བོན་དཔེ་འདུལ་བ་རྒྱུད་དྲུག་གི་སྐོར་ལ་ཅུང་ཟད་དཔྱད་པ།
[ཟླ་ཚེས། 2018-02-28 14:29:46][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[གནད་བསྡུས།] རྩོམ་འདིར་བོན་གྱི་དཔེ་གཞུང་ཁག་ནས་བྱུང་བའི་འདུལ་བ་རྒྱུད་དྲུག་གི་སྐོར་ལ་ཡིག་ཆ་སོ་སོའི་ནང་དུ་གསལ་བ་རྣམས་ཟུར་འདོན་གྱིས་རྒྱུད་དྲུག་གི་དཔེ་ཆ་གང་དག་ཡོད་པ་དང་། དེ་དག་བཀའ་དང་བཀའ་བརྟེན་གང་ཡིན་གྱི་སྐོར་ལ་དཔྱད་བརྗོད་གང་ཐོན་བྱས་ཡོད།
[གནད་ཚིག] འདུལ་བ་རྒྱུད་དྲུག བཀའ། བཀའ་བརྟེན། སྟོད་ལུགས་རྒྱུད་དྲུག སྨད་ལུགས་རྒྱུད་དྲུག
ཚང་མས་མཁྱེན་གསལ་ལྟར་ང་ཚོའི་འདུལ་བ་དང་འབྲེལ་བའི་ཡིག་ཆ་གང་མང་ཞིག་གི་ནང་དུ“འདུལ་བ་རྒྱུད་དྲུག”ཅེས་པའི་ཚིག་དེ་ཡང་ཡང་ཐོན་བཞིན་ཡོད་ལ་ད་ལྟའི་བཀའ་འགྱུར་ཁྲོད་དུ་ཡང«འདུལ་བ་རྒྱུད་དྲུག»ཅེས་པའི་གསུང་པོད་ཅིག་ཀྱང་དངོས་སུ་མཇལ་དུ་ཡོད་པའི་རྒྱུ་མཚན་ལ་བརྟེན། མང་པོ་ཞིག་གིས་འདུལ་བ་རྒྱུད་དྲུག་ཅེས་པའི་མཚན་ཐོས་མ་ཐག་ནས་བཀའ་འགྱུར་ནང་དུ་བཞུགས་པ་དེ་རང་བློ་ངོར་འཆར་སྲིད། དེ་ལ་འདུལ་བ་རྒྱུད་དྲུག་གི་དཔེ་ཆ་ད་ཡོད་རང་ལ་བསམ་ན་ནོར་འཆུགས་གང་ཡང་མེད་མོད། སྤྱིར་འདུལ་བ་རྒྱུད་དྲུག་དང་འབྲེལ་བའི་ཡིག་ཆ་ཁག་ལ་ཅུང་ཟད་དཔྱད་པ་ཡིན་ན་རྒྱུད་དྲུག་འདི་ལས་ད་དུང་གཞན་པ་འགའ་ཞིག་ཡོད་པ་གསལ་བར་མ་ཟད། དེ་དག་བཀའ་དང་བཀའ་བརྟེན་གང་ཡིན་སོགས་ལ་དཔྱད་དགོས་ནའང་དཀའ་རྙོག་ཅུང་ཆེ་བའི་དོན་ཞིག་ཏུ་གྱུར་ཡོད། མ་གཞི་ད་སྔོན་གནད་དོན་དེ་རིགས་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་དང་། དེའི་དཔྱད་འབྲས་ཀྱི་རྩོམ་ཡིག་སྐོར་ལ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཏི་སེའི་བུ་ལགས་ཀྱིས། «བོན་དཔེ་འདུལ་བ་རྒྱུད་དྲུག་གི་མཚམས་སྦྱོར»ཞེས་པའི་རྩོམ་ཡིག་ཅིག༼མེ་ལོང་ཡེ་ཤེས༽ཞེས་པའི་དྲྭ་ཚིགས་སུ་སྤེལ་གནང་འདུག་པ་དེའི་ནང་འདུལ་བ་རྒྱུད་དྲུག་གི་སྐོར་ལ་དཔྱད་བརྗོད་འགའ་ཞིག་མཛད་འདུག དེ་ལས་གཞན་གང་ཞིག་ཡོད་པ་ནི་རང་ལ་དུས་སམ་ཡུལ་གྱིས་བསྐལ་བས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར། འདིར་ཡང་ད་སྔོན་རང་ཉིད་ནས་དེ་འདྲའི་འདུལ་བ་རྒྱུད་དྲུག་སྐོར་གྱི་ཡིག་ཆ་འགའ་ཞིག་མཇལ་བའི་གོ་རྟོགས་རྙེད་པའི་སྐོར་གྱི་གྲུབ་དོན་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་དཔྱད་བརྗོད་ཀྱི་ཚུལ་དུ་གླེང་འདོད་པ་དེ་ཡིན།
གཅིག དྲི་མེད་གཟི་བརྗིད་ལས་བསྟན་པའི་འདུལ་བ་རྒྱུད་དྲུག
དེ་ཡང་སྟོན་པ་སངས་རྒྱས་ཀྱི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི«སྲུང་ཁྲིམས་རྩ་བའི་མདོ»ལས།1 “རྣམ་དག་འདུལ་བ་དོན་དམ་མདོ་རྩ་ལས། །སྤྱི་དགོས་བྱེ་བྲག་རྣམ་པ་གསུམ་དུ་བསྟན། །སྤྱི་རུ་བསྟན་པ་རྒྱུད་གཞུང་མན་ངག་གསུམ། །ཐོག་མར་རྒྱུད་ལས་རྣམ་པ་དྲུག་ཏུ་དབྱེ། །ཅི་བཞིན་ངང་ཉིད་དོན་ལ་མི་འདའ་བའི། །ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། །རང་བཞིན་དྲི་མེད་སེམས་ཉིད་འོད་གསལ་བའི། །སྙོམས་འཇུག་འགོག་པ་ཏིང་འཛིན་བསྒོམ་པའི་རྒྱུད། །སྣ་ཚོགས་གང་ལ་ཉེས་པའི་སྐྱོན་སྤང་བའི། །རྣམ་དག་དྲི་མེད་དཀའ་ཐུབ་སྤྱོད་པའི་རྒྱུད། །ངན་སྤང་བཟང་བླང་དཀའ་བ་མཐར་ཕྱིན་པའི། །བསླབ་པ་སུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། །རྟགས་ཀྱི་སྦྱངས་ཐོབ་ཡོན་ཏན་གང་འཕེལ་བའི། །ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུ་རྒྱུད། །སྒྲིབ་སྦྱང་ཚོགས་རྫོགས་བསོད་ནམས་ཚོགས་ལྡན་པའི། །གཡུང་དྲུང་སྤྱོད་འཇུག་ངོ་མཚར་འཕྲིན་ལས་རྒྱུད། །རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་དག་ཏུ་དབྱེ། །”ཞེས་སྤྱིར་འདུལ་བའི་བོན་ལ་སྤྱི་དགོས་བྱེ་བྲག་གསུམ་དང་། སྤྱི་ལ་ཡང་རྒྱུད་དང་། གཞུང་དང་། མན་ངག་གསུམ། རྒྱུད་དེ་ལ་ཡང་བརྗོད་བྱ་ལྟ་བ་དང་། སྒོམ་པ། སྤྱོད་པ། དམ་ཚིག འབྲས་བུ། ཕྲིན་ལས་བཅས་ལ་ལྟོས་པའི་རྒྱུད་ཆེན་པོ་དྲུག་གསུངས་པར་གསལ། དེ་ལྟ་བུའི་རྒྱུད་དྲུག་དེ་སྟོན་པ་སངས་རྒྱས་ཀྱི་བཀའ་ཡིན་པ་ལ་དོགས་གནས་མ་མཆིས་རུང་། དེ་ཉིད་བཀའ་གཞན་དང་འདྲ་བར་དེ་སྔོན་བཀའ་མ་དང་གཏེར་མ་གང་ཞིག་ལས་བྱུང་བ་དང་། དེ་ཉིད་ད་ལྟ་མཇལ་དུ་ཡོད་མེད་ནི་དཔྱད་པར་བྱ་བའི་གཞི་ཙམ་ལས་འདིར་གསལ་བཤད་བྱེད་པའི་རྒྱུ་རྐྱེན་མ་ཚང་། དེར་གསལ་བའི“ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། །”ཅེས་པ་དང་མཚན་དང་ཆ་མཚུངས་གཞན་ཞིག་ནི། ད་ལྟའི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་འདུལ་བ་རྒྱུད་དྲུག་གི་རྩ་བ་སྟེ། «བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་དྲུག་རྩ་བ»ཞེས་པ་འདི་ཉིད་ཡིན་འདུག་ཅིང་། དཔེ་ཆ་འདི་གཉིས་འདྲ་བའི་ཕྱོགས་ནས་བྱས་ན་མ་མཐའ་ཡང་གཉིས་ཀར“ཀུན་འབྱུང་དབྱིངས་དག”ཅེས་པའི་ཚིག་འདི་གཅིག་པུས་དེ་གཉིས་ལ་ཕན་ཚུན་གཅིག་ལ་གཅིག་གིས་འབྲེལ་བ་གང་ཞིག་ཡོད་པ་མཚོན་ཐུབ། ཡང་ཁྱད་པར་མི་འདྲ་བའི་ཕྱོགས་ནས་བསམ་ན་ཡང་དང་པོ་ནི་“ཅི་བཞིན་ངང་ཉིད་དོན་ལ་མི་འདའ་བའི། །”ཞེས་སྐབས་ཀྱི་བརྗོད་བྱ་ལྟ་སྒོམ་སོགས་དུ་མའི་ནང་ནས་ལྟ་བ་གཙོར་བསྟན་གྱི་གཞུང་ཞིག་ཡིན་པ་དང་། ཅིག་ཤོས་ནི་དེ་ལྟར་མིན་པར་རྒྱུད་ཕྱི་མ་དྲུག་པོའི་སྤྱི་སྡོམ་གྱི་རྩ་བ་ཡིན་པས་གཞི་རྩའི་ཆ་ནས་མི་འདྲ་བ་ཡང་ཤེས་ཐུབ། འོན་ཏེ་དང་པོ་དེའི་མཚན་ཙམ་གོང་དུ་གསལ་བ་དེ་ལས་ཡིག་ཆ་དངོས་ད་སྔོན་མ་མཇལ་སྟབས་དེ་གཉིས་ཀྱི་བསྟན་དོན་ཁག་ལ་ཞིབ་ཕྲའི་དཔྱད་བརྗོད་བྱེད་ཐབས་དཀའ་བས་འདིར་དེ་ཙམ་བཞག་པ་ཡིན། རྒྱུད་དྲུག་འདི་སྟོན་པ་སངས་རྒྱས་ཀྱིས་དུས་དང་གནས་གང་དུ་གསུངས་པ་ནི། «སྲུང་ཁྲིམས་རྩ་བའི་མདོ»ལས།2 “དེ་ནས་ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་ལ་བྱོན་ནས། བྱང་ཆུབ་ཤིང་གི་ནགས་ཚལ། གསས་ཁང་བ་རབ་གསེར་གླིང་གི་སྒོ་དྲུང་དུ། གདན་སེང་གེའི་ཁྲི་ལ་བཞུགས་ཏེ། ཐོག་མར་བསླབ་བྱ་ཁྲིམས་ཀྱི་ཡིན་ཚུལ་དང་། འདུལ་བ་རྒྱུད་དྲུག་གི་དོན་གཏན་ལ་ཕབ་པར་དགོངས་ནས།”ཞེས་དང་། «དཔལ་ཚུལ་བསྟན་འབྱུང»ལས།3 “བཞི་བཅུ་ནང་གླིང་འདུལ་བ་ཁྲིམས་ཀྱི་གླིང་། །འདུལ་བ་རྒྱུད་དྲུག་འདུལ་ལུང༼གཞུང༽སྡེ་བཞི་དང་། །མན་ངག་སྡེ་གསུམ༼བཅུ༽བཅས་པ་འཁོར་ལ་གསུངས། །”ཞེས་གསུངས་པས་སྟོན་པ་དགུང་ལོ་བཞི་བཅུའི་ཐོག་འོལ་མོ་གླིང་གི་ནང་གླིང་ལྷོ་ཤར་འདུལ་བ་ཁྲིམས་ཀྱི་གླིང་གི གསས་ཁང་བ་རབ་གསེར་གླིང་དུ་གསུངས་པ་ཤེས་ཐུབ།
གཉིས། བྱམས་མ་འབུམ་ལྔ་ལས་བསྟན་པའི་འདུལ་བ་རྒྱུད་དྲུག
དེ་ཡང«བྱམས་མ་ཆེན་མོ་རྩ་བའི་འབུམ»གྱི་ལེའུ་བཅུ་གཉིས་པ«རྣམ་དག་འདུལ་བའི་འབུམ་བསྟན་པའི་ལེའུ»ལས།4 “འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི་སྟེ། གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི༼ཁམས་རྟེན་གནས་གསུམ་གཙང་བས་གོང་མ་ཞེས་བྱའོ། །༽རྒྱུད། གཡུང་དྲུང་གསལ་བ་འོད་གླིང་དུ་གསལ་བ་འོད་ལྡན་ལ་བཤད་པ་དང་། གཡུང་དྲུང་རྟེན༼བཟོད་པ་ཐོབ་པའི་བདེ་ལྡན་ཞེས་བྱའོ། །༽པ་ལྷའི་རྒྱུད་ལྷ་ཡུལ་དུ་ལྷ་ཡི་དྲང་སྲོང་རྣམས་ལ་བཤད་པ་དང་། གཡུང་དྲུང་རྨད༼སྲིད་པ་དཀའ་ཐུབ་ཡིན་པས་དཀའ་ཐུབ་ཅེས་བྱའོ། །༽དུ་བྱུང་བའི་རྒྱུད། གཡུང་དྲུང་ཁྱིམ་བདུན་དུ་གཙུག་གཤེན་རྒྱལ་བ་ལ་བཤད་པ་དང་། གཡུང༼དྲུང༽ཕལ་ཆེར་འདུལ་བའི་རྒྱུད། མེ་ཏོག་གླིང་དུ་བཙུན་པ་ཁྱབ་པ་ལ་བཤད་པ་དང་། གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། ཁྲི་སྨོན་རྒྱལ༼དྲང་སྲོང་ཕོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པའི་རྒྱས་པ་ཞེས་བྱའོ། །༽བཞེད་དུ། གཏོ་བུ་འབུམ་སངས་ལ་བཤད་པ་དང་། གཡུང་དྲུང་ཁོང་མ་དག་པའི་༼དྲང་སྲོང་མོའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྫོགས་པའི་རྒྱས་ཞེས་བྱ།༽རྒྱུད་ཁོང་མ་ནེ་ཆུང་དུ་སྲས་མོ་གཤེན་བཟའ་ནེ་ཆུང་མ་ལས་སོགས། དག་པ་དྲང་སྲོང་མོ་རིགས་སྡེ་ལ་བཤད་པ་དང་དྲུག་གོ །”ཞེས་གསལ་བ་ལྟར་ན་སྟོན་པ་མཆོག་གིས་གསུང་སའི་ཡུལ་དང་གང་ལ་གསུང་པའི་སློབ་མ་མི་འདྲ་བ་དྲུག་ལ་རྒྱུད་དྲུག་པོ་སོ་སོར་གསུངས་པར་བསྟན། དེ་ཡང་གནས་དྲུག་གི་དང་པོ་གཡུང་དྲུང་གསལ་བ་འོད་གླིང་ནི་ས་དང་མ་འབྲེལ་བའི་སུམ་ཅུ་རྩ་གསུམ་ཡན་གྱི་གནས་ཤིག་ཡིན་པ་ནི། འབུམ་དེ་ཉིད་ལས།5 “སྟོན་པ་མཁའ་ལ་འཕུར་ཙམ་ན། གཡུང་དྲུང་གསལ་བ་འོད་གླིང་དུ། བཀྲ་ཤིས་ལྷ་མོ་པད་མ་མས། པད་མའི་གདན་ལ་བཏེགས་བྱས་པས། ལྷ་ལ་བོན་གྱི་འཁོར་ལོ་བསྐོར། གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད་བཤད”ཅེས་གསུངས་པས་ཤེས་ནུས། དེ་བཞིན་གནས་གཉིས་པ་ལྷ་ཡུལ་ཞེས་པ་ཡང་རི་རབ་ལྷུན་པོའི་རྩེ། གཡུང་དྲུང་ཁྱིམ་བདུན་གྱི་གནས་ནི་གསེར་གྱི་རི་བདུན་གྱི་རྩེ། མེ་ཏོག་གླིང་ནི་འོལ་མོ་ལུང་རིང་གི་མཛེས་པ་མེ་ཏོག་གི་གླིང་ཡིན་པར་འབུམ་དེ་རང་དུ་གསལ། རྒྱུད་དྲུག་འདི་དུས་ནམ་ཞིག་ཏུ་གསུངས་པ་ཡང་། འབུམ་དེ་ཉིད་ལས།6 “དང་པོ་སྟོན་པ་རབ་ཏུ་བྱུང་དུས་སུ། ཡེ་ཤེས་ལྷ་ཡི་ཐུགས་རྗེ་ལས།”ཞེས་སོགས་གསུངས་པ་ལ་བརྟགས་ན་སྟོན་པ་རབ་ཏུ་བྱུང་སྟེ་དཀའ་ཐུབ་རྣམ་པ་གསུམ་མཛད་པའི་རྗེས་ཐོག་ཏུ་གསུངས་པར་ཤེས་ཐུབ་ལ་ཞིབ་ཕྲའི་དུས་ཚོད་ཀྱང་། «དཔལ་ཚུལ་བསྟན་འབྱུང»ལས།7 “སོ་ལྔ་བོན་གྱི་འཁོར་ལོ་བསྐོར་བར་དགོངས། །སྟོན་པ་ནམ་མཁའ་ལ་འཕུར་ལྷ་ཡི་གནས། །གཡུང་དྲུང་གསལ་བ་འོད་ཀྱི་གླིང་ཉིད་དུ། །གཡུང་དྲུང་གསལ་སྨྲ་ཡོད་ཁམས་རྒྱུད་གསུངས་ཏེ། །”ཞེས་སྟོན་པ་དགུང་ལོ་སོ་ལྔའི་སྐབས«གཡུང་དྲུང་གསལ་སྨྲ་ཡོད་ཁམས་རྒྱུད»གསུངས་པ་དང་། དེ་བཞིན་དགུང་ལོ་སོ་དྲུག་སྐབས«གཡུང་དྲུང་རྟེན་པ་ལྷའི་རྒྱུད»དགུང་ལོ་སོ་བདུན་སྐབས«གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད»དགུང་ལོ་སོ་བརྒྱད་སྐབས«གཡུང་དྲུང་ཕལ་ཆེར་འདུལ་བའི་རྒྱུད»དགུང་ལོ་ཞེ་གཅིག་སྐབས«གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད»ཞེ་གཉིས་སྐབས«གཡུང་དྲུང་ཁོང་མ་དག་པའི་རྒྱུད»བཅས་གསུངས་པར«དཔལ་ཚུལ་བསྟན་འབྱུང»དུ་གསལ། དེ་ལྟར་ན་རྒྱུད་དྲུག་འདི་ནི་ད་ལྟ་དངོས་སུ་བཞུགས་མིན་གང་ལྟར་ཡང་སྟོན་པ་སངས་རྒྱས་ཀྱི་བཀའ་ཙམ་དུ་མ་ཟད་ཁོང་གི་ལོ་རྒྱུས་དངོས་དང་འབྲེལ་བའི་གསུང་གལ་ཆེན་ཞིག་ཡིན་པ་ཡང་ང་ཚོས་རྗེས་སུ་དཔོག་ཐུབ།
གསུམ། བྱང་གཏེར་ལས་ཐོན་པའི་འདུལ་བ་རྒྱུད་དྲུག
འདི་ནི་བོན་གྱི་བསྟན་པ་ཕྱི་དར་གྱི་དབུ་ཐོག་མར་ཚུགས་པའི་དུས་ཏེ༼ཕྱི་ལོ༩༣༣༽ལོར་ལྷོ་བལ་གྱི་ཨ་ཙ་ར་དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རདྣ་གསུམ་གྱིས་བསམ་ཡས་ནས་གཏེར་ཐོན་ཅིང་ཕྱིས་དར་ཚུལ་དབང་གིས་བྱང་གཏེར་དུ་གྲགས8པས་འདིར་ཡང་བྱང་གཏེར་ལས་ཐོན་པའི་འདུལ་བ་རྒྱུད་དྲུག་ཅེས་བརྗོད་པ་ཡིན། གཏེར་ཁ་དེ་ལས་བྱུང་བའི་འདུལ་བ་རྒྱུད་དྲུག་ནི། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི«གཏེར་གྱི་ཁ་བྱང»ལས།9 “འདུལ་བ་རྒྱུད་དྲུག་ནི། འདུལ་བོན་ཡེ་ཁྲིམས་རྒྱུད་དང་གཅིག །འདུལ་བོན་མཚན་གསང་རྒྱུད་དང་གཉིས། །འབུམ་ཁྲི་འབུམ་གསང་རྒྱུད་དང་གསུམ། །འདུལ་ཁྲིམས་ཁུངས་ལུང་རྒྱུད་དང་བཞི། །འདུལ་ཁྲིམས་གཙང་ཁོག་རྒྱུད་དང་ལྔ། །འདུལ་བ་ཤན་བཙུན་བོན་དང་དྲུག །”ཅེས་གསལ་ཞིང་། འདིའི་རྒྱུད་དྲུག་ནི་ད་ལྟ་དངོས་སུ་མཇལ་ཡུལ་དུ་མ་གྱུར་ལ་མཁན་ཆེན་ཉི་མའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་ཏུ་ཡང་འཁོད་མི་འདུག དེའི་རྒྱུ་མཚན་ཡང་ཁོང་གིས་དཀར་ཆག་བསྒྲིགས་སྐབས་དཔེ་ཆ་དེ་ཉིད་དངོས་སུ་མ་མཇལ་བས་ཨེ་ཡིན་སྙམ། དེ་བཞིན་འདི་ཉིད་བཀའ་འམ་བཀའ་བརྟེན་གང་ཞིག་ཡིན་པའང་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར། ཡང་ཉང་སྟོད་གཉའ་ལུང་བྲག་ར་ནས་གཉེན་སྟོན་ཤེས་རབ་རྡོ་རྗེའི་གཏེར་མ«འདུལ་བ་རྒྱུད་དྲུག»ཅིག་ཡོད་པར«ལེགས་བཤད་མཛོད»10དུ་གསལ་ནའང་རྒྱུད་དྲུག་སོ་སོའི་མཚན་མ་བསྟན་པས་རྒྱུད་དྲུག་གཞན་པ་དང་མཚུངས་མིན་གྱི་དཔྱད་པ་བྱ་ཐབས་བྲལ། ད་དུང་གཏེར་གྱི་ཁ་བྱང་སོགས་སུ་རྒྱུད་དྲུག་འགའ་གསལ་མོད་ཀྱང་རྒྱུད་སོ་སོའི་མཚན་སོགས་མ་བྱུང་སྟབས་རེ་ཞིག་བཞག་གོ །
བཞི། བཀའ་འགྱུར་ཁྲོད་ཀྱི་འདུལ་བ་རྒྱུད་དྲུག
འདི་ནི་སྤྱིར་བཀའ་མ་སྟེ་བོན་གྱི་བསྟན་པ་འགྱུར་ལྡོག་སྐབས་གཏེར་དུ་མ་སོང11ཞིང་ད་ཡོད་བཀའ་འགྱུར་གྱི་ཁྲོད་དུ་དངོས་སུ་བཞུགས་པའི་འདུལ་བ་རྒྱུད་དྲུག་གཅིག་པུ་དེ་ཡིན་ལ། འདིར་ཡང་བཀའ་འགྱུར་ཁྲོད་ཀྱི་འདུལ་བ་རྒྱུད་དྲུག་ཅེས་བརྗོད་པ་ཡིན། དེ་ལྟ་བུའི་འདུལ་བ་རྒྱུད་དྲུག་པོ་གང་དག་ཡིན་པ་ནི། མཁན་ཉི་མས་མཛད་པའི«གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད»ཅེས་པ་ལས།12 “འདུལ་བ་རྒྱུད་དྲུག་གི་རྩ་བ། འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད། དེ་ནས་གྱེས་པ་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུད། ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། སོ་ཐར་བྱེ་བྲག་འབྱེད་སྡོམ་རྒྱུད། གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད་དྲུག་གོ །”ཞེས་བསྟན་པ་ལྟར་རྩ་བ«འདུལ་བ་ཀུན་འབྱུང་དབྱིངས་དག»མ་བརྩིས་པའི«ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད»སོགས་རྒྱུད་དྲུག་ཡོད་པ་འདི་ཡིན། རྒྱུད་དྲུག་འདི་ནི་གོང་གསལ«དྲི་མེད་གཟི་བརྗིད»དང་། «བྱམས་མ་འབུམ་ལྔ།» «བྱང་གཏེར་འདུལ་བ་རྒྱུད་དྲུག»གསུམ་དང་མི་འདྲ་བའི་ཁྱད་པར་གཙོ་བོ་གཅིག་ནི། གོང་མ་དེ་དག་ལ་རྩ་བ་དང་ཡན་ལག་གི་རྒྱུད་སོ་སོ་བ་མེད་ཅིང་། འདི་ལ་རྩ་བ«འདུལ་བ་ཀུན་འབྱུང་དབྱིངས་དག»དང་། གཞན་དྲུག་པོ་ནི་དེའི་དགོངས་དོན་རྒྱས་བཤད་བྱེད་པའི་རྒྱུད་གཞན་དག་ཡིན་པ་དེ་རེད། རྒྱུད་དྲུག་འདིའི་བསྟན་དོན་སྐོར་ལ་སྤྱིར་ན་གོ་དཀའ་སླ་ཅི་རིགས་འདུག་རུང་རྒྱུད་དྲུག་གཞན་པ་ལ་ལྟོས་ན་དངོས་སུ་མཇལ་དུ་ཡོད་པ་ཡིན་སྟབས་དེ་ཙམ་དཀའ་བ་མ་ཡིན་སྙམ། ཡང་འདི་ལ་བསམ་པར་བྱ་བ་གཞན་ཞིག་ཡོད་པ་ནི་འདི་ཉིད་བཀའ་འམ་བཀའ་བརྟེན་གང་ཡིན་གྱི་སྐོར་དེ་རེད། དེ་ཡང་མཁན་ཉི་མའི་བཀའ་བརྟེན་དཀར་ཆག་ཏུ་འདི་ཉིད་བཀའ་ཡི་གྲལ་དུ་བཞག་པ་ལྟར་སྤྱིར་ན་བཀའ་ཡིན་པར་ཡོངས་སུ་གྲགས། འོན་ཏེ་ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི«འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་རྣམ་བཤད»ལས།13 “ཀུན་འབྱུང་དབྱིངས་དག་ཅེས་པ་འདི་ཡང་བཀའ་བརྟེན་ཕྱི་བརྩམས་ཞིག་ལས་བཀའ་མ་ཡིན་པ་དང་། བཀའ་བརྟེན་སྔ་བརྩམས་མ་ཡིན་པ་སོགས་ཀྱི་རྒྱུ་མཚན་བཤད་རྒྱུ་མང་ངོ་། །འོན་ཀྱང་དེང་དུས་དེ་འདྲའི་ཚུལ་ལ་བརྟག་མི་དགོས་པར་སྤྱན་ཟིམ་མེར་བཞུགས་ཐུབ་ན་འགྲིག་རྒྱུ་ཡིན་པ་འདྲ།”ཞེས་གསུངས་འདུག་པ་ལྟར་ན་འདི་ནི་སྤྱིར་བཀའ་བརྟེན་ཙམ་དུ་མ་ཟད། དེ་ཡང་དུས་ཀྱི་དབང་དུ་བྱས་ནའང་ཕྱིས་བརྩམས་ཤིག་ཡིན་པར་བསྟན་འདུག་རུང་། དེ་ལྟར་ཡིན་པའི་རྒྱུ་མཚན་ནི་གསལ་བཤད་གནང་མི་འདུག དེའི་ཐད་རང་གིས་མཐོང་ཚོད་ཙམ་དུ་དཔྱད་གཞི་འདི་དག་ཡོད་པ་ནི། རྒྱུད་དྲུག་རང་དུ་སྟོན་པའི་བཀའ་གཞན་འགའ་ཞིག་ལུང་དྲངས་པ་དཔེར་ན། «ཀུན་འབྱུང་དབྱིངས་དག»ལས། “བྱང་ཆུབ་སེམས་བདུན་ལྡན་པའི་གཏམ་རྒྱུད། ཁམས་གསུམ་སེམས་ཅན་སྐྱེ་ཤི་ལས་བརྩན་མདོ་ཡིས་ཉོབ་བེ་གོ་ཕུབ་ཧ་ར།”ཞེས་དང་། “མདོ་གཟེར་མིག་ནས། ངང་དང་རང་བཞིན་དག་ན། བདག་ཉིད་ཆེན་པོ་གསུམ་དུ་གདམ།”ཞེས་དང་། «ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད»ལས། “ཁམས་གསུམ་སྐྱེ་ཤིའི་མདོ་ལས། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་ལ།”ཞེས་དང་། «ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད»ལས། “མདོ་གཟེར་མིག་བཅོ་བརྒྱད་པའི། བཅོ་བརྒྱད་དོན་བསྡུས་ཇི་བཞིན་དུ།”ཞེས་དང་། “སྐྱོན་དག་ཡོན་ཏན་བསམ་མེད་ནི། ཁམས་གསུམ་སེམས་ཅན་སྐྱེ་ཤིའི་མདོ། གོ་ཕུབ་ཧ་ར།”ཞེས་སོགས་གསལ། ཡང་རྒྱུད་འདིར་མུ་ཆོའི་གསུང་གང་མང་ཡོད་འདུག་པ་ལས་དཔེར་མཚོན་ན། «ཀུན་འབྱུང་དབྱིངས་དག»ལས། “ཕྱིས་མུ་ཆོ་ལྡེམ་དྲུག་གིས། པད་ཁུག་ཕྲག་འགྱེལ་གླིང་སྣམ་སྦྲག་མ་དང་། རྐྱེན་སྡོམ་སོར་བཅུ་ཁྲུ་བདུན་གནང་།”ཞེས་དང་། “མུ་ཆོ་ལྡེམ་དྲུག་བསྟན་འཛིན་མཆོག ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྐུ་ལ་གནས། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ངག་ནས་བོན། གཙང་གཙུག་དགེ་བསྙེན་བསྙེན་གནས་རིག་པས་འབྱེད། གཤེན་རབ་འདས་དུས་ལུང་བསྟན་ཕོག”ཅེས་དང་། “འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད། དེ་ལ་ཕྱིས་སུ་མུ་ཆོ་ལྡེམ་དྲུག་གིས། རྒྱུད་ཆུང་དྲུག་དང་འགྲེལ་བ་བཅས། ཞང་ཞུང་གཤེན་ལ་རིམ་པར་བརྒྱུད།”ཅེས་དང་། ཡང་རྒྱུད་འདིར་གྲུབ་ཆེན་སེ་སད་ནེ་གུའི་གསུང་ཞིག་བྱུང་བ་ནི། «སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད»ལས། “སེ་སད་ནེ་གའུ་ཞལ་ནས། སོ་སོར་ཐར་པའི་སྡོམ་པ་གྲོགས་ལ་བརྟེན་ན་བསྲུང་བས།”ཞེས་སོགས་གསལ། ཡང«ཀུན་འབྱུང་དབྱིངས་དག»ལས། “འདུལ་བ་དྲང་སྲོང་ཐེག་པར་འཆད། ལྟུང་བྱེད་འབའ་ཞིག་བཅུ་དགུ་པ། ཉེས་བྱས་དེ་བཞིན་དགུ་བཅུ་གཅིག སྤང་ལྟུང་སུམ་ཅུ་ཐམ་པ་འབྱེད། ཕམ་ལྷག་བཅུ་བདུན་ལྟུང་བ་བཅུ་བཞི།”ཞེས་སོགས་དེང་སྐབས་གཞན་སྡེའི་འདུལ་བར་གྲགས་པའི་བསྲུང་བྱའི་སྐོར་ཡང་གསལ། དེ་དག་ལ་བསམ་ན་སྤྱིར་རྒྱུད་དྲུག་འདི་མུ་ཆོས་གསུངས་པའི་བཀའ་བརྟེན་དངོས་ཡིན་པའམ། གཞི་རྩ་སྟོན་པའི་བཀའ་ཡིན་ནའང་དོན་འགའ་ཤས་ཕྱིས་སུ་བསྣན་པ་སོགས་ལ་དཔྱད་དགོས་པར་གསུངས་སམ་སྙམ། སྤྱིར་ན་འདུལ་བ་རྒྱུད་དྲུག་ལ་སྟོན་པའི་བཀའ་རུ་གྱུར་པ་ཞིག་དང་། གདུང་སོབ་མུ་ཆོས་གསུངས་པའི་བཀའ་བརྟེན་གཉིས་སུ་ཡོད་པ་ནི། མཁས་དབང་བོན་བརྒྱ་རིན་པོ་ཆེས་མཛད་པའི«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང»གི་བཀའ་ཡི་སྡེ་ཚན་འཆད་སྐབས་སུ།14 “དང་པོ་ཕུན་སུམ་ཚོགས་པ་མདོ་ཡི་སྡེ་ལ། གཡུང་དྲུང་ལས་རྣམ་པར་དག་པའི་མདོ་རྒྱུད་དང་། ལུང་མཚན་ཉིད་སྲིད་པའི་མཛོད་ཕུག འདུལ་བ་ལུང་དྲུག་གམ་རྒྱུད་དྲུག”ཅེས་དང་། ཡང་དེ་ཉིད་ཀྱི་བཀའ་བརྟེན་སྡེ་ཚན་འཆད་སྐབས་སུ།15 “རྒྱལ་བའི་གདུང་སོབ་མུ་ཆོ་ལྡེམ་དྲུག་གིས་མཛད་པའི་འདུལ་བ་ལུང་དྲུག”ཅེས་གསུངས་པས་ཤེས་ཐུབ་པ་འདུག ད་དུང་འདི་ལས་གཞན་པའི་དཔྱད་གཞི་ཡོད་སྲིད་ཀྱང་འདིར་དེ་ཙམ་དུ་བཞག་པ་ཡིན།
ལྔ། འདུལ་བ་སྟོད་ལུགས་དང་སྨད་ལུགས་ཀྱི་རྒྱུད་དྲུག
ཡང་འདུལ་བ་སྟོད་ལུགས་དང་སྨད་ལུགས་ཀྱི་རྒྱུད་དྲུག་གཉིས་ཙམ་ཡོད་མེད་སྐོར་ཞིག་གླེང་བ་ལ། མཁན་ཉི་མའི«ཤེར་ཕྱིན་སྐབས་དང་པོའི་ཚིག་དོན་དཀའ་གནད་རབ་གསལ»ལས།16 “རྒྱུད་དྲུག་ནི། འདུལ་བ་སྨད་ལུགས་ལྟར་ན། རྩ་བ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད། དེ་ནས་གྱེས་པ་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུད། ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། སོ་ཐར་བྱེ་བྲག་འབྱེད་སྡོམ་རྒྱུད། གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། སྤྱི་ལྟོས་འགོག་པ་ཕྱོགས་བསྡོམས་རྒྱུད་དང་དྲུག་གོ །”ཞེས་གསལ་བའི་རྒྱུད་དྲུག་ནི་གོང་གསལ་བཀའ་འགྱུར་ཁྲོད་དུ་བཞུགས་པ་དེ་ཡིན་པ་ནི། རྒྱུད་དྲུག་གི་མཚན་དེ་དག་ལ་བརྟེན་ནས་ངེས་སླ་བར་འདུག ཡང་ཁོང་གིས“འདུལ་བ་སྨད་ལུགས་ལྟར་ན”ཞེས་པས་འདིའི་རྒྱུད་དྲུག་ནི་འདུལ་བ་སྨད་ལུགས་ཅན་དེ་ཡིན་པར་དངོས་སུ་གསུངས་ཤིང་། དེའི་ཤུགས་ལས་འདུལ་བ་སྟོད་ལུགས་ཀྱི་རྒྱུད་དྲུག་ཅིག་ཀྱང་ཡོད་པར་བསྟན་འདུག་པ་སྟེ། དེ་ཡང་མཁན་ཉི་མའི«བསྟན་རྩིས་ཀྱི་རྣམ་བཞག་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ»ལས།17 “འོ་ན་བྱམས་མ་ལས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞིའི་དུས་སུ། འདུལ་བ་རྒྱུད་དྲུག་ལ་མཁས་པ་སོགས་ཡོད་པར་གསུངས་པ་ཅི་ཞེ་ན། དེ་ནི་འདུལ་བ་སྟོད་ལུགས་སུ་མིང་བཏགས་པ་དེ་ཡིན་ཞིང་། དེ་ཉིད་ཁྲི་སྲོང་གི་དུས་སུ་ནུབ་པ་ཡིན་ཏེ། སྒྲག་བྱང་ལས། འཛི་བོན་དབང་གྲུབ་དང་། རྣོ་བོན་ཡེ་མཁྱེན་དང་། སྔགས་བོན་ལྷ་གཉེན་དང་གསུམ་གྱིས་གཤེན་གྱི་འདུལ་བ་དང་། མཛད་ཁྲིམས་ལ་སོགས་ཤོག་དྲིལ་མང་བ་བརྒྱད་ཁྱེར་ནས། རྟག་གཟིགས་སུ་བྲོས་པས་མཛད་ཁྲིམས་དུར་དུ་མ་ཤོར་རོ། །ཞེས་གསུངས་པའི་ཕྱིར་དང་། དེ་མིན་ན་བྱམས་མ་ནས་གསུངས་པའི་འདུལ་བ་རྒྱུད་དྲུག་དང་། སྨད་ལུགས་ཀྱི་འདུལ་བ་རྒྱུད་དྲུག་འདི་གཉིས་མིང་དོན་གཉིས་ཀ་ལ་འདྲ་མིན་ལེགས་པར་རྟོགས་དང་གསལ་ལོ། །”ཞེས་གསུངས་པ་ལྟར་ན་གོང་གསལ་བྱམས་འབུམ་ལས་གསལ་བའི་འདུལ་བ་རྒྱུད་དྲུག་དེ་སྟོད་ལུགས་ཀྱི་འདུལ་བ་རྒྱུད་དྲུག་ཏུ་ངོས་འཛིན་མཛད་པར་སྣང་ངོ་། །ད་དུང་འདིའི་སྐོར་དཔྱད་པར་བྱ་བ་མང་ཡང་འདིར་དེ་ཙམ་བྱས་ཤིང་། ངོས་ནས་ཀྱང་འདུལ་བ་སྟོད་ལུགས་སྐོར་ཞིག་ཟུར་དུ་བྲིས་ཡོད་པ་སོགས་འདི་དག་གི་སྐོར་ལ་དཔྱད་ཞིབ་བྱ་རྒྱུ་གནད་དུ་ཆེའོ་སྙམ། དེ་ལྟར་ཞུས་པ་རྣམས་ནི་དེ་སྔོན་མཇལ་བའི་འདུལ་བ་རྒྱུད་དྲུག་དང་འབྲེལ་བའི་ཡིག་ཆ་གཙོ་བོ་ཁག་ཅིག་གཞིར་བཟུང་གིས་རང་གི་བསམ་ཚུལ་ཙམ་ལས་དཔྱད་པ་རྫོགས་པའི་སྡོམ་ཚིག་ཞོག་མེད་པས་ན་ད་དུང་མཁྱེན་ལྡན་མཁས་དབང་དག་གིས་དགེ་འདོན་སྐྱོན་སེལ་གྱི་དཔྱད་བརྗོད་གང་མང་རེ་ཡོད་པའི་སྨོན་འདུན་ཞུ་བ་བཅས་སོ། །
མཆན་འགྲེལ།
1 «འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་བསྲུང་ཁྲིམས་རྣམ་པར་དག་པ་རྩ་བའི་མདོ།» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཉེར་བཞི་པ། ཤོག་ངོས༧ ༣པར་གསལ།
2 «འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་བསྲུང་ཁྲིམས་རྣམ་པར་དག་པ་རྩ་བའི་མདོ།» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཉེར་བཞི་པ། ཤོག་ངོས༧ ༣པར་གསལ།
3 «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» ཤོག་ངོས༥༦པར་གསལ།
4 «བྱམས་མ་ཆེན་པོ་རྩ་བའི་འབུམ།» འཕན་ཡུལ་འབུམ་གྱི་ཡང་སྙིང་སྤྲོས་བྲལ་དབུ་མའི་བོན་སྡེ་ཕྱོགས་བསྒྲིགས། ཤོག་ངོས༢༠ ༢༡ ༢༠པར་གསལ།
5 «བྱམས་མ་ཆེན་པོ་རྩ་བའི་འབུམ།» འཕན་ཡུལ་འབུམ་གྱི་ཡང་སྙིང་སྤྲོས་བྲལ་དབུ་མའི་བོན་སྡེ་ཕྱོགས་བསྒྲིགས། ཤོག་ངོས༢༠ ༢༡ ༢༠པར་གསལ།
6 «བྱམས་མ་ཆེན་པོ་རྩ་བའི་འབུམ།» འཕན་ཡུལ་འབུམ་གྱི་ཡང་སྙིང་སྤྲོས་བྲལ་དབུ་མའི་བོན་སྡེ་ཕྱོགས་བསྒྲིགས། ཤོག་ངོས༢༠ ༢༡ ༢༠པར་གསལ།
7 «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» ཤོག་ངོས༥༥པར་གསལ།
8 འདིའི་སྐོར་སྒ་སྟོན་གྱི«གཏེར་གྱི་ཁ་བྱང»དང་། སྤ་བསྟན་རྒྱལ་བཟང་པོའི«བསྟན་འབྱུང་དར་རྒྱས་གསལ་སྒྲོན།» ཤར་རྫ་རིན་པོ་ཆེའི«ལེགས་བཤད་མཛོད»སོགས་སུ་གསལ།
9 སྒ་སྟོན«གཏེར་གྱི་ཁ་བྱང་།» ཤོག་ངོས༨༡པར་གསལ།
10 «ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར།» ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། དེབ་ལྔ་པ། ཤོག་ངོས༢༩༣པར་གསལ།
11 མཁན་ཉི་མའི་བཀའ་བརྟེན་དཀར་ཆག་ལས། “བསྟན་པའི་སྲོག་ཤིང་རྣམ་དག་འདུལ་བའི་བསླབ་བྱ་བསྟན་པ་གཏེར་དུ་མ་སོང་བའི་བོན་གསེར་ཞུན་མ་དང་མཚུངས་པ། འདུལ་བ་རྒྱུད་དྲུག”ཅེས་གསལ།
12 «གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད།» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གྲངས༡༥༠པ། ཤོག་ངོས༤༣༦པར་གསལ།
13 «འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་རྣམ་བཤད།» སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། པོད་དགུ་པ། ལྡེབ་ངོས༡༦༧པར་གསལ།
14 «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།» ལྡེབ་ངོས༩༣ ༩༨པར་གསལ།
15 «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།» ལྡེབ་ངོས༩༣ ༩༨པར་གསལ།
16 «ཤེར་ཕྱིན་སྐབས་དང་པོའི་ཚིག་དོན་དཀའ་གནད་རབ་གསལ།» གངས་ཏི་སེའི་བོན་གཞུང་དཔེ་ཚོགས། དེབ་བཅུ་གཅིག་པ། ཤོག་ངོས༡༣པར་གསལ།
17 «བསྟན་རྩིས་ཀྱི་རྣམ་བཞག་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ།» འཕྲུལ་དེབ། ངོས༡༢༩པར་གསལ།
དཔྱད་གཞིའི་ཡིག་ཆ།
⑴ སྟོན་པ་སངས་རྒྱས། «མདོ་དྲི་མེད་གཟི་བརྗིད།» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཉེར་བཞི་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥
⑵ «འདུལ་བ་རྒྱུད་དྲུག» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥
⑶ སྟོན་པ་སངས་རྒྱས། «བྱམས་མ་ཆེན་མོ་རྩ་བའི་འབུམ།» འཕན་ཡུལ་འབུམ་གྱི་ཡང་སྙིང་སྤྲོས་བྲལ་དབུ་མའི་བོན་སྡེ་ཕྱོགས་བསྒྲིགས། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༤
⑷ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། «བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ།» ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས། དེབ་གསུམ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢
⑸ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། «གཏེར་གྱི་ཁ་བྱང་།» བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས། དྲང་སྲོང་རྣམ་རྒྱལ་གྱིས་བསྒྲིགས། ༢༠༠༩
⑹ མཁན་ཆེན་ཉི་མ་བསྟན་འཛིན། «ཤེར་ཕྱིན་སྐབས་དང་པོའི་ཚིག་དོན་དཀའ་གནད་རབ་གསལ།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་བཅུ་གཅིག་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠
⑺ མཁན་ཆེན་ཉི་མ་བསྟན་འཛིན། «གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད།» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་གཅིག་བརྒྱ་ལྔ་བཅུ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥
⑻ ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར།» ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ། དེབ་ལྔ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡
⑼ སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག «འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་རྣམ་བཤད།» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། དེབ་དགུ་པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༥
⑽ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། «བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།» ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས། ༢༠༡༤
⑾ དཔལ་ལྡན་ཚུལ་ཁྲིམས། «གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༦
⑿ ཏི་སེའི་བུ། «བོན་དཔེ་འདུལ་བ་རྒྱུད་དྲུག་གི་མཚམས་སྦྱོར།» དྲྭ་རྩོམ། མེ་ལོང་ཡེ་ཤེས་ཞེས་པའི་དྲྭ་ཚིགས།
⒀ མཁན་ཆེན་ཉི་མ་བསྟན་འཛིན། «བསྟན་རྩིས་ཀྱི་རྣམ་བཞག་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ།» འཕྲུལ་དེབ། ཁྲི་བསོད་བསྟན་གྱིས་གཙོ་སྒྲུབ་བྱས། ༢༠༡༣