མ་ཡིན་པ་དང་།  རང་བཞིན་བདེན་པ་ནི་བདེན་གཉིས་ཟུང་འབྲེལ་ཡིན་པར་གསུངས་པ་འདི་དག་བདག་ལྟ་བུ་ལ་ཅུང་གོ་དཀའ་བར་སྣང་མོད།  སྒ་སྟོན་གྱིས་ཕྱོགས་སྔར་བྱས་པའི་བདེན་གཉིས་ལ་རང་བཞིན་བདེན་པར་བཏགས་ཞེས་གསུངས་པ་དང་།  དེ་འབྲེལ་འགྲོ་མགོན་དང་རྗེ་གཉིས་ཀྱིས་རང་ལུགས་སུ་གསུངས་པ་རྣམས་ཕན་ཚུན་གོ་བསྡུར་གྱིས་ཞིབ་ཏུ་བརྟགས་ན་དགོངས་གཞི་གཅིག་ཏུ་འབབ་པ་ནི།   སྒ་སྟོན་བཞེད་ལྟར་རང་བཞིན་བདེན་པ་ཞེས་བདེན་གཉིས་ལས་ལོགས་སུ་འཇོག་ཏུ་མེད་ཅིང་།   དེ་ཡང་བདེན་གཉིས་སོ་སོ་ནས་བཤད་པ་ལྟར་ཡང་མ་ཡིན་པར།   དེའི་དོན་རྗེ་ཡིས་གསལ་བཤད་གནང་བ་ནི་བདེན་གཉིས་ཟུང་འབྲེལ་ཏེ། ཀུན་རྗོབ་དང་དོན་དམ་གཉིས་དབྱེར་མེད་གཉིས་འཚོགས་དེ་ལ་འཇོག་ཅིང་།   དེ་འདྲའི་རང་བཞིན་བདེན་པ་དེ་ལ་ལྟོས་ན་བདེན་གཉིས་སོ་སོ་ནས་སམ།  བདེན་པ་བཞི་བཅས་ཁྱབ་བྱ་དང་།  དེ་དག་ལ་ལྟོས་ཏེ་རང་བཞིན་བདེན་པ་དེ་ཁྱབ་བྱ་དེ་དག་གི་ཁྱབ་བྱེད་དུ་གྲུབ་པ་རྗེ་ཡི་ཁ་གསལ་གནང་བ་ལྟར་དང་། རྒྱུ་མཚན་དེའི་ཕྱིར་ན་བདེན་པ་གཉིས་པོ་དེ་སོ་སོ་ནས་རང་བཞིན་བདེན་པར་མི་བཞེད་མོད་དེའི་དབྱེ་ངོར་འཇོག་པ་དང་།   བདེན་བཞི་ལ་རང་བཞིན་བདེན་པས་ཁྱབ་ཀྱང་དེ་བཞི་རང་བཞིན་བདེན་པའི་དབྱེ་ངོར་མི་འཇོག་པར་གནས་སྐབས་བདེན་པའི་དབྱེ་ངོར་འཇོག་པའི་བཞེད་གཞུང་དེ་བྱུང་བར་སྙམ་མོ། །ད་དུང་འདི་དག་ལས་འཕྲོས་པའི་དཔྱད་པ་འགའ་ཞིག་ཡོད་མོད།   འདིར་གཞི་རྩའི་རང་བཞིན་བདེན་པའི་ངོས་འཛིན་བྱུང་རིམ་ཇི་ལྟར་ཡིན་པ་དང་།  དེ་ལ་དགག་སྒྲུབ་ཅི་རིགས་པའི་ཐོག་ནས་རང་བཞིན་བདེན་པའི་དོན་གང་ཞིག་ལ་འབབ་པའི་སྐོར་ཞིག་བརྗོད་འདོད་པའི་དབང་གིས་དེ་ཙམ་གྱིས་རྩོམ་འདི་མཇུག་བསྡུས་པར་བྱས་སོ།།
①  མཆན།   འགྲོ་མགོན་ས་ལམ།  རྗེ་ཡི་ས་ལམ།   སྒ་སྟོན་གཞི་ལམ་རྣམ་འབྱེད་རང་འགྲེལ་སོགས།
ལུང་འདྲེན་ཞུ་སའི་ཡིག་ཆ།
⑴ འགྲོ་མགོན་བློ་གྲོས་རྒྱལ་མཚན།    «ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་འཕྲུལ་གྱི་ལྡེ་མིག» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།   དེབ་དགུ་པ།  མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠
⑵  སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།   «ཐེག་པ་ཆེན་པོ་གཞི་ལམ་འབྲས་བུའི་རང་འགྲེལ་གསལ་བྱེད་མེ་ལོང»གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།   དེབ་དགུ་པ།  མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠་།༠
⑶ རྗེ་རིན་པོ་ཆེ།  «ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།   དེབ་དགུ་པ།  མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠
⑷རྗེ་རིན་པོ་ཆེ། «ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར»  རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ།  དེབ་གཉིས་པ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༥
⑸རྒྱལ་ཚབ་རིན་ཆེན་རྒྱལ་མཚན།  «གཞི་ལམ་འབྲས་གསུམ་གྱི་ཁྱད་པར་གཏན་ལ་དབབ་པར་བྱེད་པ་རིག་པའི་འཕྲེང་བ» བོནད་ཀྱི་དཔེ་དཀོན་ཕྱོགས་བསྒྲིགས།  དཔེ་གཟུགས།   སྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།