གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་མདོ་སྨད་ཕྱོགས་སུ་དར་ཚུལ་སྐོར་ཅུང་ཙམ་གླེང་བ།

[ཟླ་ཚེས། 2018-06-24 10:36:09][རྩོམ་པ་པོ།  སྒར་བ་ངག་དབང་བཟང་པོ\'][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180624103101.jpg

སྒར་བ་ངག་དབང་བཟང་པོས་གཏམ་བཤད་གནང་བཞིན་པ།

གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་མདོ་སྨད་ཕྱོགས་སུ་དར་ཚུལ་སྐོར་ཅུང་ཙམ་གླེང་བ།

ནང་དོན་གནད་བསྡུས། གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་མདོ་སྨད་ཕྱོགས་སུ་དར་ཚུལ་སྐོར་ཅུང་ཙམ་གླེང་བ་ལ། གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་སོགས་ཀྱི་སྐབས་སུ་བོད་ཡོངས་ལ་ཞང་ཞུང་བོད་ཀྱི་ཡུལ་ཞེས་བརྗོད་ལ། ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས། མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར། མདོ་ཁམས་སྒང་དྲུག་དང་མདོ་སྨད་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་སུ་བརྗོད། དེའི་སྐབས་སུ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་ཞང་ཞུང་བོད་ཀྱི་ཡི་གེ་དང་མི་ཆོས། རྩིས་རིག་པ། གསོ་བ་རིག་པ། གཡུང་དྲུང་བོན་གྱི་ཆོས་ལུགས་སོགས་རིག་གཞུང་གི་སྲོལ་བཏོད་ནས་གནའ་རབས་ཞང་ཞུང་ཕུག་པའི་ཡུལ་དུ་དར་སྤེལ་བཏང་ཞིང་། དེ་ནས་རིམ་བཞིན་གནའ་རབས་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་དང་དབུས་གཙང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོ་སོའི་རྒྱལ་རབས་རྣམས་ཀྱིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད། གཉའ་ཁྲི་བཙན་པོ་ནས་བཙན་པོའི་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་མཐའ་དག་བོད་ཀྱི་མངའ་རིས་སྐོར་གསུམ་དང་དབུས་གཙང་རུ་བཞི། ཁམས་སྟོད་སུམ་པ། ཁམས་སྨད་མི་ཉག མདོ་སྟོད་གླིང་ཚང་། མདོ་སྨད་འ་ཞ། ལྷོ་འཇང་ཡུལ་བཅས་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡུལ་གྲུ་མཐའ་དག་ལ་སྔར་ལས་ལྷག་པས་དར་རྒྱས་སུ་མཛད། སྲོང་བཙན་སྒམ་པོས་རྒྱལ་ཕྲན་བཅུ་གཉིས་མཐའ་དག་སླར་ཡང་དབང་བསྒྱུར་ཅིང་། མགར་སྟོང་བཙན་གྱིས་བོད་དམག་ཉིས་འབུམ་དྲངས་ནས་ཐུ་ལུ་ཧུང་གི་རྒྱལ་ཕྲན་དང་བཅས་པ་མཐའ་དག་ཀྱང་མངའ་འོག་ཏུ་བསྡུས་ཏེ། ཐུ་བྷོད་ཅེས་པའི་རྒྱལ་སྲིད་བཙུགས་ནས་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་པ་དང་། གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེའིེ་རྨང་གཞིའི་སྟེང་དུ་འཕྲི་སྣོན་མཛད་དེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ནས་སུམ་ཅུ་བ་དང་རྟགས་འཇུག་གི་གཞུང་བརྩམས་ལ། རྒྱ་ཡུལ་དང་བལ་ཡུལ་ནས་ཇོ་ཤཱཀྱ་རྣམ་གཉིས་གདན་དྲངས་ནས་བོད་ཡུལ་ལ་སངས་རྒྱས་ཆོས་ལུགས་དང་རིག་གཞུང་དར་བར་མཛད། གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐབས་སུ་ཞང་ཞུང་སྒོའམ་མདོ་སྨད་ཀྱི་ཡུལ་རྔ་བ། མཛོད་དགེ་དང་ཀན་ལྷོ། མགོ་ལོག་དང་རེབ་གོང་། ཟི་ལིང་དང་མཚོ་ཤར། མཚོ་ལྷོ་དང་མཚོ་ནུབ། མཚོ་བྱང་ས་ཁུལ་སོགས་མཚོ་སྔོན་ཕྱོགས་ཀྱི་རྨ་ཆེན་གངས་རི་ནས་བཟུང་སྟེ་རྒྱའི་མཆོད་རྟེན་དཀར་པོའི་བར་དུ་ཞང་ཞུང་གི་སྡེ་འབངས་དང་སྲུང་དམག་སོགས་མི་སྡེ་འབོར་ཆེན་མངགས་ནས་གནས་བཟུང་སྟེ་ཡུལ་སྡེ་མང་པོ་གཞིས་ཆགས་པར་མ་ཟད། གནའ་རབས་ཞང་ཞུང་བོད་ཀྱི་ཆོས་ལུགས་དང་རིག་གཞུང་དར་སྤེལ་བྱེད་མཁན་གྱི་བོན་གཤེན་དང་མཁས་པ་མང་པོའང་ཕེབས་ནས་བོན་དགོན་དང་གསས་ཁང་ཇི་སྙེད་ཅིག་བཏབ་ནས་མདོ་སྨད་ཡུལ་དུ་གནའ་རབས་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་དར་ཞིང་རྒྱས་པར་མཛད། དེའི་ཕྱིས་སུ་བཙན་པོའི་རྒྱལ་རབས་ཕྱི་མ་རྣམས་ཀྱི་དུས་སྐབས་སུ་གསང་སྔགས་རྙིང་མའི་ཆོས་བརྒྱུད་དང་། མངའ་རིས་རྒྱལ་རབས་སྐབས་སུ་བཀའ་གདམས་དང་བཀའ་བརྒྱུད་པའི་ཆོས་བརྒྱུད། ས་སྐྱའི་རྒྱལ་རབས་ཀྱི་སྐབས་སུ་ས་སྐྱའི་ཆོས་བརྒྱུད། དགའ་ལྡན་ཕོ་བྲང་གི་སྐབས་སུ་དགེ་ལུགས་པའི་ཆོས་བརྒྱུད་སོགས་ཆོས་བརྒྱུད་སོ་སོས་རིམ་བཞིན་དགོན་སྡེ་གྲངས་མེད་པ་ཞིག་བཏབ་ནས་སངས་རྒྱས་ཀྱི་ཆོས་ལུགས་དར་ཞིང་རྒྱས་པར་མཛད་ན་ཡང་། མདོ་སྨད་ཀྱི་ཡུལ་དུ་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་དུས་ནས་ད་ལྟའི་བར་དུའང་གཡུང་དྲུང་བོན་གྱིི་དགོན་པ་དང་གསས་ཁང་མང་པོ་ཞིག་ད་དུང་ཡང་མ་ཉམས་པར་གནས་ཡོད་ལ། གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པའི་བླ་མ་སྐྱེས་ཆེན་དམ་པ་དང་མཁན་པོ། གྲྭ་བ་དང་དད་ལྡན་མང་ཚོགས། སྡེ་འབངས་ཇི་སྙེད་ཅིག་གིས་སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་དོ། །

གནད་ཚིག  གནའ་རབས་ཞང་ཞུང་། ཞང་ཞུང་སྒོ་ཕུག་བར་གསུམ། ཞང་ཞུང་བོད་ཀྱི་རིག་གཞུང་། མདོ་སྨད་ཕྱོགས་སུ་དར་ཚུལ།

གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་མདོ་སྨད་ཕྱོགས་སུ་དར་ཚུལ་སྐོར་ཅུང་ཙམ་གླེང་བ་ལ།  མདོར་བསྟན་པ་དང་རྒྱས་པར་བཤད་པ།  མཇུག་བསྡུ་བ་བཅས་གསུམ་ཡོད་དེ།  དང་པོ།  མདོར་བསྟན་པ།  གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་སོགས་ཀྱི་སྐབས་སུ་བོད་ཡོངས་ལ་ཞང་ཞུང་བོད་ཀྱི་ཡུལ་ཞེས་བརྗོད་ལ།  ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས།  མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར།  མདོ་ཁམས་སྒང་དྲུག་དང་མདོ་སྨད་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་སུ་བརྗོད།  དེའི་སྐབས་སུ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དང་མི་ཆོས།  རྩིས་རིག་པ།  གསོ་བ་རིག་པ།  གཡུང་དྲུང་བོན་གྱི་ཆོས་ལུགས་སོགས་རིག་གཞུང་གི་སྲོལ་བཏོད་ནས་གནའ་རབས་ཞང་ཞུང་ཕུག་པའི་ཡུལ་དུ་དར་སྤེལ་བཏང་ཞིང་།  དེ་ནས་རིམ་བཞིན་གནའ་རབས་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རྒྱལ་རབས་དག་གིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད།  གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་བཙན་པོའི་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་མཐའ་དག་བོད་ཀྱི་མངའ་རིས་སྐོར་གསུམ་དང་དབུས་གཙང་རུ་བཞི།  ཁམས་སྟོད་སུམ་པ།  ཁམས་སྨད་མི་ཉག མདོ་སྟོད་གླིང་ཚང་།  མདོ་སྨད་འ་ཞ།  ལྷོ་འཇང་ཡུལ་བཅས་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡུལ་གྲུ་མཐའ་དག་ལ་སྔར་ལས་ལྷག་པས་དར་ཞིང་རྒྱས་པར་མཛད།  སྲོང་བཙན་སྒམ་པོས་རྒྱལ་ཕྲན་བཅུ་གཉིས་མཐའ་དག་སླར་ཡང་དབང་བསྒྱུར་ཅིང་།  མགར་སྟོང་བཙན་གྱིས་བོད་དམག་ཉིས་འབུམ་དྲངས་ནས་ཐུ་ལུ་ཧུང་(吐谷浑)གི་རྒྱལ་ཕྲན་དང་བཅས་པ་མཐའ་དག་ཀྱང་མངའ་འོག་ཏུ་བསྡུས་ཏེ།  ཐུ་བྷོད་ཅེས་པའི་རྒྱལ་སྲིད་བཙུགས་ཤིང་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་པ་དང་།  གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེའིེ་རྨང་གཞི་སྟེང་དུ་འཕྲི་སྣོན་མཛད་དེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ནས་སུམ་ཅུ་བ་དང་རྟགས་འཇུག་གི་གཞུང་བརྩམས་ལ།  རྒྱ་ཡུལ་དང་བལ་ཡུལ་ནས་ཇོ་ཤཱཀྱ་རྣམ་གཉིས་གདན་དྲངས་ནས་བོད་ཡུལ་ལ་སངས་རྒྱས་ཆོས་ལུགས་དང་རིག་གཞུང་དར་བར་མཛད།  གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐབས་སུ་ཞང་ཞུང་སྒོའམ་ད་ལྟའི་མདོ་སྨད་ཀྱི་ཡུལ་རྔ་བ།  མཛོད་དགེ་དང་ཀན་ལྷོ།  མགོ་ལོག་དང་རེབ་གོང་།  ཟི་ལིང་དང་མཚོ་ཤར།  མཚོ་ལྷོ་དང་མཚོ་ནུབ།  མཚོ་བྱང་ས་ཁུལ་སོགས་མཚོ་སྔོན་ཕྱོགས་ཀྱི་རྨ་ཆེན་གངས་རི་ནས་བཟུང་སྟེ་རྒྱའི་མཆོད་རྟེན་དཀར་པོའི་བར་དུ་ཞང་ཞུང་གི་སྡེ་འབངས་དང་སྲུང་དམག་སོགས་མི་སྡེ་འབོར་ཆེན་མངགས་ནས་གནས་བཟུང་སྟེ་ཡུལ་སྡེ་མང་པོ་གཞིས་ཆགས་པར་མ་ཟད།  གནའ་རབས་ཞང་ཞུང་བོད་ཀྱི་ཆོས་ལུགས་དང་རིག་གཞུང་དར་སྤེལ་བྱེད་མཁན་གྱི་བོན་གཤེན་དང་མཁས་པ་མང་པོའང་ཕེབས་ནས་བོན་དགོན་དང་གསས་ཁང་ཇི་སྙེད་ཅིག་བཏབ་ནས་མདོ་སྨད་ཡུལ་དུ་གནའ་རབས་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་དར་ཞིང་རྒྱས་པར་མཛད།  དེའི་ཕྱིས་སུ་བཙན་པོའི་རྒྱལ་རབས་ཕྱི་མ་རྣམས་ཀྱི་དུས་སྐབས་སུ་གསང་སྔགས་རྙིང་མའི་ཆོས་བརྒྱུད་དང་།  མངའ་རིས་རྒྱལ་པོའི་སྐབས་སུ་བཀའ་གདམས་དང་བཀའ་བརྒྱུད་པའི་ཆོས་བརྒྱུད།  ས་སྐྱའི་རྒྱལ་རབས་ཀྱི་སྐབས་སུ་ས་སྐྱའི་ཆོས་བརྒྱུད།  དགའ་ལྡན་ཕོ་བྲང་གི་སྐབས་སུ་དགེ་ལུགས་པའི་ཆོས་བརྒྱུད་སོགས་ཆོས་བརྒྱུད་སོ་སོས་རིམ་བཞིན་དགོན་སྡེ་མང་པོ་ཞིག་ཕྱག་བཏབས་ནས་སངས་རྒྱས་ཀྱི་ཆོས་ལུགས་དར་ཞིང་རྒྱས་བར་མཛད་ནའང་།  མདོ་སྨད་ཀྱི་ཡུལ་དུ་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་དུས་ནས་ད་ལྟའི་བར་དུའང་གཡུང་དྲུང་བོན་གྱི་དགོན་པ་དང་གསས་ཁང་མང་པོ་ཞིག་ད་དུང་ཡང་སྲུང་སྐྱོབ་བྱས་ཏེ།  གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པའི་བླ་མ་སྐྱེས་ཆེན་དམ་པ་དང་མཁན་པོ།  གྲྭ་བ་དང་དད་ལྡན་མང་ཚོགས།  སྡེ་འབངས་ཇི་སྙེད་ཅིག་གིས་སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་དོ།། 

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། 

དང་པོ།  གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་ལ་དཔྱད་པ། 

གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་མ་བྱུང་བའི་གོང་རོལ་ཏུ་མངའ་མཛད་བཅུ་ཐོག་མར་བྱུང་བ་ཡིནཞིང་།  དེའི་དུས་ནས་མིས་མི་ལ་དབང་སྒྱུར་བྱེད་པའི་དུས་རབས་ཀྱི་འགོ་ཚུགས་ཏེ།  བསྐལ་བ་ཡ་ཐོག་གི་གདོད་མའི་དུས་རབས་མཇུག་རྫོགས་ཤིང་།  དབང་སྒྱུར་དུས་རབས་འགོ་ཚུགས་པའི་དུས་སྐབས་སུ་མངའ་མཛད་བཅུའི་ཐོག་མ་གནོད་སྦྱིན་ནག་པོའི་དུས་རབས་ནས་འགོ་ཚུགས་པ་ཡིན་ཏེ།  ཆོས་འབྱུང་མཁས་པའི་དགའ་སྟོན་ལས།  དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར།།  གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད།།  ཅེས་གསུངས་པ་ལྟར།  དབང་བསྒྱུར་བྱེད་པའི་དུས་རབས་ཀྱི་ཚོ་བ་དག་ཆགས་པ་ནས་བཟུང་རྟག་པར་ཕན་ཚུན་བར་གཡུལ་བཀྱེས་ཏེ།  ཚོ་བ་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་ཅིང་འོག་སྡེ་མངའ་འབངས་ཇེ་མང་དང་།  ནུས་རྩལ་སྟོབས་ཤུགས་ཇེ་ཆེར་ཆགས་པའི་མཐར་བྱ་སྤྱོད་གདུག་རྩུབ་ཅན་གྱི་གནོད་སྦྱིན་དང་འདྲ་བའི་གནོད་སྦྱིན་ནག་པོ་ཞེས་པ་ཞིག་གིས་དབང་བྱས་ཏེ།  བོད་ཁམས་ཐམས་ཅད་ལ་དབང་སྒྱུར་བ་དང་།  དེའི་དབང་སྒྱུར་ཚད་ལ་མངའ་མཛད་བོད་ཀྱི་རྒྱལ་ཁམས་ཞེས་ཐོག་མར་ཆགས་པ་རེད། 

དེ་ཡང་ཇི་སྐད་དུ།  ལྡེའུ་ཆོས་འབྱུང་དང་བཀའ་ཐང་སྡེ་ལྔ་སོགས་ལས་གསུངས་པ་ལྟར།  དེ་ནས་བདུད་དང་སྲིན་པོ།  བཙན་དང་ཀླུ།  འགོང་པོ་དང་ལྷ།  ཟ་རམས་དང་མ་སངས།  རྨུ་ལ་སོགས་པའི་དབང་སྒྱུར་བྱེད་པའི་དུས་རབས་རིམ་པ་བཞིན་བྱུང་ཞིང་།  འདི་ནི་གནའ་བོའི་རྩོད་ལྡན་གྱི་དུས་སུ་མངའ་མཛད་བཅུའི་རྒྱལ་རབས་རིམ་བྱོན་གྱིས་མངའ་འབངས་ལ་མནར་གཅོད་སྡུག་བསྔལ་གྱི་ཆད་པ་གཏོང་ཚུལ་གྱི་བྱེད་ལས་སྒོ་ནས་གནོད་སྦྱིན་དང་བདུད།  སྲིན་པོ་ལ་སོགས་པའི་དབང་སྒྱུར་བའི་མིང་དེ་ལྟར་བཏགས་པ་རེད། 

དེ་ལྟར་བོད་ཀྱི་ཡུལ་འདིར་དབང་སྒྱུར་བྱེད་པའི་མངའ་མཛད་བཅུའི་དུས་རབས་མི་འདྲ་བ་དེ་དག་དུས་ནམ་ཞིག་ཙམ་ནས་བྱུང་ཞེ་ན།  དེང་སྐབས་ས་འོག་ནས་ཐོན་པའི་རྡོ་ཆས་དང་རྫ་ཆས།  རུས་ཆས་སོགས་གནའ་རྫས་རྙིང་པ་དང་།  སྔོན་བྱུང་དེབ་ཐེར་ལོ་རྒྱུས་སོགས་ཀྱི་ཁུངས་ལུང་གཉིས་ལ་གཞིར་བྱས་ཏེ།  དེང་གི་མཁས་པ་མང་པོས་རིགས་པས་བརྟག་ཅིང་ཞིབ་ཏུ་དཔྱད་ནས་སྤྱི་ལོ་སྔོན་གྱི་ལོ་ངོ་སུམ་སྟོང་ནས་ཆིག་སྟོང་བདུན་བརྒྱ་ཙམ་ལ་མངའ་མཛད་བཅུའི་ཐོག་མ་གནོད་སྦྱིན་ནག་པོ་ཞེས་པ་ནས་རིམ་པ་བཞིན་བྱུང་བར་ཚད་ལྡན་གྱི་ལོ་རྒྱུས་དེབ་ཐེར་ལས་གསུངས། 

མངའ་མཛད་བཅུའི་མཇུག་ཏུ་གནའ་རབས་ཞང་ཞུང་བོད་ཀྱི་ཐོག་མའི་རྒྱལ་རབས་ཀྱི་དབུ་བརྙེས་པ་ཡིན་ལ།  གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་ལ་སྔ་རྗེས་སུ་རྒྱལ་རབས་བཅོ་བརྒྱད་བྱུང་ཞིང་།  དེ་ཡང་གངས་རིའི་ལྗོངས་ཀྱི་ཡང་རྩེའམ་གངས་དཀར་ཏི་སེའི་མཐའ་འཁོར་གྱི་ཕྱོགས་སོ་སོར་རིམ་པ་བཞིན་ཆགས་ཏེ་གནའ་རབས་ཞང་ཞུང་གི་ཡུལ་ཡོངས་ལ་དབང་སྒྱུར་བ་དང་།  གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས།  མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར།  མདོ་ཁམས་སྒང་དྲུག་དང་མདོ་སྨད་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་སུ་བརྗོད།  ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐོར་འདི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པའི་ནང་དུ།  ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་རྒྱལ་ས་ནི་གངས་ཆེན་པོ་ཏི་སེའི་མདུན།  རི་སྤོས་ངད་ལྡན་གྱི་རྩ་བ།  མཚོ་མུ་ལེ་ཁྱུད་ཀྱི་ཉེ་འགྲམ།  ག་ལྗང་གཡུ་ལོ་རྫོང་མཁར་ཞེས་བྱ་བ་དེ་ཡིན་ཞིང་།  རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་།  གཡུང་དྲུང་བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ།  ཁོང་གིས་གངས་ཏི་སེའི་མདུན་ཞོལ་ཏུ་གསས་ཁང་ནོར་བུ་སྤུངས་བརྩེགས་ཞེས་བྱ་བ་ཞིག་བཞེངས།  དེ་ནས་རིམ་བཞིན་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་ཁམས་ལ་དབང་སྒྱུར་བའི་རྒྱལ་རབས་རྣམས་ཇི་ལྟར་བྱོན་པའི་ཚུལ་ཡང་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས།  ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ་སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན།  ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན།  ཁྲི་དོ་གྱེར་སྤུངས་རྒྱལ་པོ་ཁང་ཀ་ཤེལ་གྱི་བྱ་རུ་ཅན།  སླས་ཀར་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན།  གཡུང་ཡར་མུ་ཁོབ་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན།  ཀྱི་ལེ་གུ་གེ་རྒྱལ་པོ་རིན་ཆེན་དྲུག་གི་བྱ་རུ་ཅན།  སྤུངས་གཡུང་གྱེར་གྱི་རྒྱལ་པོ་བྱུ་རུ་འོད་ཀྱི་བྱ་རུ་ཅན།  ཉི་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན།  སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤིང་ལྕགས་ཀྱི་བྱ་རུ་ཅན།  ཛྭོ་དམར་ཐིས་ཕུངས་རྒྱལ་བོ་མེ་ཕུང་འོད་ཀྱི་བྱ་རུ་ཅན།  བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན།  ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན།  ལིག་མུར་ནམ་མཁའ་རྒྱལ་པོ་བེེཌཱརྱ་འོད་ཀྱི་བྱ་རུ་ཅན།  ཤེལ་རྒྱུང་ཁྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན།  མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན།  སད་ཁྲི་གྱེར་གྱི་རྒྱལ་པོ་ཨུད་པད་འོད་ཀྱི་བྱ་རུ་ཅན།  ཉེ་ལོ་ཝེར་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན།  མུ་མུར་ཐོག་རྒོད་རྒྱལ་པོ་ཨེན་ཏ་འོད་ཀྱི་བྱ་རུ་ཅན་བཅས་གནའ་རབས་ཞང་ཞུང་གི་རྒྱལ་པོ་བཅོ་བརྒྱད་འདི་དག་གི་རིང་ལ།  ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་གནོན་པ་དང་།  གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཞེས་གསུངས་པ་ལྟར།  རྒྱལ་པོ་དེ་རྣམས་ཀྱི་མཚན་ལ་བྱ་རུ་ཅན་ཞེས་པའི་ཐ་སྙད་བྱུང་ལ།  དེའི་དོན་ནི་རྒྱལ་པོ་དེ་རྣམས་ཀྱི་མཚན་དབང་ཆེ་བར་བསྟན་པའི་མཚན་རྟགས་སུ།  རིན་པོ་ཆེའིེ་སྣ་ཚོགས་ལས་གྲུབ་པའི་དབུ་ཞྭ་ཕལ་ཆེར་རྨོག་ཞུའི་དབྱིབས་འདྲ་བ་ཞིག་ལ།  གཡས་གཡོན་དུ་རྒྱལ་པོ་སོ་སོའི་མཚན་རྟགས་ལྡན་པའི་རིན་པོ་ཆེའི་གསེར་དང་ཤེལ་གྱི་རིགས།  བྱུ་རུ་ལ་སོགས་པའི་རྭ་ཐུང་ལ་སྦོམ་པ་རེ་ཡོད་པ་བྱ་ཁྱུང་གི་རྭའི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་།  འདི་དག་ནི་མིའི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་མཚོན་བྱེད་ཀྱང་ཡིན་ནོ།། 

 微信图片_20180624103116.jpg

ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་ལྡེབ་རིས་དང་པོ། 

གནའ་རབས་ཞང་ཞུང་གི་བྱ་རུ་ཅན་བཅོ་བརྒྱད་དུ་གྲགས་པའི་རྒྱལ་པོ་འདི་དག་ནི་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་བཅོ་བརྒྱད་རེ་རེའི་ཚབ་མཚོན་བྱེད་ཀྱི་ཞང་ཞུང་གི་རྒྱལ་པོ་བཅོ་བརྒྱད་ཡིན་ཞིང་།  རྒྱལ་པོ་འདི་རྣམས་ཞང་ཞུང་གི་ཡུལ་གང་དུ་རྒྱལ་རྒྱུད་གང་གིས་རྒྱལ་ཁམས་ཡོངས་ལ་ཇི་ལྟར་དབང་སྒྱུར་ཡོད་པའི་སྐོར་འདི་ལ།  ཚངས་དབང་ཡིད་འཕྲོག་དང་བོན་གྱི་བསྟན་འབྱུང་ཉུང་བསྡུས་སོགས་ཀྱི་བཞེད་ཚུལ་མི་འདྲ་བ་འགའ་རེ་ཡོད་ཀྱང་ཞང་ཞུང་དང་བོན་གྱི་གནའ་དེང་གི་ལོ་རྒྱུས་ཁུངས་དང་ས་འོག་ནས་ཐོན་པའི་གནའ་རྫས་བརྟག་དཔྱད་མཁན་གྱིས་དཔྱད་འབྲས་སོགས་ལ་རིགས་པས་ལེགས་པར་བརྟག་ཅིང་དཔྱད་ན།  རྒྱལ་རབས་སོ་སོའི་ཡུལ་དང་རྒྱལ་ས་མི་འདྲ་བར་རྒྱལ་རྒྱུད་མི་གཅིག་པའི་རྒྱལ་པོ་སོ་སོས་དུས་རིམ་པ་བཞིན་དུ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་ཐམས་ཅད་ལ་དབང་སྒྱུར་བར་འདོད། 

གནའ་རབས་ཞང་ཞུང་ཕུག་པའི་ཡུལ་ནི་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་ཆེས་ཆེར་དར་སའི་གནས་ཡིན་པས།  ཞང་ཞུང་ཕུག་པའི་ཡུལ་ལ་གཡུང་དྲུང་གི་མིང་ལས་ཟུར་ཆག་པའི་རྒྱའི་སྐད་དུ་羊同ཟེར་ལ།  གནའ་རབས་ཞང་ཞུང་གི་ཆོས་དང་རིག་གཞུང་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མིའི་རིགས་རྒྱུད་ཁྱུང་གི་སྒོ་ང་ལས་གྲོལ་ནས་རིམ་པ་བཞིན་དུ་འགྲོ་བ་མིའི་བྱུང་བར་འདོད་པའི་རྒྱུ་མཚན་གྱིས།  རྒྱའི་སྐད་དུ་སྔར་བོད་མི་ཡོངས་ལ་ཁྱུང་རིགས་སམ་ཆང་རིགས(羌族)ཞེས་སུ་འབོད་པ་མ་ཟད།  རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ལྟར་ན།  རྒྱའི་མི་རིགས་ནི་འབྲུག་གི་རྒྱུད་པ་ཡིན་པར་འདོད་པས།  རྒྱའི་མི་རིགས་ལ་འབྲུག་གི་རྒྱུད་པ(龙的后代)ཞེས་སུ་བརྗོད།  གནའ་རབས་ཞང་ཞུང་བོད་ཀྱི་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་རྒྱལ་པོ་སོ་སོའི་དབུ་ཞྭའི་སྟེང་དུ་རིན་པོ་ཆེའི་གསེར་དང་ཤེལ་གྱི་རིགས།  བྱུ་རུ་ལ་སོགས་པའི་རྭ་ཐུང་ལ་སྦོམ་པ་རེ་ཡོད་པ་བྱ་ཁྱུང་གི་རྭའི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་སྔར་ནས་ཡོད་པ་དང་།  ད་ལྟའང་ལྷ་སའི་གཙུག་ལག་ཁང་གཙོས་པའི་གྲུབ་མཐའ་རིས་མེད་ཀྱི་དགོན་པ་ཆེ་ཁག་རྣམས་ཀྱི་རྒྱ་ཕིབས་རྩེ་མོ་དང་ལྷ་ཁང་སོ་སོའི་རྟེན་གཙོ་དག་གི་སྐུའི་རྒྱབ་ཡོལ་གྱི་ཁྲི་དྲུག་འཇོག་གི་དབུས་སུ་བྱ་རྒྱལ་ཁྱུང་གི་འདྲ་གཟུགས་འཇོག་སྲོལ་ཤུགས་ཆེ་བ་འདི་དག་ལ་ཕྱོགས་རིས་སུ་མ་སོང་བར་བློ་གཟུ་བོར་གནས་པའི་སྒོ་ནས་རིགས་པས་དཔྱད་ན།  ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་།  སྲིད་ཤུགས་བཅས་མདོ་དབུས་ཁམས་གསུམ་སོགས་བོད་ཡུལ་སྤྱི་ལ་དར་ཁྱབ་བྱུང་ཡོད་པ་ངང་གིས་རྟོགས་ཐུབ་པ་མ་ཟད།  བོད་ཀྱི་ལོ་རྒྱུས་སྤྱིའི་འཕེལ་རིམ་ལའང་རྟེན་ཅིང་འབྲེལ་འབྱུང་གི་གོ་བ་ཟབ་མོ་དང་ངེས་ཤེས་གསར་བ་རྙེད་རྒྱུ་ཡོད། 

      ཕྱིས་སུ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་སྟེ།  ཁྱུང་གི་སྒོ་ང་ལས་འགྲོ་བ་རིམ་གྱིས་བྱུང་བའི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་བྲག་སྲིན་མོ་གཉིས་ཀྱི་རིིགས་རྒྱུད་ལས་བོད་མིའི་འགྲོ་བ་བྱུང་བར་འདོད།  གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་དུ་བོད་ཀྱི་སྤྱིའི་མིང་ལ་རྒྱའི་སྐད་དུ་ཏཱ་བྷོད(大蕃)ཅེས་བརྗོད་ཅིང་།  སྲོང་བཙན་སྒམ་པོས་ཐུ་ལུ་ཧུང་(吐谷浑)གི་རྒྱལ་ཁམས་བཅོམ་ནས་བོད་བཙན་པོའི་མངའ་ཁོངས་སུ་བཅུག་ཅིང་།  དེ་གཉིས་ཀྱི་མིང་བསྡུས་ནས་རྒྱའི་སྐད་དུ་ཐུ་བྷོད་(吐蕃)ཅེས་ཟེར།  དེའི་ཕྱིས་སུ་དབུས་གཙང་གཉིས་ལས་གཙང་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་རྒྱ་ནག་གོང་མའི་དབུ་བླ་མཛད་དེ།  གོང་མའི་རྒྱལ་སྲིད་དང་འབྲེལ་འདྲིས་ཆེ་བའི་དབང་གིས་བོད་སྤྱིའི་མིང་ལ་གཙང་གི་མིང་ནས་ཐོགས་ཏེ་རྒྱའི་སྐད་དུ་ཙང་ཙུའུ(藏族)ཞེས་བརྗོད།  དེ་བཞིན་དུ་བཙན་པོ་གླང་དར་མ་བཀྲོངས་པའི་རྗེས་སུ།  བསམ་ཡས་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་བསམ་ཡས་དགོན་པའི་བཙན་པོའི་ཡིག་ཚང་གི་གནའ་བོའི་ལོ་རྒྱུས་སོགས་ཡིག་ཆ་འབོར་ཆེན་མྱུར་སྐྱོབ་བྱས་ཏེ།  ཏུན་ཧོང་ཕྱོགས་སུ་གདན་དྲངས་ནས་གཏེར་ལ་སྦས་བས།  ཏུན་ཧོང་གཏེར་ཡིག་ཏུ་གྲགས་ཤིང་།  ད་ལྟ་ཏུན་ཧོང་དུ་འབོད་པའི་ཡུལ་འདི་མིང་ལ་སྔོན་ཆད་བྱེ་གླིང་ཅེས་སུ་འབོད་ལ།  རྒྱའི་སྐད་དུ་སྔོན་ཆད་沙洲ཞེས་བརྗོད།  ཕྱིས་སུ་དུས་རབས་བཞི་བའི་སྐབས་སུ་རྒྱ་དང་བོད།  ལི་ཡུལ་དང་མི་ཉག་སོགས་ཀྱི་དགེ་འདུན་པ་མང་པོ་ཞིག་གིས་རིམ་པ་བཞིན་དུ་བྲག་ལ་ཁུང་བུ་བརྐོས་ནས་ལྷ་ཁང་དང་འདུ་ཁང་།  སྒོམ་ཁང་མང་པོ་བཞེངས་ཤིང་དགོན་པ་བཏབས་ནས་ཡུལ་ཕྱོགས་དེར་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་མཛད་ཅིང་།  བོད་རིགས་གཙོ་བྱས་པའི་མི་རིགས་སོ་སོའི་དགེ་འདུན་པ་རྣམས་ཀྱིས་ཤར་ནུབ་གཉིས་སུ་བྲག་ཁུང་སྟོང་ཕྲག་གམ་མང་པོ་བརྐོས་ནས་དགོན་པ་རྒྱ་ཆེར་བཞེངས་པ་ལ་ཤར་གྱི་སྟོང་ཁུང་དགོན་པ་དང་ནུབ་ཀྱི་སྟོང་ཁུང་དགོན་པ་གཉིས་སུ་ཆགས་ཤིང་།  རྒྱའི་སྐད་དུ་བོད་སྐད་ཀྱི་མིང་ལས་འགྱུར་ཏེ་ཤར་ནུབ་ཀྱི་དགོན་པ་འདི་གཉིས་ལ་东千佛洞或西千佛洞ཞེས་ཟེར་ལ།  ཡུལ་འདིའི་མིང་ལ་བོད་སྐད་ཀྱི་སྟོང་ཁུང་ཅེས་པར་རྒྱའི་སྐད་དུ་敦煌ཅེས་འབོད་བཞིན་ཡོད་ཅིང་།  བོད་ཡིག་ཏུ་སྟོང་ཁུང་ཅེས་མི་འབྲི་བར་རྒྱའི་སྐད་གདངས་ལྟར་ཏུན་ཧོང་ཅེས་འབྲི་བཞིན་པ་དང་།  དེ་མིན་རྒྱའི་མཆོད་རྟེན་དཀར་པོའི་ས་ཆའི་བྱམས་པ་འབུམ་གླིང་དགོན་ལ་འབུམ་གླིང་གི་སྒྲ་ལས་རྒྱའི་སྐད་དུ་炳灵寺ཟེར་བ་འདི་ལྟ་བུའི་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཀྱིས་ཟུར་ཆག་པའི་མིང་དང་ཐ་སྙད་མང་པོ་ཡོད་དོ།།   

གཉིས་པ།  གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་ལ་དཔྱད་པ། 

གནའ་རབས་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་དུས་སུ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཞང་ཞུང་བོད་ཀྱི་ཡི་གེ་དང་རིག་གཞུང་།  ཆོས་ལུགས་སོགས་རིམ་བཞིན་དར་བར་མཛད་དེ།  ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཀྱི་ནང་དུ་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེ།  ཞེས་པ་ནས།  རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་།  བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ།  ཞེས་གསུངས་པ་ལྟར།  སྟོན་པ་གཤེན་རབ་མི་བོ་ཆེས་ཞང་ཞུང་བོད་ཀྱི་ཡི་གེ་བརྩམས་ཤིང་ལྡེའུ་སོགས་ཀྱི་རིགས་པས་བློ་གྲོས་ཀྱི་རྩལ་སྦྱོང་བ།  རིག་གཞུང་འཆད་པའི་རྒྱུན་འཛིན་གྱི་སློབ་མ་སྐྱོང་བ་དང་གླེགས་བམ་འབྲི་བ།  བསྒྲགས་པ་གསུམ་གྱི་དཔེའུ་རྩེ་དང་སྒོ་བཞི་མཛོད་ལྔ།  ཐེག་པ་རིམ་དགུ་ལ་སོགས་པའི་གཞུང་ལུགས་བརྩམས་ཏེ།  གཡུང་དྲུང་བོན་གྱི་ཆོས་ལུགས་གསར་གཏོད་གནང་ཞིང་།  གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དུ་རིག་པའི་གནས་མང་པོ་ཞིག་གསར་གཏོད་དང་ཡར་རྒྱས་གཏོང་བར་མཛད།  དེ་ལྟར་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བའི་ཞང་ཞུང་བོད་ཀྱི་ཡི་གེ་དེར་རྩ་བའི་ཡི་གེ་ལ་དབྱངས་དང་གསལ་བྱེད།  མགོ་ཅན་དང་འདོགས་ཅན་ཡོད་ཅིང་།  དབུ་གང་ནས་ཚུགས་པའི་རྟགས་སུ་ཡིག་མགོ་ཡོད་པ།  ཡིག་འབྲུ་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་ཚེག་ཡོད་པ།  དོན་གྱི་མཚམས་དབྱེ་བ་ལ་ཤད་ཡོད་པ་སོགས་གནའ་རབས་བོན་གྱི་རིག་གཞུང་དང་དེང་རབས་ཞང་ཞུང་གི་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་མཁས་པ་མང་པོས་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཞང་ཞུང་བོད་ཀྱི་ཡི་གེ་ཡོད་པར་འདོད།  སྲོང་བཙན་སྒམ་པོའི་དུས་ནས་ཕྱིས་བྱུང་གི་བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་མངགས་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་སོགས་པའི་བོད་ཀྱི་ཡི་གེ་གསར་གཏོད་གནང་སྟེ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ཡང་བརྩམས་པར་བཞེད།  ཡང་མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་མཁས་པ་ཁག་ཅིག་གིས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་ས་སྐྱ་པཎྡི་ཏས་བརྩམས་པར་འདོད།  བོད་ཡོངས་ལ་གྲགས་པ་ནི་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་གསལ་བྱེད་ལྔ་བཅུ་ལས་བོད་ལ་མཁོ་བའི་ཡི་གེ་ཀ་ཁ་ག་ང་།  ཉ།  ཏ་ཐ་ད་ན།  པ་ཕ་བ་མ།  ཙ་ཚ་ཛ་ཝ།  ཡ།  ར་ལ་ཤ་ས།  ཧ་སོགས་གསལ་བྱེད་ཉེར་གསུམ་དང་རྒྱ་གར་གྱི་དབྱངས་བཅུ་དྲུག་ལས་ཨ་བླངས་ནས་གསལ་བྱེད་ཉེར་བཞི་དང་།  དེའི་སྟེང་སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བཅས་ཡི་གེ་གསར་བ་དྲུག་བསྣན་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་གཏན་ལ་ཕབ་པར་འདོད།  གོང་གི་འདོད་ཚུལ་འདི་དག་ལ་བརྟག་ཅིང་དཔྱད་ན།  སྲོང་བཙན་སྒམ་པོའི་གོང་རོལ་ཏུ་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་ཡོད་དགོས་ཏེ།  གཅིག་ནས་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་བཅོ་བརྒྱད་དང་དབུས་གཙང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རྒྱལ་རབས་དང་།  གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་ལ་ཐུག་གི་བར་དུ།  ལོ་ངོ་སྟོང་ཕྲག་ཁ་ཤས་དང་རྒྱལ་རབས་མང་པོས་རྒྱལ་སྲིད་དང་འཇིག་རྟེན་ལུགས་ཀྱི་བྱ་གཞག་མང་པོ་ཞིག་ཡི་གེར་བརྟེན་ནས་མཛད་དགོས་པས།  ཞང་ཞུང་བོད་ལ་ཡི་གེ་མེད་པར་ཇི་ལྟར་ཁས་ལེན་རུང་།  གཉིས་ནས་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་གི་གནའ་བོའི་ཆོས་དང་རིག་གཞུང་དར་སའི་འབྱུང་ཁུངས་ཡིན་པས།  འཛམ་གླིང་གི་ཆོས་དང་རིག་གཞུང་ཕལ་ཆེ་བའང་གནའ་རབས་རྒྱ་གར་ནས་རྒྱལ་ཁབ་གཞན་དག་ཏུ་དར་བ་ཡིན་ཞིང་།  གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་དང་ཧ་ཅང་ཐག་ཉེ་ཞིང་འདབས་འདྲེས་པས།  གནའ་བོའི་རྒྱ་གར་གྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དུའང་གནའ་བོའི་ཆོས་ལུགས་དང་རིག་གཞུང་སོགས་ལོ་ངོ་སྟོང་ཕྲག་འགའི་སྔོན་ནས་དར་ཡོད་པར་ངེས་ལ།  འདི་དག་ཚང་མའང་ཡི་གེར་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པས།  ཞང་ཞུང་བོད་ལ་ཡི་གེ་མེད་པར་ཇི་ལྟར་ཁས་ལེན།  གསུམ་ནས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་སྤྱི་ལོ་སྔོན་གྱི་ལོ་ངོ་ཉིས་སྟོང་ཡས་མས་གོང་རོལ་ནས་གཡུང་དྲུང་བོན་གྱི་ཆོས་དང་གསོ་དཔྱད་སོགས་དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད་དེ།  དཔྱད་བུ་ཁྲི་ཤེས་ལ་སོགས་པའི་རྗེས་འཇུག་མཁས་པ་མང་པོ་ཞིག་བསྐྱངས་ནས་ཞང་ཞུང་བོད་ཀྱི་ཡུལ་དུ་ཆོས་དང་རིག་གཞུང་མང་པོ་དར་སྤེལ་མཛད་ཅིང་།  ཆོས་དང་རིག་གཞུང་འདི་དག་ཀྱང་ཡི་གེར་བརྟེན་ནས་དར་སྤེལ་བྱེད་དགོས་པས།  ཞང་ཞུང་བོད་ལ་ཡི་གེ་མེད་པར་ཁས་ལེན་པར་མི་བྱ་སྟེ།  ཇི་སྐད་དུ།  གངས་ཅན་མཁས་པའི་དབང་བོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས།  སྔ་རབས་པ་འགས་བྱས་པ་ཡིས།།  གསོ་དཔྱད་བྱུང་བ་བརྗོད་པའི་སྐབས།།  བོད་ཡུལ་གསོ་དཔྱད་བསྟན་པའི་དབུ།།  ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད།།  དེ་ནི་མ་བརྟགས་གཏམ་ཡིན་ཏེ།།  ཆོས་རྒྱལ་འདི་རིང་རྒྱ་གར་ནས།།  བི་བྱི་བི་ལྷ་གཉིས་བྱོན་ནས།།  འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ།།  སྤེལ་བའི་ཐོག་མར་དབུ་བརྙེས་ལས།།  དེའི་དུས་བོད་ཀྱི་གསོ་དཔྱད་དབུ།།  བརྙེད་པར་བརྗོད་ན་མངོན་སུམ་འགལ།།  གངས་ཅན་བོད་ཀྱི་གསོ་དཔྱད་ནི།།  གཉའ་ཁྲི་བོད་རྗེར་མ་བྱོན་གོང་།།  སྟོན་པ་གཤེན་རབ་མི་བོ་ཆེས།།  ཞང་ཞུང་འོལ་མོ་ལུང་རིར་བལྟམས།།  དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད།།  དཔྱད་བུ་ཁྲི་ཤེས་ལ་སོགས་པའི།།  རྗེས་འཇུག་མཁས་པ་མང་བསྐྱངས་ནས།།  བོད་ཡུལ་གསོ་དཔྱད་བསྟན་པ་སྤེལ།།  གཡུང་དྲུང་བོན་ལ་རླུང་ལྟར་གྲགས།།  དེས་ན་བོད་ཀྱི་གསོ་དཔྱད་དབུ།།  གཡུང་དྲུང་བོན་གྱི་དུས་སུ་བརྙེས།།  ཞེས་གསུངས་པ་ལྟར།  སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་ཆོས་དང་དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད་པ་མ་ཟད།  ཞང་ཞུང་བོད་ཀྱི་གསོ་རིག་ཐོག་མར་དར་སྤེལ་མཛད་ཅིང་།  ཞང་ཞུང་བོད་ཀྱི་གསོ་རིག་ལ་གཞིར་བྱས་ཏེ།  ལྷ་ཐོ་ཐོ་རིའི་སྐབས་ནས་རིམ་བཞིན་རྒྱ་གར་གྱི་གསོ་རིག་དང་མཉམ་བསྲེས་བྱས་ཤིང་།  རྒྱ་ནག་དང་བལ་ཡུལ་གྱི་གསོ་རིག་ལས་ལེགས་པའི་ཆ་བླངས་ནས་ཁ་བསྐངས་ཏེ།  གཡུ་ཐོག་ཡོན་ཏན་མགོན་པོས་ད་ལྟའི་གསོ་རིག་རྒྱུད་བཞི་འདི་ཉིད་མཛད་པ་ཡིན་པས།  མདའ་དང་འཕང་ཞེས་པ་ལས།  གསོ་རིག་རྒྱུད་བཞི་དེ་ནི་བོད་ཀྱི་གསོ་བ་རིག་པའི་ཀ་བ་ལྟ་བུ་ཞིག་ཡིན་པར་ཀུན་གྱིས་ཁས་ལེན་དང་ངོས་འཛིན་གནང་བཞིན་ཡོད།  གཞུང་དེའི་ནང་དུ་རྒྱ་གར་དང་རྒྱ་ནག ཞང་ཞུང་།  བལ་ཡུལ་བཅས་ནས་དར་བའི་གསོ་བ་རིག་པའི་ནང་དོན་ཇི་སྙེད་ཅིག་བསྡུ་སྒྲིག་བྱས་ཡོད་པས་ན།  གཞུང་དེར་ནང་དོན་དང་ཁྱབ་བྱའི་ངོས་ནས་བརྗོད་ན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་བ་རིག་པའི་ཁྱད་ཆོས་ལྡན་ཡོད་པར་བརྟེན།  དེ་ནི་བོད་མི་རྣམས་ཀྱིས་གཞན་ལ་ངོམ་ཆོག་པའི་བོད་ཀྱི་ཤེས་རིག་ཅིག་ཡིན།  ཞེས་གསུངས་པ་ལྟར།  དེའི་དུས་སུ་ཞང་ཞུང་བོད་ལ་ཡི་གེ་མེད་པར་སྨྲ་མི་རུང་སྟེ།  ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས།  གནའ་དུས་ཀྱི་བོད་མི་ཚོས་ཡི་གེ་ཞིག་བེད་སྤྱོད་བྱས་ཡོད་པའི་ཡིག་རྙིང་གི་ལུགས་དེ་འབྲི་སྟངས་བདེ་པོ་དེ་ཙམ་ཞིག་མེད་པ་ལ།  རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ཏེ་འབྲི་སྟངས་བདེ་ཞིང་།  བོད་མི་ཚོས་བེད་སྤྱོད་བྱེད་སླ་བའི་དགོས་པ་དང་།  རྒྱ་གར་ནས་བྱུང་བའི་རྒྱལ་བའི་བཀའ།  རྗེས་འཇུག་མཁས་པའི་བསྟན་བཅོས་སོགས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ལ་མང་བ་ཞིག་བཞུགས་པ་དེ་དག་བོད་སྐད་དུ་བསྒྱུར་སྟབས་བདེ་ཞིང་།  ཆོས་ཀྱི་ཚིག་དོན་རྒྱ་ཆེན་པོ་རྣམས་ལེགས་སྦྱར་གྱི་སྐད་དང་ཕན་ཚུན་གོ་བསྡུར་བྱེད་སླ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ཏེ།  ཐོན་མི་ཨ་ནུས་བོད་ཡིག་གི་སྲོལ་གསར་དུ་བཏོད་མཛད་པའི་དགོངས་དོན་ཞིག་ཡིན་དགོས།  ཞེས་གསུངས་པ་ལྟར།  སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམ་བྷོ་ཊས་བཙན་པོ་བོད་ཀྱི་ཡི་གེ་གསར་བཟོ་མཛད་སྐབས།  ཐོན་མིའི་ཞལ་ལུང་ལས།  བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་འགའ་ཞིག་ཕྱག་ཐོགས་པ་ན།  ལམ་དུ་འགྲོ་བའི་མགྲོན་པོ་ཞིག་དང་འཕྲད་ནས་གཏམ་འཕྲོས་མཛད་པར།  ཐོན་མིས།  ཁྱེད་གང་ནས་བྱོན་བྱས་པར།  དེ་ན་རེ།  ཞང་ཞུང་ནས་འོངས་ཟེར།  གང་དུ་འགྲོ་བྱས་པས།  ཟ་ཧོར་དུ་འགྲོ་ཟེར།  གང་གི་དོན་དུ་འགྲོ་བྱས་པར་ཇ་ཉོ་རུ་འགྲོ་ཟེར།  ནམ་སླེབས་བྱས་པས་ཅི་ཆ་ཟེར།  དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པ་མཛད་པས།  ཞང་ཞུང་ཞེས་ཞ་ཡིག་སྣོན་དགོས་པ་ཐུགས་ལ་ཤར།  དེ་བཞིན་དུ་འོངས་ཞེས་པས་འ་དང་།  ཟ་ཧོར་ཞེས་པས་ཟ་དང་།  ཇ་ཞེས་པས་ཇ་དང་།  ཅི་ཆ་ཞེས་པས་ཅ་ཆ་གཉིས་རྣམས་བོད་ཡིག་ཏུ་སྣོན་དགོས་པར་དགོངས་ནས།  གསལ་བྱེད་ཀྱི་སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་གསུངས་པ་ལྟར།  འདིར་ཐོན་མིས་ཡི་གེ་དྲུག་གསར་དུ་བསྣན་པ་དང་རྙེད་པའི་རྐྱེན་དག་ལ་ཞིབ་ཏུ་དཔྱད་ན།  སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཁམས་སྔར་ལས་གཏན་འཇགས་དང་འཕེལ་རྒྱས་འབྱུང་བའི་ཆེད་དུ།  ཤར་གྱི་ཐང་རྒྱལ་རབས་དང་ནུབ་ཀྱི་བལ་པོ་གཉིས་ལ་གཉེན་ཉེའི་འབྲེལ་བ་བཟུང་སྟེ།  ཇོ་ཤཱཀྱ་རྣམ་གཉིས་གདན་དྲངས་ནས་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་ན།  སྔར་གྱི་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དེ་ཆོས་ལུགས་དང་རིག་གཞུང་།  རྒྱལ་སྲིད་ལས་དོན་ཕྱོགས་རིས་པ་ཙམ་ལ་བཀོལ་ཆོག་པ་ལས།  རྒྱ་གར་གྱི་སངས་རྒྱས་ཀྱི་བཀའ་དང་དེའི་འགྲེལ་བཤད་བསྟན་བཅོས་ཀྱི་གཞུང་ལུགས་མཐའ་དག་ལེགས་སྦྱར་གྱི་སྐད་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེར་དཔྱིས་ཕྱིན་པ་ཞིག་བསྒྱུར་དཀའ་བར་དགོངས་ནས།  ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་ཡི་གེ་དང་རིག་གཞུང་མཐའ་དག་ལ་ནང་བྱན་ཆུབ་པར་སྦྱངས་ཏེ་ཕྱིར་ཕེབས་པ་ན།  སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་སོགས་རྒྱ་གར་གྱི་རིག་གཞུང་མཐའ་དག་བོད་དུ་བསྒྱུར་བ་ལ།  བོད་ཀྱི་སྐད་དང་རྒྱ་གར་གྱི་རིག་གཞུང་གཉིས་ཀར་མཐུན་པའི་ཡི་གེ་ཁྱད་པར་བ་ཞིག་གསར་བཟོ་མཛད་དགོས་པར་བཀའ་གནང་ཞིང་།  ཐོན་མི་སམ་བྷོ་ཊས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་ལས་འདོར་ལེན་གང་ལེགས་མཛད་ནས་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་བླངས་ཤིང་།  དེའི་རྨང་གཞིའིི་སྟེང་དུ་རྒྱ་གར་གྱི་ཡི་གེ་ལས་ཀ་ཁ་ག་ང་།  ཉ།  ཏ་ཐ་ད་ན།  པ་ཕ་བ་མ།  ཙ་ཚ་ཛ་ཝ།  ཡ།  ར་ལ་ཤ་ས།  ཧ་སོགས་གསལ་བྱེད་ཉེར་གསུམ་དང་རྒྱ་གར་གྱི་དབྱངས་བཅུ་དྲུག་ལས་ཨ་ཡིག་བླངས་ནས་གསལ་བྱེད་ཉེར་བཞིས་ཁ་གསབ་སྟེ།  བོད་ཀྱི་ཡི་གེ་འཐུས་ཚང་དུ་བཏང་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་གཏན་ལ་ཕབ་ཅིང་།  དེའི་གཞུང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་བརྩམས་ནས་ཆོས་དང་རིག་གཞུང་།  རྒྱལ་སྲིད་སྐྱོང་བ་ལ་འགྲན་ཟླ་དང་བྲལ་བའི་ད་ལྟའི་བོད་ཀྱི་ཡི་གེ་འདི་ཉིད་ཐོན་མི་སམ་བྷོ་ཊས་གསར་གཏོད་མཛད་པ་དང་།  དེའི་རྗེས་སུ་ས་སྐྱ་པཎྡི་ཏས་ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་གི་དངོས་གཞི་ལ་མཆོད་བརྗོད་དང་མཇུག་བྱང་མཛད་དེ།  ཕྱིས་བྱུང་གི་བསྟན་བཅོས་རྣམས་དང་མཐུན་པར་མཆོད་བརྗོད་དང་མཇུག་བྱང་བཅས་མགོ་མཇུག་ཆ་ཚང་བར་མཛད་པ་ཡིན་ནོ།།   

གསུམ་པ།  གནའ་རབས་ཞང་ཞུང་བོད་ཀྱི་རིག་གཞུང་མདོ་སྨད་ཡུལ་ཏུ་དར་ཚུལ་ལ་དཔྱད་པ།

གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐབས་སུ་ཞང་ཞུང་སྒོའམ་ད་ལྟའི་མདོ་སྨད་ཀྱི་ཡུལ་རྔ་བ།  མཛོད་དགེ་དང་ཀན་ལྷོ།  མགོ་ལོག་དང་རེབ་གོང་།  ཟི་ལིང་དང་མཚོ་ཤར།  མཚོ་ལྷོ་དང་མཚོ་བྱང་།  མཚོ་ནུབ་སོགས་མདོ་སྨད་ཕྱོགས་ཀྱི་རྨ་ཆེན་གངས་རི་ནས་བཟུང་སྟེ་རྒྱའི་མཆོད་རྟེན་དཀར་པོའི་བར་དུ་གནའ་རབས་ཞང་ཞུང་བོད་ཀྱི་སྡེ་འབངས་དང་སྲུང་དམག་སོགས་མི་སྡེ་འབོར་ཆེན་མངགས་ཏེ་གནས་བཟུང་ཞིང་ཡུལ་ཕྱོགས་མང་པོར་གཞིས་ཆགས་པར་མ་ཟད།  གནའ་རབས་ཞང་ཞུང་བོད་ཀྱི་ཆོས་ལུགས་དང་རིག་གཞུང་དར་སྤེལ་བྱེད་མཁན་གྱི་བོན་གཤེན་དང་བོན་གྱི་སྐྱེས་ཆེན་དམ་པ།  མཁས་པ་མང་པོའང་གནས་འདིར་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་པ་དང་གསས་ཁང་ཇི་སྙེད་ཅིག་བཏབ་ནས་མདོ་སྨད་ཡུལ་དུ་གནའ་རབས་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་དར་ཞིང་རྒྱས་བར་མཛད་པ་ཡིན་ཏེ།  ཇི་སྐད་དུ།  མདོ་སྨད་ཆོས་འབྱུང་ལས།  གྲྭ་ཆེན་བཞི་ཡིས་ཤིང་ཀུན་ནས་རྨ་ཆེན་གངས་ལ་ཐུག་གི་བར་དུ་བོན་དགོན་རྣམས་བན་དགོན་དུ་བསྒྱུར་ཞེས་གསུངས་བ་ལྟར།  བསྟན་པ་སྔ་དར་གྱི་སྐབས་སུ།  ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ནས་བཟུང་སྟེ་གསང་སྔགས་རྙིང་མའི་ཆོས་བརྒྱུད་མདོ་སྨད་ཡུལ་དུ་དར་བ་དང་།  དེ་བཞིན་དུ་མངའ་རིས་རྒྱལ་རབས་སྐབས་སུ་བཀའ་གདམས་པ་དང་བཀའ་བརྒྱུད་པའི་ཆོས་བརྒྱུད།  ས་སྐྱའི་རྒྱལ་རབས་ཀྱི་སྐབས་སུ་ས་སྐྱའི་ཆོས་བརྒྱུད།  དགའ་ལྡན་ཕོ་བྲང་གི་སྐབས་སུ་དགེ་ལུགས་པའི་ཆོས་བརྒྱུད་སོགས་ཆོས་བརྒྱུད་སོ་སོས་རིམ་བཞིན་དགོན་སྡེ་གྲངས་མེད་པ་ཞིག་བཏབ་ནས་མདོ་སྨད་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་ཞིང་རྒྱས་བར་མཛད་ནའང་།  མདོ་སྨད་ཀྱི་ཡུལ་དུ་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ད་ལྟའི་བར་དུའང་གཡུང་དྲུང་བོན་གྱི་དགོན་པ་དང་གསས་ཁང་མང་པོ་ཞིག་མ་ཉམས་པར་གནས་ཡོད་པ་མ་ཟད།  སྔར་གྱི་གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་མཁན་གྱི་བླ་མ་དང་མཁན་པོ།  དགེ་བའི་བཤེས་གཉེན།  སྐྱེས་ཆེན་དམ་པ།  གྲྭ་བ།  དད་ལྡན་མང་ཚོགས་དང་སྡེ་འབངས་ཇི་སྙེད་ཅིག་གིས་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་པར་མ་ཟད།  མདོ་སྨད་ཡུལ་དུ་འཁྲུངས་པའི་ཕྱི་དར་སངས་རྒྱས་བསྟན་པའི་མེས་པོ་བླ་ཆེན་དགོངས་པ་རབ་གསལ་བོན་པོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་བ་དང་།  འཛམ་གླིང་ཀུན་ཏུ་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་ཡང་བོན་པོའི་ཁྱིམ་རྒྱུད་ཞིག་ཏུ་འཁྲུངས་ལ།  ཡང་དར་བསྟན་པའི་སྲོལ་འབྱེད་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་པུས་མདོ་དཔོན་ཚང་གི་རུས་དཔོན་ཡང་གཡུང་དྲུང་བོན་པོ་ཡིན་པས།  འདི་དག་ལ་བརྟག་ན།  གནའ་བོའི་ཞང་ཞུང་བོད་ཀྱི་རྒྱལ་རབས་ནས་བཟུང་སྟེ།  མདོ་སྨད་ཀྱི་ཡུལ་དུ་ཞང་ཞུང་བོད་ཀྱི་ཆོས་དང་རིག་གཞུང་།  སྲིད་ཤུགས་བཅས་ཇི་འདྲ་ཞིག་དར་ཁྱབ་ཡོད་པ་གོང་གི་བརྒྱུད་རིམ་འདི་དག་ལ་རིགས་པས་དཔྱད་ན་རྟོགས་ནུས་སོ།། 

གསུམ་པ།  མཇུག་བསྡུ་བ། འདིར་གནའ་བོའི་ཞང་ཞུང་བོད་ཀྱི་རིག་གཞུང་དང་རྒྱ་གར་གྱི་རིག་གཞུང་།  བོད་བཙན་པོའི་རིག་གཞུང་བཅས་བར་གྱི་འབྲེལ་བ་མདོར་བསྡུས་ཏེ་དཔེར་དྲངས་ནས་གསལ་བོར་བརྗོད་ན།  གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་དག་ནི་ཞོའི་རུ་རྩི་ལྟ་བུ་དང་།  རྒྱ་གར་གྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་རྣམས་ནི་འོ་མ་ལྟ་བུ།  ཐོན་མི་སམ་བྷོ་ཊ་དང་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱིས་ཡི་གེ་གསར་བཏོད་དང་གསོ་རིག་རྒྱུད་བཞི་གསར་དུ་བརྩམས་པ་སོགས་ནི་ཞོའི་རུ་རྩི་དང་འོ་མ་གཉིས་མཉམ་བསྲེས་བྱས་ནས་གསར་དུ་ཞོ་བརྒྱབ་པ་ལྟ་བུ་ཞིག་ཡིན་ལ།  ཞོའི་རུ་རྩི་ལྟ་བུའི་ཞང་ཞུང་གི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་རྨང་གཞི་ནི་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཡོད་ཅིང་།  དེ་ཡོད་པས་ཕྱིས་བྱུང་གི་ཞོ་ལྟ་བུའི་ཡི་གེ་དང་གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་ཡང་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཡོད་པར་ཁས་ལེན་མི་རུང་ཞིང་།  འོ་མ་ལྟ་བུའི་རྒྱ་གར་གྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་མང་པོ་ཞིག་རྒྱ་གར་གྱི་རིག་གཞུང་ནས་ཚུར་བླངས་ཏེ།  གནའ་རབས་ཞང་ཞུང་གི་རིག་གཞུང་དང་མཉམ་བསྲེས་བྱས་པར་བརྟེན་ནས།  ཕྱིས་བྱུང་གི་ཞོ་ལྟ་བུའི་ཡི་གེ་དང་གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་གསར་བཏོད་མཛད་པ་ཡིན་པས།  དེ་ཉིད་རྒྱ་གར་གྱི་རིག་གཞུང་ཡིན་པར་ཡང་ཁས་ལེན་ག་ལ་རུང་།  གནའ་རབས་ཞང་ཞུང་གི་ཞོའི་རུ་རྩི་ལྟ་བུའི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་དང་འོ་མ་ལྟ་བུའི་རྒྱ་གར་གྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་གཉིས་མཉམ་བསྲེས་མ་བྱས་པར་ཕྱིས་བྱུང་གི་ཞོ་ལྟ་བུའི་ཡི་གེ་དང་གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་ནི་འབྱུང་མི་སྲིད་པ་དང་།  རྒྱ་ནག་དང་བལ་ཡུལ་གྱི་རིག་གཞུང་དང་བོད་ཀྱི་རིག་གཞུང་བར་གྱི་འབྲེལ་བའང་དེ་བཞིན་དུ་ཤེས་པར་བྱ།  དེ་ལྟར་གཉའ་ཁྲི་བཙན་པོ་གོང་རོལ་ནས་གནའ་རབས་ཞང་ཞུང་བོད་ཀྱི་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐབས་སུ་གནའ་རབས་ཞང་ཞུང་གི་ཆོས་དང་ཡི་གེ གསོ་རིག་སོགས་རིག་གཞུང་དང་རྒྱལ་རབས་སོ་སོའི་ལོ་རྒྱུས་ཀྱི་བྱུང་རིམ་དང་མཐའ་བཞི་དབང་དུ་བསྡུ་ཚུལ་སོགས་དུས་ནམ་ཞིག་གི་ཚེ།  གནས་གང་དུ།  གང་ཟག་སུས་ཇི་ལྟར་སྲོལ་བཏོད་ནས་ཕྱི་རབས་ཀྱི་གདུལ་བྱ་གང་དང་གང་གིས་དུས་ནམ་ཞིག་གི་ཚེ།  གནས་གང་དང་གང་དུ།  གང་ཟག་སུས་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་དང་ཁ་གསབ་འཐུས་ཚང་དུ་བྱས་ནས་ཇི་ལྟར་འཕེལ་རྒྱས་སུ་བཏང་བ་སོགས་གནའ་རྫས་རྟོག་དཔྱོད་ལ་གཞིར་བྱས་ཏེ།  ལུང་དང་རིགས་པའི་སྒོ་ནས་རྩལ་དུ་བཏོན་ནས་བགྲོ་གླེང་བྱེད་རྒྱུ་ནི་ཐེངས་འདིའི་རྒྱལ་སྤྱིའི་ཞང་ཞུང་རིག་གཞུང་བགྲོ་གླེང་འཚོགས་པའི་དགོས་པ་དང་དོན་སྙིང་ཁྱད་པར་ཅན་ཡིན་ནོ།། 

ཟུར་ལྟའི་དཔྱད་གཞི།

1.ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། ༡༩༩༦ལོའི་ཟླ་༥པར།

2. དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར།

3. མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཏེ་མདའ་དང་འཕང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༩པར།

4. མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོར།

5. དྲན་པ་ནམ་མཁའ་སོགས་ཀྱིས་བརྩམས་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༨པར།

6. གཏེར་སྟོན་ཨོ་རྒྱན་གླིང་པས་བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར།

7. ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པར།

8. ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ལྗོངས་དཔེ་རྙིང་དཔེ་བསྐྲུན་ཁང་། ༡༩༩༡ལོའི་ཟླ་༣པར།

9. བྱང་མཁྱེན་རབ་རྒྱ་མཚོས་བརྩམས་པའི་བོད་བཙན་པོའི་ལོ་རྒྱུས་ལ་དཔྱད་པ་རིགས་པ་སྨྲ་བའི་རང་ཚུགས། ཧྲང་ཧེའི་མཐོ་རིམ་ཤེས་རིག་དར་སྤེལ་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༢པར།

10. དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༦པར།

11. བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོའི་ཟླ་༣པར།

12. ཁྱུང་པོ་དཔལ་རྒྱལ་གྱིས་བརྩམས་པའི་ཞང་བོད་བུ་ཡི་བགྲོ་གླེང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༧པར།

13. བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབས། ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༡༠པར།

14. སྟོད་མངའ་རིས་ཀྱི་དགོན་སྡེ་ཁག་གི་དཀར་ཆག་དྭངས་གསལ་མེ་ལོང་། མངའ་རིས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་རིག་གནས་ལོ་རྒྱུས་ཨུ་ལྷན་གྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་པར།

15. 才让太、顿珠拉杰著苯教史纲要(汉文),中国藏学出版社,20156月。

16. 册府元龟吐蕃史料校正(汉文),四川民族出版社,198112月。

17. 苏静仁编通鉴吐蕃史料(汉文),四川人民出版社,19825月。

18. 张云著上古西藏与波斯文明,中国藏学出版社,2005年。

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།