གདུང་སྲེག་ཆེ་ཆུང་ནས་བསྟན་པའི་འབྲུ་བཀོད་སྐོར་ལ་བསྐྱར་ཞིབ།
[ཟླ་ཚེས། 2019-09-23 20:55:36][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[གནད་བསྡུས] རྩོམ་འདིར་ཀུན་རིག་གདུང་སྲེག་སྐབས་འབྲུ་བཀོད་སྐོར་གདུང་སྲེག་ཆེ་བ་དང་ཆུང་བ་གཉིས་ཀྱི་དགོངས་དོན་གཙོ་བོར་བྱས་ཏེ། ཡི་གེ་རྣམས་ལུས་གནས་སུ་བཀོད་ཚེ་སོར་ཚད་ལ་བརྟེན་ནས་ལུས་གནས་སོ་སོར་ངོས་འཛིན་བྱེད་ཐབས་དང་། དེ་བཞིན་གཞུང་གི་བསྟན་དོན་ལུས་གནས་གོ་དཀའ་བའི་རིགས་ལ་ཞལ་ཤེས་ཀྱི་ངོས་འཛིན། དམིགས་བསལ་དོགས་གཞི་འགའ་ལ་དཔྱད་ཞིབ་ཀྱིས་གསལ་བཤད་གང་ཐོན་བྱས་ཡོད།
[གནད་ཚིག] འབྲུ་བཀོད། ལུས་ཡིག གོ་བགོ ལུས་གནས་ངོས་འཛིན། བུ་ཡིག་དྲུག རྣམ་ཤེས་བརྒྱད།
དེ་ཡང་གཤིན་དོན་ཕུང་པོ་སྦྱིན་སྲེག་བྱེད་སྐབས་གདུང་སྲེག་གཞུང་ཆེ་ཆུང་གཉིས་ནས་བསྟན་པའི་ཕུང་པོ་ལ་ཡིག་འབྲུ་ལུས་གནས་སོ་སོར་བཀོད་པའི་ཆ་ནས་འབྲུ་བཀོད་དམ། ལུས་གནས་སོ་སོར་ཡི་གེ་སྦྱར་བའི་ཆ་ནས་ལུས་ཡིག སྦྱང་བྱ་ལས་ཉོན་འཁྲུལ་པའི་དགྲ་ལས་རྒྱལ་བའི་ཆེད་དུ་སྦྱོང་བྱེད་ཡེ་ཤེས་ཀྱི་ངོ་བོ་ཡི་གེའི་གོ་ཆ་བགོ་བའི་དོན་གྱིས་ཡི་གེའི་གོ་བགོ་ཡང་གསུངས་ལ། དེའི་འགོད་ཚུལ་ཡང་གཞུང་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་མཁས་པའི་མཁྱེན་ལྡན་རྣམ་པར་མཛོ་བདག་ལ་མཛོ་རྒྱུས་ལྟ་བུར་གསལ་བཤད་འོས་བབ་མི་ཆེ་ཡང་། གསར་ཞུགས་ལས་དང་པོ་བ་དང་། གཞུང་ལ་རྒྱུས་མངའ་ཆེར་མེད་པ་རྣམས་དོགས་གཞི་རེ་འགའ་ཡང་བྱུང་དང་འབྱུང་སྲིད་པ་ལྟར། འདིར་གཞུང་དེ་གཉིས་གཙོར་བྱས་པའི་འབྲུ་བཀོད་སྐོར་ཞིག་ཟུར་དུ་དཔྱད་གླེང་དང་འབྲེལ་བར་བཀོད་འདོད་པ་ལ།
༡ «གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆུང་བ་ཡི་གེ་འཁོར་ལོ» མཛད་པ་པོ་མ་གསལ།
༢ «གཤེན་གྱི་གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆེ་བ་ཡི་གེ་འཁོར་ལོ» གཤེན་རབ་ཐུགས་ཀྱི་སྤྲུལ་པ་ཐང་མ་མེ་སྒྲོན་གྱིས་མཛད།
༣ «ཡི་གེའི་གོ་བགོ་ཏིང་འཛིན་དང་ཚིག་བཤད» ཁྱུང་བཙུན་མུ་ལས་མཛད།
༤ «གསང་དོན་རྣམ་འབྱེད་ཀྱི་འགྲེལ་པ་ཐར་ལམ་གསལ་བའི་སྒྲོན་མ» སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།
༥ «གདུང་སྲེག་ཟུར་བཀོད་ཏིང་འཛིན» འགྲོ་མགོན་རིན་པོ་ཆེ་དང་། བྲུ་བཙུན་རྒྱལ་བ་རྣམས་ཀྱི་གསུང་ལྟར་གུད་དུ་ཕྱུང་བ།
༦ «འབྲུ་བཀོད་ཞལ་ཁྲིད» དཔེ་བདག་བསྟན་ཟེར།
༧ «མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྤུར་སྦྱང་སྦྱིན་སྲེག» ཟང་ཟང་གཏེར་མ།
[གནད་ཚིག] འབྲུ་བཀོད། ལུས་ཡིག གོ་བགོ ལུས་གནས་ངོས་འཛིན། བུ་ཡིག་དྲུག རྣམ་ཤེས་བརྒྱད།
དེ་ཡང་གཤིན་དོན་ཕུང་པོ་སྦྱིན་སྲེག་བྱེད་སྐབས་གདུང་སྲེག་གཞུང་ཆེ་ཆུང་གཉིས་ནས་བསྟན་པའི་ཕུང་པོ་ལ་ཡིག་འབྲུ་ལུས་གནས་སོ་སོར་བཀོད་པའི་ཆ་ནས་འབྲུ་བཀོད་དམ། ལུས་གནས་སོ་སོར་ཡི་གེ་སྦྱར་བའི་ཆ་ནས་ལུས་ཡིག སྦྱང་བྱ་ལས་ཉོན་འཁྲུལ་པའི་དགྲ་ལས་རྒྱལ་བའི་ཆེད་དུ་སྦྱོང་བྱེད་ཡེ་ཤེས་ཀྱི་ངོ་བོ་ཡི་གེའི་གོ་ཆ་བགོ་བའི་དོན་གྱིས་ཡི་གེའི་གོ་བགོ་ཡང་གསུངས་ལ། དེའི་འགོད་ཚུལ་ཡང་གཞུང་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་མཁས་པའི་མཁྱེན་ལྡན་རྣམ་པར་མཛོ་བདག་ལ་མཛོ་རྒྱུས་ལྟ་བུར་གསལ་བཤད་འོས་བབ་མི་ཆེ་ཡང་། གསར་ཞུགས་ལས་དང་པོ་བ་དང་། གཞུང་ལ་རྒྱུས་མངའ་ཆེར་མེད་པ་རྣམས་དོགས་གཞི་རེ་འགའ་ཡང་བྱུང་དང་འབྱུང་སྲིད་པ་ལྟར། འདིར་གཞུང་དེ་གཉིས་གཙོར་བྱས་པའི་འབྲུ་བཀོད་སྐོར་ཞིག་ཟུར་དུ་དཔྱད་གླེང་དང་འབྲེལ་བར་བཀོད་འདོད་པ་ལ།
གཅིག གདུང་སྲེག་ཆུང་བའི་འབྲུ་བཀོད།
དེ་ཡང་གདུང་སྲེག་ཆུང་བའི་གཞུང«གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆུང་བ་ཡི་གེ་འཁོར་ལོ»ལས་བསྟན་པའི་འབྲུ་བཀོད་སྐབས་ཀ་མད་སུམ་ཅུ་དང་། དབུ་ཚེག་ཤད་གསུམ། དབྱངས་བཞི། ཡ་སྟ་བཅས་བསྡོམས་ཡི་གེ་སུམ་ཅུ་སོ་བརྒྱད་དུ་གྲངས་ངེས་སུ་བསྟན་ཡོད་པ་དང་། །དེ་རྣམས་ལུས་གནས་གང་དང་གང་ཞིག་ལ་འགོད་དགོས་པ་རིམ་པས་བཤད་པ་ལ། ཀ༐ སྤྱི་གཙུག ཁ༐ མིག་གཡས། ག མིག་གཡོན། ང་༐ རྣ་བ་གཡས། ཅ༐ རྣ་བ་གཡོན། ཆ༐ སྣ་གཡས། ཇ༐ སྣ་གཡོན། ཉ༐ ཁ། ཏ༐ ལག་པ་གཡས། ཐ༐ ལག་པ་གཡོན། ད༐ མགྲིན་པ། ན༐ ཐུགས་ཀ། པ༐ གློ་བ་གཡས། ཕ༐ གློ་བ་གཡོན། བ༐ ལྟེ་བ། མ༐ མཆིན་པ། ཙ༐ མཁལ་མ་གཡས། ཚ༐ མཁལ་མ་གཡོན། ཛ༐ མཚེར་པ། ཝ༐ མཁྲིས་པ། ཞ༐ རྒྱུ་མ། ཟ༐ ཕོ་བ་གཉའ་མ། འ༐ རྐང་པ་གཡས། ཡ༐ རྐང་པ་གཡོན། ར༐རྐང་མཐིལ། ལ༐ གསང་དབུགས་བྱང་ཐུང་། ཤ༐ བྱང་ཤ་སྨུག་པོ། ས༐ རུས་པ། ཧ༐ ཁྲག་དང་དྲོད། ཨ༐ སེམས་དང་རྣམ་ཤེས། ༄༅༅།། སྤྱི་བོ། ་་་ཐུགས་ཀ། །།།མགྲིན་པ། ཨིཨིཨི། མིག་མདོ། ཨུཨུཨུ། ཙི་ཏའི་གསང་སྒོ། ཨེཨེཨེ། ཤངས་ཟོམ། ཨོཨོཨོ། ལྗགས་ཀྱི་དང་གོང་། མྱམྱམྱ་ སྙན་གྱི་སྒོ།བཅས་སོ།། འདིར་དོགས་དཔྱོད་དགོས་པ་ཞིག་ནི་གཞུང་གི་ཡིག་ཆུང་ལས། “དང་ཐོག་ཤད་ཚག་བུ་དྲུག་རྣམ་ཤེས་བརྒྱད་ལ་བཀོད།” ཞེས་དང་། མེ་སྤར་སྐབས། “ཡེ་གཤེན་བརྒྱད་ཀྱིས་མེ་སྤར་བས། །རྣམ་ཤེས་བརྒྱད་ཀྱི་བག་ཆགས་བསྲེག་གྱུར་ཅིག” ཅེས་གསུངས་ཤིང་། དེའི་བུ་དྲུག་ནི། སྟེང་བུ་གི་གུ་འགྲེང་བུ་ན་རོ་གསུམ། འོག་བུ་ཞབས་ཀྱུ་ཡ་སྟ་ར་སྟ་གསུམ་ཡིན་པ་ཡོངས་གྲགས་ལྟར་ལ། འོན་ཏེ་འབྲུ་བཀོད་ཀྱི་ཚིག་བཤད་སྐབས་ར་སྟ་མ་བྱུང་ཞིང་གལ་ཏེ་ཡོད་པའི་དབང་དུ་བྱས་ཀྱང་འགོད་ས་རྣམ་ཤེས་བརྒྱད་དུ་གྲངས་ངེས་བསྟན་པ་དང་མི་མཚུངས་པས་འདིའི་དགོངས་པ་ཅི་ཞིག་ཡིན་སྙམ་ན། འདི་ལ་དེ་སྔོན་དཔྱད་བརྗོད་མཛད་པ་དེ་འདྲ་མ་མཇལ་རུང་། གཞུང་གི་དོན་ལ་བརྟགས་ན་འདི་ལྟར་ཡིན་དགོས་འདུག་སྟེ། བུ་དྲུག་ཅེས་པའི་དོན་ཁྱབ་མཐའ་ལྟ་བུ་མ་ཡིན་པར་དངོས་བསྟན་དབུ་ཚེག་ཤད་གསུམ་ཐོག་ཡི་གེའི་བུ་དྲུག་ལས་ར་སྟ་ཕུད་པའི་ལྔ་པོ་བསྡོམས་ན་འབྲུ་བརྒྱད་བྱུང་བ་དེ་དག་རྣམ་ཤེས་བརྒྱད་ཅེས་དེའི་རྟེན་སོ་སོར་བཀོད་དགོས་པར་གཞུང་ཚིག་གོང་འོག་བབ་ཀྱིས་ཤེས་ཐུབ། ཡང་བུ་ཡིག་དྲུག་ལས་ར་སྟ་དོར་བའི་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ནི་གཞི་རྩའི་ཀ་མད་སུམ་ཅུའི་ཐོག་རྣམ་ཤེས་བརྒྱད་དང་འབྲེལ་བའི་ཡིག་འབྲུ་བརྒྱད་བཀོད་དགོས་པའི་དབང་དུ་མཛད་ཅིང་། བུ་དྲུག་གི་ཕྱི་མ་ར་སྟ་ཡིན་པས་དོར་བ་ཡིན་པར་སྙམ། འོ་ན་དེ་དག་རྣམ་ཤེས་བརྒྱད་ལ་འགོད་ཚུལ་ཇི་ལྟར་ཡིན། མ་གཞི་བེམ་རིག་བྲལ་བའི་ཕུང་པོ་ལ་རྣམ་ཤེས་མེད་པས་དེའི་དགོངས་གཞི་ཇི་ལྟར་ཡིན་ཞེ་ན། རོ་ལ་རྣམ་ཤེས་མེད་པ་བདེན་མོད་སྔར་ལུས་ཀྱི་གནས་སམ་རྩ་ལ་དེ་འབྲེལ་གྱི་རྣམ་ཤེས་སོ་སོའི་རྟེན་བྱེད་པ་ལྟར། འདིར་ཡང་དེའི་རྫས་རྒྱུན་ལ་ཐབས་ཁྱད་པར་ཅན་རྫས་སྔགས་ཏིང་འཛིན་དང་འབྲེལ་བའི་སྒོ་ནས་སྦྱང་བྱ་སྦྱོང་ཚུལ་ཡོད་པས་དོགས་པ་མི་དགོས་ཤིང་། དེས་ན་གཞུང་གི་དགོངས་དོན་ཁྱུང་བཙུན་མུ་ལས་མཛད་པའི་འབྲུ་བཀོད། «ཡི་གེའི་གོ་བགོ་ཏིང་འཛིན་དང་ཚིག་བཤད»ཅེས་པའི་གཞུང་ལྟར་མིག་རྣ་སྣ་ལྕེའི་རྣམ་ཤེས་བཞི་ཡི་རྟེན་སྐབས་གསལ་ལྟར་དང་། ལུས་ཀྱི་རྣམ་ཤེས་ནི་སྤྱི་བོ། ཡིད་ཀྱི་རྣམ་ཤེས་ནི་མགྲིན་པ། ཉོན་ཡིད་རྣམ་ཤེས་ནི་ཐུགས་ཀ། ཀུན་གཞིའི་རྣམ་ཤེས་ནི་ཙི་ཏའི་གསང་སྒོ་བཅས་ཡིན་པར་གཞུང་དེར་བརྟགས་ན་ཤེས་ཐུབ་ཅིང་། དེ་དག་ལའང་དཔྱད་གཞི་གཞན་པ་སྤྱི་སྤུངས་རྩ་བསྐྱེད་སྐབས། རྣམ་ཤེས་ཚོགས་བརྒྱད་ཀྱི་རྩ་བརྒྱད་ངོས་འཛིན་ཚུལ་ལ། ༡ མིག་རྩ། མིག་གཉིས་ཀྱི་དཀྱིལ། ༢ རྣ་རྩ། རྣ་བ་གཉིས། ༣ སྣ་རྩ། སྣ་སྦུབ་གཉིས། ༤ ལྕེ་རྩ། ལྕེ་ལ། ༥ ཚིགས་རྩ། ཚིགས་པ་ལྔ་པ། ༦ གསང་རྩ། གློ་བའི་ངར་སོ་སྟེ་གློ་ཡུ། ༧ གཡོན་དམར། སྙིང་སུལ་གསུམ་གྱི་གཡོན། ༨ གཡས་དཀར་སྙིང་སུམ་གསུམ་གྱི་གཡས། བཅས་ལ་སྦྱར་བ་འདི་དག་ལ་དཔྱད་ནའང་ཕན་ཚུན་དོད་མཚུངས་སུ་ཤེས་པར་འགྱུར་སྙ། ཡང་དེའི་གདུང་སྦྱོང་སྐབས་སུ་གསལ་བའི་ཉི་ཟླ་གཉིས་དང་དཔའ་བོ་འབྲུ་ལྔ་བཅས་ཡོད་པ་ལས། ཉི་མ༐ ཕྱག་མཐིལ་གཡས། ཟླ་བ༐ ཕྱག་མཐིལ་གཡོན། ཡཾ༐ ཞབས་གཡས། རྃ༐ ཞབས་གཡོན། ཁཾ༐ ཕྱག་མཐིལ་གཡས། སྲུྃ༐ ཕྱག་མཐིལ་གཡོན། ཨ༐ ཐུགས་ཀའི་དང་གོང་། ཨཱོྃ༐ དཔྲལ་བ། བཅས་བསྟན་ཡོད།
གཉིས། དེའི་ལུས་གནས་སོ་སོར་ངོས་བཟུང་བ།
གོང་གསལ་འབྲུ་བཀོད་ཀྱི་ལུས་གནས་གསང་དབུགས་བྱང་ཐུང་ལྟ་བུ་འགའ་ཞིག་གནས་གང་ཞིག་ཡིན་པར་གོ་དཀའ་ཙམ་ཡོད་པ་ལྟར་འདིར་སྔོན་བྱོན་མེས་པོ་གོང་མ་དག་གི་ཞལ་ཤེས་ཡི་གེར་ཕབ་པ་དཔེ་བདག་བསྟན་ཟེར་ཞུ་བ་ཅན་ཞིག་འདུག་པ་ལྟར་བཀོད་པ་ནི། སྤྱི་གཙུག་ནི་སྐྲ་མཚམས་ནས་ཡར་སོར་ལྔའི་ཐོག དཔྲལ་བ་ནི་སྐྲ་མཚམས་ནས་མར་ཚོན་གང་ཐོག སྨིན་མཚམས་ནི་སྐྲ་མཚམས་ནས་མར་སོར་དོའི་ཐོག མགྲིན་པ་ནི་ཁ་ནས་མར་མཐོ་གང་མིན་ཙམ་ཨོག་མའི་ཐོག ཐུགས་ཀྱི་དང་གོང་ནི་ཨོག་མ་ནས་མར་མཛུབ་གང་ཐོག གསང་དབུགས་བྱང་ཐུང་ནི་ཐུགས་ཀྱི་དང་གོང་ནས་ཡར་མར་ཚོན་གང་ཐོག དེ་ཡང་མཆོག་ལ་ཡར་དང་། ཕལ་པ་ལ་མར་འཇལ། ཐུགས་ཀྱི་དཀྱིལ་ནི་གསང་དབུགས་ནས་མར་སོར་དོ་ཐོག བྱང་ཤ་སྨུག་པོ་ནི་དང་གོང་ནས་གཡས་སུ་ཚོན་གང་ཐོག ཕོ་བ་ནི་ཐུགས་དཀྱིལ་ནས་མར་ཚོན་གང་ཐོག རྒྱུ་མ་ནི་ལྟེ་བ་ནས་མར་ཚོན་གང་ཐོག གསང་གནས་ནི་རྒྱུ་མ་ནས་མར་ཚོན་གང་ཐོག གློ་བ་རྒྱབ་ལ་འགོད་དེ། ལྟག་ཁུང་ཚིགས་པ་དང་པོ་ནས་མར་བརྩིས་པའི་ཚིགས་པ་ལྔ་པའི་ཐོག་ནས་གཡས་སུ་ཚོན་གང་ཐོག་གློ་བ་གཡས། དེའི་གཡོན་དུ་ཚོན་གང་ཐོག་གློ་བ་གཡོན། མཆིན་པ་ནི་གཡས་ཀྱི་གྲུ་མོ་མར་བཀུག་པའི་མཆན་ཁུང་འོག་གི་ཐད། མཚེར་པ་ཡང་གཡོན་གྱི་གྲུ་མོ་མར་བཀུག་པའི་མཆན་ཁུང་འོག་གི་ཐད། མཁྲིས་པ་ནི་མཆིན་པ་ནས་མར་ཚོན་གང་ཐོག མཁལ་མ་གཡས་ནི་རྒྱབ་ཀྱི་ཚིགས་པ་བདུན་པའི་གཡས་སུ་ཚོན་གང་ཐོག མཁལ་མ་གཡོན་ཡང་དེའི་གཡོན་དུ་ཚོན་གང་ཐོག རྐང་མཐིལ་ནི་ཕོ་ཡི་གཡས་དང་མོ་ཡི་གཡོན། སེམས་ནི་ཐུགས་ཀྱི་དཀྱིལ། ཁྲག་ནི་བྱང་ཤའི་ཐོག བྱང་ཤ་ནི་མཆིན་པ་ལ་ཟེར། རུས་ནི་གསང་གནས་སྤུ་ཡོད་མེད་མཚམས། ཤ་མཚེར་པའི་ཐོག དྲོད་ལྟེ་འོག་ཨ་ཤད་བསྐྱེད་ས་བཅས་སུ་ངོས་འཛིན་པ་དང་། དེར་མ་གསལ་བ་རྣམས་ནི་སླ་བས་མ་བྲིས་སོ། །
གསུམ། གདུང་སྲེག་ཆེ་བའི་འབྲུ་བཀོད།
དེ་ཡང་གདུང་སྲེག་ཆེ་བའི་གཞུང«གཤེན་གྱི་གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆེ་བ་ཡི་གེ་འཁོར་ལོ»ཞེས་པ་ལས་གསལ་བའི་འབྲུ་བཀོད་ལ། ཡེ་ཤེས་ལྔ་ཡི་ས་བོན་འབྲུ་ལྔ་སྟེ། ཨཱོྃ༐ ཁཾ༐ ཡཾ༐ རྃ༐ མཾ༐ བཅས་དང་། རིགས་དྲུག་སྦྱོང་བྱེད་འབྲུ་དྲུག་སྟེ། ཉ༐ ད༐ ཁ༐ ཀ༐ ཧཱུྃ༐ ཨ་བཅས་བསྡོམས་པས་ཡི་གེ་བཅུ་གཅིག་བྱུང་ཞིང་། དེ་རྣམས་ལུས་གནས་གང་དང་གང་ཞིག་ལ་འགོད་དགོས་པ་ཡང་། ཨཱོྃ༐ ཐུགས་ཀྱི་དཀྱིལ། ཁཾ༐ འཕྲག་པ་གཡས། ཡཾ༐ པུས་མོ་གཡས། རྃ༐ པུས་མོ་གཡོན། མཾ༐ འཕྲག་པ་གཡོན། ཉ༐ རྐང་མཐིལ་གཡས་གཡོན། ད༐ ལྟེ་བ། ཁ༐ ལག་མཐིལ་གཡོན། ཀ༐ ཐུགས་ཀྱི་དང་གོང་། ཧཱུྃ༐ དཔྲལ་བ། ཨ༐ སྤྱི་བོ། འདིར་གསལ་བའི་ལུས་གནས་སོ་སོའི་ངོས་འཛིན་ནི་གོང་གསལ་ལྟར་ཤེས་སླ། ད་དུང་གཞུང་འདིའི་འབྲུ་བཀོད་མཇུག་ཏུ་འཕྲག་པ་གཡས་གཡོན་གཉིས་དང་། སྤྱི་བོ་གསུམ་ལ་སྡོང་བུ་གསུམ་དགོས་པ་དེ་ནི་སྐུ་གསུང་ཐུགས་གསུམ་མཚོན་བྱེད་དང་། ད་དུང་སྤྱི་བོར་དར་དཀར་ལེབ་མོ་ཞིག་བཏག་དགོས་པ་དེ་ནི་འཁོར་བའི་ལམ་སྒོ་བཅོམ་ཞིང་ཐར་པའི་ལམ་སྒོ་ཕྱེད་པའི་མཚོན་བྱེད་ཡིན་པར་གསུངས། གཞན་ཡང«ཡི་གེའི་གོ་བགོ་ཏིང་འཛིན་དང་ཚིག་བཤད»ཅེས་པ་ལས་སྤྱི་བོར་རིགས་ལྔའི་ས་བོན་དང་། ཐུགས་ཀའི་དང་གོང་དུ་གསལ་བ་དགུ་འཛབ། ཞབས་ལ་ངན་སོང་དོང་སྤྲུགས་སྙིང་པོ་བཅས་འགོད་པར་གསུངས་པ་ཡང་གཞུང་གི་བསྟན་དོན་ཡིན་ནོ། །ད་དུང་འབྲུ་བཀོད་ཡི་གེའི་སོ་སོའི་མཚོན་དོན་དང་དེའི་དགོས་ཆེད་སོགས་ཤེས་རྒྱུ་མང་ཡང་གཞུང་ལ་གཟིགས་ན་འཐུས་ཤིང་། འབྲུ་བཀོད་ཀྱི་དཔེ་རིས་དང་། དེ་དག་འབྲི་ལུགས། སྦྱར་བའི་ཐབས་ཚུལ་ཞིབ་ཕྲ་རྣམས་ཉམས་མྱོང་མཁས་པའི་ཞལ་ནས་ཤེས་པར་བསམ་སྟེ་འདིར་འགོད་པའི་ངལ་བ་མ་བྱས་སོ། །
དཔྱད་གཞིའི་ཡིག་ཆ།༡ «གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆུང་བ་ཡི་གེ་འཁོར་ལོ» མཛད་པ་པོ་མ་གསལ།
༢ «གཤེན་གྱི་གདུང་སྦྱོང་ཟབ་མོ་སྲེག་ཆོག་ཆེ་བ་ཡི་གེ་འཁོར་ལོ» གཤེན་རབ་ཐུགས་ཀྱི་སྤྲུལ་པ་ཐང་མ་མེ་སྒྲོན་གྱིས་མཛད།
༣ «ཡི་གེའི་གོ་བགོ་ཏིང་འཛིན་དང་ཚིག་བཤད» ཁྱུང་བཙུན་མུ་ལས་མཛད།
༤ «གསང་དོན་རྣམ་འབྱེད་ཀྱི་འགྲེལ་པ་ཐར་ལམ་གསལ་བའི་སྒྲོན་མ» སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད།
༥ «གདུང་སྲེག་ཟུར་བཀོད་ཏིང་འཛིན» འགྲོ་མགོན་རིན་པོ་ཆེ་དང་། བྲུ་བཙུན་རྒྱལ་བ་རྣམས་ཀྱི་གསུང་ལྟར་གུད་དུ་ཕྱུང་བ།
༦ «འབྲུ་བཀོད་ཞལ་ཁྲིད» དཔེ་བདག་བསྟན་ཟེར།
༧ «མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྤུར་སྦྱང་སྦྱིན་སྲེག» ཟང་ཟང་གཏེར་མ།
གཉའ་མ་ཞེས་པ་མཚན་མ་ལ་གོ་བའི་སྐབས་ཡོད་མོད། འདིར་འབྲུ་བཀོད་ལས། ཚེ་འདས་ཕོ་བ་ལོང་ཀ་ལ། །ཡིག་འབྲུ་ཟ་འདི་དགོད་པར་བྱ། །ཞེས་ལོང་ཀ་ཡིན་པར་གསལ།
འདིར་དབུ་སོགས་གསུམ་རེ་འབྲི་བ་དང་། བུ་ཡིག་སྦྱར་གཞི་ལའང་སྟེང་བུ་ཨ་དང་། འོག་བུ་མ་ལ་སྦྱོར་སྲོལ་སྔོན་མའི་འབྲུ་བཀོད་དཔེ་རིས་སུ་གསལ་བས་དེ་ལྟར་བྱས་ཡོད།
འབྲུ་བཀོད་དཔེ་རིས་ཡིག་ཆུང་ཞིག་ཏུ་མྲམྲམྲ་ཚིགས་པ་གསུམ་པ་ལ་བཀོད་པར་གསུངས་འདུག་མོད། གདུང་སྲེག་གཞུང་དང་། དེའི་དགོངས་འགྲེལ་ཁྱུང་བཙུན་མུ་ལའི་འབྲུ་བཀོད་རྒྱས་པ་གཉིས་ཆར་མ་བྱུང་བས་ཁུངས་ལ་བརྟག་དགོས་འདུག
གདུང་སྲེག་ཆུང་བའི་གཞུང་ལས། “ཚེ་འདས་རྣམ་ཤེས་བརྒྱད་ལས་ཀྱང་། །ཡན་ལག་བརྒྱད་ལ་མེ་སྤར་བས། །མགོ་ནི་མ་ནོར་ལམ་གྱི་མེ། །ཤད་ནི་བདེན་རྫུན་མཚམས་འབྱེད་མེ། །ཚག་ནི་ཐིག་ལེ་དོན་གསལ་མེ། །གི་གུ་ཐུགས་རྗེ་འོད་གསལ་མེ། །ན་རོ་ཉིད་ལ་སྙོམས་པའི་མེ། །འགྲེང་བུ་ཞི་དལ་ཀུན་གྱི་མེ། །ཞབས་ཀྱུ་བླ་མའི་གདན་ཁྲི་མེ། །ཡ་སྟ་རྣམ་གྲངས་མི་དམིགས་མེ། །ཡེ་གཤེན་བརྒྱད་ཀྱིས་མེ་སྤར་བས། །རྣམ་ཤེས་བརྒྱད་ཀྱི་བག་ཆགས་བསྲེག་གྱུར་ཅིག” ཅེས་གསལ།
འབྲུ་བཀོད་དེར། “ཚེ་འདས་སྤྱི་བོ་བདེ་ཆེན་དུ། །ཡི་གེ་ཏང་ཐོག་འགོད་པར་བྱ། །ཏང་ཐོག་མ་ནོར་ལམ་གྱི་མཆོག །ལུས་ཀྱི་བག་ཆགས་གཡོ་བའི་ཚེ། །ཞེས་པ་ནས། ཀུན་གཞིའི་བག་ཆགས་གཡོ་བའི་ཚེ། །ཞབས་ཀྱུའི་གོ་ཆ་འདི་གོན་ཅིག།” ཅེས་པ་ཡན་གྱིས་གསལ།
འདིར«གདུང་སྲེག་ཆུང་བའི་གཞུང»དུ། “གཡས་པ་ཉི་མའི་འཁོར་ལོ་ལས། །ཡེ་ཤེས་གསལ་བའི་མེ་འབར་བས། །ཞེས་དང་། གཡོན་པ་ཟླ་བའི་འཁོར་ལོ་ལས། །བདུད་རྩི་གསོ་བའི་ཆུ་བྱུང་བས། །”ཞེས་དང་། ད་དུང་ཟང་གཏེར་ཀློང་རྒྱས་སྦྱིན་སྲེག་དང་། མདོ་གཟེར་མིག་ལས་ཀྱང་འདི་ལྟར་གསལ་མོད། «གདུང་སྲེག་ཟུར་བཀོད་ཏིང་འཛིན»ཞེས་པ་ལས། “ཕྱག་གཡོན་ཉི་མའི་འཁོར་ལོ་ལ། ཡེ་ཤེས་གསལ་བའི་མེ་སྤར་བས། ཞེས་པ་ནས། ཕྱག་གཡས་ཟླ་བའི་འཁོར་ལོ་ལ། བདུད་རྩི་གསོ་བའི་ཆུ་བྱུང་ནས།” ཞེས་པ་གཞུང་དང་མི་མཚུངས་ཤིང་། དེ་བཞིན་དཔེ་རིས་ལའང་ཕྱག་གཡས་ཟླ་བ་དང་། གཡོན་དུ་ཉི་མ་བྲིས་འདུག་པས་དཔྱད་གཞི་དང་། འདིར་ནི་གོང་གསལ་གཞུང་གི་དངོས་བསྟན་ལྟར་བཀོད་པ་ཡིན།
བཟང་ཤིང་ཐུར་མའི་རྩེ་དར་རམ་འབུ་བལ་གྱིས་བསྐྲིས་པ་མར་ཁུར་བསྲུབས་པ་བྱེད་སྲོལ་ཡོད།