ལྷོ་གཏེར་ཐེག་པའི་རྒྱུ་འབྲས་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ལ་དཔྱད་པ།

[ཟླ་ཚེས། 2019-10-04 20:51:45][རྩོམ་པ་པོ། གཡུང་དྲུང་གཞན་ཕན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ནང་དོན་གནད་བསྡུས། འདིར་ལྷོ་བྱང་དབུས་གསུམ་གྱི་བཀའི་ཐ་སྙད་འདོགས་ཚུལ་དང་། བཀའ་དེའི་བརྗོད་བྱ་ཐེག་པ་རིམ་དགུའི་རྣམ་གྲངས་འདྲེན་སྟངས་བསྐོར་དང་། ལྷོ་གཏེར་གྱི་ཐེག་དགུའི་རྣམ་བཞག་གཙོ་བོར་བཏོན་ནས་ཐེག་པ་དེའི་ལུགས་ཀྱི་རྒྱུ་འབྲས་གཉིས་ཀྱི་ཐེག་པའི་ངོ་བོ་སོ་སོར་བཀྲལ་ནས་དེ་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ལ་ཁྱད་པར་ཡོད་མེད་སྐོར་སོགས་གསལ་བཤད་བྱས་ཡོད།

  བརྡ་ཆད་གཙོ་བོ། རྒྱུའི་ཐེག་པ། འབྲས་བུའི་ཐེག་པ། ཐོབ་བྱའི་འབྲས་བུ། ཐེག་དགུ་སོགས་ཀྱིས་གྲུབ་ཡོད།

  དེ་ཡང་རྒྱས་པ་དྲི་མེད་གཟི་བརྗིད་ལས། སྟོན་པའི་བཀའ་ཡང་བསམ་ལས་འདས། ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཞིང་ཡང་དག་བདེ་བའི་ལམ་ལ་འཇུག་པའི་ཕྱིར་དུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སོགས་གདུལ་བྱ་རིགས་ཅན་སོ་སོའི་མོས་པ་དང་། སེམས་ཁམས་དང་། བློ་སྟོབས་དང། གང་ལ་གང་འདུལ་དང་དེ་ལ་དེ་བསྟུན་གྱི་སྒོ་ནས་བྱང་ཆུབ་སྒྲུབ་པའི་ཐབས་ལ་ཡང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ་བལྟོས་ཏེ་དེའི་གཉེན་པོ་བོན་གྱི་སྒོ་མོ་བརྒྱད་བཞི་ཁྲི་སྟོང་དང་། བློ་རབ་འབྲིང་ཐ་མ་དགུ་ལ་བལྟོས་ཏེ་བོན་ཐེག་པ་རིམ་དགུ་དང་། ཉོན་མོངས་དུག་ལྔ་ལ་བལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ། དུག་གསུམ་ལ་བལྟོས་ཏེ་བོན་ཕྱི་ནང་གསང་གསུམ། རྩ་བའི་མ་རིག་པ་དང་རིག་པའི་ཡེ་ཤེས་གཉིས་ལ་བལྟོས་ཏེ་དྲང་དོན་དང་ངེས་དོན་སོགས་བཀའ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཞིག་དྲང་ངེས་ཀྱིས་དབྱེ་སྒོ་མང་པོ་སྨོས་མོད། འོན་ཀྱང་དེ་དག་གསུངས་ཚད་ཐམས་ཅད་ཀྱི་ནང་ནས་གདུལ་བྱའི་བློ་རབ་འབྲིང་ཐ་མ་དགུ་ལ་བལྟོས་ཏེ་ལྷོ་བྱང་དབུས་གསུམ་གྱི་ཐེག་པ་དགུ་རེ་གསུངས་ཡོད་པའི་ནང་ནས་འདི་ནས་སྐབས་བབ་ཀྱི་བཤད་པར་བྱ་བའི་དཔྱད་གླེང་གི་སྒྲོམ་གཞི་ནི། བཀའ་དང་བཀའ་བརྟེན་མང་ཆེ་ཤོས་སུ་ཐེག་པ་རིམ་དགུ་བཤད་སྐབས་ལྷོ་གཏེར་གྱི་ཐེག་དགུའི་རྣམ་གྲངས་ལྟར་བཀྲལ་ནས་གསུངས་ཡོད་པས། ད་ལན་འདིར་བདག་གིས་ཀྱང་སྟོན་པའི་བཀའ་རིན་པོ་ཆེ་དྲི་མེད་གཟི་བརྗིད་དང་། མདོ་གཟེར་མིག ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། བྱང་སེམས་གབ་པའི་འགྲེལ། དྲི་མེད་གསལ་སྒྲོན། རྩ་རྒྱུ་གསང་བ་བསེན་ཐུབ་ཀྱི་འགྲེལ། ལུང་རིགས་མཛོད། བྱང་སེམས་གབ་འགྲེལ་རིག་པའི་རྒྱ་མཚོ་བཅས་གཙོས་པའི་བོན་གཞུང་རྣམས་ལས་གསུངས་ཚུལ་ལ་གཞི་བཅོལ་ཏེ་ལྷོ་གཏེར་བོད་ཀྱི་ཐེག་པའི་རྒྱུ་འབྲས་གཉིས་ཀྱི་ཐོབ་བྱའི་འབྲས་བུའི་ཁྱད་པར་བསྟན་པ་ལ་རྩ་བའི་ས་བཅད་རྣམ་པ་བཞིའི་སྒོ་ནས་འཆད་དེ། ཐོག་མར་ལྷོ་བྱང་དབུས་གསུམ་གྱི་གཞུང་དང་གཞུང་ལུགས་དེའི་བརྗོད་བྱ་སྟོན་པའི་ཐེག་པ་རིམ་དགུའི་ཐ་སྙད་འདྲེན་སྟངས་སྐོར་བཤད་པ་དང་། སྐབས་བབ་ཀྱི་ལྷོ་གཏེར་ཐེག་པ་འདིའི་ལུགས་ཀྱི་རྒྱུ་འབྲས་ཀྱི་ཐེག་པའི་ངོ་བོ་སོ་སོ་ནས་ངོས་འཛིན་པ་དང་། དེ་གཉིས་ཀྱི་ཐོབ་བྱའི་འབྲས་བུ་ཁྱད་པར་བསྟན་པ་དང་། དེ་ལ་རྩོད་པ་སྤོང་བ་དང་བཞིའོ།། དང་པོ་ལྷོ་བྱང་དབུས་གསུམ་གྱི་བཀའི་ཐ་སྙད་འདོགས་སྟངས་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་ཚུལ་སྐོར་ནས་མདོར་བསྡུས་ཤིག་བཤད་ན། སྤྱིར་བཏང་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་སྐབས་སུ་བཀའ་ལ་ཡང་ལྷོ་བྱང་དབུས་གསུམ་གྱི་ཐ་སྙད་ཀྱི་ཁྱད་པར་ཕྱེས་མེད་ན་ཡང་། ཕྱིས་སུ་བཀའ་ལ་ཡང་བྱང་གཏེར་དང་ལྷོ་གཏེར་དབུས་གཏེར་ཁམས་གཏེར་གཏེར་གསར་སོགས་གཙོར་བཟུང་སྟེ་གཏེར་ཁ་དང་གཏེར་གནས་ཐ་སྙད་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། དེ་དག་ལས་ལྷོ་གཏེར་དང་། དབུས་གཏེར། བྱང་གཏེར་བཅས་ཐ་སྙད་འདོགས་དོན་གྱི་གཙོ་བོ་ནི་གཏེར་བཏོན་སའི་ས་མིང་གིས་ཁྱད་པར་བྱས་ཏེ་གཏེར་སྟོན་བརྒྱ་རྩའི་ནང་ནས་སྤྱོ་ལོ་༩༩༦ལོར་སྐུ་འཁྲུངས་བའི་གཏེར་སྟོན་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མཚམས་མཐའ་དཀར་ནས་ཐོན་པ་དང་། ༡༠༢༤ལོར་སྐུ་འཁྲུངས་བའི་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོ་ནས་བཏོན་པའི་བཀའ་རྣམས་ལ་ལྷོ་གཏེར་དང་། གཙང་བའི་བན་དྷེ་མི་གསུམ་གྱིས་དབུས་ཕྱོགས་བསམ་ཡས་དང་ཡེར་པའི་བྲག་སོགས་ནས་བཏོན་པའི་བོན་སྡེ་ལ་ཡང་དབུས་གཏེར་དང་། ༡༠༩༢ལོར་སྐུ་འཁྲུངས་བའི་རྨ་སྟོན་སྲིད་འཛིན་དང་༡༡༧༥ལོར་སྐུ་འཁྲུངས་བའི་དབྱིལ་སྟོན་དཔོན་གསས་ཁྱུང་རྒོད་སོགས་ཀྱིས་བྱང་དྭང་ར་ཁྱུང་རྫོང་དང་ཟང་ཟང་ལྷ་བྲག་བཅས་ནས་བཏོན་པའི་བོན་སྐོར་ལ་བྱང་གཏེར་ཞེས་ཐ་སྙད་ཐོག་པ་ཡིན། དེའི་ཕྱིར་ན་དེ་དག་གི་བོན་སྡེ་ལས་བསྟན་པའི་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་ལུགས་ལ་ཐེག་པ་རིམ་དགུ་དབྱེ་ཚུལ་སོ་སོར་ཐ་སྙད་འདྲེན་སྟངས་ཅུང་མི་འདྲ་བ་གསུམ་ཡོད་དེ། དབུས་གཏེར་གྱི་ཐེག་པ་རིམ་དགུ་དང་། བྱང་གཏེར་གྱི་ཐེག་པ་རིམ་དགུ། ལྷོ་གཏེར་གྱི་ཐེག་པ་རིམ་དགུ་དང་གསུམ་མོ།། དང་པོ་ནི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང་། སྟོན་པ་ཐུགས་རྗེ་ཅན་གྱི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ཆ་ལག་དང་བཅས་པ་རྣམས་ནས་བསྟན་པའི་ཐེག་དགུའི་མཚན་གྱི་རྣམ་གྲངས་ནི་ལྷ་མི་གཞན་རྟེན་གྱི་ཐེག་པ་དང་། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་བཅས་དགུ་རུ་བསྟན་ཏེ་རྒྱུ་འབྲས་གཉིས་དང་མདོ་སྔགས་སེམས་གསུམ་གྱི་སྒོ་ནས་སོ་སོར་དབྱེ་བའི་རྣམ་བཞག་ཡོད། དེ་ཡང་དབུས་གཏེར་ཐེག་དགུའི་རྣམས་བཞག་སྤྱི་དོན་རྣམ་པ་བདུན་དང་འབྲེལ་ནས་སོ་སོར་ནས་གསུངས་པ་དང་། དེ་ལ་རྒྱ་གར་གྱི་ཐེག་པའང་ཟེར་རོ།། གཉིས་པ་སྲིད་པའི་འབུམ་དགུ་ལས་གསུངས་པའི་བྱང་གཏེར་གྱི་ཐེག་དགུའི་རྣམ་གྲངས་ནི་དེ་འདྲ་ཞིག་བཀའ་དང་བཀའ་བརྟེན་གྱི་ནང་དུ་ཁྱབ་ཆེན་པོ་ཞིག་བསྟན་མེད། དེའི་ཐ་སྙད་སྦྱོར་ཚུལ་ཡང་མི་འདྲ་བ་ཞིག་ཡིན་ཏེ། དེ་ནི་ཕྱིའི་ཐེག་པ་གསུམ་དང་། ནང་གི་ཐེག་པ་གསུམ། གསང་བའི་ཐེག་པ་དང་གསུམ་དུ་ཕྱེས་ཡོད་ལ། དང་པོ་ཕྱི་ཡི་ཐེག་པ། སྣང་ལྡན། རང་ལྡན། བཞེད་ལྡན་གྱི་ཐེག་པ་གསུམ། གཉིས་པ་ནང་གི་ཐེག་པ། ཐོ་ཐོ། ཕྱི་ཐོ། ཡ་ཐོ་གསུམ། གསུམ་པ། ལྷ་རྩེ། སྣང་རྩེ། ཡང་རྩེ་གསུམ་བཅས་ཐེག་པ་རིམ་དགུའོ།། ཐེག་པ་འདི་ལ་ཞང་ཞུང་གི་ཐེག་པའང་ཟེར། བྱང་གཏེར་གྱི་ཐེག་པའི་མིང་གི་རྣམ་གྲངས་ཙམ་ལས་ཐེག་པ་རེ་རེའི་ལྟ་བསྒོམ་སྤྱོད་འབྲས་དང་བཅས་པ་བསྟན་པའི་གཞུང་ལ་བཀའ་རྒྱ་ཆེ་བ་ཡོད་མོད་ཀྱང་། ད་ལྟར་རང་རེའི་དངོས་སུ་མཇལ་ཡུལ་དུ་ཡོད་པའི་གཞུང་ལུགས་དཀོན་པས་བཤད་མ་ནུས་སོ།། གསུམ་པ། ལྷོ་གཏེར་གྱི་ཐེག་པ་དགུའི་མཚན་གྱི་གོ་རིམ་བགྲངས་སྟངས་ཀྱང་བཀའ་དང་བཀའ་བརྟེན་མང་ཆེ་ཤོས་སུ་ཐེག་པ་དགུ་བསྟན་སྐབས་སུ་ལྷོ་གཏེར་གྱི་ཐེག་པ་གསུངས་ཡོད་པ་རེད། དེ་བས་འདིར་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲི་མེད་གཟི་བརྗིད་དང་མདོ་འདུས་སོགས་གཙོས་པའི་བོན་གཞུང་རྣམས་ལས་གསུང་ཚུལ་ནི། གདུལ་བྱའི་སྣོད་དབང་པོ་རབ་འབྲིང་ཐ་མ་དགུ་ལ་བལྟོས་ཏེ་ཐེག་པ་རིམ་དགུ་དབྱེ་སྟེ། ཕྱྭ་གཤེན་གྱི་ཐེག་པ་དང་། སྣང་གཤེན་གྱི་ཐེག་པ། འཕྲུལ་གཤེན་གྱི་ཐེག་པ་གསུམ་བཅས་ལ་དབང་པོ་ཐ་མའི་ཐེག་པ་ཟེར། སྲིད་གཤེན་ཐེག་པ། དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ་གསུམ་ལ་དབང་པོ་འབྲིང་གི་ཐེག་པ་ཟེར། ཨ་དཀར་ཐེག་པ། ཡེ་གཤེན་ཐེག་པ། བླ་མེད་ཐེག་པ་གསུམ་ལ་དབང་པོ་རབ་ཀྱི་ཐེག་པ་ཟེར་རོ།། ཡང་ན་འདི་འདྲའི་ཐེག་པ་རིམ་དགུ་རེ་རེ་ལ་ཐུན་མོང་མ་ཡིན་པའི་ཞུ་འཁོར་རེ་ཡོད། འདི་ལ་ལྷོ་གཏེར་བོད་ཀྱི་ཐེག་པ་རིམ་དགུའང་ཟེར་རོ།། གང་ལྟར་ཐེག་པའི་གོ་རིམ་དང་རྣམ་གྲངས་འདྲེན་སྟངས་ནི་མཐའ་ཡས་པ་ཡོད་ཀྱང་། བོན་གྱི་ཐེག་པ་རིམ་དགུ་ལུགས་གསུམ་ཡོད་པའི་ནང་ནས་འདི་ནི་གཡུང་དྲུང་བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་བོན་བླ་ན་མེད་པ་ཞིག་འདོད་པ་ཡིན་ནོ།། གཉིས་པ་ལྷོ་གཏེར་ལུགས་ཀྱི་རྒྱུ་འབྲས་སོ་སོར་ངོས་འཛིན་པ་ནི། སྤྱིར་ན་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་གཉིས་ཀྱིས་སྐྱབས་ཀྱི་ཡུལ་མཆོག་གནས་བཞིའམ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་དང་སྐྱབས་གནས་འཇིག་རྟེན་ལས་འདས་པའི་སངས་རྒྱས་བོན་དང་གཤེན་རབ་གསུམ་ལ་སྐྱབས་གནས་མཐར་ཐུག་ཏུ་འདོད་པ་དང་མི་དགེ་བའི་ལས་ཐམས་ཅད་དོར་ཞིང་རྣམ་པར་དག་ཅིང་དགེ་བཅུ་དང་དུ་ལེན་པ་འདོད་པ་ལ་ཁྱད་མེད་དེ། དེ་ནི་ཐེག་པ་དགུ་བོ་ཀུན་ཀྱིས་ཐུན་མོང་དུ་འདོད་པའི་ལྟ་བ་ཡིན་ཏེ། ལུང་ལས། ཕྱི་པ་ནང་བ་སྐྱབས་འགྲོའི་ཁྱད། ཅེས་དང་། ལམ་རིམ་སུམ་བརྒྱ་པ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད། ཅེས་གསུངས་པས་སོ། ། དེས་ན་དེ་གཉིས་ཀྱི་ངོ་བོ་བསྟན་བྱེད་ཀྱི་བཀའ་ལུང་ནི། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། མཚན་ཉིད་རྒྱུའི་ཐེག་པ་དང་ཞེས་པ། རྒྱུ་རྣམ་པར་དཀར་བའི་ཕྱོགས་ཙམ་ལམ་དུ་བྱེད་པའོ། ཞེས་པའི་བར་དང་དེ་དང་མཐུན་པ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས་འདི་ནས་མར་ལ་རྒྱུ་འབྲས་ཁྱད་པར་སྟོན་ཏེ། རྒྱུའི་བོན་བཞི་ནི་རྒྱུ་སེམས་ཅན་གྱི་ལས་དང་སྤྱོད་པ་ལ་ཤས་ཆེ་ལ། འབྲས་བུའི་བོན་བཞི་ནི་འབྲས་བུ་གཤེན་རབ་ཀྱི་ལས་དང་སྤྱོད་པ་ལ་ཤས་ཆེ་སྟེ། སངས་རྒྱས་སེམས་ཅན་གྱི་ལས་དང་སྤྱོད་པ་ལ་ལྟོས་ནས་བཞག་པའོ།། ཞེས་དང་། བྱང་སེམས་གབ་པའི་འགྲེལ་ལས། ཕྱྭ་གཤེན་དང་སྣང་གཤེན་དང་འཕྲུལ་གཤེན་དང་སྲིད་གཤེན་མན་ཆད་ནི། སེམས་ཅན་གྱི་སྤྱོད་པ་ལ་གནས་པ་དང་རྒྱུའི་གཤེན་རབ་གཞི་མཐུན་པའོ།། དགེ་བསྙེན་ཡན་ཆད་ནི།རྒྱུའི་གཤེན་རབ་དང་གཤེན་རབ་ཀྱི་སྤྱོད་པ་ལ་གནས་པ་གཞི་མཐུན་པའོ།། ཞེས་དང་། ཡང་དེ་ཉིད་ལས་རྒྱུའི་བོན་བཞི་ལ་སྤྱོད་པ་ལས་སོགས་ལ་གནས། དེ་ནི་ཕྱྭ་སྣང་འཕྲུལ་སྲིད་བཞིའོ།། འབྲས་བུའི་བོན་བཞི་ལ་སྤྱོད་པ་ལས་སོགས་ལ་གནས་ལ། དེ་ནི་ཡེ་གཤེན་ཨ་དཀར་དྲང་སྲོང་དགེ་བསྙེན་གྱི་ཐེག་པའོ།། རྒྱུ་སེམས་ཅན་དང་། འབྲས་བུ་གཤེན་རབ་ཀྱི་ལྟ་སྤྱོད་གནས་པ་ལས་སོགས་ཀྱི་སྒོ་ནས་རྒྱུའི་བོན་དང་། འབྲས་བུའི་བོན་དུ་རྣམ་པར་བཞག་གོ། ཞེས་དང། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། ཕྱྭ་སྣང་འཕྲུལ་སྲིད་བཞི་འཇིག་རྟེན་གྱི་ཐེག་པ་སྟེ་རྒྱུ་ཡི་བོན་དང་། དགེ་དྲང་ཨ་ཡེ་བཞི་འཇིག་རྟེན་ལས་འདས་པའི་ཐེག་པ་སྟེ་འབྲས་བུའི་བོན་དང་། རྒྱུ་འབྲས་གཉིས་ལས་ལ་བཟླས་པའི་ཁྱད་པར་བླ་མེད་དང་དགུའོ།། གསུམ་པ་རྒྱུ་མཚན་ནི། གང་ཟག་གི་དབང་པོ་རབ་འབྲིང་ཐ་མ་དགུའམ་མཚན་མ་ལ་ཤས་ཆེ་བ་དང་། ཆུང་བ་དང་། སྤྲོས་བྲལ་དུ་ལ་ཟླས་པ་ལ་རྟེན་ནས་ཕྱེའོ།། ཞེས་དང་། གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་ལས། གཉིས་པ་རྒྱུ་འབྲས་ཀྱི་ཁྱད་པར་ལ། ཕྱྭ་སྣང་འཕྲུལ་སྲིད་རྒྱུ་ལ་དགེ་དྲང་ཨ་ཡེ་འབྲས་བུར་འཇོག་པའི་རྒྱུ་མཚན་གང་ཞེ་ན། འཁྲུལ་པ་སེམས་ཅན་གྱི་ལྟ་སྤྱོད་མཐུན་པས་རྒྱུའི་ཐེག་པར་འཇོག་ལ། འབྲས་བུ་སངས་རྒྱས་ཀྱི་ལྟ་སྤྱོད་དང་མཐུན་ལ་དེའི་ཚུལ་དུ་གནས་པས།འཇིག་རྟེན་ལས་འདས་པའམ་འབྲས་བུའི་ཐེག་པར་འཇོག་གོ ། ཞེས་དང་། ལུང་རིགས་མཛོད་ལས། ཕྱྭ་སྣང་འཕྲུལ་སྲིད་བཞི་ནི་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་གསུངས་པས་ན་རྒྱུ་ཞེས་པའམ། ཡང་ན་རྒྱུ་ཐེག་བཞི་ལ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ཟིན་པ་ན་འབྲས་བུ་ལ་ཐག་རིང་ནའང་བྱང་ཆུབ་ཀྱི་རྒྱུར་འགྱུར་བས་ན་རྒྱུ་ཞེས་བྱ། དགེ་དྲང་ཨ་ཡེ་བཞི་ནི་འཇིག་རྟེན་ལས་འདས་པའི་དོན་གྱི་འབྲས་བུ་བསྒྲུབ་པའི་ཆེད་དུ་གསུངས་པས་ན་འབྲས་བུ་ཞེས་བྱ་ལ། དེའང་དགེ་དྲང་གཉིས་རྒྱུ་ཐེག་བཞི་ལས་ཐག་ཉེ་ཞིང་ཨ་ཡེ་གཉིས་འབྲས་བུ་ལ་ལམ་དུ་བྱེད་པས་ན་འབྲས་བུར་འཇོག་པའོ།། ཞེས་དང་། ཁམས་འགྲེལ་ལས། འཕྲལ་གྱི་སྡུག་བསྔལ་ལ་ཉེ་བར་སྐྱོབ་པར་བྱེད་པ་རྒྱུ་ཡི་བོན་དང་། ཡུན་དུ་ཁ་ལས་ཉེ་བར་སྐྱོབ་པར་བྱེད་པ་འབྲས་བུའི་བོན། ཞེས་སོགས་བཀའ་ལུང་དེ་དག་གིས་དགོངས་དོན་ནི་ལྷོ་བྱང་དབུས་གསུམ་གྱི་ནང་ནས་ལྷོ་གཏེར་གྱི་ཐེག་པའི་རྒྱུ་འབྲས་ཀྱི་ཁྱད་པར་བསྟན་སྟངས་དང་ཐ་སྙད་སྦྱོར་ཚུལ་མི་མཚུངས་པ་ཡོད་མོད་ཀྱང་གཞུང་ལུགས་དེ་རྣམས་ཀྱིས་དོན་ལ་མཐར་ཐུག་དགོངས་པ་གཅིག་མཚུངས་ཡིན་པ་དང་གཞུང་དེ་རྣམས་ཀྱིས་རྒྱུ་འབྲས་ཀྱི་ངོ་བོ་ཁ་གསལ་ལ་གོ་བདེའི་ཐོག་ནས་བསྟན་པས་དེ་ལས་ལྷག་པའི་རང་ཉིད་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཅིག་མེད་ན་ཡང་གཞུང་ལུགས་རྣམས་ཀྱི་དགོངས་དོན་ལ་རང་ཉིད་ཀྱི་བློ་ངོར་འཆར་ཚུལ་ཙམ་གསལ་བཤད་བྱས་ན། སྤྱིའི་ཆ་ནས་ལྷོ་བྱང་དབུས་གསུམ་ལུགས་ཀྱི་རྒྱུ་འབྲས་རྣམ་བཞག་དང་ཐེག་པ་ཆེ་ཆུང་ལ་སོགས་འཇོག་སྟངས་མི་མཚུངས་པས་སྐབས་བབ་ཀྱི་གཞུང་ལུགས་ཁག་གིས་རྒྱུ་འབྲས་ངོ་བོ་བསྟན་པ་འདི་ལྷོ་གཏེར་ལུགས་ཡིན་པ་དང་། དེ་གཉིས་ཀྱི་གཙོ་བོ་ཚེ་འདིའི་ཐོག་ཏུ་གནས་སྐབས་ཀྱི་ནད་ན་ཚ་དང་གདོན་ལ་སོགས་སྡུག་བསྔལ་དང་བྲལ་ཞིང་མཚན་སྙན་གྲགས་དང་ཁ་རྗེ་དབང་ཐང་ཟས་ནོར་ལོངས་སྤྱོད་ལ་སོགས་ཐོབ་པའི་ཆེད་དང་ཡང་ན་ཚེ་ཕྱི་མ་ལ་མཐོ་རིས་ལྷ་མིའི་གོ་འཕང་འཐོབ་བྱེད་ཀྱི་དགེ་བ་ཙམ་ཆེད་གཉེར་བྱས་ནས་སྒྲུབ་པའི་ཐབས་ལ་འཇུག་པའི་ཐེག་པ་ལ་རྒྱུའི་ཐེག་པ་ཞེས་བསྟན་པ་དང་། གཙོ་བོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཕྱིར་དུ་གཞི་སེམས་བསྐྱེད་བསམ་པ་བཟང་པོ་དང་གཞན་འགྲོ་བ་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་པའི་བརྩེ་བའི་སྙིང་རྗེ་དང་ཟུང་དུ་འབྲེལ་བའི་སྒོ་ནས་ཐབས་ཕ་རོལ་དུ་ཕྱིན་པ་བཅུ་དང་ས་བཅུ་ལམ་ལྔ་དང་བསྐྱེད་རྫོགས་དེ་དག་ཉམས་སུ་བླངས་པའི་ཐེག་པ་ལ་འབྲས་བུའི་ཐེག་པ་ཞེས་བསྟན་པའོ།། བྱེ་བྲག་ཏུ་གཞུང་དེ་དག་གི་ནང་དུ་རྒྱུ་འབྲས་ཀྱི་ངོ་བོ་བསྟན་བྱེད་ཀྱི་ཚིག་ཟུར་དུ་ཡོད་པའི་སེམས་ཅན་གྱི་ལས་དང་སྤྱོད་པ་ཞེས་པའི་ལས་ནི་སྙིང་རྗེ་ཕྱོགས་རིས་ཅན་ཁྲ་དང་སྤྱང་ཀི་་ལྟ་བུ་ཡིན་ཏེ། དཔེར་ན་ཁྲ་དང་སྤྱང་ཀིས་གཞན་གྱི་བུ་བསད་ནས་རང་གི་བུ་གསོ་བའི་འདུ་ཤེས་དང་ལྡན་པ་བཞིན་དུ་འདིའང་རང་ཕྱོགས་ཁོ་ན་ལ་དམིགས་ནས་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་དང་སྤྱོད་པ་ནི་ཚད་མེད་བཞི་འམ་རང་ཉིད་གཅིག་པུ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་དགེ་བ་བཅུ་ལ་སྤྱོད་པར་གཉིས་ལ་གོ་བ་དང་། གཤེན་རབ་ཀྱི་ལས་དང་སྤྱོད་པ་ཞེས་པ་ནི་སེམས་བསྐྱེད་བསམ་པ་བཟང་པོ་དང་འབྲེལ་བའམ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྩིས་ཟིན་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་དམིགས་པའི་བརྩེ་བའི་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་བཞི་ཡི་སྒོ་ནས་རང་གཞན་གཉིས་ཀའི་དོན་དུ་སྤྱོད་པ་བཟང་པོ་ལྟ་བུར་གོ་བ་ཡིན་ཏེ། ཐེག་རིམ་རྣམ་བཤད་གསལ་བའི་མེ་ལོང་ལས། སྤྱིར་ན་སངས་རྒྱས་ཐུགས་རྗེའི་སྤྱོད་པ་གཞན་དོན་དུ་སྤྱོད། སེམས་ཅན་ལས་ཀྱི་སྤྱོད་པ་རང་དོན་དུ་སྤྱོད། ཅེས་དང་། སེམས་ལུང་གསལ་བའི་སྒྲོན་མེ་ལས། སྒོམ་ཞེས་པ་ཕྱྭ་གཤེན་སྙིང་རྗེ་ཆ་ཤས་དང་བཅས་པར་བསྒོམ། སྣང་གཤེན་བྱམས་པ་རང་གཅིག་བཞན་ཕྱད་དུ་བསྒོམ། འཕྲུལ་གཤེན་པ་རང་ཕྱོགས་དགའ་བའི་བསྒོམ། སྲིད་གཤེན་པ་བདག་གཞན་བཏང་སྙོམས་ཀྱིས་བསྒོམ། དགེ་བསྙེན་པ་ཐུགས་རྗེ་ཆེན་པོ་ས་གཞི་ལྟ་བུར་བསྒོམ། དྲང་སྲོང་བས་ཐུགས་རྗེ་ཆེན་པོ་ཆུ་བོ་ལྟ་བུའི་སྒོ་ནས་བསྒོམ། ཨ་དཀར་བས་ཐུགས་རྗེ་ཆེན་པོ་ཉི་མ་ལྟར་སྙོམས་པར་བསྒོམ། ཡེ་གཤེན་པས་ཐུགས་རྗེ་ནམ་མཁའ་ལྟ་བུར་བསྒོམ། ཁྱད་པར་བས་ནམ་མཁའ་ཉི་མ་ཤར་བ་ལྟ་བུར་བསྒོམ། ཞེས་དང་། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ལས། དེ་ཡང་རྒྱུ་ཡི་བོན་བཞིས་སྙིང་རྗེ། བྱམས་པ། དགའ་བ། བཏང་སྙོམས། རིམ་བཞིན་རེ་རེ་བསྒོམ་པ་དང་། འབྲས་བུའི་བཞིས་ཟད་པ་མེད་པ་རྒྱུན་ཆད་མེད་པ་ཀུན་ལ་སྙོམས་པ་ཀུན་ལ་ཁྱབ་པའི་ཐུགས་རྗེ་བཞི་རེ་རེ་རིམ་པ་བཞིན་བསྒོམ་པ་དང་། ཁྱད་པར་ཆེན་པོ་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་དམིགས་གཏད་མེད་པར་བསྒོམ་པའོ།། ཞེས་དང་། ལྟ་བསྒོམ་ལམ་གྱི་རིམ་པ་ལས། ལྟ་བ་ཤན་དབྱེ་བ་ལ། རྒྱུའི་ཐེག་པ་ན་རེ་འབྲས་བུའི་བཞི་བས་སེམས་བསྐྱེད་བཟང་སྟེ། གསུམ་པོ་གཞན་དོན་དུ་འདུག འཕྲུལ་གཤེན་བོན་གྱི་བསྟན་པ་ལ། དགོངས་ལ་མདའ་ནས་ལུང་མ་ནོར་པ་ལས་རྒྱུད་མ་ཆད་པ་འབྱུང་གསུངས། གོ་རིམ་ཡང་འོག་ཏུ་བཤད་དོ་ཞེ་ན་མ་ཡིན་ཏེ། གཞན་དོན་བྱེད་པ་ཡང་ཕྱོགས་རིས་ཅན་ཁྲ་དང་སྤྱང་ཀི་ལྟ་བུར་གྱུར་པས། སེམས་བསྐྱེད་གཤའ་མ་མིན། བསྟན་པ་སྤྱི་ལ་མ་དགོངས་རང་འདོད་དུ་སོང་། ལྟ་བ་ནམ་གྱང་ནམ་ནོ།། འབྲས་བུའི་བོན་བཞི་ལ་སེམས་བསྐྱེད་གཤའ་མ་ཡོད་པས་མི་མཉམ་པའོ།། ཞེས་དང་། དེ་ཉིད་ལས། སྤྱོད་པའི་ཁྱད་པར་རྒྱུའི་བོན་བཞི་སེམས་ཅན་གྱི་སྤྱོད་པ། རང་ཕྱོགས་ལས་མ་འདས་མཚན་མ་འབའ་ཞིག འབྲས་བུ་ཡི་བོན་བཞིས། མཚན་མས་མཚན་མ་མེད་པའི་དོན་མཚོན་དེ། དཔེར་ན་བསམ་ཡས་ལྟ་བ་ལ། དགེ་བསྙེན་པས་ཡིད་བསྙེན་ཙམ། དྲང་སྲོང་བས་རྗེས་འབྲང་ཙམ། ཨ་དཀར་བ་སྒོ་མཐོང་ཙམ། ཡེ་གཤེན་པ་སྒོར་ཞུགས་པ། ཁྱད་པར་བས་བསམ་ཡས་བལྟས་ཟིན་མཐོང་ཟིན་པའོ།། ཞེས་དང་། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། ཐེག་པ་ཆེ་ཆུང་གི་རྒྱུ་མཚན་ནི། རྒྱུའི་བོན་བཞི་ནི་རིགས་པས་བསྐྱེད་པའི་ཤེས་རབ་དང་སྙིང་རྗེ་ཆུང་ལ། འབྲས་བུའི་བོན་བཞི་ནི། ཤེས་རབ་དང་སྙིང་རྗེ་ཆེ་བས་ཆེན་པོར་བཞག་གོ ། ཞེས་དང་། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ལས། རྒྱུའི་བོན་བཞི་ཚང་པའི་འཇིག་རྟེན་དང་གཡེན་ཁམས་འདུལ་ལ། འབྲས་བུའི་བོན་བཞིས་སྟོང་གསུམ་འདུལ། ཁྱད་པར་ཆེན་པོས་འདི་ཞེས་མཐའ་ལས་འདས་པས་རྒྱ་ཆད་ཕྱོགས་ལྷུང་མེད་དེ་ནམ་མཁས་ཁྱབ་ཚད་འདུལ་ལོ།། ཞེས་སོགས་བཀའ་ལུང་དེ་དག་གིས་བསྟན་པའི་རྒྱུ་འབྲས་གཉིས་ཀྱི་ངོ་བོ་ནི་ལྟ་བ་ཟབ་ཞན་དང་ལས་དང་སྤྱོད་པ་ལ་སོགས་རྒྱ་ཆེ་ཆུང་ཡོད་མེད་ཐོག་ནས་ཤན་འབྱེད་པས་སོ།། གསུམ་པ་འདི་གཉིས་ཀྱི་ཐོབ་བྱའི་འབྲས་བུའི་ཁྱད་པར་ནི། རྒྱུའི་ཐེག་པའི་ཐོབ་བྱའི་འབྲས་བུ་ནི་འཇིག་རྟེན་པའི་འབྲས་བུ་ལས་འཇིག་རྟེན་ལས་འདས་པའི་འབྲས་བུ་མི་ཐོབ་པ་དང་། འབྲས་བུ་ཐེག་པའི་ཐོབ་བྱའི་འབྲས་བུ་ནི་འཇིག་རྟེན་ལས་འདས་པའི་འབྲས་བུའམ་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ཐོབ་པ་ཡིན་ཏེ། དང་པོ་རྒྱུའི་ཐེག་པ་ཕྱྭ་སྣང་འཕྲུལ་སྲིད་བཞིས་འདིའི་རང་གཞུང་ལ་གཞི་ལམ་འབྲས་གསུམ་དང་ས་བཅུ་ལམ་ལྔའི་རྣམ་བཞག་མེད་པ་དང་ཕྱི་ནང་ཕྲ་རགས་གང་གི་ཆ་ནས་དོན་དམ་ཀུན་རྫོབ་ཏུ་མི་འདོད་ཅིང་འཇིག་རྟེན་བོན་བརྒྱད་ཕལ་བ་ལ་སྣང་ཚུལ་ལྟར་དུ་བདེན་པ་གྲུབ་པར་འདོད་པས་ཐེག་པ་འདིའི་རང་རང་གི་ལྟ་བསྒོམ་སྤྱོད་གསུམ་བསྐལ་བ་དུ་མར་ཉམས་སུ་བླངས་ཀྱང་གྲུབ་པའི་འབྲས་བུ་ནི་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པའམ་འཇིག་རྟེན་པའི་ས་ཐོབ་པ་ཙམ་ལས་འཇིག་རྟེན་ལས་འདས་པའི་དགྲ་བཅོམ་གྱི་སྐུ་ཐོབ་པ་མེད་དེ། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས། དེ་གཉིས་རྒྱུ་འབྲས་ཀྱི་ཁྱད་པར་ཡང་ཞེས་པས། རྒྱུའི་བོན་ལ་ཇི་ལྟར་སྤྱད་ཀྱང་འབྲས་བུ་མི་དང་ལྷའི་གོ་འཕང་ལས་མི་ཐོབ། ཅེས་དང་། གཟི་བརྗིད་སྲིད་གཤེན་ཐེག་པའི་མདོ་ལས། བར་ས་བདེ་ལ་ཡངས་པའི་གནས་སུ་ཞོག ཅེས་དང་། སེམས་ལུང་གསལ་བའི་སྒྲོན་མེ་ལས། རྒྱུའི་ཐེག་པ་འབྲས་བུ་ས་མ་ཐོབ་པ། འབྲས་བུའི་ཐེག་པ་ལམ་ལ་གནས་ལ་ཐོབ་པ་དང་། ཞེས་དང་། ལུང་རིགས་མཛོད་ལས། རྒྱུའི་ཐེག་པ་བཞི་དེ་དག་གིས་རང་རང་གི་ལྟ་བས་ཐར་པའི་ལམ་མི་རྙེད་དེ་སེམས་ཅན་ལྟ་བ་ལས་མ་འདས་པའི་ཕྱིར། ཞེས་གསུངས་པ་དང་། ཕར་ཕྱིན་སྐབས་དང་པོ་ལས། ཕྱ་སྣང་འཕྲུལ་སྲིད་བཞི་ནི། ལྷ་མི་གཞན་བརྟེན་གྱི་ཐེག་པར་འདུ་ལ། ཞེས་གསུངས་བ་ནང་བཞིན་དུ་ ཐེག་པ་འདིའི་ལྟ་བསྒོམ་སྤྱོད་གསུམ་དང་གྲུབ་པའི་འབྲས་བུ་སོགས་ངོ་བོ་ལྷ་མི་གཞན་རྟེན་གྱི་ལྟ་སྤྱོད་འབྲས་བུ་ལས་གཞན་མེད་པ་དང་ལྷ་མི་གཞན་རྟེན་གྱི་གྲུབ་པའི་འབྲས་བུ་ནི་འཇིག་རྟེན་པའི་འབྲས་བུ་ལས་འཕགས་མི་ནུས་པ་ནི་སྟོན་པའི་ཐེག་འགྲེལ་ལས་རང་རྟོགས་གཤེན་རབ་ཀྱི་ཐོབ་པའི་འབྲས་བུ་དེ་ལྷ་མི་གཞན་རྟེན་པའི་འབྲས་བུ་ལས་ཁྱད་དུ་འཕགས་པ་བསྟན་པའི་སྐབས་སུ་དེས་ཅི་ལྟར་སྤྱོད་ཀྱང་འཇིག་རྟེན་ལས་འཕགས་མི་ནུས་ཏེ།འདིས་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པའོ།། ཞེས་དང་རྗེའི་ཐེག་འགྲེལ་ལས། ཡང་དག་གིས་སྲིད་རྩེ་མན་ཆད་ཀྱི་ཁམས་གསུམ་གྱི་འོག་མ་ནས་གོང་འཕར་ཐོབ་ལ། དེ་ལས་ཀྱང་དངོས་སུ་འཕར་བ་མེད་དེ་ཡེ་ཤེས་ཀྱི་ཚོགས་བསགས་པ་མེད་པའི་ཕྱིར། བརྒྱུད་ན་མ་ངེས་པའོ།། ཞེས་གསུངས་པ་བཞིན་དུ་སྒ་སྟོན་ཐེག་འགྲེལ་ལ་སོགས་ལས་གསལ་བར་མངོན་ནོ།། དེའི་ཕྱིར་ན་སྐབས་འདི་བསྟན་གྱི་རྒྱུའི་ཐེག་པ་བཞིའི་ཐོབ་བྱའི་འབྲས་བུ་གང་ཡིན་ཡང་འཇིག་རྟེན་གྱི་འབྲས་བུ་ཁོ་ནའི་རྣམ་པ་བཞག་པ་ཡིན་ནོ།། གཉིས་པ་འབྲས་བུ་ཐེག་པ་དགེ་དྲང་ཨ་ཡེ་ལ་སོགས་ཀྱི་རང་གཞུང་ལ་ཐར་ལམ་ལྔ་གསུམ་བཅོ་ལྔ་དང་དོན་དམ་ཀུན་རྫོབ་ཀྱི་རྣམ་བཞག་ཡོད་པ་དང་ཐེག་པ་འདིས་རང་རང་གི་ལྟ་སྤྱོད་བསྒོམ་གསུམ་ཉམས་སུ་བླངས་བ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ཐོབ་པའམ་འཇིག་རྟེན་ལས་འདས་པའི་དགྲ་བཅོམས་ཀྱི་སྐུ་ཐོབ་སྟེ། ཐུགས་རྗེ་ཡང་གབ་ཉི་མའི་རྒྱུད་ལས། དེ་གཉིས་རྒྱུ་འབྲས་ཁྱད་པར་ཡང་ཞེས་པས། རྒྱུའི་བོན་ལ་ཇི་ལྟར་སྤྱོད་ཀྱང་འབྲས་བུ་མི་ལྷའི་གོ་འཕང་ལས་མི་ཐོབ། འབྲས་བུ་ཆབ་དཀར་གྱི་ཐེག་པ་ལ་དམ་ཚིག་མ་ཉམས་ན། ཀུན་སྣང་ཁྱབ་པའི་གྲལ་དུ་ཐེ་ཚོམ་མེད་པ་ཡིན། ཞེས་དང་། བསེན་ཐུབ་ཀྱི་འགྲེལ་ལས། དགེ་དྲང་གིས་བསྐལ་པ་གྲངས་མེད་གསུམ་ལ་སོགས་སུ་ལམ་བགྲོད་ནས་ཐར་བ་ཐོབ་པ་དང་། ཨ་ཡེ་གཉིས་ཀྱིས་སྐྱེ་བ་གཉིས་ནས་གཅིག་ནས་ཐར་བ་ཐོབ་པ་དང་། ཁྱད་པར་ཆེན་པོས་ཚེ་གཅིག་སྐད་ཅིག་གིས་བོན་སྐུ་ཐོབ་པ་དེའོ།། ཞེས་དང་། དེ་ཉིད་ལས། དེ་ལས་དཔག་པ་དགེ་དྲང་གཉིས་ཀྱིས་དོན་དམ་ཀུན་རྫོབ་ཀྱི་སྣང་རྟོགས་པས་ས་དང་ལམ་ལ་འཇུག་ཅིང་བགྲོད་པ་དང་། ཨ་ཡེ་གཉིས་ཀྱིས་དེ་ལས་ཀྱང་དཔག་སྟེ། དོན་དམ་ཀུན་རྫོབ་ཐབས་ཤེས་དབྱིངས་ཤེས་ཟུང་འབྲེལ་དུ་རྟོགས་ནས་སྤྱད་པས་རིག་འཛིན་ཐར་པའི་ལམ་གྱི་འབྲས་བུ་མྱུར་དུ་ཐོབ་པས་འཕགས་པས།དེ་དག་ལས་ཁྱད་པར་ཆེན་པོ་བརྗོད་མེད་སྤྲོས་པས་སྟོང་པར་ཤེས་པས་འཕགས་པས་སོ།། ཞེས་དང་། འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས། བསྙེན་གནས་སྐྱེ་བ་བརྒྱའི་ཚུན་དང་། དགེ་བསྙེན་སྐྱེ་བ་བཅུ་དང་།གཙང་གཙུག་སྐྱེ་བ་ལྔ་དང་། དྲང་སྲོང་སྐྱེ་བ་གཅིག་གིས་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ།། ཞེས་དང་། མདོ་གཟེར་མིག་ལས། གཙང་གཙུག་དགེ་བསྙེན་ལྔ་དང་བཅུ་ལ་སོགས། དྲང་སྲོང་སྐྱེ་བ་གཅིག་གིས་མངོན་སངས་རྒྱས། ཞེས་དང་། མདོ་ལས། ཕོག་པའི་ཁྲིམས་རྣམས་ཡོ་ཐུབ་ན། སྐྱེ་བ་གཅིག་གིས་མངོན་སངས་རྒྱས། ཞེས་གསུངས་པ་དེ་དང་། ལུང་རིགས་མཛོད་ལྟར་འབྲས་བུ་ཐེག་པ་དགེ་དྲང་ཨ་ཡེ་བཞིའི་གྲུབ་པའི་འབྲས་བུ་ནི་དགེ་བསྙེན་གྱིས་འབྲས་བུ་ནི་གྲངས་མེད་པ་རིང་ན་སུམ་ཅུ་རྩ་བདུན་ནམ་མྱུར་ན་བདུན་ན་དགྲ་བཅོམ་འཐོབ་པ་དང་དགེ་དྲང་གི་འབྲས་བུ་ལ་འཕན་ཡུལ་མཚན་ཉིད་པ་ནི་རྣམ་རང་དང་མཐུན་ལ། བཏགས་པ་བ་ནི་སེམས་དཔའ་སྤྲོས་མེད་པ་དང་མཐུན་ཏེ་རིམ་བཞིན་གྲངས་མེད་བདུན་ནམ་གསུམ་ལ་སོགས་ལ་འབྲས་བུ་འཐོབ་པ་དང་། ཨ་དཀར་བའི་འབྲས་བུ་ནི་སྐྱེ་བ་གཉིས་ན་རང་བཞིན་ལྷུན་གྱིས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པ་དང་། ཡེ་གཤེན་གྱི་འབྲས་བུ་ནི་མི་ཚེ་གཅིག་ལ་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་འཐོབ་པའོ་ཞེས་གསུངས་པ་དང་། ཡང་ན་གཞན་ཞིག་ནི་བྱང་སེམས་གབ་འགྲེལ་རིག་པའི་རྒྱ་མཚོ་ལས། དགེ་བསྙེན་དང་དྲང་སྲོང་མཚན་ཉིད་དུ་འཇོག་ལ། ཨ་དཀར་དང་ཡེ་གཤེན་གསང་སྔགས་སུ་འཇོག་པའོ།། དེ་ལྟར་མཚན་ཉིད་དང་གསང་སྔགས་གཉིས་སུ་འཇོག་པའི་རྒྱུ་མཚན་ལ་གསུམ་སྟེ། ཕྱི་མཚན་ཉིད་ནང་གསང་སྔགས་ཀྱི་སྒོ་ནས་གཞག་པ་དང་། ལམ་དང་འབྲས་བུའི་སྒོ་ནས་གཞག་པ་དང་། དུས་ཉེ་རིང་གི་སྒོ་ནས་གཞག་པའོ།། དེ་ལས་དང་པོ་ཕྱི་ནང་གི་སྒོ་ནས་བཞག་པ་ནི། དགེ་བསྙེན་དང་དྲང་སྲོང་ནི་བསླབ་པ་གསུམ་གཙོ་བོར་བྱས་ནས། བོན་ཐམས་ཅད་སྤྱི་དང་རང་གི་མཚན་ཉིད་དུ་གཏན་ལ་ཕབ་ནས་།ཁམས་གསུམ་པས་བོན་སྤྱིའི་མཚན་ཉིད་ལས་རང་གི་མཚན་ཉིད་མི་རྟོགས་པར་འདོད་པ་དེ། ཕྱི་མཚན་ཉིད་ཀྱི་ཐེག་པའོ།། ཨ་དཀར་དང་ཡེ་གཤེན་པས་ཐབས་ཤེས་རབ་ཕུལ་དུ་བྱུང་སྟེ། དེ་ཡང་ཟག་པ་བཅས་པའི་སྐབས་སུ། རང་གི་ལྟ་བ་འདོད་པ་གསང་སྔགས་པའོ།། ལམ་དང་འབྲས་བུའི་སྒོ་ནས་བཞག་པ་ནི། མཚན་ཉིད་པ་ནི་རྒྱུ་ལ་ལམ་དུ་བྱེད་དེ། ཀུན་རྫོབ་ཏུ་རྒྱུ་སེམས་ཅན་གྱི་དུས་ན་དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལས་སོགས་པ་དཀའ་བའི་སྤྱོད་པ་རླབས་པོ་ཆེས། རང་ལ་རྒྱུ་རུ་ཡོད་པའི་དོན་དེ་ལས། ཡེ་ཤེས་ཁ་གསལ་ཞིག་ཕྱིས་ཐོབ་པ་འདོད་པའོ།། གསང་སྔགས་པས་འབྲས་བུ་ཉིད་དུ་བྱེད་པ་ཡིན་ཏེ། འཐོབ་བྱ་རང་ལ་རང་ཆས་སུ་གནས་པ་དེ། ལྟ་བས་གཏན་ལ་ཕབ་པ་ཙམ་ལས། ཕྱིས་ཡེ་ཤེས་ཁ་གསལ་སྐྱེ་བར་མི་འདོད་དོ།། དུས་ཉེ་རིང་གི་སྒོ་ནས་བཞག་པ་ནི། མཚན་ཉིད་ནི་དུས་རིང་བ་ཡིན་ཏེ། བསྐལ་པ་དུ་མ་ཚོགས་བསགས་དགོས་པའོ།། དུས་ཉེ་བ་ནི་གསང་སྔགས་པ་ཡིན་ཏེ།ཚེ་གཅིག་གིས་འབྲས་བུ་བསྒྲུབ་པའོ།། ཞེས་དང་། ཕར་ཕྱིན་སྐབས་དང་པོ་ལས། དགེ་བསྙེན་དང་དྲང་སྲོང་གི་ཐེག་པ་ནི། རྣམ་རང་སེམས་ཙམ་དབུ་མ་བཞི་ཅི་རིགས་སུ་འདུས་ལ། ཨ་དཀར་གྱི་ཐེག་པ་ནི། ཀུན་ལྡན་དང་། དོན་ལྡན་དང་། དངོས་བསྐྱེད་ཀྱི་ཐེག་པ་ཅི་རིགས་སུ་འདུས། ཡེ་གཤེན་པའི་ཐེག་པ་ནི་ཤིན་ཏུ་དོན་ལྡན་གྱི་ཐེག་པར་འདུས། ཞེས་གཞུང་དེ་གཉིས་ཀྱིས་དངོས་སུ་བསྟན་པས་དགེ་དྲང་གི་ཐེག་པ་འདི་དབུས་གཏེར་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་པའི་རྒྱུ་མཚན་རྣམ་པ་གསུམ་གྱིས་སྒོ་ནས་བསྟན་པ་དང་དེ་གཉིས་ཀྱི་ཐེག་པ་གང་རུང་ཡིན་ན་རྣམ་རང་སེམས་ཙམ་དབུ་མ་བཞི་གང་རུང་ཡིན་དགོས་པར་རྣམ་པ་བཞག་པ་དང་། ཨ་ཡེ་གཉིས་ཀྱི་ཐེག་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཁོ་ན་བསྟན་པ་དང་མ་ཚད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལས། དགེ་དྲང་གཉིས་ནི་སྤོང་ལམ་རིམ་པ་ཡིན། རྒྱུ་འབྲས་ཐེག་པ་བཞིན་དུ་ཞིབ་ཏུ་བརྩི། སྡིག་བཅུ་སྤོང་ནས་དགེ་བཅུ་དང་དུ་ལེན། བསྐལ་བ་གྲངས་མེད་སྦྱངས་ནས་སངས་རྒྱས་ཐོབ་ཏུརེ། ཨ་དཀར་ཡེ་གཤེན་མན་ཆོད་བསྒྱུར་ལམ་ཡིན། ཕྱི་སྣོད་འཇིག་རྟེན་གཞལ་ཡས་ནང་བཅུད་ལྷ་རུ་བསྒྱུར། ཉོན་མོངས་དམ་རྫས་བདུད་རྩི་ལྔ་རུ་བསྒྱུར། ལྟ་བ་མཁའ་ཀློང་དབྱིངས་དང་ཡེ་ཤེས་ལྷ། སྒོམ་པ་བསྐྱེད་རྫོགས་རྟེན་འབྲེལ་སྒོམ། སྤྱོད་པ་ཐབས་ཤེས་རོལ་པ་སྤྱོད། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་པར་འདོད། ཅེས་གསུངས་བའི་རྒྱུ་མཚན་གྱིས་དགེ་དྲང་འདི་གཉིས་ཀྱི་འཐོབ་བྱའི་འབྲས་བུ་ཐོབ་དུས་ཀྱང་། རྣམ་རང་སེམས་ཙམ་དབུ་མ་གང་རུང་གི་འབྲས་བུ་ཐོབ་དགོས་པ་དང་། རྣམ་རང་གཉིས་ནི། བསྐལ་བ་གྲངས་མེད་བདུན་ལ་ཚོགས་བསགས་ནས་རང་ལུགས་ཀྱི་དགྲ་བཅོམས་པའི་འབྲས་བུ་ཐོབ་པ་དང་། ཐུགས་རྗེ་སེམས་དཔའ་ནི། བསྐལ་པ་གྲངས་མེད་ལྔ་ནས་མཐར་ཐུག་གི་འབྲས་བུ་ཐོབ་པ་དང་། གཡུང་དྲུང་སེམས་དཔའ་ནི། བསྐལ་པ་གྲངས་མེད་གསུམ་ནས་འབྲས་བུ་ཐོབ་པ་ཡིན་ཏེ། སྡེ་སྣོད་མཛོད་ལས་འདི་ལྟར་མཚན་ཉིད་པའི་བསྐལ་པ་གྲངས་མེད་པ་གནས་གཞན་དྲུག་ཅུ་པ་སུམ་ཅུ་རྩ་བདུན་དང་། བདུན་དང་། ལྔ་དང་། གསུམ་ནི་རིམ་པ་བཞིན་དུ་རྣམ་རྩོད་པ་དང་། རང་རྟོགས་དང་། ཐུགས་རྗེ་དང་། སྤྲོས་མེད་པ་དག་གིས་འབྲས་བུ་ཐོབ་པར་འདོད་པའོ།། ཞེས་གསུངས་སོ།། ཨ་ཡེ་ཁྱད་པར་དང་གསུམ་དབུས་གཏེར་ལྟར་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྔའི་ཅི་རིགས་སུ་འདུས་པ་བསྟན་པ་དང་འདི་ལྔའི་མི་ཚེ་བཅུ་དང་བདུན་དང་། ལྔ། གསུམ་དང་། གཅིག་སོགས་ལ་རིམ་བཞིན་ཚོགས་བསགས་ནས་རང་གིས་འདོད་པའི་འབྲས་བུ་ཐོབ་པ་ཡིན་ཏེ། ཡང་དེ་ཉིད་ལས། རྒྱ་གར་གྱི་བོན་སྐོར་ལྟར་ན། མི་ཚེ་བཅུ་དང་། བདུན་དང་། ལྔ་དང་། གསུམ་དང་། གཅིག་ན་རིམ་བཞིན་བྱ་བ་དང་། རྣམ་པ་དང་། དངོས་བསྐྱེད་དང་།ཀུན་རྫོགས་དང་། རྫོགས་ཆེན་པ་དག་གིས་འབྲས་བུ་ཐོབ་པར་འདོད་དེ། མཚན་ཉིད་པས་རྒྱུ་རྐྱེན་ལ་ལམ་དུ་བྱེད་པས་ཐག་རིང་ལ། གསང་སྔགས་པས་འབྲས་བུ་ལ་ལམ་དུ་བྱེད་པས་མྱུར་བའོ།། ཞེས་གསུངས་པའོ།།

  གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག་གིས་འོ་ན་ཕྱྭ་གཤེན་ཐེག་པའི་མདོ་ལས།། རང་དོན་ཁོ་ན་མ་ཡིན་པར།། འགྲོ་བ་སེམས་ཅན་སྤྱི་དོན་དུ།། པྲ་དང་དཔྱད་དང་རྩིས་དང་གཏོ།། ཀུན་རྫོབ་དངོས་མཚན་བདེན་པ་དང་།། མི་བདེན་ཐབས་ཀྱི་ལྡེམ་དགོངས་ཤིང་།། དེ་ལ་ཕན་པའི་ཐབས་བྱུང་ཡང་།། དོན་ལ་མི་གོལ་འཇུག་སྒོའི་ལམ།། སེམས་ཅན་གཞན་དོན་བྱས་གྱུར་ན།། རང་དོན་ཞོར་པ་འབྱུང་བར་འགྱུར།། ཞེས་དང་། དེ་ཉིད་ལས། ཐེག་པ་དང་པོ་ཕྱྭ་གཤེན་འཆད།། འཇུག་དང་སྤྱོད་དང་རྟོགས་པ་ལས།། ཁམས་གསུམ་འཁོར་བའི་ས་བསྒྲལ་ནས།། མོས་པར་སྤྱོད་པའི་ས་ལ་གནས།། མོས་སྤྱོད་ས་བཞི་ཡར་བརྒལ་ནས།། གཡུང་དྲུང་ཐེག་པའི་ས་ལ་འཛེགས།། གཡུང་དྲུང་ས་བཅུ་རིམ་བགྲོད་ནས།། སྐུ་གསུམ་རྫོགས་པའི་ས་ལ་གནས།། མཐར་ཐུགས་ཡོན་ཏན་དེ་ལྟར་ཐོབ།། ཅེས་དང་། དེ་ཉིད་ལས།རྒྱུ་ཡི་བོན་དུ་གཏོགས་ལགས་ཀྱང་།། བྱང་ཆུབ་སེམས་ཀྱི་ངང་ཐག་བསྲིང་། ཞེས་དང་། གཟི་བརྗིད་སྣང་གཤེན་ཐེག་པའི་མདོ་ལས། རང་བས་གཞན་དོན་གཙོར་བྱེད་ཅིང་།། སེམས་ཅན་འགྲོ་ལ་སྨིན་པ་དང་།། ཞེས་དང་། གསང་བ་འདུས་པ་ལས། རྒྱུ་ཡི་བོན་བཞི་ཆབ་ནག་རྒྱུད།། གཟུང་འཛིན་རྟོག་པ་ཆ་བཞི་སྤང་།། ཞེས་དང་། བསེན་ཐུབ་འགྲེལ་ལས། རྒྱུ་ཡི་བོན་བཞིས་བསྐལ་པ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་བཞི་ཐོབ་ལ། ཞེས་དང་། དེ་ཉིད་ལས།རྒྱུའི་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང་ལ་དགེ་དྲང་གིས་ཉོན་སྒྲིབ་སྦྱོང་ཞིང་། ཨ་ཡེ་གཉིས་ཀྱིས་ཤེས་སྒྲིབ་སྦྱོང་ལ། ཁྱད་པར་ཆེན་པོས་ལྷན་སྐྱེས་རྩད་ནས་གཅོད་པའོ།། ཞེས་སོགས་བཀའ་ལུང་མང་པོ་ཞིག་གི་ནང་ནས་རྒྱུའི་ཐེག་པ་འདིར་ཐེག་ཆེན་སེམས་བསྐྱེད་ལྡན་པ་དང་ཐེག་པ་འདི་དག་གི་འབྲས་བུ་ལ་གཟུང་འཛིན་གྱི་ཆ་བཞི་སྤངས་ནས་མོས་སྤྱོད་ཀྱི་ས་བཞི་ནོན་པ་དང་མཐར་ཐུག་སྐུ་གསུམ་རྫོགས་པའི་ས་ཐོབ་པ་བསྟན་པ་གོང་དུ་བཤད་པ་དང་མི་འགལ་ལམ་ཞེ་ན། ཁོ་བོས་ནི་གོང་དུ་གསུངས་པའི་ལུང་ཚིག་དེ་ངེས་དོན་གྱི་སྒྲ་ཇི་བཞིན་མ་ཡིན་པར་དྲང་དོན་དགོངས་པ་ཅན་ཡིན་ཏེ། དེ་འདྲའི་སེམས་བསྐྱེད་ཅེས་པ་འདི་རྒྱུའི་ཐེག་པ་བཞི་བོ་གང་དུ་གནས་ཀྱང་ཐེག་པ་དམན་པའི་རིགས་ཡིན་པས་མི་ལྡན། རྣལ་འབྱོར་བ་གང་ཞིག་གིས་སྤྱོད་པ་གང་ལ་འཇུག་ཀྱང་ཐོག་མར་ཀུན་སློང་ལ་རང་གི་ཁེ་ཕན་དང་འདོད་དོན་གང་ཞིག་ཆེད་དུ་མི་བསམ་པར་དཔེར་ན། དཔྱད་ལ་འཇུག་པ་ཡིན་ན། ཀུན་སློང་གཙོ་བོ་གཞན་ཕ་རོལ་པོ་ནད་པ་དེ་ནད་ཀྱིས་མནར་བའི་སྡུག་བསྔལ་ལས་ཐར་ན་བསམ་པའི་ཀུན་སློང་ངེས་པར་དུ་སྐྱེས་པ་ལ་དགོངས་པ་སེམས་སོ།། ཡང་ན་བསེན་ཐུབ་ཀྱི་འགྲེལ་ལས། དེའི་ཕྱིར་ཐེག་པ་ཆེན་པོ་འདི་དང་འབྲེལ་ནས་རང་རང་གི་ལྟ་སྤྱོད་ཐབས་ཀྱི་ཚུལ་དུ་སྤྱད་ཅིང་ཐེག་པ་ཆེན་པོའི་ལྟ་སྤྱོད་ཤེས་རབ་ཀྱི་ཚུལ་དུ་སྤྱད་ན་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཡང་དག་ཏུ་འགྱུར་ཏེ། ཞེས་གསུངས་པའི་དོན་ལ་དགོངས་པར་སེམས་སོ།། སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་ཅེས་པ་ནི་རང་གི་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་ཉམས་སུ་བླངས་པས་ཐོབ་པའི་དོན་མིན་པར་རང་རང་གི་ལྟ་སྤྱོད་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་སྤྱད་པས་རང་གི་འབྲས་བུ་འཐོབ་ཅིང་། དེའི་རྗེས་སུ་ཐེག་པ་ཆེན་པོའི་ཐབས་ཤེས་ཟུང་འབྲེལ་བྱས་པ་ལ་བརྟེན་ནས་དེ་ལྟར་ཐོབ་པའི་དོན་ཡིན་ཏེ། ལུང་རིགས་མཛོད་ལས། དེ་ལྟར་རང་རང་གི་ལྟ་སྤྱོད་མ་ལོག་པར་ཚུལ་བཞིན་སྤྱོད་པའི་རང་རང་གི་ནུས་པ་དང་འཚམ་ཚོད་ཀྱི་འབྲས་བུ་འཐོབ་ཅིང་། ཐེག་པ་ཆེན་པོའི་ལྟ་བ་དང་འབྲེལ་བར་བསྒྲུབས་པས་མཐར་ཐུག་ཀྱང་འཐོབ་པ་ཡིན་ཏེ། བསེན་ཐུབ་ལས། རང་རང་ལྟ་བའི་ཤུགས་ཀྱི་རྟ་ལ་ཞོན། འཁོར་བའི་ས་ལས་ཡང་གོང་གནས་སུ་འདེགས། བཏེགས་ནས་ཐེག་པས་ཡང་གོང་གནས་སུ་སླེབ། ཅེས་དང་། ཕྱྭ་གཤེན་ཐེག་པའི་རྣམ་བཤད་གསལ་བྱེད་མེ་ལོང་ལས། གོང་དུ་གསུངས་པ་ལ་དེས་ན་ཕྱྭ་གཤེན་ཐེག་པའི་དོན་གྱི་འབྲས་བུ་དེ་ལྟར་ཐར་ལམ་འགྲུབ་པར་གསུངས་ཀྱང་། ཕྱ་གཤེན་ཐེག་པ་འབྲས་བུ་དེ་ལྟར་འགྲུབ་པའི་རྐྱེན་དུ་གྱུར་པ་ཡིན་གྱི།འདི་ཁོ་ནས་འབྲས་བུ་དེ་ལྟར་འགྲུབ་པ་མ་གསུངས་ཏེ།འདི་ན་ཕ་རོལ་ཕྱིན་བཅུ་སོགས་ཚོགས་གཉིས་ཡོངས་རྫོགས་ཀྱི་བོན་འཁོར་མ་གསུངས་པའི་ཕྱིར།དེ་མ་གསུངས་ན། གཞུང་འདི་ལ་བརྟེན་ནས་ཚོགས་གཉིས་བསགས་པ་མི་འབྱུང་བའི་ཕྱིར། དེ་མེད་ཀྱང་ཚོགས་གང་རུང་བསྒྲུབ་པ་མ་བསྟན་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར།། རྒྱུའི་ཐེག་པས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང་ཞེས་གསུངས་པ་དང་བསྐལ་པ་དུ་མ་བསགས་པའི་མོས་སྤྱོད་ཀྱི་ས་བཞི་ཐོབ་ཞེས་པ་འདི་གཞུང་ཚིག་དེ་དག་གིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་འདི་གང་ཟག་རྫས་འཛིན་དང་། སྐྱེས་བུ་རྟག་འཛིན།ཀུན་ཉོན་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་བཞི་དང་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་བོན་མཆོག་བཞི་ལ་གོ་དགོས་པའི་རྒྱུ་མཚན་སོགས་གསལ་ཁ་ཅན་མ་བསྟན་པ་དང་ལ་ལ་ཞིག་གིས་ཕྱྭ་གཤེན་པས་འབྲས་བུ་འཇིག་རྟེན་ལམ་སྦྱོར་ལམ་དྲོད་ཐོབ་པ་དང་། སྣང་གཤེན་པས་རྩེ་མོ་ཐོབ་པ་དང་། འཕྲུལ་གཤེན་པས་བཟོད་པ་ཐོབ་པ་དང་། སྲིད་གཤེན་པས་བོན་མཆོག་ལས་བརྒལ་མི་ནུས་པས་འཇིག་རྟེན་གྱི་ཐེག་པ་ཞེས་འདོད་པ་སོགས་མི་འདྲ་བ་དུ་མ་ཡོད་པས་བློ་ལྡན་རྣམས་ལ་དཔྱད་གཞིར་བཞག་པ་ཙམ་ལས་གསལ་བོ་ཞིག་བཤད་མ་ནུས་སོ།། ཡང་ཁ་ཅིག་གིས། ལྷ་མི་གཞན་རྟེན་པས་འཇིག་རྟེན་ལས་འདས་པའི་དགྲ་བཅོམས་ཀྱི་གོ་འཕང་ཐོབ་པ་ཡིན་ཏེ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལས། མ་རྟོགས་ལོག་པར་རྟོགས་གཉིས་ལས།། ལྷ་མི་གཞན་བརྟེན་ཁྱད་པར་འཕགས།། དེ་ཡང་ཇི་ལྟར་འཕགས་ཤེ་ན།། གང་ཟག་བདག་མེད་རྟོགས་པས་འཕགས།། དགེ་བཅུ་རང་དོན་སྤྱོད་པས་འཕགས།། བདེན་བཞིའི་སྒོ་ནས་སྒྲུབ་པ་ཡིས།། དགྲ་བཅོམ་ཞིང་དག་ལ་སོགས་ཏེ།། ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་འཕགས།། ཞེས་དང་། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་འགྲེལ་བ་ལས། ལྷ་མི་གཞན་རྟེན་དང་། རང་རྟོགས་གཤེན་རབ། བསྐལ་བ་འབུམ་བདུན་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འདོད་པ་དང་། ཐུགས་རྗེ་སེམས་དཔའ་དང་གཡུང་དྲུང་སེམས་དཔའ་བསྐལ་བ་ཆེན་པོ་འབུམ་ཕྲག་ལྔ་ནས་ཐར་བ་ཐོབ་པར་འདོད་པའོ།། ཞེས་སོགས་རང་ལུགས་ཀྱི་བཀའ་ལུང་དུ་མའི་ཁྲོད་དུ་གྲུབ་པའི་ཕྱིར་ཞེ་ན། གཞུང་དེ་གཉིས་ལས་བསྟན་པའི་ལྷ་མི་གཞན་བརྟེན་ནི་སྟོན་པའི་ཐེག་འགྲེལ་ལས་དངོས་སུ་བསྟན་པའི་ལྷ་མི་གཞན་བརྟེན་དང་མིང་ཙམ་དུ་མཐུན་པ་ལས་ཁོ་རང་ལ་མི་གོ་བ་དེ་ནི་རྣམ་རྩོད་པའི་ཐེག་པ་ལ་གོ་དགོས་ཏེ། ཡེ་ཁྲི་མཐའ་སེལ་ལས་བསྟན་པའི་ལྷ་མི་གཞན་བརྟེན་པའི་ལྟ་བསྒོམ་སྤྱོད་འབྲས་བཞིའི་གང་གི་ཆ་ནས་བལྟས་ན་རྣམ་རྩོད་པའི་ལྟ་བསྒོམ་སྤྱོད་འབྲས་བཞི་དང་ཁྱད་མེད་དུ་བསྟན་པ་དང་གཞུང་དེ་ཉིད་ལས་རང་རྟོགས་གཤེན་རབ་པ་དེ་ཡང་རང་རྟོགས་དངོས་ཁོ་ན་བསྟན་པ་ལས་དེ་ལ་རྣམ་རྩོད་པ་དང་རང་རྒྱལ་བ་གཉིས་མ་བསྟན་པས་སོ།། ཡང་ན་གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད་ལས། ལ་བཟླ་ལས་ལྷ་མི་གཞན་བརྟེན་ནི།ཉན་ཐོས་པ་འགའ་ཞིག་གཞན་བརྟེན་གྱི་ཁོངས་སུ་ཡོད་པའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ནོ།། ཞེས་གསུངས་སོ། མཇུག་མཐར་ལྷོ་གཏེར་ཐེག་པའི་རྒྱུ་འབྲས་གཉིས་ཀྱི་ཐོབ་བྱ་འབྲས་བུའི་རྣམ་བཞག་མདོ་ཙམ་བརྗོད་པ་འདི་ནི། ད་ལན་མ་ཡུམ་བཤད་སྒྲུབ་སློབ་གླིང་གི་བཀའ་བཞིན་རང་ཉིད་ཀྱིས་བཀའ་ལུང་ལ་སོགས་ལ་གཞི་བཅོལ་ཏེ་བློ་གྲོས་ལྡན་པའི་སྐྱེས་བུ་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བའོ།། བདག་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ཆ་ཕྲ་བ་དང་གཞུང་ལུགས་ལ་ལྟ་རྒྱ་དང་ཐོས་རྒྱ་སོགས་ཆུང་བའི་དབང་གིས་བཀའ་ལུང་ཚད་མའི་དགོངས་དོན་མ་ཁྲོལ་བའི་དོན་ཕྱིན་ཅི་ལོག་ཏུ་འགྲེལ་བ་དང་། ཡིག་ནོར་སོགས་འཁྲུལ་བ་མི་ཉུང་བ་ཞིག་ཡོད་ངེས་པས། སྐྱབས་གནས་ཡུལ་མཆོག་བཞི་ལ་བཟོད་གསོལ་ཞུ། ཞེས་སྤྱི་ལོ་༢༠༡༩བོད་རབ་བྱུང་༡༧པའི་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་དགའ་བ་དང་པོའི་ཉིན་ལ་གཡུང་དྲུང་གཞན་ཕན་གྱིས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་སྦྱར་བའོ།། ཐ་ཚན་མུ་ཙུག་སྨར་རོ།།

  དཔྱད་གཞིའི་ཡིག་ཆ།

  1.རྣམ་མཁྱེན་སྟོན་པ་གཤེན་རབ། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྟོན་པའི་བཀའ་གསུང་རབ་སྒོ་མཛོད་གླེགས་བམ་དེབ་གཟུགས་བརྒྱ་དང་ཉི་ཤུ་རྩ་བདུན་པ།

  2.བླ་ཆེན་དྲན་པ་ནམ་མཁའ། འགྲེལ་བཞི་རིག་པའི་རྒྱ་མཚོ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཉེར་གཉིས་པ།

  3.མཉམ་མེད་ཤེས་རབ་རྒྱལ་མཚན། བྱང་སེམས་གབ་པའི་འགྲེལ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་དཔར་དུ་བསྐྲུན་པའི་དེབ་གྲངས་བཅུ་གཉིས་པ།

  4.འགྲོ་མགོན་བློ་གྲོས་རྒྱལ་མཚན། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས། དེབ་གྲངས་བཅུ་བཞི་པ།

  5.འགྲོ་མགོན་བློ་གྲོས་རྒྱལ་མཚན། གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན། གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིག་དཔེ་བསྐྲུན་ཁང་། དེབ་གྲངས་བཅུ་དགུ་པ།

  6.སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། ཐེག་རིམ་རྣམ་བཤད་གསལ་བའི་མེ་ལོང་། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔར་དུ་བསྐྲུན་པའི་དེབ་གྲངས་ཉེར་གཅིག་པ།

  7.མེ་སྟོན་ཤེས་རབ་འོད་ཟེར། ལྟ་བསྒོམ་ལམ་གྱི་རིམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གྲངས་གསུམ་པ།

  8.ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལུང་རིགས་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གྲངས་དྲུག་པ།

  9.ཤར་རྫ་བཀྲ་ཤིས་རྒྱལ་མཚན། སྡེ་སྣོད་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གྲངས་བརྒྱད་པ།

  10.རྣམ་མཁྱེན་སྟོན་པ་གཤེན་རབ། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་བརྒྱད་པ།

  11.དཔོན་སློབ་བསྟན་འཛིན་རྣམ་དག གསང་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་བཅུ་བདུན་པ།

  12.བླ་ཆེན་དྲན་པ་ནམ་མཁའ། རྫོགས་ཆེན་ནམ་མཁའ་མཛོད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་བཅུ་དགུ་བ།

  13.སངས་རྒྱས་སྟོན་པ་གཤེན་རབ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་ཉེར་ལྔ་བ།

  14.མེ་སྟོན་ཤེས་རབ་འོད་ཟེར། བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་བདུན་པ།

  15.ཀུན་མཁྱེན་ཉི་མ་བསྟན་འཛིན། རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་བཅུ་གསུམ་པ།

  16.གཤེན་ནམ་མཁའ་སྣང་བ་མདོག་ཅན། སེམས་ལུང་གསལ་བའི་སྒྲོན་མེ་མ་རིག་མུན་སེལ་ལུང་ཆེན་ཀུན་བཏུས་སྒྲོན་མེ།

  17.ཀུན་མཁྱེན་ཉི་མ་བསྟན་འཛིན། ཕར་ཕྱིན་སྐབས་དང་པོ་། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་།དེབ་གཟུགས་བཅུ་གཅིག་པ།

  18.རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་ཕྱི་ལྟ་བ་སྤྱི་གཅོད་མན་ངག སྒོ་བཞི་མཛོད་ལྔའི་ཡང་བཅུད་དཔེ་ཚོགས། དེབ་གྲངས་ཉེར་བཞི་པ།
    གཡུང་དྲུང་གཞན་ཕན་ནི། ཁམས་ཕྱོགས་སྡེ་དགེ་རྫ་ཡུལ་ཀུན་གྲོལ་གྲགས་པའི་གདན་ས་སྨོན་རྒྱལ་དགོན་པའི་ལྷ་སྡེ་ཨ་ཁོད་ཅེས་པའི་གྲོང་དུ་སྤྱི་ལོ་༡༩༨༧ལོར་སྐྱེས་ཤིང་རང་ལོ་བཅུ་གསུམ་ལོར་རྫ་སྨོན་རྒྱལ་དགོན་པའི་ཚོགས་གྲལ་དུ་ཞུགས་ཏེ་དགེན་པདྨ་རྒྱལ་མཚན་དང་ཤེས་རབ་ཕར་ཕྱིན་གཉིས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོག་ཕྱག་ལེན་སྐོར་སྦྱངས་པ་བྱས། སྤྱི་ལོ་༢༠༠༤ལོར་ཤར་རྫའི་རི་ཁྲོད་དུ་ཕེབས་ནས་ཀུན་མཁྱེན་ཤར་རྫའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་རྒྱལ་མདུན་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་བྱས་པ་དང་འཕོ་བ་དངོས་གཞི་སེམས་ཁྲིད་རྩ་རླུང་བཅས་དབང་ལུང་མན་ངག་མི་ཉུང་བ་ཐོབ། ༢༠༠༧ལོར་མདོ་སྨད་སྣང་ཞིག་དགོན་ཆེན་དུ་གྲྭ་སར་འགྲིམས་ནས། གངས་ལྗོངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་དངོས་ཞུགས་བྱས། དེ་ནས་སློབ་གླིང་གི་དགེ་རྒན་རྣམས་ཚུལ་བཞིན་བསྟེན་ཏེ་མི་ལོ་བཅུ་གཉིས་རིང་དུ་མདོ་སྔགས་རྫོགས་གསུམ་དང་། རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་ཅི་ལྕོགས་བྱས། ད་ལྟ་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་། སྣང་ཞིག་དགོན་གྱི་ལས་ཐོག་གི་བཀའ་རམས་པ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།