ཞུ་སྒོམ་འཁྲུལ་ཞིག་གི་སྐོར་ལ་དཔྱད་པའི་གཏམ།

[ཟླ་ཚེས། 2019-05-22 14:16:50][རྩོམ་པ་པོ། སྟག་ཞིག་དངོས་གྲུབ་ཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

[ནང་དོན་གནད་བསྡུས།] རྩོམ་འདིར་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་སོགས་ལས་ཞུ་སྒོམ་འཁྲུལ་ཞིག་སྔ་ཕྱི་གཉིས་སུ་ཡོད་པར་གསལ་ཡང་དེ་གཉིས་གང་ཟག་གཅིག་གམ་ཡང་ན་ཐ་དད་པ་གཉིས་བྱུང་མིན་གྱི་གསལ་ཁ་དེ་ཙམ་མེད། དེས་ན་འདིརདེ་གཉིས་ཚེ་ལ་རང་དབང་ཐོབ་པའི་གང་ཟག་གཅིག་གམ་གཉིས་སུ་བྱུང་མིན་གྱི་སྐོར་དང་། མདོ་སྨད་ཞིག་པོ་བཅོ་བརྒྱད་སྔ་ཕྱི་གང་གི་སློབ་རྒྱུད་ཡིན་མིན་གྱི་སྐོར་སོགས་ཅུང་གསལ་བཤད་བྱས་ཡོད།
[བརྡ་ཆད་གཙོ་བོ།གདུང་རབས། དབང་ལྡན་ཞུ་ཚང་། ཞུ་སྒོམ་འཁྲུལ་ཞིག  སྔ་མ། ཕྱི་མ། ཞིག་པོ་བཅོ་བརྒྱད།
དེ་ཡང་སྤྱིར་དབང་ལྡན་ཞུ་ཡི་གདུང་རབས་བྱུང་ཚུལ་བསྟན་འབྱུང་གཞན་དུ་གསལ་བར་ལྟར་ལ། བྱེ་བྲག་ཞུ་སྒོམ་འཁྲུལ་ཞིག་ལ་བསྟན་འབྱུང《སྐལ་བཟང་མགྲིན་རྒྱན》དང་། 《ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》སོགས་ནས་མིང་འདྲའམ། སྔ་ཕྱི་གཉིས་སུ་བྱུང་ཚུལ་གསལ་ཡོད་ཀྱང་། དེ་གཉིས་ཚེ་ལ་རང་དབང་ཐོབ་པའི་གང་ཟག་གཅིག་དུས་ཡུན་རིང་པོར་བཞུགས་པའམ། དུས་སྔ་ཕྱི་ལྟར་གང་ཟག་གཉིས་སུ་བྱུང་མིན་གྱི་གསལ་ཁ་དེ་ཙམ་མེད། ཕྱིས་སུ་དེའི་སྐོར་ལ་ལོ་རྒྱུས་སྨྲ་བ༼《བསྟན་འབྱུང་ཤེལ་རྒྱ་མཐོང》ལས།1 “རབ་བྱུང་དང་པོའམ། གཉིས་པར་བྱོན་ན། རབ་བྱུང་ལྔ་བའི་དུས་སྐུ་སྤྲུལ་ཁྲོ་གཉན་ལ་ཞལ་གདམས་གནང་བ། རབ་བྱུང་དྲུག་པའི་ནང་ཙོང་ཁ་བ་བློ་བཟང་གྲགས་པ་ལ་ཐུགས་སྨོན་དང་ཡུལ་གྱི་བསྙུངས་གཞི་ལ་ཕན་མཛད་རྣམས་དུས་མི་མཚུངས་ཞེས་སྨྲ་མི་དགོས་ཏེ། ང་ལོ་བརྒྱ་ལོན་ནས་གཞོན་པར་སོང་། ཞེས་གསུངས་པའི་ཚིག་དེ། ཚེ་ལ་དབང་བའི་རིག་འཛིན་ནི། ལོ་བརྒྱ་ཕྲག་དུ་མར་བཞུགས་པ་ན་ལོ་བརྒྱ་ལོན་ནས་གཞོན་ལུས་ཅན་དུ་འགྱུར་བ་རྒྱུད་དགོངས་དོན་ཡིན་པས། གང་ཟག་གཞན་ལྟར་ལོ་ཚིགས་མི་འགྲིགས་ཞེས་སོམ་ཉིའི་དྲ་བར་ཚུད་མ་དགོས་སོ། །”ཞེས་གསལ།༽རྣམས་ཀྱིས་ཀྱང་འདིའི་སྐོར་ལ་ཆེད་དུ་ཞིབ་འཇུག་གནང་ཞིང་ཕྱག་རྩོམ་བྲིས་མཁན་ཡང་ཕལ་ཆེར་བྱུང་མེད་པ་འདྲ་སྙམ། སྤྱིར་བཏང་སྔ་བྱུང་གི་ལོ་རྒྱུས་དང་། བསྟན་འབྱུང་དག་ལ་ཕྱིར་མིག་ཅིག་བྱས་ན། དོན་དངོས་དང་དགོས་དབང་ཅི་རིགས་ཤིག་གིས་གསར་རྙིང་དང་། སྔ་ཕྱི། མིང་འདྲ་ཞེས་ལོ་རྒྱུས་ཀྱི་མི་སྣ་མང་པོ་ངོ་སྤྲོད་བྱེད་པའི་གོམས་སྲོལ་ཡང་ཐུན་མོང་ལ་ཡོད་པ་ཞིག་མིན་ནམ་སྙམ། ཆོས་ཕྱོགས་ནས་བསམ་ན་འཕོ་བ་གྲོང་འཇུག་གི་སྡོམ་པ་དང་། སྐྱེ་འཆི་ལ་མངའ་བརྙེས་པའི་གྲུབ་ཐོབ་མང་དུ་བྱུང་ཡོད་པའང་དངོས་ཡོད་ཡིན་འདུག་པས། དེ་དག་གི་ལོ་རྒྱུས་འཆད་སྐབས་མི་ཕལ་པ་ལྟར་ལོ་ཚིགས་འགྲིག་དཀའ་བ་དང་། ལོ་བརྒྱ་ཕྲག་འགའ་ཡིས་ཆོད་པ་ཙམ་གྱིས་འདི་ཡིན་འདི་མིན་གྱི་གསལ་བཤད་ཐུབ་པ་ཞིག་ཀྱང་མ་རེད་དྲན། དེས་ན་ད་ལན་བདག་གིས་ཀྱང་ལོ་རྒྱུས་ཀྱི་ཡིག་ཚང་ནང་ཞུ་སྒོམ་འཁྲུལ་ཞིག་དུས་རབས་སྔ་ཕྱི་གཉིས་ཙམ་ནང་ཡོད་པར་གསལ་བ་ལྟར། ཡང་སྙིང་སྔ་ཕྱི་གཉིས་གང་ཟག་གཅིག་གམ་གཉིས་སུ་བྱུང་ཡོད་མེད་ཀྱི་སྐོར་ཅུང་གསལ་བཤད་ཞུ་འདོད་པ་དེ་ཡིན། ཁོང་གི་རྣམ་ཐར་གྱི་སྐོར་ལ། ཞང་སྒོམ་རིན་ཆེན་རྒྱས་བས་མཛད་པའི《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར》དང་། གླང་ཞིག་ཆེན་པོས་མཛད་པའི《ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》ཞེས་པ་རྩ་བའི་གཉིས་ཡོད་འདུག་ལ། 《སྔ་མའི་མཇུག་བྱང》ལས།2 “བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྒྱུས་རྒད་པོ་བླ་མ་ཆེན་པོ་དང་མཇལ་བ་འགའ་ལ་ཐུག་ནས། ཞང་སྒོམ་རིན་ཆེན་རྒྱལ་བས་བཀོད་པ་རྫོགས་སོ། །”ཞེས་གསུངས་པར་གཞིགས་ན་བླ་མ་ཆེན་པོ་ལ་ཆ་རྒྱུས་ཅན་གྱི་རྒད་པོ་འགའ་ལ་བཅར་འདྲི་ལྟ་བུའི་སྒོ་ནས་བྲིས་པ་ཞིག་ཡིན་འདུག་ལ། འཁྲུལ་ཞིག་ཕྱི་མའི་སྐོར་ཟུར་ཙམ་ཡང་གསལ་མི་འདུག་པས། དུས་རབས་བཅུ་གཉིས་ཡས་མར་དུ་བྱུང་བ་ཞིག་ཡིན་ནམ་སྙམ། རྗེས་མའི་ནང་འཁྲུལ་ཞིག་ཕྱི་མའི་སྐོར་ཅུང་ཞིབ་པར་འདུག་ལ་ཙོང་ཁ་པ་བློ་བཟང་གྲགས་པ་ལ་ཐུགས་སྨོན་དང་། ཡུམ་གྱི་སྙུང་གཞི་སེལ་བར་མཛད་པ་སོགས་གསལ་སྟབས་དུས་རབས་བཅུ་བཞིའི་ཡས་མར་བརྩམས་པ་ཞིག་ཡིན་པར་སེམས། འོན་ན་མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས་སྔ་ཕྱི་གཉིས་གང་ཟག་གཅིག་ཏུ་གསུངས་པ་ཇི་ལྟར་སྙམ་ན། བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ནི་སྤྱིར་གཡུང་དྲུང་གི་བོན་དང་། བྲུ་ཞུ་སྤ་རྨེའུ་གཤེན་སོགས་ཀྱི་བྱུང་རབས་རགས་བཤད་ཅན་གྱི་གཞུང་ཞིག་ལས་བྱེ་བྲག་གང་རུང་ཞིག་ཆེད་དཔྱད་ཀྱི་མཐར་དཔྱོད་ལྟ་བུ་མ་ཡིན་པས་དགོངས་གཞི་གཞན་ཞིག་ཡོད་ནའང་ཆོག་པར་སེམས། མདོར་ན་ད་ཡོད་ཀྱི་རྣམ་ཐར་སྔ་ཕྱི་བར་ཅུང་དཔྱད་བསྡུར་བྱས་པ་བརྒྱུད། ངོས་རང་གིས་ཀྱང་དུས་རབས་བཅུ་གཉིས་དང་བཅུ་བཞིའི་སྐབས་སུ་མཆིས་པའི་ཞུ་སྒོམ་འཁྲུལ་ཞིག་གང་ཟག་སོ་སོར་ཡིན་པར་ངོས་འཛིན་ཞུ་འདོད་པས། དེ་ལྟར་རྒྱུ་མཚན་ཡང་རིམ་པར་གླེང་རྒྱུ་ཡིན།
གཅིག  ཞུ་སྒོམ་འཁྲུལ་ཞིག་སྔ་མའི་སྐོར་གླེང་བ།
དེ་ལ་ཞུ་སྒོམ་འཁྲུལ་ཞིག་སྔ་ཕྱི་གཉིས་ལས། སྔ་མ་ནི་ཡབ་སྐྱེ་སེ་ཆེན་པོ་༼《སྐལ་བཟང་མགྲིན་རྒྱན》དང་། 《བསྟན་འབྱུང་ཤེལ་རྒྱང་མཐོང》སོགས་ལས་ཞུ་གཡས་ལེགས་པོ་ལ་སྲས་གཉིས་ཏེ། ལྷ་རྗེ་སྐྱིད་པོ་དང་། སྐྱེ་སེ་ཆེན་པོ་གཉིས་སུ་གསུངས་ཤིང་། 《དབང་ལྡན་ཞུ་ཡི་གདུང་རབས》ལས།3 དེའི་སྲས་སྐྱིད་པོ་དང་། རྒྱལ་མཚན་འབར་གཉིས་སོ། །སྐྱིད་པོའི་སྲས་སྐྱེ་སེ་ཆེན་པོ། དེ་ལ་སྲས་བཞི་སྒྲོལ་བ་གཤེན་རྒྱལ། ཇོ་ཐོག་བྲག་ནག ལྷ་རྗེ་ཇོ་མཁར། ཡུམ་མི་གཅིག་པའི་ཨ་ཇོ་འབུམ་མེ། དེ་ལ་ཕྱིས་སུ་ཞུ་སྒོམ་འཁྲུལ་ཞིག་ཟེར་རོ། །”ཞེས་གསལ་བས་སྐྱེ་སེ་ཆེན་པོ་ལེགས་པོ་དང་། སྐྱིད་པོ་གང་གི་སྲས་ཡིན་མིན་བརྟག་བྱར་སྣང་།༽དགུང་ལོ་བརྒྱད་ཅུ་རྩ་ལྔའི་ཐོག་ཉེ་གནས་ཀྱི་ཇོ་མོ་རྒྱན་ཆུང་བྱ་བར་སྐུ་འཁྲུངས། ༼སྤྱིར་སྐྱེ་སེ་ཆེན་པོ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བུ་སློབ་བཅུ་དྲུག་ལྷག་བྱུང་སྟེ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》ལས།4 “སྐུ་སྲས་བཞི་བྱོན་ཏེ། ཞུ་སྒྲོལ་བ་གཤེན་རྒྱལ།༼《ཁྱུང་རབས་གསེར་གྱི་མེ་ལོང》ལས།5 ཞུ་སྒྲོལ་བ༼ཕྱི་ལོ་༡༠༨༡ལྕགས་བྱ་ལོར་འཁྲུངས༽ཞེས་གསུངས།༽ལྷ་རྗེ་ཇོ་མཁར། མཁས་པ་ཇོ་ཐོག ཞུ་སྒོམ་འཁྲུལ་ཞིག་གོ །གསུངས་སྲས་བཞི་ནི། རྨེའུ་ལྷ་རི་གཉན་པོ། བྲུ་སྟོན་རྗེ་བཙུན་དམ་པ། གཤེན་སྟོན་སྨན་རྒོད་ཆེན་པོ། གཙང་བ་རབ་སྟོན་པ་དང་བཞིན་ཡིན། ཐུགས་སྲས་བཞི་ནི། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ། གྲུབ་ཐོབ་ཉི་མ་སེང་གེ དགོངས་མཛོད་དམ་པ་རི་ཁྲོད་པ། རྟོགས་ལྡན་གཙང་བ་སེ་བོ་དང་བཞི། ཡོན་ཏན་སྲས་གཉིས་ནི། མཁས་དབང་སྨན་སྟོན་དར་མ་དང། སྨན་སྟོན་ཇོ་རྩེ་གཉིས། ཕྲིན་ལས་སྲས་གཉིས་ནི། ཟུག་སྟོན་དངོས་གྲུབ་དང་། མེ་སྟོན་ཤེས་རབ་འོད་ཟེར་གཉིས་ཡིན་ནོ། །”ཞེས་གསུངས། ༽ཡབ་དགུང་ལོར་མཐོ་པོར་ཡིན་རྩང་ཕ་མགོ་དཀར་ལ་བུ་རྐང་དམར་སྐྱེས་པ་ངོ་ཚ་གསུངས་ནས། སྲས་ཇོ་མཁར་ལ་བུར་བཅོལ་གསང་མཚན་ཇོ་སྲས་དང་། འབུམ་མེ་སོགས་བཏགས། གཅེན་ཇོ་མཁར་ལ་སྒོམ་མང་དུ་ཞུས། 《སྐལ་བཟང་མགྲིན་རྒྱན》ལས།6 “མཚན་དུ་འབུམ་མེ་དགུབ་༼དགུང་༽ལོ་བརྒྱད་ལོངས་དུས། །ཡབ་ཀྱིས་སྨན་མར་གསོལ་འཕྲོ་ཞིག་གནང་ཞིང་། །ཞི་ཁྲོ་བདུད་རྩི་སོགས་པའི་དབང་བསྐུར་སྐབས། །བྱིན་རླབས་གནང་མཛད་གཏོར་དབང་ཞིག་བསྐུར་ནས། །སྒོང་ནང་གཤོག་རྩལ་རྒྱས་པ་ཞིག་ཤོག་ཅིག །ཚིག་བོར་དོན་ལ་ཞུགས་པ་ཞིག་ཤོག་ཅིག །གསུངས་ཏེ་ཡབ་གཤེགས་”ཅེས་གསལ་བས་འཁྲུལ་ཞིག་དགུང་ལོ་བརྒྱད་ལོར་ཡབ་སྐྱེ་སེས་བྱིན་གྱིས་བརླབས་ནས་འཁྲུལ་པ་དབྱིངས་སུ་ཞིག ཡབ་ཀྱང་ལོ་དེར་འདས་པ་མིན་ནམ་སྙམ། 《བླ་མ་ཡར་འབྲོག་པའི་རྣམ་ཐར་མུ་ཏིག་འཕྲེང་བ》ལས། 7 “ལོ་ཉི་ཤུ་རྩ་གཅིག་ལ་གཙང་དུ་ཕྱིན། སྐྱིན་༼སྐྱིད་༽མཁར་དུ་ཕྱི་ཙམ་ན་ཞུ་ཆེན་འདས་ནས། བླ་མ་དམ་པ་ལ་བདུན་ཚིགས་ཞུས་ནས་ཐོན་”ཞེས་དང་། 《ཁྱུང་རབས་གསེར་གྱི་མེ་ལོང》ལས།8 “༼དཔལ་ཚུལ་བསྟན་འབྱུང་ལས་ཡར་འབྲོག་མེ་སྟོན་ཤེལ་འོད་རབ་བྱུང་དང་པོའི་ས་ཁྱི་ཕྱི་ལོ་༡༠༥༨ལ་འཁྲུངས། དགུང་ལོ་ཉེར་གཅིག་ས་རྟ་ཕྱི་ལོ་༡༠༧༨ལོར་སྐྱེ་སེ་འདས་ནས་བདུན་ཚིག་༼ཚིགས་༽བཞུགས་པར་གསལ།༽ ”ཞེས་གསུངས་པ་ལྟར་ན་སྤྱི་ལོ་༡༠༧༨ལོར་འདས་པ་གསལ་ཡང་། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར》ལས།9 “དེ་ཡང་སློབ་དཔོན་ཞུ་སྟོན་སྐྱེས་སེ་རྒུང༼སྐྱེ་སེ་དགུང༽ལོ་རྒྱད་ཅུ་རྩ་ལྔ་༼ལ༽། ཉེ་གནས་ཇོ་མོ་རྒྱན་ཆུང་དང་འཇལ་༼མཇལ་༽ནས་སྲས་བྱུང་།” ཞེས་དང་། 《སྐལ་བཟང་མགྲིན་རྒྱན》ལས།10 “སྐྱེ་སེ་ཆེན་པོ་དགུང་ལོ་དོན་གསུམ་དུས། །ཉེ་གནས་ཇོ་མོ་རྒྱན་ཆུང་དང་བཤོས་སྲས། །འཁྲུངས་ཚེ་མགོ་དཀར་ཕ་ལ་རྐང་དམར་བུ། །ངོ་ཚ་གསུངས་ནས་ཇོ་མཁར་བུ་རུ་བཅོལ། །”ཞེས་པ་སོགས་གོང་འོག་འགྲིག་དཀའ་སྟེ། སྐྱེ་སེ་དགུང་ལོ་བརྒྱད་ཅུ་རྩ་ལྔ་དང་། དོན་གསུམ་གང་གི་ཐོག་སྲས་བྱུང་མིན་གང་ལྟར་ཡང་། སྤྱི་ལོ་༡༠༧༨ལོར་སྐྱེ་སེ་ཆེན་པོ་འདས་པར་བདེན་ན། དེ་ནས་མར་གྱ་ལྔ་དང་། དོན་གསུམ་གང་བརྩིས་ཀྱང་། སྤྱི་ལོ་༩༩༣-༡༠༠༥གང་རུང་ལོར་ཁེལ་ཡོད། སྐབས་དེར་ཁོང་གི་ཡབ་དང་མེས་པོ་གང་ལྟར་ཡང་ཞུ་གཡས་ལེགས་པོ་༼༡༠༠༢-༡༠༦༥༽གཞི་ནས་འཁྲུངས་དགོས་པས་དཔྱད་ཞིབ་གནང་རྒྱུ་གལ་ཆེའོ་སྙམ། སྐྱེ་སེ་དགུང་ལོ་བརྒྱད་ཅུ་རྩ་ལྔ་དང་། དོན་གསུམ་གང་རུང་ལ་སྲས་འཁྲུལ་ཞིག་འཁྲུངས་པར་ངེས་ལ། འཁྲུལ་ཞིག་དགུང་ལོ་བརྒྱད་ཀྱི་ཐོག་ཡབ་སྐྱེ་སེ་གྲོངས། དེ་ལྟར་ན་སྐྱེ་སེ་དགུང་ལོ་གོ་གཉིས་དང་། བརྒྱད་ཅུ་གང་རུང་ལ་འདས་པ་ཡིན་ནམ་སྙམ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》ལས་ཀྱང་།11 “མཛད་པ་མཐར་ཕྱིན་ནས་དགུང་ལོ་བརྒྱད་ཅུ་བཞེས་ཚེ་སྐུ་གཞའ་འོད་དང་བཅས་དབྱིངས་སུ་གཤེགས།” ཞེས་གསུངས་སོ། །མདོར་ན་དགོངས་མཛོད་རི་ཁྲོད་པས་༼༡༠༣༨-༡༠༩༦༽ཞུ་སྐྱེ་སེ་ཆེན་པོ་དང་། སྲས་སྒྲོལ་བ་གཤེན་རྒྱལ་གྱི་དྲུང་དུ་སྔགས་སེམས་ཀྱི་བོན་མང་དུ་ཞུས་ཏེ་རྩ་བའི་བླ་མར་བསྟེན་པར་གསལ་བས་དུས་རབས་བཅུ་གཅིག་པའི་ཡས་མར་དུ་བྱོན་པར་ངེས་སོ། །དེ་ལྟར་ཡབ་གྲོངས་རྗེས་ལྷ་རྗེ་ཇོ་མཁར་བླ་མར་བསྟེན་ཏེ་རི་ཁར་གཡམ་པའི་སྒྲོམ་བུ་བྱས་ཏེ་དགོངས་པ་མཛད་ནས་དགུང་ལོ་བཅུ་བཞིའི་བར་དུ་བཞུགས། དགུང་ལོ་བཅུ་བཞི་ན་སྲང་དུ་བོན་འཁོར་ཅིག་བྱུང་བར་བཙན་པོ་ཀུན་གདན་འདྲེན་པ་ལ། ལྷ་རྗེ་ཇོ་མཁར་གྱིས་གཅུང་པོ་རང་ཡང་ད་རེས་འགྲོ་ན་ཆོག་གསུངས་པས། ཤིན་ཏུ་ཐུགས་དགྱེས་ནས་དེར་ཕྱིན། ཤ་མར་དང་། ར་རྡོག་བཅུ་ཙམ་འབུལ་བ་བྱུང་། དེ་དག་རྒྱགས་སུ་ཁྱེར་ནས་གཅེན་པོ་ཇོ་མཁར་དང་། སྒྲོལ་བ་གཤེན་རྒྱལ་རྣམ་གཉིས་ཀྱི་དྲུང་དུ་སློབས་གཉེར་ལ་བྱོན་ནས། དགུང་ལོ་ཉི་ཤུ་རྩ་བཞིའི་བར་དུ་ཐོས་བསམ་མཛད། ཟོ་བོ་ཁྱུང་ལག་གི་ལྷ་ཁང་དུ་བཞུགས། ཞིག་པོའི་སྤྱོད་པ་མཛད་ནས་ལྷ་རྗེ་གཤེན་རྒྱལ་སོགས་ཀྱིས་གསོལ་ཟས་ཇི་ཙམ་ཕུལ་ཡང་ཞིམ་ནས་ཁ་མི་ཚུགས་གསུངས་ཏེ་མི་བཞེས་པར་དྲི་ཆེན་འདྲ་གསོལ་ནས་བཞུགས། སྐབས་ཤིག་ལ་ལྷ་རྗེ་ཇོ་མཁར་གྱིས་སྔོ་ཕུག་བྲག་ལ་སྨན་སྒྲུབ་མཛད་ནས་གདན་འདྲེན་པས། མི་ཞིག་གི་རྐང་པ་ལ་དྲི་ཆེན་དུམ་བུ་ཞིག་འབྱར་འདུག་པ་བླངས་ནས་སྒྲུབ་ཕ་ལ་བཙུད་པ་དང་། སྐྱག་པ་སྐམ་པོ་སྟུག་པ་རློན་པའི་བདུད་རྩི་རུ་བསྭོ་ཐ། ཞེས་སོགས་གསུངས་ནས་ཕོ་བྲང་ལ་སྐོར་བ་མཛད་པས། ཐམས་ཅད་རིག་པ་འུར་ནས་སྨན་ལེགས་པ་སོགས་རྣལ་འབྱོར་གྱི་སྤྱོད་པ་མང་དུ་མཛད། ལྷ་རྗེ་ཇོ་གཤེན་གྱིས་ཨ་ཇོ་ཁྱིམ་དུ་བསྡོད་ལ་གནས་གཞི་ཟུངས། ཇོ་མོ་ཞིག་ཀྱང་བླང་དགོས་གསུངས་ཀྱང་། བླ་མས་ཐུགས་བཞེས་མ་གནང་པར་དཔེ་ཆ་དང་། ཡབ་ཀྱིས་ཕོག་པའི་ཞིང་ཁང་། སེར་ཐོ་ཐམས་ཅད་སློབ་དཔོན་ལ་ཕུལ་ནས་དགོན་པར་བཞུགས། དེ་ནས་ཚིག་བོར་དོན་ལ་ཞུགས་ནས། ལོ་ལྔ་རུ་རྩེ་སྨན་རི་ལ་ཀུན་བཟང་ལ་ཕྱག་འཚལ། ཀུན་ཏུ་བཟང་པོ་ཚད་མེད་འོད་ལྡན་གྱི་ཞལ་མཇལ། སྡིག་སྒྲིབ་དག་པའི་རྟགས་སུ་རྣག་ཁྲག་སོགས་ཇི་ཙམ་འཛག་ཀྱང་ཀུན་བཟང་ལ་ཕྱག་མི་འཚལ་ཀ་མེད་གསུངས་ནས་རྒྱུན་དུ་བཙལ་བས། འཁྲུལ་པ་ཞིག་ཅིང་བདེན་པ་རྟོགས་སོ། །དེ་ནས་པད་མ་རྒྱན་བྱ་བར་རོལ་པ་མཛད་པས་བདེ་བ་ཐུན་མོང་མ་ཡིན་པ་སྐྱེས། དེ་ནས་ར་མོ་བཀྲ་ཤིས་བྱ་བ་ཕྱག་མོ་བགྱིས་ནས་དགུང་ལོ་སུམ་ཅུ་སོ་བཞིའི་བར་དུ་ལ་སྟོད་དུ་བཞུགས། སྐབས་དེར་ཇོ་མོར་སྦྲུམ་བཅས་ནས་སྐྱིད་མཁར་དུ་མར་བྱོན། ལྷ་རྗེ་ཐོག་གིས་ཨ་ཇོ་ལ་སྒོམ་མ་ཅིག་འདུག་ཟེར་བས་བདེན་ནམ་གསུངས་པས་འདུག་གསུངས། གཟུགས་པོའང་མཐོ་འདུག་མི་ཟེར་རམ་གསུངས་སམ། འདུག་གསུངས། ཨ་ཇོའི་ལུགས་དེ་ལྟར་མིན་སྒོམ་མ་བླངས་ན་ཕྱུག་མོ་ཞིག་བླང་ལ། ཐ་མོ་ཞིག་ཁྲིད་ནས་ཕྲུ་གུ༼སྲས་ལྷ་འབུམ་མིན་ནམ་སྙམ།༽བཏོན་ཞུ་ཡི་བླ་བཙོང་གསུངས་ནས་བཀྱོན་པས། བླ་མ་འགག་མེད་རོལ་པའི་མགུར་བཞེངས་པས། ཨ་ཇོ་མི་རུ་མི་འདུག་གསུངས་ནས་ཐུགས་དགྱེས། དེ་ནས་ཚོགས་ཁ་ལ་བཞུགས་ནས་སྣང་བ་བཏུལ། སྐུ་བསོད་སྐྱེས། དགེ་སྦྱོར་འཕེལ་ཏེ་སྐལ་ལྡན་གྱི་གདུ་བྱ་དུ་མ་སྨིན་གྲོལ་མཛད། མཐར་སྲས་ལྷ་འབུམ་ལ་གསུངས་པ། “ང་ཤི་ཙ་ན་མྱལ༼མྱ༽ངན་པ་རྣམས་ཀྱི་ཁར་ཐལ་དྲོན་སྤ་རེ་ཐོབ་ཅིག༼ཐོབས་ཤིག༽ ང་ཡི་བླ་མ་བདེ་གནས་བདེ་བ་འགྲོ་བ་ལ་དུ་༼ངུ༽མི་དགོས། ངུ་༼ངུས༽ན་ངན་སོང་གསུམ་དུ་སོང་གིས་དྭོགས༼དོགས༽པ་ལ་དུས༼ངུས༽། འཁོར་བར་འཁྱམས་ཀྱི་དོགས་པ་ལ་དུས་ཅིག༼ངུས་ཤིག༽”ཅེས་དང་། “ང་ཡི་རོ་ལ་སྤང་མེ་རེ་རེ་བརྩེགས་ལ་སྲེགས་རྟགས་མི་འོང་རྟགས་མ་རེ། དགེ་བཤེས་ཀྱི་སྔེག་ལུགས་མ་བྱེད་ལན་མང་དུ་གསུང་ངོ་། །”12 ཞེས་སོགས་གསུངས་མཐར་སྔོ་ཕུག་བྲག་ལ་གཤེགས་སོ། །
གཉིས། ཞུ་སྒོམ་འཁྲུལ་ཞིག་ཕྱི་མའི་སྐོར་གླེང་བ།
འཁྲུལ་ཞིག་ཕྱི་མའི་ཡབ་ཡུམ་དང་འཁྲུངས་ལོ་གསལ་པོར་མེད་པ《ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》ལས།13 “ལོ་ལྔ་ལོན་ནས་བདག་གིས་ཡུམ་ལ་འདི་སྐད་སྨྲས། ཨ་མ་ང་ལ་ཕ་ནི་ཡོད་དམ་མེད། །ཡོད་ན་ཕ་ཡི་དྲུང་དུ་སྐྱོར་བར་ཞུས། །ཨ་མའི་ཞལ་ནས་འདི་སྐད་སྨྲས། བུ་ཁྱོད་ནི་ཕ་ལ་དགའ་བ་དེ། །ཕ་ནི་ལྷ་སའི་ཚོང་པ་ཡིན། །ད་ལྟ་གར་སོང་ཆ་རྒྱུས་མེད། །ཕ་ནི་མ་བཤད་གསང་བར་བྱས། །ཞེས་དང་། ཕ་མེད་བུ་འདི་མཚར་བ་ལ། །ང་ལ་ཕ་ནི་གཉིས་ཡོད་དེ། །ཡར་འབྲོག་མཚོ་ཡི་འགྲམ་རྩ་ན། །བཙུན་པ་རྒད་པོ་གཅིག་གིས་གཡབ། །དེ་ནས་ཟླ་བ་གསུམ་དང་ཞག་བཅུ་ལོན། །ཧོར་འདྲའི་གཡོག་པོ་གཅིག་གིས་འཛེག །དེ་གཉིས་ང་ཡི་ཕ་ཡིན་མོད། །”ཞེས་པ་ལྟར་ཡབ་ཡུམ་གྱི་རིགས་རུས་དང་། མཚན་སོགས་མི་གསལ་ཡང་ཡུམ་ཉིད་ལ་སྐབས་དེར་ཡར་འབྲོག་མཚོ་ཁའི་བཙུན་པ་རྒད་པོ་དང་། ལྷ་སའི་ཚོང་པ་གཉིས་ལ་འབྲེལ་བ་བྱུང་ཡང་ཡབ་མཚོ་ཁའི་བཙུན་པ་རྒད་པོ་ཡིན་འདུག ༼འདིའི་བཙུན་པ་ཞེས་པ་དེང་སང་ལྟར་གྲྭ་པ་ལ་གོ་མིན་དཔྱད་བྱའོ། །༽དེ་ནས་མས་བུ་ལ་ཕ་སུ་ཡིན་དྲང་པོ་མ་བཤད་པར་ཐང་ཆུང་ནང་དུ་སྤ་གཅིག་དང་། མར་གྲོག་གཅིག་བཞག་ནས་ཁྱོད་རང་ལ་ཕ་ཡོད་ན་འཚོལ་དུ་སོང་ཟེར་བས། ནུབ་ཏུ་ཁ་བལྟས་ནས་སོང་ངོ་། །ཞག་གྲངས་འགའ་སོང་ནས་མ་ཡོང་བར། ཨ་མས་བསམ་པར་ལམ་དུ་ཤི་སོང་བ་མིན་ནམ་སྙམ་སྟེ་རྗེས་འཚོལ་དུ་ཕྱིན་ནས་ལམ་དུ་སྐད་ཆ་དྲིས་པས། བུ་མེད་ཅིག་གིས། བུ་ཆུང་ཞྭ་མེད་ལྷམ་མེད་ཅིག་ལྟོ་ཡང་མི་སློང་བ་དཀྱིལ༼སྐྱིད༽མཁར་དུ་སོང་ཟེར་བ་ཐོས། བུ་བྱུང་ན་བསྟན་པ་ལ་ཕན་པས་ང་ལ་དགོས། བུ་མོ་བྱུང་ན་ཨ་མས་གནང་ཅིག༼གནོངས་ཤིག༽ཅེས་པའི་སྔར་གྱི་གསང་གཏམ་དྲན་ནས་ཨ་མ་རང་ཡུལ་དུ་ལོག དེ་ནས་བུ་ཆུང་གིས་བླ་མའི་གཟིམས་ཆུང་རྩ་ནས། “གསོན་དང་སྤྲང་པོའི་ངག་ལ་ཉོན། །ལྟོས་ཤིག་སྤྲང་པོའི་མདོག་ལ་ལྟོས། །སྤྲང་ཕྲུག་ལོ་ལྔ་ལོན་པ་ལ། །བསྐྱེད་པའི་ཕ་ནི་ཡོད་ན་མེད། །ཡོད་ན་བླ་མས་གསུངས་པར་ཞུས། །”14 ཞེས་སོགས་གླུ་ཆུང་བླངས་པ་བླ་མས་གསན་ཏེ། བདག་གིས་ཡར་འབྲོག་ལ་འབྲུ་བཏབ་པའི་ས་བོན་སྨིན་པར་དགོངས་ནས་བུ་ཆུང་ནལ་བུ་བོས་ནས་ལྟོ་ཟས་ཀྱང་བྱིན་ནས་ཡུལ་ཆུང་འདི་རུ་བཞུགས་ན་ཆོས་དང་། འཇིག་རྟེན་གང་ཡང་མི་འགྲུབ་པས་ང་ཡི་ཟབ་པའི་སྙིང་གདམས་ཨ་དཀར་དགོངས་པ་ཀུན་འདུས་ཀྱི་གདམས་པ་ཟབ་མོ་སྙིང་གི་དཀྱིལ་དུ་ཆོངས། འཁྲུལ་བ་དང་ལེ་ལོའི་དབང་དུ་མ་འགྲོ་བར་ད་ནི་འཁོར་བའི་ལས་ལ་ཕྱིར་མ་ལྡོག་ཅེས་གསུངས་ནས། ཨ་དཀར་གཅིག་སྒྲུབ་ཀྱི་གདམས་པ་དང་། ལྕམ་རྩེ་གོང་བ་མེད་པ། ཞྭ་མོ་རྔོག་མ་མེད་པ། ལྷམ་གཅིག ཕོར་པ་གཅིག གསེར་ཞོ་གསུམ་བཅས་གནང་ནས། ལ་སྟོད་རྩིབ་རི་གསང་ཕུག་ཏུ་མི་ལོ་དགུ་མ་སོང་བར་དུ། དུས་དེ་རང་ནས་བཟུང་ནས་ངག་མ་སྨྲ་བར་ས་ལེ་འོད་སྒྲོངས་ཤིག་ལྟོ་གོས་བོན་གསུམ་ཕ་ཡིས་ཕོག་ཟེར་ནས་དགོན་པའི་རྒྱབ་ཏུ་བླ་མ་ཁོ་རང་གིས་བསྐྱལ་ནས་ལམ་བསྟན་ཏོ། །དེ་ནས་ལོ་དགུ་ཙམ་ལ་ཁ་ཟས་གཅིག་ཀྱང་མ་གསོལ་བར་དཀའ་བར་སྤྱད། ལུས་ཐལ་མདོག་ཏུ་གྱུར། དགོངས་པ་འཕེལ། ལུག་ནད་སེལ་བ་དང་། བར་དོ་ནས་ཚེ་ལོག་འགུག་པ་སོགས་གྲུབ་རྟགས་དང་མཛད་པ་མང་དུ་བསྐྱངས། གངས་རིར་སྐོར་བ་མང་དུ་མཛད་རྫུལ་འཕྲུལ་ཕུག་དང་། མ་པང་གཡུ་མཚོའི་བྱ་སྐྱིབས་བྲག་སོགས་ལ་མཚམས་བཅད་པས་མཚོ་སྨན་ལ་སོགས་མི་མིན་གྱིས་ཆོ་འཕྲུལ་མང་དུ་བྱུང་། གྲུབ་རྟགས་དང་རྫུལ་འཕྲུལ་གྱིས་བཀའ་དམ་བཀོད། དེ་ནས་རང་ཡུལ་ལོག་པའི་ལམ་བར་དུ། “ཐོ་རངས་བུ་མོ་ཤ་མདོག་དམར་ལ་དྭངས་བ། མཛེས་ཤིང་ཡིད་དུ་འོང་བ། སྐེད་པ་མཉེན་ལ་གཟུགས་སྤྱན་པ། ཞལ་མཛུམ་མོ༼འཛུམ་མོལ༽ལེ་བ་གཅིག་ཡོང་ནས། བུ་ཆུང་ཁྱོད་ཀྱིས་ང་ངོ་ཨི་ཤེས་ཟེར་བ་ལ། བདག་གིས་བལྟས་པས་ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་དང་། གཡོན་ཐོད་པ་བདུད་རྩིས་བཀང་བ་གཅིག་བཟུང་འདུག མ་མཁའ་འགྲོ་མའི་ལུང་བསྟན་ཡིན་ནམ་བསམ་ནས་འདི་སྐད་ཞུས། མ་ཡུམ་ཆེན་མཁའ་འགྲོ་དགའ་དབང་མོ། །བུ་མདོ་མེད་སྨྱོན་པ་ང་འདྲ་ལ། །བཀའ་གསང་ལུང་འཁྲུལ་མེད་བསྟན་དུ་གསོལ། །སྟོད་གངས་རིའི་ཕྱོགས་སུ་ང་སོང་ཡང་། །ཚེ་སྔུན་ནས་རྒྱུ་འབྲས་མ་སོང་བའི། །དུས་ད་ལྟ་བསྟན་པ་ཅི་ལ་ཡོང་། །བར་དབུས་རྩང[གཙང]གཉིས་པོ་སྐྱེ་བའི་ཡུལ། །བོན་བསྟན་ཆོས་བསྟན་གང་འདྲ་ཡོང་། །ང་འདི་རུ་བསྡད་ན་ཕྱི་མའི་དགེ་སྦྱོར་འཕེལ། །བདག་དོན་མ་རྟོགས་གཞན་དོན་སྤང༼སྤངས༽ན་ལེགས། །”ཞེས་དང་། བུ་མོས་གསུངས་པ་“ཁྱོད་ལ་ཡབ་ཀྱིས་རྟེན་འབྲེལ་མ་འགྲིག་པས། ཞྭ་མོ་རྔོག་མ་མེད་པ་སྟེ༼དེ༽། །སྟོད་མངའ་རིས་གང་ཟག་ཕྱོགས་སུ་བསྟན་པ་མི་དར་རྟགས། ལྕམ་རྩེ་གོང་བ་མེད་པ་དེ། བར་དབུས་རྩ[གཙང]གཉིས་ལ་བསྟན་པ་མི་ཡོང་བས། འདི་ནས་མར་ལ་རྨ་པོམ་རའི་ཕྱོགས་སུ། ཁྱོད་ཀྱི་སྒྲུབ་རྒྱུད་འཛིན་པའི་བུ་སློབ་ལ། ཞིག་པོ་བཅོ་བརྒྱད་ཡོང་། ཁྱོད་ཀྱི་གདུངས་རབས་མ་རྫོགས་བར་དུ། བུ་སློབ་དེ་དག་མི་འབྲལ་རྟེན་འབྲེལ་ཡོད།”15 ཅེས་པ་ལ་སོགས་སྐུ་༼རྣམ་ཐར་ནང་དམིགས་བསལ་སྲས་བྱུང་རབས་མ་གསལ་བས། སྐབས་འདིའི་སྐུ་སྲས་ཞེས་པ་ཡོངས་གྲགས་ཀྱི་སྐུ་སྲས་ལ་གསུངས་མིན་དང་། སྣང་ཞིག་དོ་འཕགས་ཆེན་མོ་ཁོང་གི་སྲས་ཡིན་མིན་གྱི་སྐོར་ལ་དཔྱད་ཞིབ་གནང་རྒྱུ་གལ་ཆེའོ་སྙམ༽གསུང་ཐུགས་ཀྱི་བུ་སློབ་ཞིག་པོ་བཅོ་བརྒྱད་ལ་བོན་གཉེར་གཏད་དགོས་ཚུལ་ཞིབ་པར་ལུང་བསྟན། ད་དུང་ཡང་སྐབས་དེར་གསུངས་པ་“རྨ་པོམ་རའི་ཤར་འདབས་སུ་སོག་པོ་ཡབ་ཡུམ་སྲས་གསུམ་ལ་སྲས་མོ་གཅིག་ཡོད་པ་དེ། ཁབ་ཏུ་བཞེས་ལ་བུ་སངས་རྒྱས་ཀྱི་སྤྲུལ་པ་མཁས་གྲུབ་ལེགས་པ་བྱ་བ་དེ། མདོ་སྔགས་ཀྱི་བསྟན་པའི་སྟོན་པ་ལ་[གསུམ་སྟོང]སྟོང་གསུམ་ལ་དབང་བསྒྱུར་པའི་པཎྚི་ཏ་གཅིག་འཁྲུངས་ནས་དབུས་གཙང་མདོ་ཁམས་ལ་སོགས་ལ་ཁོ་རང་རང་རིག་རང་ཤར་གྱིས་ཆོས་མང་དུ་སྤེལ་བ་ཡོང་། དེ་སྐད་ལུང་དང་མཐུན་དགོས་གསུངས་ནས། སྐད་ཅིག་གཞའ་ཡལ་བ་ལྟར་སོང་ངོ་། །”16 དེ་ནས་རྨ་པོམ་རའི་ཕྱོགས་ལ་ཕེབས་ནས་ཞིག་པོ་བཅོ་བརྒྱད་ལ་སྒོམ་སྒྲུབ་དང་བོན་བཤད་མང་དུ་བསྟན། བླ་མ་ཞུ་སྒོམ་རྨ་གསེར་ལ་གཡུང་དྲུང་ཕུག་ཏུ་དགོངས་པ་ལ་བཞུགས་པའི་དུས་ཙམ་ན། སོག་པོ་རྒན་རྒོན་གཉིས་ལ། བུ་མོ་ལོ་ཉི་ཤུ་རྩ་ལྔ་ལོན་པ་གཅིག་ལས་མེད་པར་མོ་ནད་དྲག་པོ་ཞིག་གིས་མནར་ནས་ཡོད་པར། ཡུལ་དེ་རུ་སྨན་དཔྱད་དང་རིམ་གྲོ་བྱེད་མཁན་མེད་པས། རྒན་རྒོན་གཉིས་བླ་མའི་དྲུང་དུ་ཡོང་སྟེ་ལྷ་ཕྱག་མང་དུ་འཚལ་ནས་བུ་མོ་འདི་ནད་ལས་གྲོལ་བའི་ཐབས་ཤིག་གནང་བར་ཞུས་པས། བླ་མའི་ཞལ་ནས། ང་ཡི་ཕོ་ལོ་བཅུ་གསུམ་ཡིན།༼གཡུང་དྲུང་ཕུག་ལ་དགོངས་པར་བཞུགས་ནས་གསུངས་པ་མིན་སྙམ༽ མོ་ནད་གསོ་བའི་ཐབས་མ་མཆིས་པས། འདིར་ཁྲིད་ཤོག་དང་སྔགས་དང་གདམས་པ་བྱེད་ནས་ཨི་ཕན་བལྟ་གསུངས། བླ་མའི་གཙང་ཆབ་དྲོད་མོ་མང་དུ་འཐུང་ནས་མོ་ནད་དྲག་པར་བྱུང་། ཕྱི་ལོར་ཁྲོ་བོ་རམ་པའི་བྱིན་གྱིས་བརླབས་པའི་བུ་ཞིག་འཁྲུངས།༼ཙོང་ཁ་པ་བློ་བཟང་གྲགས་པ་ཞུ་ཚང་ཡིན་རབས་བཤད་པ་ཡང་རྒྱུ་མཚན་འདི་ཡིན་ནམ་སྙམ༽ སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་གྱིས་སྣང་ཆེན་འཇིག་རྟེན་གྲགས་པ་ཞེས་མཚན་བཏགས་སོ། །དེ་ནས་མཐར་སྐུ་བླ་བྲག་དཀར་རྫོང་དུ། “ང་ལ་བརྒྱ་ལོན་ནས་གཞོན་དུ་སོང་། །ཁ་ན་སོ་རྒས་ལ་འགྱོད་པ་མེད། །”ཅེས་དང་། “མི་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་སོང་། །ད་ནི་མཁའ་སྤྱོད་གནས་སུ་འགྲོ། །”17 ཞེས་སོགས་འདས་ཁར་ལེགས་བཤད་མང་དུ་གསུངས་ནས་རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོང་དུ་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ཉིན། ཁྲི་གདུགས་ཉི་མ་ཤར་བ་དང་ཕུང་པོ་ལྷག་མེད་དུ་སངས་རྒྱས་ཏེ་སོང་ངོ་། །
གསུམ། མཇུག་གི་དོན་མདོར་བསྡུ་བ།
དེ་ལྟར་རྩ་བའི་ཞུ་སྒོམ་སྔ་ཕྱི་གཉིས་ཀྱི་སྐོར་རགས་ཙམ་བཤད་ཟིན་ལ། གོང་གསལ་ལྟར་སྔ་ཕྱི་གཉིས་གང་ཟག་ཐ་དད་པ་གཉིས་སུ་བྱུང་ཡོད་པའི་རྒྱུ་མཚན་ནན་གྱིས་ཞུས་ན། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར》ལྟར་སྔ་མ་ནི་ཡབ་སྐྱེ་སེའི་ཉེ་གནས་ཇོ་མོ་རྒྱན་ཆུང་བྱ་བ་ལ་སྐུ་འཁྲུངས་པ་ཡིན་ལ། ཕ་མགོ་དམར་ལ་བུ་རྐང་དམར་སྐྱེས་པ་ངོ་ཚ་གསུངས་ནས། ཇོ་མཁར་ལ་བུར་བཅོལ་བ་ཡིན་ལ། 《ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》ནང་གསལ་བ་ལྟར་བུས་ཕ་འཚོལ་བ་དང་། ཕ་མ་གཉིས་ཀྱི་གསང་གཏམ་དུ། བུ་བྱུང་ན་ངས་བྱེད། བུ་མོ་བྱུང་ན་ཨ་མས་ཉོལ་ཞེས་པ་སོགས་རྣམ་ཐར་སྔ་མའི་ནང་ཟུར་ཙམ་ཡང་མི་གསལ་བས་འཁྲུངས་ཚུལ་གྱི་སྐོར་ལ་ཁྱད་པར་ཆེན་པོ་འདུག་སྙམ། ད་དུང་ཡུམ་གྱི་སྙུང་གཞི་སེལ་བར་མཛད་ཅིང་བློ་བཟང་གྲགས་པ་བྱིན་གྱིས་བརླབས་པ་དང་། སློབ་རྒྱུད་ལ་ཞིག་པོ་བཅོ་བརྒྱད་བྱུང་ཚུལ་སྔ་མའི་ནང་མི་གསལ་བས་འདི་དག་ཞུ་སྒོམ་ཕྱི་མ་ཁོ་ནའི་མཛད་པ་མིན་ནམ་སྙམ། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་རྣམ་ཐར》ནང་གསལ་བར་ལྟར་འཁྲུལ་ཞིག་སྔ་མ་ནི་སྔོ་ཕུག་བྲག་ལ་གྲོངས་ནས་གདུང་མེ་ལ་བསྲེགས། ཐོད་རུས་ལ་ཨ་ཤིན་ཏུ་གསལ་བ་གཅིག་དང་། རིང་སྲེལ་བཅོ་ལྔ་བཅུ་དྲུག་ཙམ་བྱུང་བ་རྣམས་སློབ་མས་གཡུང་དྲུང་ཁྲི་སྐོས་ཤིག་བཞེངས་ནས་བཞུགས་སུ་གསོལ་བར་གསལ། ཕྱི་མ་ནི་རྨ་རྒྱུད་སྐུ་བླ་བྲག་དཀར་དུ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་ཚུལ་གསུངས་པ་སོགས་ཀྱང་གང་ཟག་ཐ་དད་ཡིན་པའི་རྒྱུ་མཚན་དུ་རུང་ངོ་སྙམ་པ་ལོགས་སོ། །དེ་ལྟར་བཀོད་པ་ཡང་ཉེ་ཆར་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་ལ་ལྟ་རྟོགས་བྱས་པའི་ཟིན་ཐོ་ཙམ་ལས་དཔྱད་གཞིའི་ཡིག་ཆ་དཀོན་ལ། དུས་ཡུན་ཐུང་བ། ལྷག་པར་དུ་གུས་པོ་རང་ཉིད་རིག་གནས་ཀྱི་ཆུ་ཚད་ཞན་པ་སོགས་ཀྱིས་འགལ་འཛོལ་ཡོད་སྲིས་པས་དེ་ལུགས་མཁྱེན་ལྡན་རྣམས་ཀྱིས་དཔྱད་ཞིབ་ཡོད་པར་མཁྱེན་འཚལ།
མཆན།
1.བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། ཤོག་ངོས401ན་གསལ།
2. བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར། ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
3. དབང་ལྡན་ཞུ་ཡི་གདུང་རབས། ལག་བྲིས་ཅན།
4. བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། ཤོག་ངོས།397ན་གསལ།
5. ཁྱུང་རབས་གསེར་གྱི་མེ་ལོང་། ཞང་བོད་དཔེ་ཁང་ཆེན་མོའི་འཕྲུལ་དེབ།
6. སྐལ་བཟང་མགྲིན་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས278ན་གསལ།
7. བླ་མ་ཡར་འབྲོག་པའི་རྣམ་ཐར་མུ་ཏིག་འཕྲེང་བ། ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
8 ཁྱུང་རབས་གསེར་གྱི་མེ་ལོང་། ཞང་བོད་དཔེ་ཁང་ཆེན་མོའི་འཕྲུལ་དེབ།
9. བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར། ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
10. སྐལ་བཟང་མགྲིན་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས278ན་གསལ།
11. བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། ཤོག་ངོས།397ན་གསལ།
12. བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར། ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
13. ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར། ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། ཤོག་ངོས།97ན་གསལ།
14. གོང་མཚུངས། ཤོག་ངོས98ན་གསལ།
15. གོང་མཚུངས། ཤོག་ངོས129ན་གསལ།
16. གོང་མཚུངས། ཤོག་ངོས131ན་གསལ།
17. གོང་མཚུངས། ཤོག་ངོས254ན་གསལ།
དཔྱད་གཞིའི་ཡིག་ཆ་གཙོ་བོ།
1.ཞང་སྒོམ་རིན་ཆེན་རྒྱལ་བ། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར》 ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
2.གླང་ཞིག་ཆེན་པོ། 《ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར》 ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། ༢༠༡༦
3.《དབང་ལྡན་ཞུ་ཡི་གདུང་རབས》 ལག་བྲིས་ཅན།
4.གླང་ཞིག་ཆེན་པོ། 《དབང་ལྡན་ཞུས་གཡས་ལེགས་པོའི་སྐྱེས་རབས་རྣམ་ཐར》 ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། ༢༠༡༦
5.ཀུན་མཁྱེན་ཉི་མ་བསྟན་འཛིན། 《སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》 གློག་རྡུལ་འཕྲུལ་དེབ་ཁང་།
6.དཔལ་ཚུལ། 《སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༦
7.གཤེན་སྟོན། 《བླ་མ་ཡར་འབྲོག་པའི་རྣམ་ཐར་མུ་ཏིག་འཕྲེང་བ》 ཀུན་སྣང་ཁྱབ་པ། བླ་མའི་རྣམ་ཐར་ཕྱོགས་བསྒྲིགས།
8.བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》 ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། ༢༠༡༤
9.དོན་འགྲུབ་ལྷ་རྒྱལ། 《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣
10.དགེ་བཤེས་བློ་གྲོས་རབ་གསལ། 《གནའ་བོའི་ཞང་བོད་ཚིག་མཛོད》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠
11.མཐའ་ཞུ་འོད་ཟེར་མཐའ་རྒྱས་རིན་པོ་ཆེ། 《ཁྱུང་རབས་གསེར་གྱི་མེ་ལོང》 ཞང་བོད་དཔེ་ཁང་ཆེན་མོའི་འཕྲུལ་དེབ།
12.བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། 《རིས་མེད་བསྟན་རྩིས་ཀྱི་སྐོར》 མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས། པོད་དང་པོ། འཕྲུལ་དེབ།
    དཔྱད་རྩོམ་འདི་སྤྱི་ལོ་༢༠༡༧ལོར«སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས»སྐབས་དང་པོའི་ཐོག་སྒྲོགས་སྦྱོང་ཞུས་ཤིང«སྤུ་རྒྱལ་ཤེས་རིག་དཔྱད་གླེང»འདོན་ཐེངས་དང་པོར་བཀོད་དེ་ལས་འདིར་དྲངས་པའོ།།༽
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།