བོན་ལུགས་དང་འབྲེལ་ཏེ་འཕྲེང་བའི་སྐོར་ལ་གསར་དུ་དཔྱད་པ།
[ཟླ་ཚེས། 2019-09-13 13:10:40][རྩོམ་པ་པོ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
(རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་དུ་སྒྲོག་སྦྱོང་ཟིན་པའི་རྩོམ་ཡིག་མ་ཟིན།)
[ནང་དོན་གནད་བསྡུས།] དཔྱད་གླེང་འདིའི་ནང་དུ་ཞང་བོད་ཡུལ་སྲོལ་རིག་གཞུང་ལ་འབྲེལ་བ་ཆེས་ཟབ་པའི་འཕྲེང་བའི་སྐོར་ཡིན། འཕྲེང་བ་སྤྱི་ཡི་ངོ་བོ་གསལ་བོ་བསྟན་ནས། རྫས་འཕྲེང་གི་གོ་དོན་དང༌། ཞང་བོད་ཡུལ་གང་ནས་ཐོག་མར་བྱུང་མིན་དང་དགོས་དམིགས་སོགས་ལ་སྡེ་ཚན་དགུ་རུ་ཕྱེས་ཏེ་ཅུང་ཟད་ཁ་གསལ་ཚུལ་དུ་དཔྱད་ཞིབ་བྱས་ཡོད།
[བརྡ་ཆད་གཙོ་བོ།] འཕྲེང་བ། རྫས་འཕྲེང༌། མཚོན་དོད། སྤངས་བྱ་དྲུག དམ་ཚིག་བཅུ་གཅིག རབ་གནས།
སྤྱིར“འཕྲེང་བ”འདི་ལ་བཞེད་དགོངས་དུ་མ་ཡོད་པར་མ་ཟད་ཚིག་གི་ཆ་ནས“འཕྲེང་”ཞེས་པར་འབྲི་ཚུལ་ཡང་“ཕྲེང་བ’’དང༌། “སྦྲེང་བ།’’ “འཕྲེང་བ’’ཞེས་བྲིས་ཡོད་པ་མང་ཡང་བོན་ལུགས་སུ་ཁུངས་ལྡན་གྱི་དཔྱད་གཞི་ཁག་ནས“འཕྲེང་”ཞེས་པར། “འཕྲེང་བ’’དང༌། “བསྒྲོད་བྱེད་འཕྲེང་བ། སེར་ཕྲེང༌། སེམས་འཕྲེང་བ།”1ཞེས་བྲིས་ཡོད། གཞན་ཡང་འཕྲེང་ཞེས་པ་ལ“སེར་འཕྲེང་’’དང་“གྲལ་གྱི་འཕྲེང༌།’’ “ཞེ་འཕྲེང་བའམ་ཡིད་འཕྲེང་།’’ “རྒྱུ་སྐར་གྱི་འཕྲེང་།’’ “འཁོར་བའི་ཕྱོགས་སུ་མི་འཕྲེང་བར’’ཞེས་པ་ལས་སོགས་འཇུག་ཚུལ་མང་མོད་ཀྱང་སྐབས་བབས་ཀྱི་འཕྲེང་བ་འདི་ལུང་དང་འབྲེལ་བའི་སྒོ་ནས་དཔྱད་པ་ལ།
དང་པོ། འཕྲེང་བའི་ངོ་བོ་ཇི་ལྟར་ཡིན་པའི་ཚུལ་ལ་དཔྱད་པ།
སྤྱིར་འཕྲེང་བའི་ངོ་བོ་ནི་བསྙེན་འཛབ་རིགས་གྲངས་སུ་བརྩི་བགྲང་གནང་འོས་པའི་རྫས་འཕྲེང་ཁོ་ནར་ངོས་འཛིན་གནང་མཁན་ནི་མང་ཡང་དེ་ཙམ་གྱིས་འཕྲེང་བའི་ངོ་བོ་འཐད་ལྡན་ཞིག་ཏུ་ངོས་འཛིན་དང་ཡི་རངས་ཞུ་བ་ནི་ནོར་འཁྲུལ་ཞིག་ཏུ་བརྩི་རུང་བར་སྙམ། དེས་ན་འཕྲེང་བའི་ངོ་བོ་ནི“ངན་སོང་འཁོར་བའི་ཕྱོགས་ལ་ཡིད་ཀྱི་འཕྲེང་ཐག་བཅད་ནས། མྱང་འདས་ཐར་པའི་ཕྱོགས་ལ་ཡིད་འཕྲེང་བར་བྱེད་པའི་བརྡ་ཐབས’’ཏེ་འཐད་ལྡན་དུ་འཁུམས་ཤིང༌། “འཁོར་བའི་ཕྱོགས་སུ་མི་འཕྲེང་བར། དམ་པའི་དོན་ལ་འཕྲེང་བ་བསྐྱེད། དོན་ལ་ངེས་པར་འཕྲེང་བ་དེ།’’2 ཞེས་གསུངས། འཕྲེང་བའི་ངོ་བོ་ནི་ཇི་ལྟར་དཔྱད་ཀྱང་ཞེ་འཕྲེང་བའམ་ཡིད་འཕྲེང་བ་ཁ་ནང་དུ་ཕྱོགས་ནས་བསམ་བློའི་འཁོར་ཕྱོགས་ཤིག་དགོས་པ་སྟེ། འཇིག་རྟེན་འཁོར་བའི་ཕྱོགས་ལ་ཡིད་མི་འཕྲེང་བའམ། བག་ཆགས་ངན་པའི་རྗེས་སུ་འབྲེང་ནས་རྒྱུ་ནོར་ལོངས་སྤྱོད་དང་ཡུལ་མཁར་གཉེན་ཉེ་མཛའ་དུ་སོགས་ལ་ཡིད་སེམས་ཀྱི་ཞེན་པ་བཅད་ནས། དོན་དམ་མྱང་འདས་ཐར་པའི་ཕྱོགས་སུ་ཞེ་འཕྲེང་བ་ལ་གོ་བར་སྙམ་ལ། ཕྱི་རྫས་འཕྲེང་དང་འཕྲེང་བའི་དབར་ཁྱད་འབྱེད་དགོས་པ་ཡིན། ‘‘ནང་དོན་དང་སྦྱོར་ན། གང་ཞིག་ཡུལ་གྱི་རྗེས་སུ་སེམས་སོང་བའམ། ཤོར་བ་དང་། ཆགས་པ་ལྟ་བུ་ལ་གོ། དཔེར་ན། གྲོགས་པོ་ལ་སེམས་འཕྲེང་བ་དང་མ་ཡིས་བུ་ལ་སེམས་འཕྲེང་བ།’’3 ཞེས་བརྗོད་པ་ཉུང་ལ་དོན་གནད་ཟབ་སྟོན་འདིས་འཕྲེང་བའི་དོན་གྱི་གནད་དུ་འཁེལ་བའི་མཛུབ་སྟོན་གནང་ཡོད་པས་ཐབས་ལམ་འདི་རིགས་ལས་འཕྲེང་བའི་ངོ་བོར་དཔྱད་རྟོགས་འབྱུང་གལ་ཆེའོ།།
གཉིས་པ། རྫས་འཕྲེང་གི་བྱུང་རིམ་དང་ངོ་བོ་རྣམ་དབྱེ་སོགས་ལ་དཔྱད་པ།
དང་པོར“རྫས་འཕྲེང་”འདིའི་འབྱུང་ཁུངས་སོགས་ལ་དཔྱད་ཞིབ་གང་ཡང་མེད་པའི་དེང་དུས་ཀྱི་དགེ་སྦྱོར་བ་མང་ཕྱོགས་ཤིག་རྨོངས་དད་ཙམ་ལས། ཁུངས་ལྡན་གྱི་ལུང་དང་རང་གི་རྣམ་དཔྱོད་གང་ལའང་མི་ལྟོས་པར་འཕྲེང་བ་སྣ་ཚོགས་འཆིང་ཞིང་རེ་འགའི་ལུས་ཀྱི་རྒྱན་ཆའི་ཚུལ་དུ་འགུལ་དང་ལག་སྐེར་དཀྲི་བ་ཙམ་ལས། འདིའི་འབྱུང་ཁུངས་དང་ངོ་བོ་ཅི་ཞིག་མཚོན་མིན་ནི་རྨོངས་གཉིད་ཀྱི་ཀློང་དུ་ཤེས་རྟོགས་ཀྱི་སྒྲོན་མེ་དབུལ། དེས་ན་རྫས་འཕྲེང་གི་ཐ་སྙད་འདི་ཐོག་མར་འབྱུང་ཁུངས་ནི་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་འདོད་པར་འཐད་ལྡན་ཞིག་སྟེ།4 འདིའི་བྱུང་རིམ་ནི་བོན་ལུགས་སུ་སྟོན་པ་གཤེན་རབ་མི་བོ་དེ་ཉིད། སྤྱི་ལོའི་ཡར་སྔོན་དུ་མི་ལོ(12916)མཚམས་སུ་ཁྱིམ་སྤངས་རབ་ཏུ་བྱུང་བའི་རྗེས། སྟོན་པ་ཁྲི་གཙུག་རྒྱལ་བས་དཀའ་ཐུབ་མཛད་ནས་སྐུ་ལུས་བལ་དཀར་འདབ་ལས་ཡང་བའི་དུས། ཕྱི་སྣང་བ་བསླུ་བྲིད་ཀྱི་ཁྱིམ་སྤངས་ནས་འཇིག་རྟེན་བྱ་བ་དང་རིང་དུ་གྱེས་ཟིན་ཡང༌། “འཇིག་རྟེན་འཁོར་དང་ཟང་ཟིང་རྣམས། རྨི་ལམ་ནང་དུ་རྒྱུ་བ་འདི། ཀུན་གཞིའི་དཀྱིལ་དུ་རྒྱུ་ནུས་པས། རྒྱུ་ལ་འབྲས་བུ་ཕྱིར་སྐྱེ་ངེས།”5ཞེས་གསུངས། ནང་ཀུན་གཞིའི་ཀློང་དུ་འཁོར་བའི་ས་བོན་བག་ལ་ཉལ་བར་དགོངས་ཏེ། བག་ཆགས་ངན་པས་ཞེན་པ་གཅོད་པའི་བརྡ་ཐབས། སྙིང་པོ་བགྲང་བའི་རྫས་ཀྱི་འཕྲེང་བ་ཐུགས་སུ་དགོངས་ཏེ། སྙིང་པོ་བགྲང་ཤིང་སྨོན་ལམ་བཏབ་པས། ཁ་དོག་ལྔ་ལྡན་གྱི་སྡོང་པོ་ཡ་མཚན་ཆེ་བ་ཞིག་སྐྱེས་པ་དེར་འཕྲེང་བའི་རྒྱུ་རྫས་བྱས་ཏེ་རིམ་གྱིས་རྫས་ཀྱི་འཕྲེང་བ་འདི་གྲུབ། “འཁོར་བའི་ཕྱོགས་སུ་མི་འབྲེང་བར། ཡང་དག་དོན་ལ་འཕྲེང་བའི་ཕྱིར། མ་ནོར་ངེས་པ་དོན་དམ་རྫས། གྲངས་སུ་བགྲང་བའི་རྫས་སྨིན་ཤོག”6ཞེས་པ་དག་ལ་ཞིབ་དཔྱད་བྱས་ཚེ་འདི་དག་གིས“རྫས་འཕྲེང་”ངམ་ཐུགས་དམ་འཕྲེང་བའི་བྱུང་རིམ་བསྟན་ཡོད།
གསུམ་པ། རྫས་འཕྲེང་གི་ངོ་བོར་དཔྱད་པ།
ངོ་བོ་ནི“རྒྱུ་འབྲས་བུ་ཅན་གྱི་སྡོང་པོ་ལས་གྲུབ་པའི་སྔགས་དང་སྙིང་པོ་གྲངས་སུ་བགྲང་རྩིས་སུ་འཛིན་པའི་འཁོར་བའི་ཕྱོགས་སུ་འཕྲེང་བ་བཅད་ནས་ཐར་པ་མྱང་འདས་ཕྱོགས་སུ་ཡིད་སེམས་འཕྲེང་བའི་བརྡ་ཐབས་ཀྱི་ཐུགས་དམ་ཕྱག་ཆ”དེར་རྫས་འཕྲེང་ངམ་ཐུགས་དམ་འཕྲེང་བའི་ངོ་བོ་ཞེས་འཇོག་པ་འཐད་པར་འོས་ཏེ། “བགྲང་བ་གྲངས་སུ་འཛིན་པ་དང༌། བརྗོད་པ་རྩིས་སུ་འཛིན་པ་དང༌། ཕྱག་ཆར་བྱུང་བ་ཕྲེང་བ་ཞེས་བྱ།7”ཞེས་གསུངས། འདི་ལ་ངོ་བོ་སྤང་བླང་གི་ཆ་ནས་མང་དུ་མཆིས་ཀྱང༌། འདིར་སྤངས་བྱ་དྲུག་ནི། “མེན་ཏུར་དང་རུས་པའི་འཕྲེང་བ་དང༌། རྡོ་དང་འབྲས་བུ་མེད་པའི་ཤིང་འཕྲེང་དང༌། རྡོ་རྗེ་རི་རབ་མདོ་འཛིན་དང༌། མཛོ་གྷར་རུས་པའི་འཕྲེང་ཐག་སྤང༌།”8ཞེས་པ་འདི་དག་གིས་དད་མོས་དགེ་སྦྱོར་བའི་ཕྱག་འཕྲེང་གི་ངོ་བོ་དང་སྤངས་བླང་གི་རྣམ་དབྱེ་བསྟན་པས་མ་ནོར་བར་གལ་འགངས་སུ་བསམ་ཏེ། བསྙེན་ཡིག་ལས། “འཕྲེང་བ་དེ་ཉིད་མ་ཤེས་ན།། བུད་མེད་རྒན་མོའི་དོ་ཤལ་འདྲ།།”9ཞེས་སོ།།
བཞི་བ། རྫས་འཕྲེང་གི་རྣམ་དབྱེ་ལ་དཔྱད་པ།
ཡུལ་ལུགས་ཀྱི་གོམས་སྲོལ་དང་བླ་མ་རེ་རེའི་གསུང་རྒྱུན། དུས་ཀྱི་འགྱུར་འགྲོས་དང་བསྟུན་ན་འདི་ཞེས་མཐའ་གཅིག་ཏུ་མ་ངེས་ཀྱང༌། “མཁས་རྣམ་མི་མཐུན་བདེན་དོན་ཀུན་ལ་ཡོད།”10ཅེས་གསུངས་པས། འདི་ནས་ཀྱང་མཐུན་མི་མཐུན་ལུང་མང་བགྲང་བ་ལ་དགོས་པ་ཆེར་མ་མཐོང༌། དེས་ན་དཔྱད་གཞི་ཡིག་ཆ་ཁུངས་ལྡན་མདོ་སྡེ་ཁག11གཞི་བཅོལ་ནས“ཕྱག་འཕྲེང་”གི་རྣམ་དབྱེ་ཅུང་ཙམ་བཤད་པ་ལ། བོན་སྒོ་བཞི་ལ་སྦྱོར་ནས་དབྱེ་ཚུལ་གཅིག་དང༌། སྒོ་བཞི་མཛོད་ལྔ་ལ་སྦྱོར་ནས་དབྱེ་ཚུལ་མི་འདྲ་བ་ཁག་གཉིས་ལས། དང་པོ་ལྟར་ན། “ཞི་བ་ལ་ཤེལ་དང་ཉ་ཕྱིས་དང༌། མུ་མིན་དུང་གིས་བཟོས་པ་ཡིན། རྒྱས་པ་གསེར་དངུལ་བ་སོ་སྟེ། ཚེ་རིང་ནད་མེད་དགེ་བ་ཡིན། བྱི་རུ་ཟངས་དང་ཙན་དན་དམར། འགུག་བྱེད་དབང་གི་ལས་རྣམ་མྱུར། རུ་རཀྴ་དང་ལུང་ཐང་འབྲས། ཐོད་པ་མངོན་སྤྱོད་དྲག་པོ་ལ། བྷོ་དྷི་ཙི་ནི་སྤྱི་ལ་རྒྱུག”12ཅེས་དང༌། གཉིས་པ་ལྟར་ན། “དཔོན་གསས་དུང་གི་འཕྲེང་བ་བགྲང༌། སྤྱི་ཁོག་རྒྱུད་ཀྱི་བཀྲོལ་བ་ཡི། ཆབ་ནག་ཤེལ་གྱི་འཕྲེང་བ་བགྲང༌། མན་ངག་མདོ་ཡི་རྩིས་འདེབས་པའི། ཆབ་དཀར་རག་ཤའི་འཕྲེང་བ་བགྲང༌། མདོ་ཁུངས་འབུམ་དུ་འབྲེལ་བ་ཡི། འཕན་ཡུལ་མན་ངག་ལུང་གི་འཕྲེང་བ་བགྲང༌། སྤྱི་ལུང་མཛོད་ཀྱི་དོན་སྟོན་པའི། གཙང་མ་མཐོ་ཐོག་སྤྱི་རྒྱུག་བཟླས་པ་དང༌། བརྗོད་མེད་བྷོ་ཏེ་ཙེའི་འཕྲེང་བ་བགྲངས།”13ཅེས་སོགས་རྣམ་དབྱེ་བསྟན། དེ་མཐུན་གཞན་ནས་གསལ་ཡང་འདིར་ལུང་མང་བཀོད་མེད་ལ། སྤྱིར་ཞིབ་དཔྱད་བྱས་ན་བོན་སྒོ་སོ་སོར་ལུང་ལས་གསལ་བ་ཇི་བཞིན་བེད་སྤྱོད་གནང་དགོས་ཏེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་ཐབས་སུ་བོན་སྒོ་ཡང་བརྒྱད་ཁྲི་བཞི་སྟོང་བཤད། དེ་དག་ཐམས་ཅད་སྒོ་བཞི་མཛོད་ལྔར་བསྡུས་ཏེ་བསྟན་པ་ཇི་བཞིན་འཕྲེང་བ་ཡང་དེ་བཞིན་བོན་སྒོ་བཞི་མཛོད་ལྔ་ལ་སོ་སོར་ཐུན་མོང་མ་ཡིན་པ་རེ་བསྟན་ཡོད་པ་གསལ་བོ་ཡིན།14 “ཉོན་མོངས་རྒྱུ་འབྲས་གདར་ཐག་གཅད་པའི་ཕྱིར་དུ། མི་ཡེངས་དོན་ལ་འཕྲེང་གིན་བགྲངས་པས་བསོད་ནམས་དཔག་ཏུ་མེད། དཀའ་བ་སྣ་ཚོགས་ཐུབ་པས་ཚུལ་ཁྲིམས་རྣམ་པར་དག སྟོབས་མཆོག་ཏེ་ཡི་ནུས་མཐུ་ཡིས། རྒྱུ་འབྲས་གཉིས་ཀའི་བག་ཆགས་གདར་ཐག་བཅད།”15ཅེས་པས། ལུང་བཞིན་སྤྱོད་ན་ཉོན་ཤེས་ཀྱི་བག་ཆགས་ངན་པ་སྦྱངས་ནས་རྒྱུ་འབྲས་བོན་གྱི་གནས་ལུགས་གདར་ཐག་ཆོད། གང་བཟླས་རྟགས་ཐོན་གང་སྒྲུབ་མྱུར་དུ་འགྲུབ་པའི་བྱིན་ནུས་ཆེ་བ་ཡིན།
ལྔ་བ། འཕྲེང་རྡོག་གི་གྲངས་ཇི་ལྟར་དགོས་པའི་ཚུལ་ལ་དཔྱད་པ།
གང་ལྟར་འཕྲེང་འཛིན་པ་མང་ཕྱོགས་ཞིག་གིས་འཕྲེང་བའི་གྲངས་དང་འཕྲེང་ཐག་འདྲེན་ཚུལ་སོགས་ཕྱོགས་གང་ས་ནས་རྨོངས་གནས་སུ་གྱུར་ཡོད་པ་ནི་གདོན་མི་ཟ། ལྷག་ཏུ་ལུང་གང་མང་ལས་གསལ་ཡང་བཞེད་མཐུན་དུ་བཀོད་པ་ནི་ཆེ་དཀོན་ལ་གྲངས་འདྲེན་གྱི་ཚུལ་ལའང༌། སྟོང་དང་རྩ་བརྒྱད་དུ་གསལ་བ་དང༌།16 “སྔགས་ཀྱི་གྲངས་བགྲང་བ་ཡིན་གྱི་བརྒྱ་དང་རྩ་བརྒྱད་ལེགས་སོ།།”17ཞེས་སོགས། ལུང་ལས་མི་མཐུན་པ་མང་བར་མ་ཟད་ཞི་རྒྱས་དབང་དྲག་སོ་སོར་གྲངས་ཡང་ཞི་བ་ལ་བརྒྱ་དང༌། དེ་བཞིན་རྒྱས་པ་ལ་བརྒྱ་དང་བརྒྱད། དབང་ལ་ལྔ་བཅུ། དྲག་པོ་ལ་བཅུ་རུ་བཤད་མོད་ཀྱང༌། འདུལ་གཞུང་ཁག་དང་ཡངས་སུ་གྲགས་པ་ལྟར་ན་གྲངས་བརྒྱ་དང་རྩ་བརྒྱད་དམ་བརྒྱ་དང་བརྒྱད་བཞེད་པ་མཐུན་པར་མང༌།18 གཞན་ཡང༌། “རིགས་རྟགས་སྟིམས་ལ་བརྒྱ་རྩ་བརྒྱད་དུ་འཕྲེང་རྡོག་དག་ལ་སྒོམ་པར་བྱ།”19ཞེས་མཐུན་པའི་དབང་དུ་དཔྱད་ནམ་རྒྱུན་གྲངས་ངེས་པར་བརྒྱ་དང་བརྒྱད་བདེ་སྤྱོད་གནང་བ་ལེགས་ཀྱང༌། ཐུན་མིན་གྱི་བསྙེན་མཚམས་དུས་སུ་སྐབས་བབས་ཞི་རྒྱས་དབང་དྲག་གི་ལུགས་དང་མཐུན་པར་གནང་དགོས་ཏེ་སངས་རྒྱས་དང་སེམས་དཔའི་བྱིན་རླབས་བསྡུས་ནས་རང་ཉིད་མྱང་འདས་དང་མྱང་འདས་ཆེན་པོ་འཐོབ་པའི་ཐབས་ཡིན་པའི་ཕྱིར།
དྲུག་པ། འཕྲེང་ཐག་ཇི་ལྟར་དགོས་པའི་ཚུལ་ལ་དཔྱད་པ།
“འཕྲེང་ཐག”དྲི་བག་ཅན་གྱི་འགྱིག་རིགས་དང་ཁ་དོག་ལས་སོགས་མཛེས་རྩལ་སྣ་ཚོགས་པ་གང་བྱུང་དུ་མི་བྱ་བར་མདོ་ལུང་སོགས་དང་མཐུན་པར་སྤྱོད་པའི་ཚུལ་ནི། “ཤིང་གི་འབྲས་བུ་རིས་ལྔ་བཏུས། ཤིང་ཤུན་ཐག་པ་རིགས་ལྔར་བཀལ།”20ཞེས་དང༌། “པད་ཤུན་འཕྲེང་ཐག་དཀར་པོ་ལ། ཤར་ཕྱོགས་དཀར་པོ་དུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་ལྗང་གུ་ལ། བྱང་ཕྱོགས་ལྗང་གུ་ཤེལ་གྱི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་དམར་པོ་ལ། ནུབ་ཕྱོགས་དམར་པོ་རག་ཤའི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སྔོན་པོ་ལ། ལྷོ་ཕྱོགས་སྔོན་པོ་མན་ལུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སེར་པོ་ལ། དབུས་ཕྱོགས་སེར་པོ་པོ་ཏི་ཙེ་ཡི་འཕྲེང་བ་བརྒྱུས།”ཞེས་དང༌། “འཕྲེང་ཐག་གཞའ་ཚོན་ལྔ་ལ་ནི།”21ཞེས་པས་འཕྲེང་ཐག་ལ་ཁ་དོག་ལྔ་སྒྲིལ་དང་ཕྱོགས་བཞི་དབུས་དང་ལྔའི་འཕྲེང་བའི་རྫས་མི་འདྲ་བའི་འཕྲེང་བ་རེ་རེར་ཁ་དོག་ཡང་དེ་བཞིན་བསྟན། “འོན་ཀྱང་གསང་སྔགས་རྫོང་འཕྲེང་དང༌། རིན་ཆེན་འཕྲེང་བ། རིན་ཆེན་གའུ་སོགས་ནས་ཞི་བའི་འཕྲེང་ཐག་ལ་དར་རས་ཀྱི་སྐུད་པ་དཀར་པོ་སུམ་བསྒྲིལ་དང༌། དེ་བཞིན་རྒྱུན་བུ་ལ་བྱས་ཚེ། ཞི་བ་ལ་གླང་རྒྱུན་དང༌། རྒྱས་པ་ལ་ར་ཁམ་པའི་རྒྱུན་དང༌། དབང་ལ་བ་དམར་པོའི་རྒྱུན་དང༌། དྲག་པོ་ལ་ཞིང་ཆེན་ཅེས་པ་བསྒྲལ་བའི་ཞིང་བཅུར་བསྒྲལ་བའི་མི་ཡི་པགས་པ་དང༌། རས་དམར་བཅས་ལ་བྱ་དགོས་གསུངས།”22ཞེས་གསུངས། ཞི་རྒྱས་དབང་དྲག་གི་འཕྲིན་ལས་མཛད་པོ་ཞིག་མིན་ཕྱིན། སྤྱིར་བཏང་ཞིག་དང་འདུལ་འཛིན་པ་རྣམས་ཀྱི་འཕྲེང་ཐེག་ནི་རས་དང་བལ་དཀར་གྱི་སྐུད་པ་བྱེད་པ་ནི་སྤྱན་ལམ་དུ་བབ་ཆགས་པའི་སྣང་བ་བསྟར་ཞིང་ལུང་དང་མཐུན་སྣང་དུ་གྱུར་པ་ཡིན་པས། “འདུལ་བ་རྒྱུད་དྲུག་ནས། འཕྲེང་ཐག་དར་རམ་བལ་དཀར་གྱི་ཐག་པས་རྒྱུས་པར་གསུངས་པ་དེ་ནི་འདུལ་བ་པའམ་ལས་བཞི་ནས་ཞི་བའི་འཕྲེང་ཐག་གསུངས་པར་སེམས།”23ཞེས་བསྟན་པ་ལྟར་རོ།། ཕྲེང་ཐག་གི་སྣེ་གཉིས་ལྷན་དུ་འདུས་སར་ཡོད་པའི“མདོ་འཛིན”24ནམ“འཕྲེང་དཔོན”25འདིས་ཕྱིའི་ཆ་ནས་འཕྲེང་སྣེ་མདུད་མདོ་ནས་སོ་སོར་མི་གྱེས་པར་དམ་དུ་འཛིན་པར་བྱེད་པའི་མདོ་འཛིན་དང༌། ནང་གི་ཆ་ནས་མདོ་འཛིན་ཡེ་ཤེས་ལྷ་མཚོན་བྱེད་དང༌། འཕྲེང་ཐག་དབྱིངས་ཀྱི་ཡུམ་དང༌། མཐེ་བོང་ཐབས། མཛུབ་བུ་ཤེས་རབ། བདག་ཉིད་གཤེན་རབ་ཏུ་སྦྱར་བར་འོས་ཤིང་མཚོན་བྱེད་དུ་བསྟན་པ་ཡིན་སྟེ།26 “འཕྲེང་ཐག་དབྱིངས་ཀྱི་ཡུམ་དང་སྦྱར།། ས་ཏྲིག་ཨེར་སངས་ཡི་དམ་ལྷ། མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར།། གཤེན་ལྷ་འོད་དཀར་ཡི་དམ་ལྷ།། མཐེ་བོང་ཐབས་ཀྱི་མཆོག་དང་སྦྱར།། སངས་པོ་འབུམ་ཁྲི་ཡི་དམ་ལྷ།། མཛུབ་བུ་ཤེས་རབ་ཕུལ་དང་སྦྱར།།”27 ཅེས་པ་སོགས་ཇི་ལྟར་མཚོན་པའི་ཚུལ་དང་མཐུན་པར་དཔྱད་པ་ཡིས། གཞུང་གང་ཞིག་གི་སྙིང་པོ་བགྲང་ཡང་ལྷ་འཁོར་གཙོ་ཕལ་བཅས་སོ་སོར་སྦྱར་ཚུལ་མ་ནོར་བ་གལ་ཆེའོ།། “མདོ་འཛིན་རྩ་བའི་བླ་མར་སྒོམ། འཕྲེང་རྡོག་རེ་རེ་ཡི་དམ་ལྷ་རེ་རེར་སྒོམ།”28ཞེས་སོ།།
བདུན་པ། ཇི་ལྟར་འདྲེན་པའི་ཚུལ་ལ་དཔྱད་པ།
སྤྱིར་ཐུགས་དམ་འཕྲེང་བ་འདྲེན་པའི་ཚུལ་ལ་གཉིས་ཙམ་སྣང་བ་ལྟར་དང་པོ་ནི། དེ་ཡང་དང་པོ་ནི་སྒོ་གསུམ་མ་དག་པ་སྟེ། ལུས་མ་དག་པ་ཁ་སྦུབ་དང་གན་རྐྱལ་རྐང་བསྒྲད་ལག་བསྒྲད་མ་དག་པ་དང༌། བསྙེན་པ་གང་བགྲང་བའི་དུས་ལ་གཞན་ལག་བརྒྱུད་པ་འདི་དག་ནི་ལུས་མ་དག་པའི་སྤྱོད་པའོ།། ངག་མ་དག་པ་ལུང་དང་མ་འབྲེལ་བར་འདྲེན་པའི་དུས་སུ་ངག་ནས་ཅ་ཅོ་སྒྲུང་གཏམ་ཀུ་རེ་རྩེད་མཚར་འཇིག་རྟེན་པའི་ཆགས་སྡང་རྨོངས་གསུམ་གྱིས་གཏམ་གླེང་སྣ་ཚོགས་དང༌། ཡིད་མ་དག་པ་དགྲ་འདུལ་གཉེན་སྐྱོང་གི་བསམ་པ་ཡིད་ལ་བྱེད་པ་དང་གང་བགྲང་བའི་བསྙེན་པའི་གཙོ་འཁོར་གྱི་ལྷ་ཚོགས་མི་བསམ་པར་ཡིད་རྣམ་པར་གཡེང་ནས་འདྲེན་པ་འདི་དག་ནི་སྤངས་པར་བྱའོ།། གཉིས་པ་ནི་ལུང་ལས་གསལ་ཡང་ལུང་དུ་མ་བཞེད་དགོངས་གཅིག་དུ་མ་ངེས་པ་ནི། དཔེར་ན“འཕྲེང་བ་བགྲང་ཚུལ་ལའང་མི་འདྲ་བ་འགའ་ཞིག་མཆིས་ཏེ། མཁའ་འགྲོའི་རྒྱུད་ལྟར་ན། ཞི་བའི་ལས་ནི་མཛུབ་མོར་བཞག རྒྱས་པ་ལ་གུང་མོ་དང༌། དབང་ལ་སྲིན་ལག དྲག་པོ་ལ་མཐེའུ་ཆུང་གིས་འདྲེན་དགོས་པར་གསུངས།”ཅེས་དང་ཡང༌། “ལས་བཞི་རང་རང་མཛུབ་མོ་གུང་སྲིན་མཐེའུ་ཆུང་གང་བབས་ཀྱི་སྟེང་དུ་བཞག་ལ་མཐེ་བོང་གིས་ཚུར་ལ་བགྲང་བ་སྟེ། མཐེ་བོང་ལྕགས་ཀྱུས་ལྷ་རྣམས་འགུག་ཅེས་བཤད་དོ།། བཟློག་བསད་ལ་ལག་པ་གཡོན་པས་བཟུང༌། གཡས་ཀྱིས་མཐེ་བོང་མཐེའུ་ཆུང་གཉིས་ཀྱིས་ཕར་ལ་བགྲང་བར་བཤད་དོ།།”29ཅེས་གསུངས། “ སྟོང་པ་ཉིད་དང་སྙིང་རྗེས་དབྱེར་མེད་པའི་ངོས་ནས་ལྷ་ཕོ་རྒྱུད་རྣམས་ལ་ལག་པ་གཡས་དང༌། མོ་བརྒྱུད་རྣམས་ལ་ལག་གཡོན་གྱིས་བགྲང་བ་དང༌། ལྷའི་སྐུ་རང་བཞིན་མེད་པར་ཤེས་པའི་དེ་ཉིད་ཀྱི་དོན་ཡོངས་སུ་འགྲུབ་པར་བཤད་པའོ།།”ཅེས་དང༌། “བཟློག་སྔགས་དང་བསད་སྔགས་བགྲང་བའི་དུས་སུ་འཕྲེང་བ་ལ་ལག་གཡོན་གྱིས་བཟུང་ནས། གཡས་ཀྱི་མཐེ་བོང་དང་མཐེའུ་ཆུང་གཉིས་ཀྱིས་ཕར་བཅད་ནས་བགྲང་བ་ཡིན་ནོ།།”30ཞེས་གསུངས། “གསུམ་གྱི་སྦུབས་སུ་དྲང་གིན་བགྲངས”31ཅེས་པས། གསུམ་ནི་མཐེ་བོང་དང༌། མཛུབ་མོ། གུང་མོ་གསུམ་པོ་ཡིན་ལ་གཡས་པས་བཅུག་ལ་གཡོན་པའི་བགྲང་བའི་ཚུལ་དུ་འདྲེན་དགོས་པར་སམ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། “གྲངས་ཀྱི་ཚད་ནི་ལྔ་ལྔ་འཛབ་ཏུ་ཕུལ། གཡས་པས་སོར་མོས་རེ་རེ་བླངས།”32ཞེས་པ། བདེ་བར་གཤེགས་པའི་མཚན་དང་སྙིང་པོ་རྣམ་གསུམ། སྲུང་བཟློག་བསད་གསུམ་ལས་སོགས་སྔགས་འདྲེན་པའི་ཚུལ་མི་འདྲ་བའི་རྣམ་པ་དུ་མ་ཞིག་བཞེད་དགོངས་ཡོད་པ་གོང་འཁོད་ལྟར་ཡིན་ཡང་མདོ་རྩ་འདི་ལྟར་བགྲང་བའི་དགོས་པ་ནི་འཁོར་བའི་བག་ཆགས་ངན་པའི་རྗེས་སུ་མི་འབྲེང་མི་འཕྲེང་བར་བདེ་བར་གཤེགས་པ་སངས་རྒྱས་སྟོང་དང་རྩ་བརྒྱད་ལ་སོགས་ཡང་དག་གནས་ལུགས་ཀྱི་དོན་ཐར་པ་མྱང་འདས་ཀྱི་ཕྱོགས་སུ་འཕྲེང་བའི་དགོས་པར་དགོངས་ཏེ། “འཁོར་བའི་རྗེས་སུ་མི་འཕྲེང་བར། བདེར་གཤེགས་དོན་ལ་འཕྲེང་བའི་ཕྱིར།”33དུ་བོན་སྒོ་བཞིའམ་ཡང་ན་མཛོད་ལྔ་དང་མཐུན་པ་ཇི་ལྟར་བགྲང་འདྲེན་དགོས་པའི་ཚུལ་ལ་དཔྱད་པའོ།།
བརྒྱད་པ། འཕྲེང་བའི་དམ་ཚིག་ལ་ཇི་ལྟར་གནས་དགོས་མིན་ལ་དཔྱད་པ།
འཕྲེང་བའི་དམ་ཚིག་སྲུང་བ་ལ་ངོ་བོ་དང་རྣམ་དབྱེར་དཔྱད་ཞིབ་དགོས་པ་སྨོས་ཅི། འཕྲེང་བའི་དམ་ཚིག་ནི་སྤྱིར་བཤད་ན་འགོམ་ཡུག་བྱ་བ་དང༌། སྡིག་ཆེན་དམེ་བ་ཅན་གྱི་ལག་ནས་བརྒྱུད་འདྲེན་བྱ་བའི་རིགས། བསྙེན་པ་དང་འཛབ་བཟླ་དུས་སུ་མི་ལག་འགྲིམ་པ་དང་གསུམ་བཅས་ཡིན། “དམ་ཚིག་འགོམ་ཡུག་སྨེ་བ་དང༌། བསྙེན་པའི་དུས་སུ་མི་ལག་འགྲིམ་པ་དང༌། གོང་གི་སྤང་བླངས་ལྷན་པ་བྱ།”34ཞེས་གསུངས། གཞན་ཡང་འཕྲེང་བའི་དམ་ཚིག་མང་དུ་བཞེད་ཀྱང༌། བྱེ་བྲག་ཏུ་བཤད་པ་ལ། “འཕྲེང་བའི་དམ་ཚིག་བཅུ་གཅིག་ཡོད་དེ། སྙིང་པོ་བཟླ་དུས་འཕྲེང་བ་གཞན་ལ་མི་བསྟན། རང་གི་ཞབས་སུ་མི་བཅུག གཞན་གྱི་ལག་ཏུ་མི་འགྲིམ། ལག་དལ་བའི་མི་འདྲེན་པར་ལུས་ལ་བཅངས་པ་རྗེན་ལ་མི་འཇོག འཕྲེང་བ་རིགས་མི་གཅིག་པ་རྣམས་མི་བསྲེ། མཛེས་ཆོས་ཀྱི་རྒྱན་དང་མི་སྤྲད། མི་སྡིག་ཅན་གྱི་ལག་ནས་བྱུང་བ་མི་བཅང༌། གཞན་གྱི་གྲངས་བརྩི་སླད་དུ་བཤར་བ་མི་བྱེད། ཚུལ་འཆོས་ཀྱིས་ལག་ཏུ་མི་འདྲེན། རབ་གནས་མེད་པ་མི་བཅངས་པ་དང་བཅུ་གཅིག་གོ”35ཞེས་ཡན་ལག་གི་དམ་ཚིག་བསྟན། “འཕྲེང་བའི་དམ་ཚིག་རྩ་བ་ཡིན།། ཡན་ལག་དམ་ཚིག་མང་བཤད་ཀྱང༌།། མདོར་བསྡུས་འདི་ལྟར་ཤེས་པར་བྱ།། གཡར་དམ་ཉིད་དུ་འཆང་བ་ཡི།། འཕྲེང་བ་གཞན་ལ་མི་བསྟན་ཀྱང༌།། ལུས་ཀྱི་དྲོད་དང་མ་བྲལ་ན།། གང་བསྒྲུབ་མྱུར་དུ་འགྲུབ་པར་གྱུར།།”36ཅེས་པ་ལས་སོགས་དཔྱད་ན། འཕྲེང་བའི་དམ་ཚིག་ལ་གནས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་སྟེ། ལས་བཅོལ་མྱུར་བ་དང་བསམ་པའི་དོན་བཞིན་གང་བསྒྲུབ་མྱུར་དུ་འགྲུབ་པའི་ཕྱིར་འཕྲེང་བའི་དམ་ཚིག་དང་མ་བྲལ་བར་བྱ།
དགུ་བ། རབ་གནས་ཇི་ལྟར་དགོས་པའི་ཚུལ་ལ་དཔྱད་པ།
རབ་གནས་ཇི་ལྟར་བྱ་བའི་ཚུལ་ནི། འདི་ལའང་རབ་གནས་མི་བྱེད་པར་སྔགས་འཛབ་སོགས་བགྲང་བར་ཆེ་མང་མོད་ཀྱང་དེ་དག་ནི་སྔགས་ཀྱི་འགྱུར་ཆུང་བ་དང་བྱིན་རླབས་དང་གང་བསྒྲུབ་འགྲུབ་པ་དཀོན་པས་འཕྲེང་བའི་སྐྱོན་ཡིན་པས་སེལ་བར་འོས་ཏེ། “རབ་གནས་མི་ལྡན་འཕྲེང་བ་དེ། ནམ་ཡང་འཆང་བར་མི་བྱ་ཞིང༌།”37ཞེས་པས། རབ་གནས་ནི་ཤིན་ཏུ་ནས་གལ་ཆེ་སྟེ། འཇིག་རྟེན་འཁོར་བའི་ཕྱོགས་སུ་སེམས་ཀྱི་ཞེན་པ་བཅད་ནས་ཐར་པ་མྱང་འདས་ཕྱོགས་སུ་ཡིད་སེམས་དངོས་སུ་འཕྲེང་བར་བྱེད་པའི་ཐབས་ཀྱི་འཕྲེང་བ་འདི་ཐོག་མར་ཆབ་སྤོས་ཁྲུས་བསང་གིས་དག་ཅིང་གཙང་བར་མཛད། གནས་གཙང་དུ་གདན་ཕྱིང་པ་དཀར་པོའམ་རས་དཀར་པོའི་སྟེང་དུ་འབྲུ་རིགས་སྤུངས་ནས་དྲི་བཟང་བྱུག་སྟེ་བཞག དེའི་མདུན་དུ་མཆོད་པའི་སྤྲིན་ཚོགས་བཤམས་ཏེ། རང་རང་གི་ཡི་དམ་གྱི་མཚམས་བཅད་དང་བགེགས་བསྐྲད་བྱ་ལ། དབྱིངས་ན་བཞུགས་པའི་ཡི་དམ་ལྷ་ཚོགས་སྤྱན་དྲངས་ནས་མཆོད་པའི་ཚོགས་རྣམས་འབུལ་ལ་དགྱེས་བཞེས་མཛད་པར་བསམ་སྟེ། རབ་གནས་ཀྱི་སྙིང་པོ། “ཨཱོྃ་ཙ་རེ་ཐོ་ཡེ་པུ་ཙམ་ཧ་ར་ཁི་ཁར་ཞི་བྲུཾ་འདུ།”38ཞེས་བརྒྱ་ཕྲག་བགྲང་ནས་ཡི་དམ་ལྷ་ཚོགས་རྣམས་ཐུགས་དམ་འཕྲེང་བར་ཐིམ་པར་དམིགས་ཏེ་བྱིན་གྱིས་རླབས། གཞན་ཡང་ཞི་ཁྲོ་ལྷ་ཚོགས་ཀྱི་སྙིང་པོ་དང་ཨ་ལི་ཀ་ལི་བགྲང༌། བསྔོ་སྨོན་རྒྱས་གདབ་མཐར་ཕྱུངས་པར་བྱ། དེ་ལྟར་བགྱིས་པའི་སྔགས་གང་བཟླས་འགྱུར་ཆེ་བ་ལས་སོགས་ཁྱད་དུ་འཕགས་པར་དཔྱད་རབ་གནས་ནི་གལ་འགངས་ཆེ་བའི་ལག་ལེན་ཞིག་སྟེ། “དེ་ལྟར་འཕྲེང་བ་རབ་གནས་བྱས་པ་དེས། དེ་ཐོགས་བསྙེན་པ་གྲངས་ཞིང་ཐོགས་གྱུར་ན། བསྙེན་པ་བརྒྱ་རེ་འབུམ་དུ་འགྱུར། བཟླས་པ་གང་ཡང་ཆུད་མི་ཟ།”39ཞེས་སོགས་ནི་འཕྲེང་བའི་དམ་ཚིག་ཡིན་ལ། གཞན་ཡང་ཡིག་ཐོག་ཏུ་མ་འཁོད་པ་གནའ་བོའི་ངག་རྒྱུན་སོགས་ན་ཡང་འཕྲེང་བའི་དམ་ཚིག་མང་མོད་ཀྱང་དེ་དག་ལ་ཁུངས་ལུང་ཐུབ་པ་མེད་པས་རེ་ཞིག་མ་བཀོད་པའོ།།
དཔྱད་མཆན།
1. «གསང་སྔགས་རྫོང་འཕྲེང༌།» «མདོ་གཟེར་མིག» «མདོ་དྲི་མེད་གཟི་བརྗིད།» «རིན་ཆེན་གཏེར་ཁྱིམ»བཅས་ཡིན།
2. «མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས702ན་གསལ།
3. «བོན་སྒོ།» འདོན་ཨང་བཅུ་བ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། སྤྱི་ལོ། 2009 ཤོག་ངོས1ན་གསལ།
4. «འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ།» རྗེ་མཉམ་མེད། ཤོག་ངོས242ལས། ད་ལྟའི་འདུལ་བའི་ཕུགས་དང་བྱུང་ཁུངས་ནི་ཤིན་ཏུ་བཟང་བ་སྟེ། སྤངས་རྟོགས་ཕུལ་དུ་ཕྱིན་པའི་སྟོན་པ་ཁྲི་གཙུག་རྒྱལ་བ་དེ་ཉིད་ཡིན་པས་སོ།། ཞེས་གསུང་པ་འདིས་འཕྲེང་བའི་བྱུང་ཁུངས་ཀྱང་ཤུགས་ལས་གྲུབ་བོ།།
5.«མདོ་དྲི་མེད་གཟི་བརྗིད།» དེབ་ཨང་11པ། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང༌། སྤྱི་ལོ། 200.9 ཤོག་ངོས388ན་གསལ།
6.«མདོ་དྲི་མེད་གཟི་བརྗིད།» དེབ་ཨང་11པ། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང༌། སྤྱི་ལོ། 2009 ཤོག་ངོས389ན་གསལ།
7.«གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས606ན་གསལ།
8.«གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས607ལས་དེ་ལ་སྤང་བ་དྲུག་དང་ལེན་པ་དྲུག དམ་ཚིག་དྲུག་དང་རྒྱུ་རྐྱེན་དྲུག བྱིན་རླབས་དྲུག་དང་ཐར་ལམ་དྲུག དེ་ལ་སྤང་པ་དྲུག་ནི། མེན་ཏུར་དང་རུས་པའི་ཕྲེང་བ་དང༌། རྡོ་དང་འབྲས་བུ་མེད་པའི་ཤིང་འཕྲེང་དང༌། རྡོ་རི་རབ་མདོ་འཛིན་དང༌། མཛོ་གྷར་རུས་པའི་འཕྲེང་ཐག་སྤང༌། ལེན་པ་དྲུག་ནི་ནི་འདི་ལྟར་རོ།། འབྲས་བུ་དྲུག་དང་དྲག་པོའི་ཤིང༌། དབང་དང་འབྲས་བུ་ལྷན་པ་གསུམ། དམ་ཚིག་གྷོམས་ཡུགས་སྨེ་བ་དང༌། སྙེན་པའི་དུས་སུ་མི་ལག་འགྲིམ་པ་དང༌། ཞེས་མང་དུ་མཆིས་དེར་ཞིབ་གཟིགས་ཞུ།
9. «བོན་སྒོ།» འདོན་ཨང་བཅུ་བ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། སྤྱི་ལོ། 2009 ཤོག་ངོས9ན་གསལ།
10. «ས་ལམ་རང་འགྲེལ་གྱི་གཞུང༌།» རྗེ་མཉམ་མེད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་བསྐྲུན། ཤོག་ངོས26ན་གསལ།
11.0«གསང་སྔགས་རྫོང་འཕྲེང༌།» «མདོ་གཟེར་མིག» «མདོ་དྲི་མེད་གཟི་བརྗིད།» «འདུལ་བ་ཀུན་བཏུས»བཅས་ཡིན།
12. «ལྷ་གཉེན་ཤེལ་སྒོང༌།» རྫ་ཁོག་གི་ཤིང་དཔེ་ཅན། ཤོག་ངོས77ན་གསལ།
13.«མདོ་དྲི་མེད་གཟི་བརྗིད།» དེབ་ཨང་11པ། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང༌། སྤྱི་ལོ། 2000.9 ཤོག་ངོས390ན་གསལ།
14.«བསོད་བློའི་ཀུན་བཏུས་འདུལ་འགྲེལ།» གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་པར་དུ་བསྐྲུན། ཤོག་ངོས346ན་གསལ།
15.«མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས704ན་གསལ།
16.«མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས703ན་གསལ།
17.«རྣལ་འབྱོར་རོལ་པའི་དགའ་སྟོན།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.12 ཤོག་ངོས220ན་གསལ།
18.«བསོད་བློའི་ཀུན་བཏུས་འདུལ་འགྲེལ།» གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་པར་དུ་བསྐྲུན། ཤོག་ངོས346ན་གསལ།
19. «གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས608ན་གསལ།
20.«མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས703ན་གསལ།
21.«གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས608ན་གསལ།
22.«བོན་སྒོ།» འདོན་ཨང་བཅུ་བ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། སྤྱི་ལོ། 2009 ཤོག་ངོས4ན་གསལ།
23.«བོན་སྒོ།» འདོན་ཨང་བཅུ་བ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། སྤྱི་ལོ། 2009 ཤོག་ངོས4ན་གསལ།
24.«གསང་སྔགས་རྫོང་འཕྲེང༌།» «མདོ་གཟེར་མིག» «མདོ་དྲི་མེད་གཟི་བརྗིད»སོགས་ནས“མདོ་འཛིན”ཞེས་གསལ།
25.ཡུལ་ལུང་ཁམས་བྲག་མགོ་སོགས་ཡུལ་ལུང་མི་ཉུང་བ་ཞིག་གིས་མདོ་འཛིན་ལ“འཕྲེང་དཔོན”ཞེས་ཀྱང་འབོད།
26.«མདོ་དྲི་མེད་གཟི་བརྗིད།» དེབ་ཨང་11པ། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང༌། སྤྱི་ལོ། 2000.9 ཤོག་ངོས390ན་གསལ།
27.«མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས703ན་གསལ།
28.«གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས608ན་གསལ།
29.«བོན་སྒོ།» འདོན་ཨང་བཅུ་བ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། སྤྱི་ལོ། 2009 ཤོག་ངོས8ན་གསལ།
30.«རྣལ་འབྱོར་རོལ་པའི་དགའ་སྟོན།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.12 ཤོག་ངོས222ན་གསལ།
31.«མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས704ན་གསལ།
32. «མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས704ན་གསལ།
33. «མདོ་གཟེར་མིག» ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། སྤྱི་ལོ། 1991.6 ཤོག་ངོས704ན་གསལ།
34. «གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས607ན་གསལ།
35. «ལྷ་གཉེན་ཤེལ་སྒོང༌།» རྫ་ཁོག་གི་ཤིང་དཔར་ཅན། ཤོག་ངོས80ན་གསལ།
36. «རྣལ་འབྱོར་རོལ་པའི་དགའ་སྟོན།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.12 ཤོག་ངོས87ན་གསལ།
37. «རྣལ་འབྱོར་རོལ་པའི་དགའ་སྟོན།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.12 ཤོག་ངོས87ན་གསལ།
38. «གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས608ན་གསལ།
39. «གསང་སྔགས་རྫོང་འཕྲེང༌།» དཔེ་གཟུགས། ལྡི་ལི་དཔེ་སྐྲུན་ཁང༌། ཤོག་ངོས609ན་གསལ།
2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་པ་ལས་བཤུས།