གཡུང་དྲུང་གི་སྐོར་ལ་རགས་ཙམ་དཔྱད་པ།

[ཟླ་ཚེས། 2019-04-08 09:26:01][རྩོམ་པ་པོ། ནོར་བུ་ཚེ་རིང་།][རྩོམ་ཁུངས། བོད་ལྗོངས་ཞིབ་འཇུག][ཀློག་གྲངས། ]

wKgMEFmtFYWAdiISAAQTevyAp9I912.jpg

[ནང་དོན་གནད་བསྡུས།] རྩོམ་ཡིག་འདི་ལས་གཡུང་དྲུང་གི་མཚོན་དོན་དང་བཅས་པའི་གནས་ཚུལ་དང་། ལྷག་པར་དུ་བོད་ཡུལ་དང་སྒོས་སུ་བོན་གྱི་ཡིག་ཆའི་ནང་མཚོན་རྟགས་དེའི་བརྡ་དོན་ཇི་འདྲ་ཡིན་ཚུལ་ངོ་སྤྲོད་དང་སྦྲགས་གཡུང་སུ་གི་རི་མོ་དེ་ནི་ཐོག་མར་མཚོ་བོད་མཐོ་སྒང་དུ་བྱུང་སྟེ་རིམ་བཞིན་ཕྱི་ལ་མཆེད་པའི་སྡོམ་ཚིག་བཀོད་ཡོད།
[བརྡ་ཆད་གཙོ་བོ།] གཡུང་དྲུང། བྲག་རྐོས་རི་མོ། མཚོ་བོད་མཐོ་སྒང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G03[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)01 -046-10 

གཅིག གཡུང་དྲུང་དང་དེའི་མཚོན་དོན་སྤྱིར་བཤད་པ།

          ཚང་མས་མཁྱེན་གསལ་ལྟར་གཡུང་དྲུང་གི་རི་མོ་ནི་རང་རེ་ཁ་བའི་ལྗོངས་ཁོ་ནར་མཐོང་བའི་དཔེ་རིས་ཤིག་མ་ཡིན་པར་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆུ་གཉིས་འགྲམ་རྒྱུད་དང་གནའ་བོའི་རྒྱ་གར། གནའ་བོའི་ཀེ་རི་སེ་དང་ཨེ་ཅིབ་སོགས་སུའང་དེ་མཚུངས་ཀྱི་རི་མོ་ཡོད་པར་བཤད་དེ། དཔེར་ན། གླིང་ཆེན་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་སར་གནས་པའི་རིག་གནས་མི་འདྲ་བ་སྟེ། རྒྱ་གར་གྱི་ཨརྱ་རིག་གནས་དང་པར་སིག་གི་རིག་གནས། ཧི་ཐེའི་རིག་གནས། སི་ར་ཧྥིའི་རིག་གནས། ཁེར་ཐེའི་རིག་གནས། གེ་རི་སེའི་རིག་གནས། ཀྲུང་གོའི་མཱ་ཅཱ་ཡའོ་རིག་གནས་སོགས་ལས་བྱུང་ཞིང་། གནའ་དཔྱད་རིག་པའི་ཕྱོགས་ནས་བལྟས་ན། ཆེས་སྔ་བའི་གཡུང་དྲུང་གི་རི་མོ་ནི་རྡོ་ཆས་གསར་མའི་དུས་རབས་སུ་བྱུང་བར་མངོན། ཡོངས་གྲགས་སུ་གནའ་དཔྱད་རིག་པ་བྱས་དབྱི་རན་གྱི་ཨ་ཆི་སི་ཐན་ཞིང་ཆེན་ནས་སྔོག་འདོན་བྱས་པའི་རྫ་ཆས་ཆག་དུམ་སྟེང་དུ་གཡུང་དྲུང་གི་རི་མོ་ཡོད་པ་དང་། ཨུ་རུ་སིའི་ཝུའུ་ལར་རི་བོའི་ལྷོ་ཁུལ་གྱི་ཞིན་ཏཱ་ཞོ་ཐ་ནས་རྙེད་པའི་ལི་ཆས་སྤྱོད་པའི་དུས་རབས་ཀྱི་རྫ་ཆས་སྟེང་དུའང་གཡུང་དྲུང་གི་རི་མོ་དེ་འདྲ་བ་བཀོད་ཡོད་པར་བརྗོད་ལ། དེའི་རྗེས་སུ་ཉི་ཧོང་དང་ཧྥུན་ལན། འཇར་མན་སོགས་སུ་བྱུང་བའི་གཡུང་དྲུང་གི་རི་མོ་དག་ནི་ཕྱི་ནས་མཆེད་པའི་རྗེས་བྱུང་གི་རྟགས་སུ་འདོད། སྤྱིར་མི་རིགས་དང་རིག་གནས་མི་འདྲ་བ་ལས་གཡུང་དྲུང་གི་མཚོན་དོན་ཡང་མི་གཅིག་པར་སོ་སོར་བཤད་རྒྱུ་ཡོད་ཀྱང་ས་ཁུལ་མང་ཆེ་ཤོས་ཀྱི་གཡུང་དྲུང་གི་རི་མོ་དེས་ཉི་མ་དང་མེ་མཚོན་པར་བཤད།   
           ལེགས་སྦྱར་སྐད་དུ་“
”ལ་srivatsaཟེར་ཞིང་། བཀྲ་ཤིས་ཀུན་འཇོམས་ཀྱི་དོན་ཡིན་པར་བཤད། ཧིན་རྡུའི་ཆོས་ནང་དུ་ཀུན་བྱེད་ཀྱི་ལྷ་ཚངས་པས་གཡུང་དྲུང་གཡོན་སྐོར་དང་གཡས་སྐོར་( PravrittiདངNivritti)གཉིས་སྤྱད་དེ་གཡོན་སྐོར་གྱིས་འཇིག་རྟེན་འདི་ཕྱི་ལ་འགྱུར་བ་དང་གཡས་སྐོར་གྱིས་ནང་དུ་འགྱུར་བ་མཚོན། གཞན་ཕྱོགས་བཞིར་བདེ་བར་ཐོན་པའམ་ཉི་མ་མཚོན་པར་ཡང་བཤད་དེ། ཧིན་རྡུའི་ཆོས་ནང་དུ་སོ་ལེ་ཡེ་གེ་ཉི་ས་ཞེས་པའི་ཉི་ལྷ་དེ་རྟག་དུ་གཡུང་དྲུང་གི་མེ་ཏོག་སྟེང་དུ་བཞུགས་སུ་གསོལ་ཡོད་པར་གྲགས།
           ལོ་རབས་ཉི་ཤུ་སུམ་ཅུའི་ནང་ཞི་ཐེ་ལིས་དངོས་སུ་གཞི་མདོག་དམར་པོའི་སྟེང་དུ་ཟླུམ་གོར་དཀར་པོ་ཞིག་གི་དཀྱིལ་དུ་ཁ་དོག་ནག་པོ་ཡིན་པའི་གཡུང་དྲུང་གི་རི་མོ་འདི་འདྲ་“
”ཞིག་འཇར་མན་གྱི་ཏང་དར་དུ་ཇུས་འགོད་བྱས་ཤིང། དེ་ལ་ཁོས་བརྩམས་པའི་《ངའི་ཧུར་བརྩོན་》ཞེས་པའི་དཔེ་ཆའི་ནང་དུ་“མདོག་དམར་པོས་ང་ཚོའི་ལས་འགུལ་འདིའི་སྤྱི་ཚོགས་དོན་སྙིང་མཚོན་པ་དང་། ཁ་དོག་དཀར་པོས་མི་རིགས་རིང་ལུགས་ཀྱི་བསམ་བློ་མཚོན་པ་དང་། ‘’གིས་ཨརྱ་པ་(雅利安人)རྣམ་པར་རྒྱལ་བར་བརྩོན་པའི་འཐབ་རྩོད་ཀྱི་འགན་འཁྲི་མཚོན་པ་ཡིན་”ཞེས་འགྲེལ་བཤད་བྱས་ཡོད། ཞི་ཐེ་ལིས་རང་གི་ཏང་དར་དུ་གཡུང་དྲུང་ཞིག་བཀོད་པའི་རྒྱུ་རྐྱེན་ལ་འཛམ་གླིང་ན་བཤད་ཚུལ་མང་དུ་ཡོད་ཅིང་། མི་ཕལ་མོ་ཆེས་ཞི་ཐེ་ལིས་རྒྱ་གར་རིག་གནས་ཁྲོད་ཀྱི་གཡུང་དྲུང་གི་རི་མོ་དེ་བེད་སྤྱད་པར་འདོད་ཀྱང་ཁོ་བོས་བསམས་ན་གོང་དུ་དྲངས་པའི་ཞི་ཐེ་ལི་རང་གི་འགྲེལ་བཤད་དེ་ལས་ཁ་གསལ་བ་ཞིག་མ་མཆིས་པར་སྙམ། འགྲེལ་བཤད་དེའི་དོན་སྙིང་ནི་“”རྟགས་དེས་ཨརྱ་མི་རིགས་མཚོན་པ་དེ་རེད། ཁོས་རི་ཨར་མན་མི་རིགས་དེ་ནི་བླ་ན་མེད་པ་ཞིག་ཏུ་བསམ་ཞིང་དེའི་མཚོན་རྟགས་སུ་“”འདི་སྤྱོད་དགོས་དོན་ཡང་རྟོགས་དཀའ་བ་ཞིག་མ་ཡིན་ཏེ། ང་ཚོས་ཁོའི་བྱ་སྤྱོད་རྣམས་གཞིར་བཟུང་ནས་བལྟས་ན། ཞི་ཐེ་ལིས་ཕྱོགས་གཅིག་ནས་འཇར་མན་ན་ཡོད་པའི་ཡུག་ཐེ་པའི་མི་ས་ཡ་དྲུག་ཡས་མས་ཤིག་དམར་གསོད་བྱས་ཏེ་“ཐ་ཤལ”གྱི་མི་རིགས་འདི་རྩ་མེད་ཏུ་གཏོང་རྩིས་དང་། ཡང་ཕྱོགས་གཅིག་ནས་རི་ཨར་མན་མི་རིགས་ནི་ཨརྱའི་རྒྱུད་པ་ངོ་མ་ཡིན་ཞིང་འཛམ་གླིང་ན་ཆེས་ཕུལ་དུ་བྱུང་བའི་མི་རིགས་ཤིག་ཡིན་པར་བསམས་ཏེ་འདིའི་རྒྱུད་པ་ཁྲག་གཙང་རུས་གཙང་ཞིག་ཡོང་ཐབས་ལ་འབད་ཅིང་ཨརྱའི་མི་རྒྱུད་རྒྱ་ཆེར་སྤེལ་འདོད་པས་ཡིན། འདིའི་སྐོར་ཞིབ་ཏུ་བཤད་ན་མང་འགྲོ་བྱས་མདོར་དྲིལ་ན་ཞི་ཐེ་ལིས་དེ་ལྟར་འདོད་པའི་ཁུངས་ནི་གནའ་རབས་ཀེ་རི་སེའི་མཚན་ཉིད་རིག་པ་བ་པའོ་ལཱ་ཐོས་སྤྱི་ལོའི་སྔོན་གྱི་ལོ་350ལོར་བརྩམས་པའི་《བཀའ་མོལ་ཟིན་བྲིས་》ཞེས་པ་ལས། གནའ་བསྐལ་པར་ཡཱ་ཐེ་ལན་ཏའེ་སི་ཞེས་པའི་སྐམ་ས་ཆེན་པོར་འཚོ་བའི་མི་རྣམས་ཆགས་འཇིག་ཆེན་པོ་ཞིག་བྱུང་བའི་རྗེས་སུ་མཚོ་བོད་མཐོ་སྒང་དུ་བྲོས་བྱོལ་དུ་ཐོན་ཏེ་གཞིས་ཆགས་ཤིང་། དེ་རྣམས་ལྷ་ནས་མཆེད་པའི་མི་རྒྱུད་ཕུལ་དུ་བྱུང་ཞིང་བློ་རིག་ལྡན་པ་ཞིག་ཡིན་པས་དེའི་རྗེས་རབས་པས་གླིང་ཆེན་ཨེ་ཤ་ཡའི་དབུས་དཀྱིལ་དུ་འོད་སྟོང་འཕྲོ་བའི་ཤེས་རིག་བསྐྲུན་མྱོང་བ་དང་། ཨརྱ་མི་རིགས་དང་རྒྱ་གར་བ་ཡང་དེའི་རྒྱུད་པ་ཡིན་པར་བཤད་པ་དེ་ཡིན། དེས་ན་ཞི་ཐེ་ལིས་སྤྱི་ལོ་1938ལོ་དང་1943ལོ་སྟེ་སྔ་གཞུག་ཐེངས་གཉིས་ལ་རང་གི་ལག་རོགས་ཞི་མུ་ལེར་མིའི་རིགས་རིག་པའི་ཆེད་མཁས་པ་སོགས་ཚན་རིག་རྟོག་དཔྱོད་རུ་ཁག་རྒྱ་ཆེན་པོ་ཞིག་རྩ་འཛུགས་བྱེད་དུ་བཅུག་ནས་བོད་ཡུལ་དུ་རི་ཨར་མན་མི་རིགས་ཀྱི་མེས་པོ་འཚོལ་ཞིབ་ཏུ་མངགས་པར་བལྟས་ན། ཞི་ཐེ་ལིས་གཡུང་དྲུང་གི་རྟགས་དེ་རང་གི་མི་རིགས་མཚོན་བྱེད་དུ་བེད་སྤྱད་པ་ཡང་རང་རེ་བོད་ཡུལ་དུ་གནའ་བསྐལ་པ་ནས་དར་ཁྱབ་ཆེ་བའི་གཡུང་དྲུང་གི་རི་མོ་ནི་རྟག་བརྟན་མི་འགྱུར་བ་དང་བཀྲ་ཤིས་པའི་རྟགས་མཚན་དུ་འདོད་པ་དེ་དང་མཐའ་གཅིག་ཏུ་འབྲེལ་བ་མེད་ཅེས་བརྗོད་དཀའ་བ་རེད།
           ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་རྩོམ་ཞིག་ཏུ་ཡང་“རྒྱ་གར་གྱི་མི་རིགས་ཐམས་ཅད་ཀྱི་ནང་དུ་མཆོག་ཏུ་བརྩི་བའི་ཨརྱ་(འཕགས་པ་)མི་རིགས་ཟེར་བ་དེ་བྱང་ཕྱོགས་གངས་དཀར་ཏི་སེའི་ཉེ་ཕྱོགས་ཞིག་ནས་ཚུར་མཆེད་དེ་ཁག་གཅིག་རྒྱ་གར་དུ་གནས་བཅའ་བ་ལ་ཨརྱ་མི་རིགས་ཞེས་པ་དེ་ཆགས་པ་དང་། ཁག་གཅིག་ཨོ་རོ་སོགས་བརྒྱུད་ནས་ཡོ་རོབ་ཕྱོགས་སུ་མཆེད་ཡོད་པར་ཁོ་ཚོ་ཐུན་མོང་གི་རྟགས་སུ་གཡུང་དྲུང་བེད་སྤྱོད་བྱེད་སྲོལ་ཡོད་པར་བཤད། རྒྱ་གར་མཁས་པ་ཆེན་པོ་རྣམས་ཀྱིས་དཡཱནནྡས་ཨརྱ་མི་རིགས་ནི་བོད་ནས་བྱུང་ཡོད་འདུག་ཅེས་《བདེན་དོན་གསལ་བ་》ལས་གསུངས་”
ཞེས་བྱུང་བའི་《བདེན་དོན་གསལ་བ་》ཞེས་པའི་དཔེ་ཆ་དེ་བདག་གིས་མ་མཐོང་ཡང་བཤད་རྒྱུན་འདིའི་ཁུངས་ནི་ཕལ་ཆེར་པའོ་ལཱ་ཐོའི་གསུང་དེར་ཐུག་ཡོད་པར་སྙམ།

གཉིས། བྱེ་བྲག་བོད་ཡུལ་གྱི་གཡུང་དྲུང་བཤད་པ།

           གཡུང་དྲུང་གི་རི་མོ་ནི་རང་རེ་བོད་པ་ཞིག་ལ་མཚོན་ན་མི་རྒན་དར་གཞོན་གསུམ་སུ་ལའང་ཆ་རྒྱུས་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་ཡང་གཡུང་དྲུང་ནི་རང་རེའི་འཚོ་བ་དང་དམ་དུ་འབྲེལ་ཡོད་པས་རེད། བོད་ཁ་བ་ཅན་གྱི་ཡུལ་གྲུ་མདོ་དབུས་ཁམས་གསུམ་གང་དུའང་གཡུང་དྲུང་གི་དཔེ་རིས་མི་མཐོང་བའི་གནས་ཤིག་མེད་དེ། དཔེར་ན། དམངས་ཀྱི་ཁང་པ་དང་རྩིག་པ། དགོན་པའི་སྐུ་གསུང་ཐུགས་རྟེན་སྟེང་། དེ་བཞིན་འཚོ་བའི་ནང་བུ་དང་བུ་མོའི་གཉེན་སྟོན་དང་བླ་སྤྲུལ་དག་ཁྲི་ལ་ཕེབས་པ་དང་ཕེབས་བསུ་བྱེད་པ་སོགས་གང་གི་སྐབས་སུའང་གཡུང་དྲུང་ནི་བཀྲ་ཤིས་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་ཏེ་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་པ་ཡང་བོད་མིའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་རེད། འོ་ན་རང་རེ་བོད་ཡུལ་འདིར་གཡུང་དྲུང་གི་རི་མོ་འདི་དུས་ནམ་ཞིག་ནས་དར་བ་ཡིན་ཟེར་ན། ང་ཚོས་གོང་ནས་ཞུས་པ་ལྟར་གཡུང་དྲུང་གི་དཔེ་རིས་ནི་མི་རིགས་གཞན་པར་གཙོ་བོ་གནའ་བོའི་རྫ་ཆས་སྟེང་དུ་བྱུང་ནས་དེའི་ལོ་ཚིགས་ལ་དཔྱད་དཔོག་བྱས་པ་ཞིག་ཡིན་ལ། རང་རེ་བོད་ཁམས་སུ་གཡུང་དྲུང་བཀོད་པའི་གནའ་བོའི་རྫ་ཆས་སོགས་དངོས་རིགས་ཤིག་དེ་སྔ་རྙེད་ཡོད་པ་མ་མཐོང་ནའང་། མཚོ་བོད་མཐོ་སྒང་གི་ས་གནས་སོ་སོ་ན་བྲག་བརྐོས་ཀྱི་གཡུང་དྲུང་འབོར་ཆེན་ཞིག་མཐོང་བ་འདི་ལྟ་བུ་ནི་མི་རིགས་དང་རྒྱལ་ཁབ་གཞན་གང་ནའང་མཐོང་དཀའ་བ་ཞིག་རེད།
           བོད་ཁམས་ཀྱི་གནས་སོ་སོར་ཡོད་པའི་བྲག་བརྐོས་ཀྱི་རི་མོ་གཡུང་དྲུང་གི་རྟགས་འདི་འདྲ་བོད་ནུབ་དང་བོད་བྱང་། བོད་ལྷོ། བོད་ཤར་སོགས་ཀྱི་ས་ཁུལ་དུ་ཁྱབ་འདུག་པ་དང་། བརྟག་དཔྱད་བྱས་པ་ལྟར་ན། མཚོ་སྔོན་ས་ཁུལ་གྱི་བྲག་བརྐོས་རི་མོའི་ཁྲོད་གཡུང་དྲུང་གི་རྟགས་འདི་ལྟོས་བཅས་སུ་ཉུང་བ་དང་། བོད་བྱང་ས་ཁུལ་གྱི་བྲག་བརྐོས་རི་མོའི་ཁྲོད་ལྟོས་བཅས་ཀྱིས་མང་བ། བོད་ནུབ་ས་ཁུལ་གྱི་བྲག་བརྐོས་རི་མོའི་ཁྲོད་དེ་ལས་ཅུང་ཉུང་བ། བོད་ཤར་དང་བོད་ལྷོའི་ས་ཁུལ་དུ་བྲག་བརྐོས་རི་མོའི་གནས་ཉུང་ནའང་གཡུང་དྲུང་གི་རྟགས་ནི་ཡོད་པ་ཡིན། དཔེར་ན། བོད་བྱང་ས་ཁུལ་གྱི་བྲག་ཕུག་ཁྲོད་ནས་མིག་སྔར་བརྐོས་མ་དང་བྲིས་མའི་གནས་མ་མཐར་ཡང་14རྙེད་ཡོད་པ་དེ་དག་ནང་གཡུང་དྲུང་གི་རྟགས་40ལ་ཉེ་བ་ཞིག་ཡོད་པས། མཚོ་བོད་མཐོ་སྒང་གི་ས་ཁུལ་གཞན་དག་ལས་མང་བ་ཡོད་པ་རྟོགས་ཐུབ་པ་ལྟ་བུ་ཡིན།
           བྲག་བརྐོས་གཡུང་དྲུང་དེ་དག་ལ་དེ་སྔ་དཔྱད་པ་བྱས་པ་ལྟར་ན། ཆེས་སྔ་བའི་རིགས་ལ་ལོ་སྟོང་ཕྲག་གསུམ་ཙམ་གྱི་ལོ་རྒྱུས་ལྡན་པར་འདོད་ཀྱང་དེ་ལ་ད་དུང་དོགས་པ་མཆིས་ཏེ། གང་ཡིན་ཟེར་ན། སྤྱིར་རྫ་ཆས་སོགས་གནའ་རྫས་གང་ཞིག་ལ་ཚན་རིག་གིས་བརྟག་དཔྱད་བྱེད་སླ་ཡང་རྡོ་བརྐོས་རི་མོའི་སྐོར་ལ་དཔྱོད་སྐབས་བརྐོ་ཡུལ་རྡོ་དེར་ཚན་རིག་གིས་བརྟགས་ནས་ལོ་ཚིགས་འཇོག་སླ་ཡང་དེའི་བརྐོ་བ་རི་མོར་གཅིག་ནས་ལག་རྩལ་དང་གཉིས་ནས་རྐོ་ཐབས་སོགས་ལ་བརྟེན་ནས་དཔྱད་དགོས་པ་ལས་གཞན་ཐབས་མེད་པས་ན། དེ་ལ་ནོར་འཛོལ་གྱི་ཆ་ལྡན་ངེས་པ་ནི་བཤད་མི་དགོས་པ་རེད། གང་ལྟར་ཡང་དུས་ཚོད་དེའི་སྔ་གཞུག་ནི་ཏག་ཏག་མཚོ་བོད་མཐོ་སྒང་འདིར་བོན་པོའི་ཆོས་ལུགས་དར་ཤུགས་ཆེ་བའི་དུས་སྐབས་ཡིན། འོ་ན་བྲག་ལ་བརྐོས་པའི་གཡུང་དྲུང་གི་རྟགས་ཐམས་ཅད་བོན་དང་མ་འབྲེལ་བ་མེད་ཟེར་ན། དེའང་མ་ཡིན་ཏེ། དུས་ཀྱི་སྟེང་ནས་བལྟས་ན། སྔ་བ་ལོ་སྟོང་ཕྲག་གསུམ་ཡས་མས་དང་འཕྱི་བ་དེང་གི་དུས་སུའང་བྲག་ལ་གཡུང་དྲུང་འདུས་པའི་རི་མོ་དང་ཡིག་འབྲུ་སོགས་སྣ་ཆོགས་རྐོ་བ་མཐོང་ཆོས་སུ་གྱུར་ཡོད་པ་ལྟ་བུ་རེད།   སྤྱིར་ད་ལྟ་མི་ཕལ་མོ་ཆེས་གཡུང་དྲུང་གི་རི་མོ་དེའི་ཁ་གཡས་འཁོར་དང་གཡོན་འཁོར་ཙམ་ལ་བལྟས་ཏེ་བན་བོན་ཆོས་ལུགས་གཉིས་ཀྱི་ཤན་འབྱེད་མོད། “ཡིན་ནའང་བོད་ལྗོངས་བྲག་བརྐོས་རི་མོ་ལ་བལྟས་ན། འདི་ལྟར་ཤན་འབྱེད་པ་ནི་དུས་ཧ་ཅང་འཕྱིས་པའི་དོན་ཞིག་ཡིན་ངེས་ཏེ། ཕལ་ཆེར་སངས་རྒྱས་ཆོས་ལུགས་མཐོ་སྒང་དུ་དར་བ་ནས་བོན་དང་དབྱེ་བ་འབྱེད་ཕྱིར་བྱུང་བ་ཞིག་ཡིན། དོན་དངོས་སུ་མཐོ་སྒང་གི་དུས་སྔ་མོའི་རང་སའི་ཆོས་ལུགས་ནང་དུ་གཡུང་དྲུང་གི་རི་མོ་གཡས་འཁོར་ཅན་ཡོད་ལ། གཡོན་འཁོར་ཅན་ཡང་ཡོད་པ་ཐམས་ཅད་མཐོ་སྒང་གི་བོན་ཆོས་སུ་གཏོགས་”པ་ཡིན།
དཔེར་ན། “མཚོ་སྔོན་གྱི་བྲག་བརྐོས་རི་མོ་ནས་བྱུང་བའི་གཡུང་དྲུང་གི་རྟགས་ཐམས་ཅད་གཡོན་འཁོར་ཏེ་མི་རྣམས་ཀྱིས་རྒྱུན་པར་བན་ཕྱོགས་སུ་ངོས་འཛིན་པའི་རྟགས་‘’འདི་ཡིན་མོད། ཡིན་ནའང་བྲག་བརྐོས་རི་མོ་ཡོད་པའི་གནས་འདིར་བན་ཆོས་རིག་གནས་ཀྱི་ཤུལ་བཞག་མ་རྙེད་སྟབས། གཡུང་དྲུང་གཡོན་འཁོར་གྱི་རྟགས“”འདི་སྐབས་དེར་བན་ཆོས་དང་འབྲེལ་བ་གང་ཡང་མེད་པ་མངོན་གསལ་རེད་”ཅེས་ཞིབ་འཇུག་པ་ཀྲང་ཡཱ་ཧྲ་(张亚莎)ཡིས་བོད་ཁུལ་གྱི་བྲག་བརྐོས་རི་མོ་ལ་བརྟག་དཔྱད་གནང་རྗེས་དེ་ལྟར་གསུངས་ཤིང་། དེ་བཞིན་དུ་རྒྱའི་གནའ་དཔྱད་རིག་པ་སྨྲ་བ་ཀྲང་ཅན་ལིང་(张建林)གིས་ཀྱང་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་བྲག་བརྐོས་རི་མོ་སྟེ་གཡུང་དྲུང་“”དང་“”ལ་བརྟགས་རྗེས་སུ་གཡུང་དྲུང་གཡས་འཁོར་“” བྱུང་བའི་ལོ་ཚིགས་ནི་གཡོན་འཁོར་“” ལས་སྔ་བར་འདོད།   
           གཡུང་དྲུང་གི་རྟགས་ཀྱི་མཚོན་དོན་ཡང་སྙིང་གང་ཡིན་པའི་ཐད་ལ་ཨ་རིའི་རྩོམ་པ་པོ་O . \/ . ཝེ་ལེས་བརྩམས་པའི་
《ཤེས་རིག་གི་ཕྱོགས་སུ་བསྐྱོད་པ་》ཞེས་པའི་དཔེ་ཚོགས《མཚན་མའི་མཆོད་བཀུར་》ཞེས་པའི་ནང་དུ། བོད་མིས་སྤྱོད་པའི་གཡུང་དྲུང་གི་རི་མོ་དེས་བོད་ཁུལ་དུ་དར་བའི་ཤུག་གཅིག་ཁྱོ་མང་གི་ལམ་ལུགས་དེ་མཚོན་པར་འདོད་དེ། “ནོ་ཐེ་སི་ཆོས་པའི་མཚོན་རྟགས་དང་འདྲ་བར་དེས་ཀྱང་མཚན་མ་ཟུང་འཇུག་གི་ཚབ་མཚོན་ཏེ་ཤུག་གཅིག་ཁྱོ་མང་གི་ལམ་ལུགས་ཀྱི་ཁྱད་ཆོས་མཚོན་པ་རེད། གནའ་བོའི་ཧྥེ་ཉི་ཇི་མི་དང་ཤར་ཕྱོགས་ཀྱི་མི་གཞན་དག་གིས་ཀྱང་དེ་སྤྱོད་བཞིན་ཡོད་ཅིང་། དེའི་མིང་ལ་‘ལྷ་ཆེན་བཞིས་བཏེགས་པའི་རྒྱ་གྲམ་’ཟེར། དེས་ཨེ་ཤེ་ཡའི་དམིགས་བསལ་གྱི་ཁྱད་ཆོས་ཏེ། བོད་ན་དར་ཁྱབ་ཆེ་བའི་......བུད་མེད་གཅིག་ལ་ཁྱོ་ག་མང་བའི་ལུགས་དེ་གཞིར་བཟུང་བ་རེད། དེའི་རི་མོའི་རྣམ་པ་ནི་ཕོ་མཚན་བཞིས་མོ་མཚན་གཅིག་གི་མཐའ་ནས་བསྐོར་བ་ཞིག་རེད་”ཅེས་ཟེར། འོན་ཀྱང་དེ་ལ་གནས་ལུགས་རྒྱུ་མཚན་ཡོད་པ་མ་མཐོང་། བོད་ཀྱི་ས་གནས་གང་མང་ཞིག་ན་ཤུག་གཅིག་ཁྱོ་མང་གི་ལམ་ལུགས་ཡོད་པ་བདེན་ཡང་གཡུང་དྲུང་གི་རྟགས་ཀྱིས་ལམ་ལུགས་འདི་འདྲ་མཚོན་ཚུལ་ཡི་གེ་ན་ཕར་ཞོག་རྣ་བས་ཀྱང་ཐོས་མ་མྱོང་། གཡུང་དྲུང་གི་རྟགས་འདི་བོད་ཙམ་མ་ཟད་རྒྱལ་ཁབ་དང་མི་རིགས་གཞན་པའི་རིག་གནས་ཁྲོད་དུའང་མཐོང་རྒྱུ་ཡོད་ལ། དེ་རེ་རེ་ལའང་རང་རང་གི་འདོད་མོས་ལྟར་མཚོན་དོན་རེ་ཡོད་པས། ཁོང་གིས་དེ་ལྟར་སྨྲ་བ་ནི་རྒྱལ་ཁབ་དང་མི་རིགས་གཞན་པའི་བརྗོད་སྲོལ་དེ་བོད་ལ་བཙན་འགྲིག་བྱས་པའི་གཏམ་དུ་འཁུམས་སོ། གཞན་ཡང་ཚེ་རིང་ཐར་མཆོག་གིས་བོན་གྱི་ཡིག་ཚང་ནང་དུ་འགྲོ་བ་མི་ནི་འོད་གསལ་ལྷ་ལས་མཆེད་པའི་བཤད་ཚུལ་བྱུང་བ་དེ་དང་གཡུང་དྲུང་གཉིས་ནི་“ནུབ་ཕྱོགས་པར་སིག་སོགས་ཀྱི་ཉི་ལྷའི་དད་པ་དེ་བོད་དུ་མཆེད་པ་ཡིན་པར་སྙམ་”ཞེས་གསུངས་ཀྱང་། ཁོ་བོ་ནི་དེ་ལ་མོས་མཐུན་བྱེད་དཀའ་སྟེ། བློ་དམན་ངས་དཔྱད་པ་ལྟར་ན། དེ་ལས་ལྡོག་སྟེ་པར་སིག་ལ་བོན་གྱིས་ཤན་ཐེབས་པའི་དཔང་རྟགས་བཙན་པོ་ཡོད། དེའི་སྐོར་ངས་གཞན་ནས་གླེང་ཡོད།
ཨ་མེ་རི་ཁའི་གནམ་དཔྱད་རིག་པ་སྨྲ་བ་དང་གནམ་གཟུགས་རྫས་འགྱུར་རིག་པ་སྨྲ་བ་ཁར་སཱ་ཀིན་( Carl    Sa-gan.1934-1996)གྱིས་
《དུ་སྐར་》ཞེས་པའི་དཔེ་ཆའི་ནང་དུ་གཡུང་དྲུང་ནི་དུ་སྐར་ལས་དབུགས་གཟུགས་འཕྱུར་ཏེ་རླུང་ཁམས་ཆེན་པོ་འཁོར་བའི་རྣམ་པ་ཞིག་ཡིན་ཟེར། བརྗོད་ཚུལ་དེ་ནི་བོན་གྱི་ཡིག་ཆ་ལས་འཇིག་རྟེན་ཁམས་ཐོག་མར་ཆགས་དུས་འབྱུང་བའི་ནུས་པར་བརྟེན་ནས་རླུང་གི་དཀྱིལ་འཁོར་ཏེ་རྒྱ་གྲམ་ཞིག་གྲུབ་པའི་བཤད་ཚུལ་དང་མཐུན་པར་སྣང་། ཡང་ཤེས་ལྡན་པ་ལ་ལས་འོལ་མོ་ལུང་རིང་གི་རི་གཡུང་དྲུང་དགུ་བརྩེགས་ཀྱི་དབྱིབས་ནི་རི་མོ་“”འདི་འདྲ་ཡིན་པར་བཤད་པའི་བོན་གྱི་བཤད་རྒྱུན་གཞིར་བཟུང་ནས་“”་ནི་དབྱིབས་གཟུགས་དངོས་དཔེ་ཞིག་སྟེ། གནའ་བོའི་བོད་ཀྱི་ཆེས་སྔ་བའི་ས་ཁམས་ཀྱི་མཚོན་རྟགས་ཡི་གེ་ཞིག་ཡིན་པར་འདོད། དེ་ཡང་གདོད་མའི་མི་རྣམས་ཀྱིས་རང་ཉིད་སྡོད་པའི་གནས་དེའི་ས་ཁམས་ཆགས་དབྱིབས་ཐོག་མར་ངོས་འཛིན་སྐབས་དེའི་ཁོ་ར་ཁོར་ཡུག་གི་རི་དང་ཆུ་བོ་སོགས་ཐམས་ཅད་རང་བཞིན་དུ་གྲུབ་པ་ཞིག་མ་ཡིན་པར་དེ་ནི་ངེས་པར་དུ་གསང་བ་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་ལས་གྲུབ་པར་འདོད་དེ། དེ་ཉིད་མི་གཤིས་ཅན་དང་གཟུགས་ཅན་ཞིག་ཏུ་བྱས་པས། དེ་ལས་འཕེལ་ཏེ་མཐར་ཆོས་ཐམས་ཅད་ཐེག་པའི་སྐྱེ་དངོས་ཀྱི་འགུལ་རྣམ་མཚོན་པའི་རྟགས་ཆེན་པོ་“”འདི་འདྲ་བ་ཞིག་ཏུ་བསམས་པ་རེད། དོན་སྙིང་འདིའི་སྟེང་ནས་བཤད་ན་“”ནི་དངོས་པོའི་མཚོན་བྱེད་ཅིག་ཡིན་པ་མ་ཟད། བོན་གྱི་ལྟ་བ་མཛེས་དཔྱོད་ཅན་དུ་གྱུར་པའི་འདུ་ཤེས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པར་འདོད།

གསུམ། དཔྱད་སྡོམ།

       གཡུང་དྲུང་གི་རྟགས་འདིའི་བྱུང་རིམ་སྟེང་ནས་བལྟས་ན། དང་ཐོག་བོན་དང་འབྲེལ་བ་ཆེ་སྟབས། ང་ཚོས་དེའི་རིག་གནས་ཁྲོད་དུ་གཡུང་དྲུང་ལ་གོ་བ་ཇི་ལྟར་བླངས་ཡོད་པ་ནས་བཤད་ན། ཚང་མས་མཁྱེན་གསལ་ལྟར་ལོ་ངོ་སྟོང་ཕྲག་གསུམ་ཡར་སྔོན་གྱི་ལོ་རྒྱུས་ཐོག་མཚོ་བོད་མཐོ་སྒང་འདིའི་སའི་དཀྱིལ་འཁོར་ལ་མངའ་དབང་སྒྱུར་མཁན་ནི་ཞང་ཞུང་གི་ཚོ་པ་ཡིན་སྟབས། གཡུང་དྲུང་གི་རྟགས་འདི་ཡང་དེའི་རིགས་གནས་ཀྱི་ཁོངས་སུ་གཏོགས།  ལོ་རྒྱུས་ཡིག་ཚང་དག་ལ་བལྟས་ན། གཡུང་དྲུང་ཞེས་པ་དེ་ལ་ཞང་ཞུང་སྐད་དུ་“དྲུང་མུ་གྱེར”ཞེས་བརྗོད་ཅིང་། 《མདོ་གཟེར་མིག་》ལས། “གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ། །དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། །བོན་ཞེས་བྱ་བ་དབྱིངས་ཉིད་བདལ་བའི་ཀློང། །”ཞེས་འབྱུང་ཞིང་། གཞན་བོན་གྱི་དཔེ་ཆ་དག་ལས་ལོངས་སྐུ་གཤེན་ལྷ་འོད་དཀར་གྱི་ཡོན་ཏན་བརྗོད་སྐབས་ངོ་བོའི་མཚན་ཉིད་མི་འགྱུར་བ་གཡུང་དྲུང་གི་བོན་བཅུ་ཡོད་པར་བཤད་དེ། 《གབ་པ་》ལས། “སྣང་སྲིད་མི་འགྱུར་བའི་གཡུང་དྲུང་ཐོབ་པ། བོན་མི་འགྱུར་བའི་གཡུང་དྲུང་ཐོབ་པ། སེམས་མི་འགྱུར་བའི་གཡུང་དྲུང་ཐོབ་པ། ལྷ་མི་འགྱུར་བའི་གཡུང་དྲུང་ཐོབ་པ། གནས་མི་འགྱུར་བའི་གཡུང་དྲུང་ཐོབ་པ། ཁ་དོག་མི་འགྱུར་བའི་གཡུང་དྲུང་ཐོབ་པ། ཡེ་ཤེས་མི་འགྱུར་བའི་གཡུང་དྲུང་ཐོབ་པ།  ཏིང་འཛིན་མི་འགྱུར་བའི་གཡུང་དྲུང་ཐོབ་པ། དགོངས་པ་མི་འགྱུར་བའི་གཡུང་དྲུང་ཐོབ་པ། འབྲས་བུ་མི་འགྱུར་བའི་གཡུང་དྲུང་ཐོབ་པ་”ཞེས་དེ་དག་གི་འགྲེལ་པ་ཟབ་ཅིང་རྒྱས་པ་ཞིག་བརྗོད་ཡོད་ལ། “གཡུང་དྲུང”ཞེས་པའི་ཚིག་འདིས་“མི་འགྱུར་བ་”སྟེ་རྟག་བརྟན་གྱི་དོན་ཁོ་ན་མཚོན་ཚུལ་བསྟན་ཡོད། སྤྱིར་ཞང་ཞུང་སྐད་དུ“དྲུང་མུ་གྱེར་”རམ་བོད་སྐད་དུ“གཡུང་དྲུང་”ཞེས་པའི་ཐ་སྙད་འདི་དང་རི་མོ“”འདི་གཉིས་དུས་ནམ་ཞིག་ནས་གཞི་གཅིག་ཏུ་གྱུར་པ་ལ་དཔྱད་རྒྱུ་ཡོད་པ་ལྟར་སྣང་ཡང་ཞིབ་ཏུ་བརྟགས་ཚེ་རི་མོ་“” འདི་ནམ་ཞིག་གསར་གཏོད་བྱས་པ་ནས་“གཡུང་དྲུང་”ཞེས་པའི་ཐ་སྙད་འདི་ཡང་དུས་དེ་ནས་བྱུང་ཡོད་པ་ནི་དཔེར་ན། གཏུབ་བྱེད་ཀྱི་“སྟ་རེ་” གསར་གཏོད་བྱས་པ་ནས་“སྟ་རེ་”ཞེས་པའི་མིང་བྱུང་བ་ལྟར། དེ་ནི་དངོས་པོ་སྔོན་དང་ཐ་སྙད་རྗེས་ནས་བྱུང་བའི་ཆོས་ཉིད་དང་མཐུན་པ་ཡིན། གང་ལྟར་ཡང་“གཡུང་དྲུང་”བྱུང་བ་ནས་དེ་ལ་རྟག་བརྟན་མི་འགྱུར་བའི་དོན་སྦྱར་བ་དང་ཆབས་ཅིག་དེ་ལ་བཀྲ་ཤིས་པའི་དོན་ཞིག་ཡོད་པར་མངོན་ཏེ། 《མདོ་འདུས་》ལས། “མུ་རྒྱུད་ཆགས་པའི་དང་པོ་ལ། །ཏིང་ནམ་མུར་ཟངས་སྟེང་དུ་ནི། །གསེར་གྱི་པདྨ་འདབ་མ་སྟོང་། །གཡུ་ཡི་གཡུང་དྲུང་བཀྲ་བ་རྡོལ། །དེ་ལ་གནས་གཙང་ལྷ་རྣམས་ཀྱིས། །བསྐལ་བ་འདི་ནི་བཟང་པོའོ། །འགྲོ་བ་འདྲེན་པའི་དོན་གྱི་ཕྱིར། །བདེ་བར་གཤེགས་པ་སྟོང་རྩ་བརྒྱད། །འབྱོན་པའི་སྔ་ལྟས་ཆེན་པོའོ། །དགེའོ་དགེའོ་རབ་ཏུ་དགེ  ། ཨེ་མ་ངོ་མཚར་ཆེ་ཞེས་བརྗོད། །”ཞེས་མེ་ཏོག་པརྨོ་དང་གཡུང་དྲུང་སོགས་ནི་སངས་རྒྱས་འབྱོན་པའི་སྔ་ལྟས་ཀྱི་བཀྲ་ཤིས་རྟགས་མཚན་ཞིག་ཏུ་བཤད་པའི་ཕྱིར།
           རྒྱུ་མཚན་དེ་དག་གིས་བོན་གྱི་གཙོ་ལྷ་འགའ་རེའི་ཕྱག་ཏུའང་གཡུང་དྲུང་ཡོད་པའི་ཕྱག་མཚན་ཅི་རིགས་བསྣམས་ཡོད་པ་མཐོང་ཆོས་སུ་སྣང་ཞིང་། འདིས་ཀྱང་བརྡ་དོན་ཁྱད་པར་བ་མཚོན་པ་ཡིན་ཏེ། དཔེར་ན་བོན་གྱི་ལྷ་རིགས་ཐམས་ཅད་ཀྱི་ཐོག་མ་ལྟ་བུར་བཤད་པའི་སྲིད་པ་སངས་པོ་འབུམ་ཁྲིའི་གཟུགས་བརྙན་གསུང་སྐབས་སུའང། “ཨོྃ་སྟོང་གསུམ་འཇིག་རྟེན་མཐའ་ཡས་ན། །ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ། །སྟོན་པའི་འོད་ཟེར་ཡིག་འབྲུ་གསལ། །མདངས་ལྡན་པད་མ་དམར་པོ་ལ། །ཡིག་འབྲུ་ཧ་ཡི་རང་བཞིན་ལ། །ཐབས་ཀྱི་མཆོག་ལས་བྱུང་བ་ཡི། །སྲིད་པ་སངས་པོ་འབུམ་ཁྲི་ལ། །སྐུ་མདོག་མི་འགྱུར་དངུལ་གྱི་སྙིང་པོ་འདྲ། །དངུལ་ལ་རྔུལ་གྱི་འོད་འབར་རྒྱན་གྱིས་སྤྲས། །འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ། །རྒྱན་དང་ཆ་ལུགས་གཞལ་ཡས་མཛེས། །ཕྱག་མཚན་གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །ཐུགས་རྗེ་ནུབ་པ་མེད་པའི་རྟགས། །ཕྱག་གཡོན་གཡུང་དྲུང་འཁོར་ལོ་བསྣམས། །འགྱུར་མེད་འཁོར་ལོ་བསྐོར་བའི་རྟགས། །དབུ་རྒྱན་རྣ་རྒྱན་མགུལ་ཆུ་སེ་མོ་དོ། །ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོས་སྤྲས། །སྐུ་ལ་མཚན་དང་དཔེ་བྱད་རབ་ཏུ་རྫོགས། །”
ཞེས་དང་། དེ་བཞིན་དུ། “སྟོན་པ་གཤེན་རབ་མི་བོ་ནི། །སྐུ་མདོག་རིན་ཆེན་སྙིང་པོ་འདྲ། །རིན་ཆེན་བེེཌཱུརྱ་འོད་འབར་རྒྱན་གྱིས་སྤྲས། །འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ། །རྒྱན་དང་ཆ་ལུགས་གཞལ་ཡས་ཁང། །ཕྱག་མཚན་གཡས་ན་རིན་ཆེན་ཆག་ཤིང་བསྣམས། །རང་བཞིན་བོན་རྣམས་ནུབ་པ་མེད་པའི་རྟགས། །གཡོན་པ་རིན་ཆེན་ཧོས་རུ་འཛིན། །འགྲོ་བའི་ནད་གསོ་ཅི་སྦྱིན་མཛད། །”ཅེས་བྱུང་བ་ལྟར་ཡིན། འདིར་བཤད་པའི་“རིན་ཆེན་ཆག་ཤིང་”ཞེས་པ་དེའང་གཡུང་དྲུང་གི་དཔེ་རིས་ཡོད་པའི་བོན་གྱི་མཚོན་བྱེད་ཁྱད་པར་བ་ཞིག་ཡིན་ཏེ། 《གཡུང་དྲུང་ལས་དག་》ལས།“ཁྱད་པར་སྲིད་པ་སྐོས་ཀྱི་ཆག་ཤིང་ནི། །སྡེ་སྣོད་བཅོ་བརྒྱད་གསལ་བའི་གཤེན་རབ་ཀྱིས། །གཤེན་རབ་བདག་བཞིན་ཕྱག་ཏུ་བརྟན་བྱས་ཤིང། །བསྟན་པ་ཀུན་གྱི་ཀླད་དུ་འདི་བསྐོར་ན། །གཡུང་དྲུང་བོན་གྱི་རྒྱལ་མཚན་བཙུགས་ནས་ཀྱང། །རྟག་ཆད་ལོག་ལྟ་ཐེ་ཚོམ་ཟིལ་གྱིས་གནོན། །”ཞེས་དང་། སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་དེའི་འགྲེལ་པར།“ཁྱད་པར་དུ་ཆག་ཤིང་འདི་ཡི་ཟུར་གཅིག་གི་གཡུང་དྲུང་གི་ར་བཞི་དབུས་ལྟེ་དང་ལྔ་སྲིད་པ་ཡེ་དབང་རིགས་བཞུགས་པའི་གནས་དང་རྟེན་ཡིན་ཞིང་། ཟུར་གཞན་གྱི་སྣེ་ཡི་གཡུང་དྲུང་གི་ཡན་ལག་བཞི་དང་དབུས་ལྟེ་བཅས་ལྔ་ནི་ཡེ་དབང་རིགས་ལྔའི་བསྟན་པ་རིག་པའི་གནས་ལྔ་ཡི་བརྡ་ཡིན་ཏེ། ཡེ་དབང་རིགས་ལྔ་ནི། སྲིད་པ་སངས་པོ་འབུམ་ཁྲི། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། ཡེ་དབང་མཐུ་སྟོབས་རྒྱལ་པོ། ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཡེ་དབང་ས་ཡི་རྒྱལ་པོ། རིག་པའི་གནས་ལྔ་ནི། ཕྱི་རིག་པ། ནང་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ་བཅས་ལྔ་ཡིན་ཏེ།......” ཞེས་གཡུང་དྲུང་གོང་འོག་གཉིས་བར་གྱི་མཚོན་དོན་ནི་རིག་པའི་གནས་ཆེན་པོ་ལྔ་ཡི་བདག་ཉིད་ཡེ་དབང་རིགས་ལྔའི་གནས་ཡིན་པར་གསུངས་པ་ལྟ་བུའོ། དེས་ན་“གང་ཞིག་སྲིད་པ་ཡེ་དབང་རིགས་ལྔ་ལ་བརྟེན་ཏེ་བསྙེན་བཀུར་མཆོད་བསྟོད་བྱས་ཏེ་བརྩོན་ན་ཤེས་རབ་དང་བློ་གྲོས་ཡོངས་སུ་འཕེལ་བར་འགྱུར་བ་ཡིན་”ཞེས་གཡུང་དྲུང་བོན་པོ་རྣམས་ཀྱིས་དེ་ཉིད་མཚོན་རྟགས་ཁྱད་པར་ཅན་དུ་བརྩི་ཞིང་། ཐ་ན་ཆོས་ལུགས་འདིའི་ཚབ་མཚོན་རི་མོ་ཁོ་ནར་འཇོག་སྲོལ་ཡོད།
           མདོར་ན་གཡུང་དྲུང་གི་རི་མོ་འདི་ཐོག་མར་མཚོ་བོད་མཐོ་སྒང་ནས་བྱུང་བ་ཞིག་ཡིན་ངེས་ཤིང་། དེ་ཡང་མེས་པོ་ཚོས་བསམ་འདུན་དང་དགོས་མཁོ་གང་ཞིག་གི་ཆེད་དུ་གཡུང་དྲུང་གསར་གཏོད་བྱས་པ་ཉིད་ནས་དེ་ལ་རིག་གནས་ཀྱི་མཚོན་དོན་བརྗོད་བྱ་གང་འཚམ་ཞིག་སྦྱར་ནས་དད་མོས་བྱས་པ་དང་། རིམ་བཞིན་ཞང་བོད་ཀྱི་གདོད་མའི་བོན་པོ་དེ་དག་གིས་ཀྱང་རང་རང་གི་དད་མོས་དང་ཆོས་ལུགས་ཆོ་ག་ཅི་རིགས་སུ་བེད་སྤྱོད་བྱས་པས། མཐར་རི་མོ་འདིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་དང་ཚབ་མཚོན་རང་བཞིན།  བེད་སྤྱོད་རང་བཞིན། མཛེས་དཔྱོད་རང་བཞིན་དང་དམིགས་བསལ་རང་བཞིན་བཅས་ལ་དམིགས་ཏེ་སྟོན་པ་གཤེན་རབ་མི་བོས་དེ་ལ་ནང་དོན་གསར་པ་ཞིག་སྦྱར་ཏེ་མུ་མཐུད་དུ་བེད་སྤྱོད་གནང་བ་ནས་བཟུང་རི་མོ་འདི་ཉིད་བཀྲ་ཤིས་པའི་མཚན་མ་ཞིག་ཏུ་གྱུར་ཏེ་ཁ་བ་རི་པའི་གནས་གང་ས་གང་དུ་བེད་སྤྱོད་དང་བྲག་ངོས་སུའང་མི་འགྱུར་བའི་རྟགས་སུ་བཀོད་ཡོད། ངས་འདི་ལྟར་བཤད་པའི་རྒྱུ་མཚན་ཡང་ད་ལྟ་ཚན་རིག་པ་རྣམས་ཀྱིས་བརྟག་ཅིང་དཔྱད་པའི་འབྲས་བུར་རང་རེ་མཚོ་བོད་མཐོ་སྒང་འདི་ཉིད་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་པར་བཞེད་
པ་འདི་ཡིན་པས། གདོད་མའི་མེས་པོ་ཚོས་གནས་འདི་ནས་གཡུང་དྲུང་གི་རི་མོ་ཐོག་མར་གསར་གཏོད་བྱས་པ་ནས་རིམ་བཞིན་མིའི་རིགས་ཕྱོགས་བཞིར་གནས་སྤོ་བྱས་པ་དང་བསྟུན་གངས་ཏི་སེའི་གཡས་གཡོན་མཐའ་སྐོར་གྱི་གནའ་བོའི་རྒྱ་གར་དང་པར་སིག་སོགས་བརྒྱུད་དེ་ཀེ་རི་སེ་དང་ཐེ་ལོ་ཡེ་སོགས་སུ་མཆེད་རྗེས་མི་རིགས་དང་ཆོས་ལུགས་དེ་དག་ནས་རང་ངོས་དང་མཐུན་པའི་ནང་དོན་རེ་སྦྱར་བ་ནི་གོང་གི་པའོ་ལཱ་ཐོའི་གསུང་དེས་ཀྱང་ཟུར་གཞན་ཞིག་ནས་མཚོན་ཐུབ་ལ། པའོ་ལཱ་ཐོའི་《བཀའ་མོལ་ཟིན་བྲིས་》ནང་བྱུང་བའི་བཤད་རྒྱུན་དེ་ནི་དོན་དམ་པར་གདོད་མའི་མིའི་རིགས་ཀྱི་མེས་པོ་དག་གི་སྔར་བྱུང་གི་དྲན་པ་དེ་ཉིད་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་པ་ཞིག་ཡིན་པ་ཡང་གདོན་མི་ཟ་བ་རེད། དེས་ན་གོང་དུ་བཤད་པའི་ཀྲུང་གོའི་མཱ་ཅཱ་ཡའོ་རིག་གནས་ལས་བུད་པའི་གཡུང་དྲུང་དང་དབྱི་རན་གྱི་གནའ་བོའི་རྫ་ཆས་སྟེང་དུ་བྱུང་བའི་གཡུང་དྲུང། ཨུ་རུ་སིའི་ཞིན་ཏཱ་ཞོ་ཐ་ནས་བུད་པའི་རི་མོ་བཅས་དེ་དག་ཐམས་ཅད་ཀྱི་ཁུངས་དེད་ན་མཚོ་བོད་མཐོ་སྒང་འདི་ནས་ཕྱིར་མཆེད་པ་ཡིན་པས་དེ་དག་དབར་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ཡོད། བྲག་བརྐོས་རི་མོར་ཞིབ་འཇུག་གནང་མཁན་ཀྲང་ཡཱ་ཧྲ་(张亚莎)ཡིས་ཀྱང་བོད་ཁམས་སུ་ཁྱབ་པའི་གཡུང་དྲུང་གི་རྟགས་དེ་རིགས་ལ་དཔྱད་རྗེས་སུ། “གཡུང་དྲུང་གི་རྟགས་འདི་དུས་སྔ་མོ་ཞིག་ནས་ས་གནས་སོ་སོའི་གནའ་བོའི་ཤེས་རིག་ཏུ་བྱུང་ཡོད་ཀྱང་། (བོད་ལྟར་)དུས་ཡུན་རིང་པོར་འདི་ལྟར་ཚེ་སྲོག་གི་རྒྱུན་བསྐྱངས་ཤིང་། དུས་སྐབས་རིང་པོར་འདི་ལྟར་ཤེས་རིག་གི་སྣང་ཚུལ་ཞིག་ཏུ་མཚོན་པ་ནི་ཤིན་ཏུ་དཀོན་” ཞེས་བཤད། དེས་མ་ཟད་“མིག་སྔར་ང་ཚོས་སྡོམ་རྩིས་དང་དབྱེ་ཞིབ་བྱས་པ་ལྟར་ན། གཡུང་དྲུང་གི་‘’རྟགས་འདི་བོད་ནུབ་དང་བོད་བྱང་གང་ཡིན་རུང་དུས་རྗེས་མའི་བྲག་བརྐོས་རི་མོ་ན་མཐོང་དཀའ་བ་དང་། གཙོ་བོ་སྔ་དུས་དང་བར་དུསཀྱི་བྲག་བརྐོས་རི་མོ་ལས་བྱུང་ཞིང་། དུས་དེ་ནི་མཚོ་བོད་མཐོ་སྒང་དུ་བོན་ཆོས་དར་ཁྱབ་ཆེ་བའི་དུས་སྐབས་ཡིན། འདི་ཐོག་ནས་གཡུང་དྲུང་‘’འདི་ནི་རྗེས་སུ་བན་ཆོས་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་ནའང་དུས་སྔ་མོར་རི་མོ་འདི་བོན་གྱི་བརྡ་རྟགས་མ་ལག་ཏུ་གཏོགས་པ་གསལ་བཤད་བྱས་”ཞེས་བཤད།
           འཛམ་གླིང་ན་སྐད་དུ་གྲགས་པའི་སུའེ་ཙེར་གྱི་སེམས་ཁམས་རིག་པ་བ་རོང་ཀི་( CarI  G.  Jung) ཡིས་མིའི་རིགས་ཐུན་མོང་གི་མ་བསམ་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་སྐབས་གཡུང་དྲུང་གི་རྟགས་འདི་ཡང་ཡ་ཐོག་གི་དུས་སུ་ཐུན་མོང་གི་མ་བསམ་པའི་གདོད་མའི་རིག་གནས་ཀྱི་བརྡ་རྟགས་ཤིག་ཏུ་འདོད་པ་དང་།21དེ་བཞིན་དུ་ཞིབ་འཇུག་པ་འགའ་རེས་ཀྱང་གཡུང་དྲུང་གི་རྟགས་འདི་དང་ཐོག་ཉི་མའི་མཚོན་རྟགས་སུ་འདོད་པ་བཅས། དེ་དག་ལ་ཁོ་བོ་སོམ་ཉི་ཆེ་སྟེ། ང་ཚོས་བྱིས་པ་ཞིག་ལ་ཉི་མ་འབྲིར་བཅུག་ཚེ། བྱིས་པ་དེས་དབྱིབས་ཟླུམ་པོ་ཞིག་ལ་འོད་ཟེར་གྱི་ཚུལ་དུ་དེའི་མཐའ་སྐོར་དུ་ཐིག་གདབ་རྒྱུ་གདོན་མི་ཟ་ལ། དེ་བཞིན་དུ་བྱིས་པ་དེར་ཟླ་བ་ཞིག་འབྲིར་བཅུག་ཚེའང་དབྱིབས་ཟླ་གམ་ཞིག་འབྲི་རྒྱུ་ལས་གཡུང་དྲུང་གི་བཟོ་ལྟ་བྱས་པ་ཞིག་འབྲི་མི་སྲིད་པ་ནི་དོན་དངོས་ཤིག་རེད། དེས་ན་མི་འགའ་རེས་རང་རང་གི་དམིགས་ཡུལ་ཆེད་ཆེས་སླ་བའི་གནས་ལུགས་ཤིག་ཡིན་ནའང་། དེ་ཉིད་གཡས་སྐོར་གཡོན་སྐོར། ལ་སྐྱོག་ཀླུང་སྐྱོག་གང་མང་བྱེད་པ་མ་ཟད། གཏིང་མི་ཟབ་ནའང་ཟབ་ཁུལ་གྱིས་ལྐོག་གྱུར་གསང་རས་གཡོག་ཅི་ཐུབ་བྱས་པ་མ་གཏོགས་གཡུང་དྲུང་གི་རི་མོ་འདི་ཉིད་དང་ཐོག་མཚོ་བོད་མཐོ་སྒང་ནས་བྱུང་ཞིང་རྗེས་སུ་མི་རིགས་གནས་སྤོ་དང་འགྲོགས་ནས་ཕྱི་ལ་མཆེད་པ་ནི་དོན་གྱིས་གྲུབ་ཀྱང་། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་འགའ་ཞིག་གིས་བོན་གྱི་རིག་གནས་འདུས་པའི་གངས་ལྗོངས་བོད་ཀྱི་གནའ་བོའི་ཤེས་རིག་ལ་དེ་འདྲ་རྒྱུས་མངའ་མེད་པའམ་ཡང་ན་དེ་ཉིད་གཏན་ནས་ཁས་ལེན་དུ་མི་འདོད་པའི་རྒྱུ་རྐྱེན་ལས་འདི་ལྟར་མི་བཤད་པའམ་ཡང་ན་བཤད་མི་འདོད་པ་རེད། །
           མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
           
芮传明、佘太山:中西纹饰比较上海古籍出版社1995
           
辞海上海辞书出版社1979 年版
           
ཐུབ་བསྟན་ཕུན་ཚོགས། 《བོན་དང་རྒྱ་གར་རིག་གནས་བར་གྱི་འབྲེལ་བ་གླེང་བ་》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་གཙོ་བསྒྲིགས་བྱས་པའི་《བོད་ཀྱི་ཤེས་རིག་ཞིབ་འཇུག་》ཅེས་པའི་དཔྱད་རྩོམ་བདམས་བསྒྲིགས་དེབ་དགུ་པ་ལས།
           
④⑤⑥⑩⑩张亚莎:西藏的岩画青海人民出版社,2006
           
张建林:日土岩[画的初步研究》《文物》 1987.2
           
走向文明丛书-性崇拜》OV 魏勤,中国文联出版社1988
           
ཚེ་རིང་ཐར། 《བོན་པོ་ཞིབ་འཇུག་སྐོར་གྱི་གནད་དོན་འགར་རགས་ཙམ་དཔྱད་པ་》《ཀྲུང་གོའི་བོད་ཀྱི་ཤེས་རིག་》1988.3
           
འདིར་མཁར་རྨེའུ་བསམ་གཏན་གྱིས་བཞེད་པའི་འོལ་མོ་ལུང་རིང་གི་རི་གཡུང་དྲུང་དགུ་བརྩེགས་ཀྱི་འདབས་ན་ཆུ་བོ་བཞི་ཕྱོགས་བཞིར་འབབ་པ་མ་ཟད་ཚད་ལྡན་གྱི་ཕྱོགས་བཞི་ན་ཕོ་བྲང་བཞི་ཡོད་པ་དེས་གནའ་མི་བོད་ཀྱི་“ཕྱོགས་གནས་ཀྱི་ལྟ་ཚུལ་”ཞིག་མཚོན་པར་གསུངས་པ་དེ་གཞིར་བཟུང་བ་ཡིན།
           
⑾靳玉兰:浅谈卐的渊源及其审美特征》《青海民族学院学报》 l997(3)
           
⑿⒀《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ་》གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། 2010.9
           
⒁⒂སློབ་དཔོན་བསྟན་འཛིན་རྣམ་དག 《སྲིད་པའི་བརྡ་དར་ཆེན་མོའི་ཁུངས་བཤད་》《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་》པོད་བཞི་པ་ལས། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་དཔེ་སྐྲུན་བྱས།
           
ནོར་བུ་ཚེ་རིང་།《མཚོ་བོད་མཐོ་སྒང་ནི་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་》《ཀྲུང་གོའི་བོད་རིག་པ་》2013ལོའི་དུས་དེབ་གསུམ་པ།
           
ད་ཕན་ལོ་སྟོང་ཕྲག་གསུམ།
           
ད་ཕན་ལོ་སྟོང་ཕྲག་གཉིས།
           21
莫阿卡宁著,荣格心理学与西藏佛教精神的对话北京商务印书馆,1994

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།