བོན་གྱི་སྐུ་བརྙན་གྱི་རྒྱན་དྲུག་སྐོར་གླེང་བ།
[ཟླ་ཚེས། 2017-08-14 09:26:10][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྐབས་བཅུ་བཞི་བའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྟེང་སྤེལ་བའི་དཔྱད་རྩོམ།
ནང་དོན་གནད་བསྡུས།
གཡུང་དྲུང་བོན་གྱི་ལུགས་ལ་སྐུ་བརྙན་བཞེངས་སྐབས་རྒྱབ་ཡོལ་གྱི་རྒྱན་སྣ་ལ་རྒྱན་དྲུག་དང་ན་དྲུག་ཅེས་རིགས་སོ་སོ་བ་ཡོད་པས། རྒྱན་དྲུག་ལ་སྤྲུལ་བའི་སྐུའི་རྒྱན་དྲུག་ཀྱང་ཟེར་ལ། རྫོགས་ པའི་སྐུ་ལ་རྒྱབ་ཡོལ་དུ་མཛེས་པའི་ན་དྲུག་གིས་བརྒྱན་ཚུལ་ཡོད་པས། དཔྱད་རྩོམ་འདིའི་ནང་དུ་རྒྱན་དྲུག་དང་ན་དྲུག ཟ་དྲུག་བཅས་སོ་སོའི་ཁྱད་པར། དེ་དག་གི་མིང་གི་རྣམ་གྲངས། བཞེངས་ཚུལ། ལྷ་དང་སྦྱར་ཚུལ། མཚོན་དོན་སོགས་གསལ་བོར་གླེང་བ་དང་། བནྡེའི་ལུགས་ཀྱི་ཁྲི་རྒྱབ་དྲུག་འགྱོགས་ཀྱི་ཁྱད་པར་སོགས་གླེང་ནས། དེང་སྐབས་ཀྱི་ལྷ་རིས་པ་རྣམས་ཀྱིས་རྒྱན་དྲུག་སོགས་བཀའ་ལུང་དང་མི་མཐུན་པར་བཞེངས་ཀྱིན་ཡོད་པ་འདི་མི་འོས་ཚུལ་བརྗོད་ཡོད།
བརྡ་ཆད་གཙོ་བོ།
སྐུ་བརྙན། རྒྱན་དྲུག ན་དྲུག ཟ་དྲུག ཁྲི་རྒྱབ་དྲུག་འགྱོགས།
གླེང་གཞི།
དེ་ཡང་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཡུལ་འོལ་མོ་ལུང་རིང་དུ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྐུ་སྐྱེ་བ་བཞེས་ནས་དགུང་ལོ་བཞི་ལོན་པའི་དུས་སུ། གྲོང་ཁྱེར་ལང་ལིང་དུ་ཞབས་ཀྱིས་བཅག་ནས་རྒྱལ་པོ་ས་ལ་ལ་ཞེ་ས་ཕུལ་བ་དང་། མཚོ་མུ་ལེ་སྟོང་ལྡན་ལ་སྐུ་འཁྲུད་དུ་གཤེགས་སྐབས། རྒྱལ་བུ་འོད་མཛེས་ཀྱི་འགྲོ་དོན་དུ་མཚོ་མུ་ལེ་སྟོང་ལྡན་གྱི་གཡས་ཟུར། གྲོང་ཁྱེར་ཆེན་པོ་ལང་ལིང་གི་གཡོན་ཟུར་དུ་གསས་མཁར་ཁོ་མ་རུ་རིང་བཞེངས་པ་དང་། དགུང་ལོ་ལྔ་བཞེས་པའི་དུས་སུ། ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དུ་ཞབས་ཀྱིས་བཅག་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ལ་དཔེ་བླངས་ནས། གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་སུ་གསོལ་བ་ནས་བཟུང་།1 ཡུལ་འོལ་མོ་ལུང་རིང་དུ་ཕོ་བྲང་རྩིག་པ་དང་སྐུ་གཟུགས་བཞེངས་པ། སྐུ་གདུང་རྩིག་པ། གསུང་རབ་བྲི་བཞེངས་མཛད་པ་སོགས་སྐུ་གསུང་ཐུགས་རྟེན་བཞེངས་པའི་ལས་ཤིན་ཏུ་དར་ཡོད། ལྷག་པར་དུ་རྣམ་པར་རྒྱལ་བའི་མཛད་པ་མཛད་སྐབས། བསྟན་འཛིན་གྱི་རྒྱལ་པོ་བཅུ་དྲུག་2གི་ནང་ཚན། རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་འགྲོ་དོན་ལ་ཡུལ་རྒྱ་ལགས་འོད་མའི་གླིང་དུ་བྱོན་ནས། གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་དུ། གསས་ཁང་ལ་བར་ཆོད་རྩོམ་པའི་བདུད་སྲིན་རིགས་དམ་ལ་བཏགས་ནས་རྒྱལ་ཁམས་བདེ་ལ་བཀོད་རྗེས། ཕྱི་རབས་ཀྱི་གང་ཟག་རྣམས་ལ་སྒྲིབ་པ་སྦྱང་བ་དང་ཚོགས་རྫོགས་པ། འབྲས་བུ་ཐར་ལམ་རིམ་པར་བསྒྲོད་པའི་ཕྱིར་དུ། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་ཡིན་ལ། དེ་ཡང་མདོ་དྲི་མེད་ལས། སྐུ་གདུང་སྐུ་གཟུགས་གསུང་རབ་གསུམ། །བསྟན་པ་རྣམ་གསུམ་རྗེས་སུ་བཞག་སྟེ།3 ཞེས་གསུངས་པ་དང་། ཡང་སྟོན་པ་གཤེན་རབ་ཀྱིས། ཉོན་ཅིག་འབྱུང་བའི་གཤེན་བཞི་དང་། །རྨ་ལོ་གཡུ་ལོ་ལ་སོགས་འཁོར། །སྒྲིབ་གཉིས་ཡོངས་སུ་བྱང་བ་དང་། །ཚོགས་གཉིས་ཡོངས་སུ་རྫོགས་འདོད་ན། །ཕྱི་རབས་སེམས་ཅན་ཐམས་ཅད་ཀུན། །སྐུ་གདུང་བརྩིགས་ཤིང་སྐུ་གཟུགས་བཞེངས། །གསུང་རབ་ཡི་གེའི་རྒྱུད་བྲི་ན། །འབྲས་བུ་ཐར་བ་འཐོབ་པར་གྱུར། །ཞེས་བྱ་བ་ཡིན་པས། ད་ཡང་བདག་ནི་འགྲོ་བ་མི་ཡུལ་དུ། སྟོན་པའི་སྒྲོན་མ་ལ་འོང་བས། མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པར་མཛད་དགོངས་པ་ལས། ད་ལྟའི་སྐབས་སུ་བསྟན་པ་སྤེལ་བའི་དུས་ཡིན་པས། ཀུན་གྱི་ཐོག་མར་བདེ་བར་གཤེགས་པའི་སྐུ་གདུང་བརྩིགས་ཤིང་། སྐུ་གཟུགས་བཞེངས་ནས། དེ་ལ་ལྷ་ཕྱག་འཚལ་བ་དང་། སྐོར་བ་བྱེད་པ་དང་། མཆོད་པ་ཕུལ་ན། སྒྲིབ་བྱང་ཚོགས་གཉིས་རྫོགས་ནས། ཐར་བའི་འབྲས་བུ་འཐོབ་པ་ལགས་ཏེ། དེའི་ཕྱིར་ན། བདེ་བར་གཤེགས་པའི་སྐུ་གདུང་དང་། སྐུ་གཟུགས་བཞེངས་པ་ལ་བརྩོན་པར་བྱའོ། །རབ་ཏུ་བརྩོན་པར་བྱའོ།།4 ཞེས་གསུངས་པ་བཞིན། སྐུ་གཟུགས་བཞེངས་པ་དང་། སྐུ་གདུང་རྩིག་པ། གསུང་རབ་འབྲི་བཞེངས་མཛད་པ་ནི་སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་རྫོགས་པའི་ཐབས་ཁྱད་པར་བ་ཡིན་ལ། དེ་ལས་ཀྱང་སྐུ་གཟུགས་བཞེངས་པ་ནི་དེང་གི་དུས་ལ་མཚོན་ན་དད་ལྡན་རྣམས་ཀྱི་ཆེས་ཐུན་མོང་དུ་སྤྱོད་པའི་དགེ་ལས་ཤིག་ཡིན། དེ་ལ་རུས་སུ་བྲིས་པ་དང་། འབུར་དུ་བཀོད་པ། ལུགས་སུ་བླུག་པ་སོགས་སྐུ་གཟུགས་ཀྱི་རྣམ་པ་ཡང་ཕུན་སུམ་འཚོགས་པ་ཡོད། སྐུ་གཟུགས་བཞེངས་སྐབས་དེ་ལ་རྒྱན་དྲུག་དང་ན་དྲུག ཟ་དྲུག་སོགས་རྒྱན་གྱི་མིང་གི་ཁྱད་པར་མི་འདྲ་བ་འགའ་རེ་བྱུང་ཡོད་པས། ལྷ་རིས་པ་རྣམས་ཀྱིས་དུས་རྒྱུན་གྱི་ལག་ལེན་ཁྲོད་རྒྱན་ན་དྲུག་དང་རྒྱན་དྲུག་སོགས་ལ་ལུང་དང་མཐུན་མི་མཐུན་གྱི་བཟོ་སྟངས་སྣ་ཚོགས་པ་བྱུང་དང་འབྱུང་བཞིན་ཡོད་པས། དེའི་ཕྱིར་ཁོ་བོས་བོན་ལུགས་ཀྱི་བཀའ་ལུང་གཞུར་བཞག་ནས་དེ་དག་གི་ཁྱད་པར་དང་འབྲེལ་བ་སོགས་རང་ནུས་ཀྱིས་དབྱེ་བསལ་ཅུང་ཙམ་བྱ་བར་འདོད།
༡༽རིག་པའི་གནས་ལྔ་དང་འབྲེལ་ནས་བཟོ་རིག་པའི་བྱུང་ཚུལ་སྐོར་གླེང་བ།
རྒྱན་དྲུག་དང་ན་དྲུག་སོགས་སྐུ་གཟུགས་བཞེངས་ཚུལ་ནི་རིག་པའི་གནས་ལྔ་ལས་བཟོ་རིག་པར་གཏོགས་ལ། རིག་པའི་གནས་ལྔ་ཡང་སྟོན་པ་གཤེན་རབ་ཉིད་རྒྱལ་བུ་རྒྱལ་ས་རུ་ཕྱུང་ནས་གཏན་ལ་ཕབ་ཡོད་དེ། མདོ་དྲི་མེད་གཟི་བརྗིད་ལས། དེ་ཡང་དང་པོ་ཐོག་མར། རྒྱལ་བུ་རྒྱལ་ས་རུ་ཕྱུང་ནས། རྒྱུ་འབྲས་ཀྱི་བོན་གཏན་ལ་ཕབ་པའི་བར་དུ། རིག་པའི་གནས་ལྔ་གཏན་ལ་ཕབ་སྟེ།5 ཞེས་གསུང་བས། རིག་པའི་གནས་ལྔའི་སྐོར་ནི་བོན་གྱི་བཀའ་ལུང་དུ་མ་ན་གསལ་ལ། དེ་ལྔའི་རྣམ་གྲངས་ཡང་རྣམ་རྒྱལ་གཟུངས་ཆེན་ལས། དེ་ལ་རིག་པ་ལྔ་ནི། བཟོ་དང་། སྒྲ་དང་། གསོ་བ་དང་། ཕྱི་དང་། ནང་དང་ལྔའོ།།6 ཞེས་གསུང་ལ། སྐབས་འགར་བཟོ་རིག་པ་ལ་མངོན་པར་རིག་པའི་སྤྱི་རྗེ་ཆེན་པོ་དང་། ཀུན་རྫོབ་བདེན་པ་རྣམ་བཞིའི་འཁོར་ལོ་ཞེས་པའི་ཐ་སྙད་ཀྱང་བྱུང་ཡོད་ལ། སྔ་མ་ནི་རྣམ་རྒྱལ་གཟུངས་ཆེན་ལས། གནས་ལྔ་ནི། མངོན་པ་རིག་པའི་སྤྱི་རྗེ་ཆེན་པོ་དང་། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པའོ།།7 ཞེས་གསུང་བ་དང་། ཕྱི་མ་ནི་ཀུན་འབུམ་གོ་འབྱེད་ལས། བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན། །རྩད་བྲལ་ཕྱོགས་མེད་རྒྱལ་བའི་གསས་མཁར་དུ། །མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན། །སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ། །ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས། །བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ། །ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་མཁྱེན་ཐེག་པ་ཡིས། །མི་འཇིགས་སྟོབས་བཅུ་བསྐྱེད་པར་མཛད་པ་འོ། །འོག་མིན་ལྷ་ཡི་གནས་མཆོག་དམ་པ་ནས། །ཕྲིན་ལས་ཀུན་གྲུབ་སྔགས་ཀྱི་གསས་མཁར་དུ། །ཆུ་སྲིན་མ་ཧ་ཀ་རིའི་ཁྲི་སྟེང་ནས། །སྲིད་པ་ཡེ་མུ་རྒྱུང་ཕྱོད་པ་ཞེས་ཀྱང་བྱ། །ཡེ་དབལ་མཐུ་སྟོབས་རྒྱལ་པོ་སྐུ་བཞུགས་ནས། །འོག་མིན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ། །ཀུན་རྫོབ་བདེན་པ་ནང་གི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་དབལ་ཐེག་པ་ཡིས། །ཏིང་འཛིན་ཡན་ལག་དྲུག་ཅུ་བསྐྱེད། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ཆེན་པོ་ནས། །ཐུགས་རྗེ་ཀུན་སྐྱོབ་སྨན་གྱི་གསས་མཁར་དུ། །ནམ་མཁའ་བ་མོ་ཆེའི་གདན་ཁྲི་ལ། །སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ། །ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ནས། །བསྐོ་བ་དམ་པའི་ཕྱ་རྗེ་ཐམས་ཅད་ལ། །ཀུན་རྫོབ་བདེན་པ་གསོ་བ་རིག་པ་སྟོན། །དོན་དམ་བདེན་པ་ཡེ་རྗེ་ཐེག་པ་ཡིས། །གཤེན་རབ་ལམ་བཞི་རྫོགས་པར་མཛད་པ་འོ། །སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། །འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། །གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ནས། །སྲིད་པ་བསྟེན་པའི་ས་འཛིན་ཞེས་ཀྱང་བྱ། །ཡེ་དབང་ས་ཡི་རྒྱལ་པོ་སྐུ་བཞུགས་པས། །སྲིད་པ་འཁོར་སྡེ་བསམ་དུ་མེད་པ་ལ། །ཀུན་རྫོབ་བདེན་པ་ཕྱི་ཡི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་དབང་ཐེག་པ་ཡིས། །ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པ་འོ། །གུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱི། །སྔོན་བུ་གཡུ་རྩེ་ཤེལ་གྱི་གསས་མཁར་ནས། །སྲིད་པ་རླབས་གཅོད་སྤྱི་རྗེའི་ཁྲི་སྟེང་དུ། །སྲིད་པའི་རྒྱལ་པོ་སངས་པོ་སྐུ་བཞུགས་པས། །དག་པའི་སྲིད་པའི་རྒྱལ་པོ་མུ་མེད་ལ། །ཀུན་རྫོབ་བདེན་པ་འཁོར་ལོ་རྣམས་བཞི་སྟོན། །དོན་དམ་བདེན་པ་ཡེ་སྲིད་ཐེག་པ་ཡིས། །ཐར་བའི་ལམ་བརྒྱད་འབྱེད་པར་མཛད་པའོ། །འདི་ནི་གནས་ལྔ་མདོ་ཙམ་བསྡུས་ནས་བསྟན།།8 ཞེས་གསུང་བའི་སྐབས་རིག་པའི་གནས་ལྔ་ལ། བར་ལྷ་འོད་གསལ་གཡུང་དྲུང་ས་གནས་སོགས་བསྟན་པའི་གནས་ལྔ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སོགས་སྟོན་པ་ལྔ། བར་ལྷ་འོད་གསལ་གྱི་གཡུང་དྲུང་སེམས་དཔའ་སོགས་འཁོར་རིགས་ལྔ། སྒྲ་ཡི་རིག་པ་སོགས་ཀུན་རྫོབ་བདེན་པ་རིག་པའི་གནས་ལྔ། ཡེ་མཁྱེན་ཐེག་པ་སོགས་དོན་དམ་བདེན་པའི་བོན་ལྔ། མི་འཇིགས་སྟོབས་བཅུ་སོགས་གྲུབ་པའི་འབྲས་བུ་ལྔ་སོགས་ཀྱི་སྒོ་ནས་གསལ་བོར་བསྟན་ཡོད། ལུང་ཚིག་འདི་ལས་ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན། །ཞེས་པ་ནས། ཀུན་རྫོབ་བདེན་པ་ནང་གི་རིག་པ་སྟོན། །ཀུན་རྫོབ་བདེན་པ་གསོ་བ་རིག་པ་སྟོན། །ཀུན་རྫོབ་བདེན་པ་ཕྱི་ཡི་རིག་པ་སྟོན། །ཀུན་རྫོབ་བདེན་པ་འཁོར་ལོ་རྣམ་བཞི་སྟོན། །ཞེས་སྒྲ་རིག་པ་དང་། ནང་རིག་པ། གསོ་བ་རིག་པ། ཕྱི་རིག་པ་ལས་གཞན་ཀུན་རྫོབ་བདེན་པ་འཁོར་ལོ་རྣམ་བཞི་སྟོན་ཞེས་ཅུང་མི་མཐུན་པ་ཞིག་གསུངས་ཀྱང་། དོན་ལ་དེ་ནི་བཟོ་རིག་པ་བསྟན་པ་ཡིན་ཏེ། ཀུན་འབུམ་གོ་འབྱེད་རང་གཞུང་ལས་ཀྱང་རིག་པའི་གནས་ལྔའི་ཕན་ཡོན་སྟོན་སྐབས། བཟོ་རིག་པ་ཡིན་པར་གསལ་བོར་བསྟན་ཡོད་དེ། དེ་ཉིད་ལས། གཡུང་དྲུང་བོན་ལ་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་ན་ཡང་། སྲིད་པའི་ཡེ་ཁོག་རིག་པའི་གནས་ལྔ་ཡིན་ཏེ། འདི་དག་མེད་ན་འགྲོ་བ་ཐམས་ཅད་དམུས་ལོང་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ན་རིག་པའི་གནས་ལྔ་ལ་མཁས་པར་མ་བྱས་ན། རྒྱལ་སྲས་རྣམས་ཀྱང་ཐམས་ཅད་མཁྱེན་པ་ལ་རིང་དུ་འགྱུར་རོ། །འདི་དང་ལྡན་ན་གང་ཟག་ཕལ་གྱིས་ཀྱང་དོན་ཆེན་འགྲུབ་པར་ནུས་ཏེ། བཟོ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། རྡོ་ཤིང་གི་རྣམ་པ་ལས་ཀྱང་གཟུགས་བརྙན་དུ་ཕྱུང་ནས། འཕགས་རྒྱལ་རྣམས་ཀྱི་ཡང་ཕྱག་གི་ཡུལ་དུ་སྤྲུལ་ནུས་སོ། །ཕྱི་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། ཕྱི་རོལ་གྱི་ཡུལ་ཐམས་ཅད་རིག་པའི་གནས་སུ་བཅད་ནས། སྣང་སྲིད་ཀྱི་བདེ་སྡུག་ལེགས་ཉེས་སིལ་བུར་སྟོན་ནུས་སོ། །གསོ་བ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། འཇིག་རྟེན་ས་རྡོ་རྩི་ཤིང་ཐམས་ཅད་སྨན་དུ་ཤེས་པར་བྱས་ནས། སྐྱེ་འགྲོ་སྲོག་དབུགས་ཀྱིས་བསྡུས་པའི་དཔལ་མགོན་དུ་བྱེད་ནུས་སོ། །ནང་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། ནང་བཅུད་ཀྱི་སྐྱེ་བཞི་འགྲོ་དྲུག་རྟོགས་སྤྱོད་ཅིང་ཡུལ་བརྟག་ནས། མི་ཟད་ཟུག་རྔུ་ཉེས་པ་བསལ་ཏེ། མི་ལ་ལྷ་རུ་སྒྲུབ་ནུས་སོ། །སྒྲ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས། སྣོད་བཅུད་སྣང་གྲགས་ཀྱི་སྒྲ་ཚོགས་མཉན་ནས། བརྡ་མི་འཕྲོད་པའི་ཡུལ་རྣམས་རང་གིས་རིག་པས་བརྡ་སྤྲོད་ཀྱིས་དོན་ནུས་སོ།།9 ཞེས་གསལ་བས། གོང་གི་འཁོར་ལོ་རྣམ་བཞི་ཞེས་པའང་དོན་ལ་བཟོ་རིག་པ་བསྟན་པ་ཡིན་པར་ཤེས་སླ།
རིག་པའི་གནས་ལྔ་བོ་དེ་དག་རེ་རེ་ལ་རྣམ་རྒྱལ་གཟུངས་ཆེན་དུ། དང་པོ་གནས་ལྔ་ནི། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་སྐུའི་རྒྱུད་ཆེན་པོ་ལྔ་ལས་སྤྲུལ་བའོ།། ལྔ་གང་ཞེ་ན། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། ཡེ་རྗེ་སྨན་ལྷའི་རྒྱལ་པོ་དང་། ཡེ་དབང་སའི་རྒྱལ་པོ་དང་། ཡེ་དབལ་མཐུའི་རྒྱལ་པོ་དང་། རིགས་བཞི་སངས་པོ་འབུམ་ཁྲི་ཉིད་དང་ལྔའོ།།10 ཞེས་པའི་སྐབས་ནས། སངས་པོ་འབུམ་ཁྲི་སོགས་སྤྲུལ་གཞིའི་སྟོན་པ་ལྔ། ཆད་པའི་བྱུང་ཁུངས་ལྔ་དང་དཀར་ནག་ཁྲ་གསུམ་གྱི་འབུམ་གསུམ་རེ་བསྟན་པ་དང་། དེ་དག་ལ་སྡེ་གསུམ་དུ་དབྱེ་བ་ཡང་། མ་ཐུལ་བ་འདུལ་བའི་ནག་པོ། ཐུལ་བ་བཀྲིད་དྲང་གི་ཁྲ་བོ། བཀྲིད་དྲང་རྟོགས་པའི་དཀར་པོར་བསྟན་ཚུལ་གསལ་ཡོད་མོད། དེང་སྐབས་ཀྱི་དཔེ་རྒྱུན་ཁྲོད་དུ། བཟོ་རིག་པའི་ཆད་པའི་བྱུང་ཁུངས་དང་། དེའི་བོན་སྡེ་འབུམ་གསུམ་གསལ་བོར་མི་སྣང་བ་ལས་གཞན་གོང་གི་ཀུན་འབུམ་གྱི་ལུང་ཚིག་དང་དགོངས་དོན་གཅིག་མཚུངས་སུ་སྣང་། གཞན་ཡང་མདོ་དྲི་མེད་ལས། ཐོག་མར་བསྟན་སྤེལ་ཡན་ཆད་ལ། །རྣམ་པ་གཉིས་སུ་འཆད་པ་སྟེ། །རིག་པའི་གནས་དང་བསྟན་པའི་བོན། །ཐོག་མར་རིག་པའི་གནས་ལས་སུ། །དེ་ཡང་རྣམ་པ་ལྔ་རུ་སྟེ། །བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་པ་གཉིས་དང་ལྔ། །དང་པོ་བྱུང་བའི་གནས་ལྔ་དང་། །ཞེས་པ་ནས། བསྐལ་སྲིད་འབྱུང་བའི་རྒྱུ་རྐྱེན་དང་། ཡེ་རྗེ་བྱ་ཁྱུང་རྒྱལ་པོ། ཡེ་ཡོད་ནམ་མཁའི་བ་མོ། ས་བདག་གསེར་གྱི་རུས་སྦལ། ཆུ་སྲིན་ཡིད་བཞིན་རྒྱལ་བ་སོགས་འབྱུང་བའི་རྒྱུ་ལྔ། ཡང་། ཐ་མར་བྱུང་བའི་བོན་ལྔ་ནི། །དེ་ཡང་རྣམ་པ་བཞི་རུ་སྟེ། །མདོ་འབུམ་གཟུངས་དང་མན་ངག་བཞི། །ཞེས་མདོ་འབུམ་གཟུངས་དང་མན་ངག་བཞི་རུ་དབྱེ་ནས། དེ་རེ་རེ་ལ་མདོ་གསུམ། འབུམ་གསུམ། གཟུངས་གསུམ། མན་ངག་གསུམ་རེ་སྟོན་པ་གཤེན་རབ་མི་བོས་འཁོར་རྣམས་ལ་རིག་པའི་གནས་ལྔའི་བོན་སྡེ་རྒྱ་ཆེར་གསུང་ཡོད།11
དེང་དུས་སུ་གོང་གསལ་གྱི་བོན་སྡེ་དེ་དག་ཆ་ཚང་བ་ཞིག་འུ་ཅག་གི་མཐོང་ཡུལ་དུ་མ་ལུས་ཀྱང་། མདོ་ལུང་ཁ་ཤས་ནས་བཟོ་རིག་པ་སོགས་ཀྱི་དོན་ཅུང་གསལ་བས། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་གཤེན་གྱི་ཕོ་བྲང་གཞལ་ཡས་ཀྱི་བཀོད་པ་ཞིབ་རྒྱས་སུ་གསལ་བ་དང་།12 གཞན་མདོ་དྲི་མེད་ཀྱི་དགོངས་པ་ལྟར་ན། སྟོན་པ་གཤེན་རབ་ཉིད་རྒྱལ་སར་ཕྱུང་ནས་དགུང་ལོ་གཅིག་མ་བཞེས་ཀྱི་བར་དུ་གར་ཡང་མ་བྱོན་པར། རྒྱལ་ས་གནོན་པའི་ཚུལ་གྱིས་བཞུགས་ཤིང་། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ། ཡིག་རྩིས་དང་རིག་པའི་གནས་ལྔ་ལ་མཁས་པར་བློ་སྦྱང་བའི་ཚུལ་མཛད། དེ་ནས་མཁས་པའི་མཆོག་ལེགས་པའི་ཕུལ་དུ་ཕྱིན་པར་དགོངས་ནས། རིག་པའི་གནས་གཞན་རྣམས་ལ་ཞུ་བའི་གཤེན་དང་ཉན་པའི་འཁོར་དང་། འཆད་པའི་དུས། བསྟན་པ་བཞག་པའི་གནས་མ་འཛོམས་ཤིང་དུས་དང་སྐབས་ལ་མ་ཕོག་པས་ཐུགས་ལ་སྦས། བཟོ་རིག་པ་ནི་དུས་དང་སྐབས་ལ་བབ་པར་དགོངས་ནས། ལྷ་སྲས་གར་མ་ལི་ཤོ་སོགས་འཁོར་རྣམས་ལ་བསྟན་ཏེ། རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས། དེ་ལ་རྒྱལ་བུས་བཀའ་བསྩལ་པ། ཉོན་ཅིག་གར་མ་ལི་ཤོ་ཉོན། །ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་བསླབ། །མི་ཤེས་ལྐུགས་པ་ཡི་གེ་དཀྲོལ། །མི་ཤེས་རྨུག་པ་ཡི་གེ་སེལ། །རིག་པའི་སྒྲོན་མེ་ཡི་གེས་འདེགས། །དེ་ཕྱིར་ཡི་གེའི་རྒྱུད་བསྟན་ནས། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་བཞོག་ཅིང་སྦྱང་། །13ཞེས་སོགས་ནས། བཟོ་རིག་པ་ལ་དྲ་ཞིང་དྲུབ་པ་སོགས་རིགས་ལྔར་ཕྱེ་ནས་གསུང་བ་དང་། དྲ་ཞིང་དྲུབ་པ་ལ་ཡང་གདུགས་སུ་ཕུབ་པ། གདན་དུ་འདིང་བ། ཡོལ་དུ་བྲེ་བ། ལུས་ལ་གསོལ་བ་སོགས་རིགས་བཞི་དང་། གདན་དུ་འདིང་བ་ལ་རྐྱང་བ། སྦྲག་དང་བརྩེག་པ་སོགས་རྣམ་པ་གསུམ། ཡོལ་དུ་བྲེ་བ་ལ་ཡང་རྐྱང་བ། སྦྲག་པ། འཆོལ་བ། གཞལ་ཡས་ཁང་སོགས་རིགས་བཞི། ལུས་ལ་གསོལ་བ་ལ་ཡང་འགྱིང་དང་འཇོལ། སྒེག་དང་ཕུལ། སྟོད་གཡོག་སྨད་ཤམ་བཅས་དྲུག་ཏུ་བསྟན་པ་དང་། དེ་རེ་རེ་ལ་ནང་གསེས་ཀྱི་དབྱེ་བ་མང་དུ་ཕྱེ་ནས་བསྟན་ཡོད། བཞོག་ཅིང་སྦྱོང་བ་ལ་ཐོག་ཏུ་ཕུབ་དང་གང་མཁོ་སྤྱད་པ་གཉིས་སུ་བསྟན་པ་དང་། ཐོག་ཕུབ་ལ་ཡང་གདུགས་སུ་ཕུབ་དང་བླ་བུར་དབུབ། བླ་རེ་བེག་ཙེའི་དིང་ཁྱིམ་བཟོ། པ་ཏྲ་བཟོ་དང་རང་མཐུན་བཟོ་སོགས་རིགས་བདུན་དུ་བསྟན། གང་མཁོ་སྤྱད་པ་ལ་གདན་ཁྲི་བཟོ་དང་ཡོལ་བ་བཟོ། གླེགས་བམ་བཟོ་དང་འདོད་ཡོན་བཟོ་སོགས་རིགས་བཞི། བཞུ་ཞིང་བླུག་པ་ལ་ལྷ་སྐུ་ལྷ་རྫས་འདོད་ཡོན་དང་རིགས་གསུམ། རྒྱུ་ནི་གསེར་གཡུ་ཟངས་ལྕགས་མུ་ཏིག་ཤེལ། །ཁྲོ་ཆུའི་ཞུན་དཀར་མཁར་བ་སོགས་བསྟན་པ་དང་། ལྷ་སྐུ་མཆོད་རྟེན་ལ་ཞི་བ་དང་ཁྲོ་བོ་ཞི་མ་དགྱེས། མཉམ་བཞག འདོར་ཐབས། བརྐྱང་བསྐུམ། གར་སྟབས། འགྱིང་དང་ལྡེམ་པ་སོགས་ཉམས་འགྱུར་སྣ་ཚོགས་དང་། ལྷ་རྫས་ལ་བུམ་པ་ནོར་བདུན་རྟགས་བརྒྱད་སོགས་དང་། འདོད་ཡོན་གྱི་རྫས་ནི་འགྲོ་བ་མིའི་འདོད་པ་དང་བསྟུན་པའི་གང་མཁོའི་རིགས་ཐམས་ཅད། བརྡུངས་ཤིང་འཐར་ལ་མཛེས་པའི་ལྷ་རྫས་དང་། བརྗིད་པའི་གོ་མཚོན། འདོད་ཡོན་གྱི་རྫས་སོགས་རིགས་གསུམ། བྲི་ཞིང་བཀོད་པ་ལ་རི་མོ་ཅན་དང་བཀོད་པ་ཅན། བཀོད་པ་ཅན་ལ་ལྷ་གསས་དབལ་གྱི་གཞལ་ཡས་དང་མཆོད་པའི་རྟེན་གཉིས། ལྷ་གསས་དབལ་གྱི་གཞལ་ཡས་ལས་གསས་མཁར་སུམ་བརྒྱ་དྲུག་ཅུ་ལ་བཟོ་སྣ་སུམ་བརྒྱ་དྲུག་ཅུ། མཆོད་པའི་རྟེན་ལ་བོན་ཉིད་ཀྱི་མཆོད་རྟེན་སུམ་ཅུ་རྩ་གཉིས། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་སུམ་ཅུ་རྩ་གཉིས། ཅིར་ཡང་སྤྲུལ་བའི་མཆོད་རྟེན་སུམ་ཅུ་རྩ་གཉིས། ཡ་ཐོག་སྲིད་པའི་མཆོད་རྟེན་གཉིས། མ་ཐོག་རྫོགས་པའི་མཆོད་རྟེན་གཉིས་སོགས་མཆོད་རྟེན་བརྒྱ་དང་རྩ་བརྒྱད། བྲི་ཞིང་བཀོད་པ་རི་མོ་ལ་ལྷ་སྐུ་ཡིག་འབྲུ་སྣ་ཚོགས་དང་རིགས་གསུམ་སོགས་བཟོ་རིག་པའི་བོན་སྡེ་རྒྱ་ཆེ་གསལ་བོར་གསུང་ཡོད། སྟོན་པ་གཤེན་རབ་ཀྱིས་བཟོ་རིག་པའི་བོན་སྡེ་ལྷ་སྲས་གར་མ་ལི་ཤོ་ལ་གཉེར་དུ་གཏད་ནས། དེ་ལ་ཤེས་རབ་ཀྱི་རྩལ་སྦྱང་བའི་སློབ་མ་མཁས་པ་ཆེན་པོ་མི་དྲུག་བྱུང་བ་ནི། མདོ་དྲི་མེད་གཟི་བརྗིད་ལས། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་། ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག་དང་། བླུག་ལ་མཁས་པ་བླུག་ཐོག་བ་ཝ་དང་། མགར་ལ་མཁས་པ་མགར་ལྷ་ཡུག་པ་དང་། ལྷ་ལ་མཁས་པ་ལྷ་གསས་པད་མ་དང་། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་དང་དྲུག་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་ཏེ། སངས་རྒྱས་བསྟན་པ་ཆགས་ཞིང་དུ་མཛད་དོ།།14 ཞེས་གསུང་བ་བཞིན་འདི་དྲུག་ལ་འཛམ་གླིང་བསྟན་པའི་རྒྱན་དྲུག་གམ་འཛམ་གླིང་མཁས་པའི་རྒྱན་དྲུག་ཀྱང་ཟེར་ལ། བསྟན་པ་རྗེས་བཞག་གི་མདོ་ལས། དེ་ལ་འོལ་མོ་གླིང་ཆེན་གྱི་གནས་ཀྱི་རྒྱལ་ས་ཕོ་བྲང་གླིང་བརྒྱད་ནས། བཟོ་རྒྱལ་གར་མ་ལི་ཤོ་དང་འཛམ་གླིང་བསྟན་པའི་རྒྱན་དྲུག་ལ་སོགས། འཇིག་རྟེན་ཡོན་ཏན་གྱི་མཁན་པོ་སུམ་བརྒྱ་དང་ཆས་ཏེ། ཕྱྭ་སྲས་ཀིང་ཙེ་ཉིད་དང་སྟོང་རྩ་གཅིག་ཏུ་བྱས་ཏེ།15 ཞེས་དང་། ཡང་གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ་ལས། དེ་ནས་ཡང་སྟོན་པས། ལྷ་སྲས་གར་མ་ལི་ཤོ་ལ་བཀའ་སྩལ་བ། །ཉོན་ཅིག་ལྷ་སྲས་གར་མ་དང་། །འཛམ་གླིང་མཁས་པའི་རྒྱན་དྲུག་དང་། །ཁྱེད་རྣམས་ལས་འཕྲོ་སྐལ་བ་ལྡན། །ཞེས་སོགས་ནས། དེ་ལས་བཟོ་རྒྱལ་གར་མ་ལི་ཤོས་ཀྱང་། །སྟོན་པའི་བཀའི་ཞལ་དངོས་བཅས་པས། གསས་ཁང་གི་སྐོས་མཛད་དེ། འཁོར་རྣམས་ལ་གསུངས་པ། ཉོན་ཅིག་འཛམ་གླིང་རྒྱན་དྲུག་ཉོན། །འོ་སྐོལ་འཛམ་བུ་གླིང་འདི་ན།།16 ཞེས་གསལ། དེ་རྗེས་སྟོན་པ་གཤེན་རབ་ཀྱིས་རྒྱལ་བུ་འོད་མཛེས་ཀྱི་འགྲོ་དོན་དུ་གསས་མཁར་ཁོ་མ་རུ་རིང་བཞེངས་སྐབས་ནས་བཟུང་། གཞལ་ཡས་ཁང་དང་མཆོད་པའི་རྟེན་གང་ཞིག་བཞེངས་པའི་དུས་སྐབས་སུ། ལྷ་སྲས་གར་མ་ལི་ཤོ་སོགས་ལ་རེ་རེའི་བཟོ་བཀོད་མི་གཅིག་པ་ཕུན་སུམ་འཚོགས་པ་མང་པོ་བསྟན་ཏེ་ཁོང་རྣམ་པས་བཟོ་རིག་པའི་དགོངས་དོན་མཐའ་དག་ཐུགས་སུ་ཆུད་ནས། སྐོས་མཁན་ལས་དཔོན་མཛད་དེ་བཟོ་རིག་པའི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད། གཞན་ཡང་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་གྱི་བྱང་ནུབ། ཡུལ་སྣང་ལྡན་འབུམ་གླིང་དུ་རྒྱལ་བུ་གཞོན་ནུ་བློ་གྲོས་ཀྱིས་སྲིད་པ་སྐོས་ཀྱི་ཡུལ་ནས་སྐོས་རྗེ་དྲང་དཀར་གྱི་སྲས་སྐོས་མཁན་སྣང་ལྡན་སྤྱན་དྲངས་ཤིང་། གསས་ཁང་བཀྲ་ཤིས་དཔལ་འབར་ལྷུན་པོ་བརྩེགས་བཞེངས་སྐབས། སྐོས་མཁན་སྣང་ལྡན་གྱིས་བཟོ་རིག་པ་ལ་རིས་སུ་བྲིས་པ་དང་འབུར་དུ་དོད་པ། ལུགས་སུ་བླུག་པ། ཐོག་ཏུ་དབུབ་པ། །དྲ་ཞིང་དྲུབ་པ། བརྡུངས་ཤིང་སྦྱང་བ། །བཅད་ཅིང་བཞོག་པ་སོགས་རིགས་བདུན་དུ་ཕྱེ་ནས་ཀྱང་བསྟན་ཡོད།17
༢༽བོན་ལུགས་ཀྱི་སྐུ་བརྙན་བཞེངས་ལུགས་དང་ཆགས་ཚད་སྐོར།
སྤྱིར་བོན་ལུགས་ཀྱི་ལྷ་སྐུའི་ཆགས་ཚད་ཀྱི་ཁྱད་པར་ལ་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་གྱི་ལྷ་སྟེ་རིགས་གཉིས་སུ་ཕྱེ་ཡོད་ལ། ཡེ་ཤེས་ཀྱི་ལྷ་ལ་ཡང་བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས། བོན་སྐུ་ལ་གདགས་སུ་མེད་པའི་བོན་སྐུ་བྱ་བ་མིག་དང་རྣ་བ་སྣ་སོགས་དབང་པོ་མེད་པས་བྲི་བཀོད་བྱ་ཚུལ་མེད་ལ། གདགས་སུ་ཡོད་པའི་བོན་སྐུ་ནི། རང་བཞིན་མཚན་མ་འགག་པ་མེད་པའི་བོན་སྐུའི་དབྱིངས་ཆེན་པོ་སྐུ་དང་ཞིང་ཁམས་ཕྱོགས་མེད་དུ་རྒྱས་པ་ལས། ཡོད་པར་སྣང་ལ་དངོས་པོ་མེད་པ། མེད་པར་སྣང་ལ་མཚན་མར་བཏག་པའི་གཟུགས་སྐུ་རུ། ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་ག་ནམ་མཁའ་ལྟ་བུ་བཞེངས་པ་ཡིན་ལ། ལོངས་སྐུའི་བོན་སྐུ་ཞེས་ཀྱང་ཟེར།18 ལོངས་སྤྱོད་རྫོགས་སྐུ་ནི། ལྷ་ལྔ་སྐུ་ལྔ་ཡེ་ཤེས་ལྔ། རིགས་ལྔ་སྟོབས་ལྔ་སྤྱན་ལྔ་སོགས་རྫོགས་པ་དང་། བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། ལོངས་སྐུ་དག་གི་མཚན་ཉིད་ནི། །བཀྲ་ཤིས་རྟགས་བརྒྱད་དག་ལ་སྦྱར། །དབུ་ནི་ཟླུམ་པོ་གདུགས་ཀྱི་ཚུལ། །སྐུ་ནི་བརྗིད་པ་རྒྱལ་མཚན་ཚུལ། །གདན་ནི་སྤུངས་པ་པདྨའི་ཚུལ། །སྤྱན་ནི་གསེར་གྱི་ཉ་མོའི་ཚུལ། །སྐེ་མགུལ་བུམ་པ་དྲིལ་བའི་ཚུལ། །མགུལ་ནི་དུང་གི་རི་མོའི་ཚུལ། །ཐུགས་ཁ་གསེར་གྱི་དཔལ་བེའུའི་ཚུལ། །ཕྱག་ཞབས་འཁོར་ལོ་དྲ་བའི་ཚུལ།།19 ཞེས་གསུངས་པ་དང་། ཆ་ལུགས་ཡང་། དབུ་རྒྱན་སྙན་ཆ་མགུལ་ཆུ་སོགས་ཞི་རྒྱན་བཅུ་གསུམ་ཚང་བ། དབུ་འོད་སྐུ་འོད་གདན་ཁྲིའི་འོད་སོགས་མཛེས་པ་ཅན་དུ་བཞེངས། ཅིར་ཡང་སྤྲུལ་སྐུ་ནི། སྤྱིར་ན་ཁྱིམ་སྤངས་རབ་བྱུང་གི་ཚུལ་དུ་འདུལ་གོས་རིས་དྲུག་གསོལ་བར་བཞེངས་ཤིང་། གང་འདུལ་སྤྲུལ་ན་སྐུའི་ངོ་བོ་འགྱུར་བ་མེད་པ། སྐུའི་ཆོ་འཕྲུལ་ཅིར་ཡང་བཏུབ་པ། འདི་ཡིན་བྱ་བ་དང་འདི་མིན་བྱ་བའི་ངེས་པ་མེད་པས། གང་འདུལ་དེར་སྟོན་གྱི་ལུགས་སུ་བཞེངས་པ། དེ་ཡང་སྐུ་གསུམ་ལས་བྱུང་བའི་གང་ལ་གང་འདུལ་གྱི་ལྷ་ཚོགས་ལ། ཞི་བ་དང་ཁྲོ་བོ། འགྱིང་བ་དང་དགྱེས་པ། ལྡེམ་པ་དང་འཛུམ་པ་སོགས་ཉམས་འགྱུར་མི་འདྲ་བ་དུ་མ་ཡོད་ལ། ཁྲོ་བོ་ལ་སྤྱིར་ཁྲོ་བོ་དང་ཞི་མ་ཁྲོ་གཉིས་སུ་ཕྱེ་བས། སྤྱིར་ཁྲོ་བོའི་བཞེངས་ཚུལ་ནི། ལྷུ་ཐུང་ཞིང་ཡན་ལག་རགས་པ། སྐུ་ཤ་རྒྱས་པ། ལྷུ་ཚིགས་འབུར་བ། ཕྱག་ཞབས་འཐུག་པ། སོར་མོ་རགས་པ། ཤངས་ལ་ཁྲོ་གཉེར་གསུམ་དང་ལྡན་པ། ཞལ་ནི་མཆེ་བ་བཞི་བསྣོལ་བ། གསང་སྔགས་ཐམས་ཅད་གཡས་འགྱིང་བ་ཁྲོ་མོ་གཡོན་དུ་འཁྱུད་པ། རིགས་སྔགས་ཐམས་ཅད་གཡོན་འགྱིང་བ་ཁྲོ་མོ་གཡས་སུ་འཁྱུད་པ། གཟུངས་སྔགས་ཐམས་ཅད་འདོར་ཐབས་ཁྲོ་མོ་ཟུར་དུ་སྒེག་པ། ཞི་མ་ཁྲོ་ནི་དབུ་ཅུང་ཙམ་གཡོ་བ། སྐུ་ཅུང་ཙམ་འགྱིང་བ། ཕོ་རྒྱུད་གཡས་སུ་འགྱིང་བ། མོ་རྒྱུད་གཡོན་དུ་འགྱིང་བ། ཕོ་ཞལ་གྲུ་བཞི། མོ་ཞལ་སྒོང་དབྱིབས། ཕོ་རྒྱུད་སྟོད་ཞེང་རྒྱས་པ། མོ་རྒྱུད་སྨད་ཞེང་རྒྱས་པ། ལོངས་སྐུའི་རྒྱན་ཅན་དགྱེས་དང་འཛུམ་དུ་བཞེངས་པ། ཕྱག་དུ་མ་ཅན་ལ་ཕྱག་མཚན་དང་པོ་སྙན་གྱི་ཐད་ཀ་དང་། བར་མ་ཐུགས་ཀ ཐ་མ་སྟ་ཟུར་གྱི་ཐད། དབུ་མང་བ་མཆོད་རྟེན་བརྩེགས་འདྲ་དང་། ཕྱག་མང་བ་འཁོར་ལོ་བསྐོར་འདྲ། ཞབས་མང་བ་པད་མ་སྤུངས་འདྲ། ལྷ་མོའི་ཆ་ལུགས་གར་སྟབས་ཅན་དང་འགྱིང་བག་ཅན། དཔའ་བོ་འདོར་ཐབས་ཅན་དང་གཞན་ཡང་འདས་དང་མ་འདས་ཀྱི་མཚམས་སུ་རྒྱུ་བ་སོགས་འཇིག་རྟེན་གྱི་ལྷ་ལའང་རང་རང་གི་ཆ་ལུགས་མི་མཐུན་པར་བཞེངས་པའོ།།20
ལྷའི་ཆགས་ཚད་ལ། དྲི་མེད་གཟི་བརྗིད་ལ། དབུའི་གཙུག་ཏོར་མན་ཆད་ནས། །ཞབས་ཀྱི་ལོང་བུ་ཡན་ཆད་ལ། །ཁྲུ་དགུ་སྐུ་ཡི་རི་རབ་སྟེ། །སོར་མོ་བརྒྱ་དང་ཉི་ཤུ་འདོད།།21 ཅེས་གསུངས་ཡོད་ལ། ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ནས། སྐུ་སྐབས་ལོང་བར་སོར་མོ་ལྔ། །དེ་བཞིན་སོར་མོ་བརྒྱ་ཉེར་ལྔ། །ཞེས་སོར་མོ་ལྔ་བསྣན་པ་དང་།།22 ཡང་ཁྲོ་བོ་རྣམས་ལ་ཆགས་ཚད་གདོང་བ་དྲུག་དང་། ཞི་མ་ཁྲོ་ལ་གདོང་བ་བརྒྱད་དང་། ལྷ་མོ་གར་སྟབས་ཅན་དང་འགྱིང་བག་ཅན་ལ་གདོང་བ་བརྒྱད་དང་སོར་བཞི་རུ་བཞེད་པ་མདོ་དྲི་མེད་ཀྱི་ལུགས་ཡིན་ལ། ཡོངས་འཛིན་རིན་པོ་ཆེ་ནས། དྲག་པོ་འཁྲོས་པའི་སྐུ་ཚད་ནི། །ཐེག་ཆེན་ཐལ་མོ་བཅུ་བ་སྟེ། །སོར་མོ་བརྒྱ་དང་ཉི་ཤུ་ཡི། །ཞེས་དང་། ད་ནི་གདོང་དགུའི་ཚད་བཤད་པ། །སྲིད་ཞེང་ཞལ་དགུ་སོར་མོ་ནི། །བརྒྱ་བ་དང་ནི་བརྒྱད་པ་སྟེ། །སེམས་མ་དང་ནི་ལྷ་མོའི་ཚད། །ཞེས་དང་། ཐལ་མོ་སྟེ་ཞལ་ཚད་བརྒྱད་པ་གནོན་སྦྱིན་གྱི་ཚད་དང་། གདོང་བ་དྲུག་ཅན་ནི་མིའུ་ཐུང་གི་ཚད་སོགས་ཅུང་མི་མཐུན་པར་བཞེད་ཡོད།23 ཡང་ལྷ་སྐུའི་ཆགས་ཚད་ལས། ཁྲི་དང་ཡོལ་བ་ནི་སུམ་ཆའི་གཉིས་ཡིན་ལ། ཁྲི་ལ་ཡང་ཁྲི་གདན་དང་ཁྲི་རྐང་། ཁྲི་ཁེབ་བཅས་རྣམ་པ་གསུམ། ཁྲི་གདན་ལ་མེ་ཆུ་ས་རླུང་པ་ཏྲ་དང་ལྔ། ཁྲི་རྐང་བརྒྱད་ལྡན། ཁྲི་འདེགས་ཀ་བ་ཀ་ཞུ་ཀ་གདན། ཁྲི་བར་གྱད་དང་གཅན་གྱིས་འདེགས་པའམ་གང་ལ་གང་དགོས། ཁྲི་གབ་ལ་མཐིང་གདུང་རིན་ཆེན་འཕྲ་ཅན། གདུང་ཁེབ་པད་མ་སྤུངས་པ། གདུང་ནན་པ་ཏྲ་འཁྲུག་པ། རིན་ཆེན་ཟར་ཚག ཡ་གད་མཐིང་ལྗང་སེར་བ་སོགས་གང་ལ་གང་མཛེས། དེའི་སྟེང་དུ་པད་མ་གྱེས་པ་དང་སྦུབ་པ། ཉི་གདན་དམར་སེར། ཟླ་གདན་དཀར་པོ། རྒྱབ་ཡོལ་ལ་དབུའི་འོད་དང་སྐུའི་འོད་གང་མཛེས་སོགས་དང་དེའི་རྒྱབ་ན་དྲུག་གིས་བརྒྱན་པ། དེ་ལ་སྐུ་གཟུགས་བཞེངས་ལུགས་ལ་གོང་གི་བཟོ་རིག་པའི་སྐབས་སུ་བཞུ་ཞིང་བླུག་པ་དང་བྲི་ཞིང་བཀོད་པ་མ་གཏོགས་བསྟན་མེད་མོད། དོན་དུ་དུས་དེང་སང་དྲ་ཞིང་དྲུབ་པ་དང་བརྡུང་ཞིང་འཐར་བ་ལས་བྱུང་བའི་སྐུ་གཟུགས་ཀྱང་ཇི་སྙེད་ཅིག་ཡོད་ལ། དེ་དག་གི་ཆགས་ཚད་གཅིག་འདྲ་ཡིན་པས། བྲི་ཞིང་བཀོད་པའི་སྐབས་སུ་བསྟན་པ་ལྟར་བཞེངས་དགོས་པ་སྨོས་མེད་རེད།
༣༽སྐུ་བརྙན་གྱི་རྒྱན་དྲུག་སྐོར།
གོང་ནས་གསལ་བ་ལྟར་སྐུ་བརྙན་གྱི་རྒྱབ་ཡོལ་ལ་ན་དྲུག་གི་རྒྱན་ངེས་པར་དུ་དགོས་ལ། བྱམས་མ་རྩ་བའི་དཀྱིལ་ཆོག་ལས། དེ་ཡང་ནང་གི་བདེ་གཤེགས་སྐུ་གཟུགས་ལ། །དབུ་རྒྱན་སྙན་ཆ་མགུར་ཆུ་དཔུང་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་དོ་ཤལ་སེ་མོ་དོ། །སྟོད་གཡོག་སྨད་ཤམས་རྒྱན་གྱི་སྤྲས་གྱུར་ཀྱང་། །རྫོགས་པའི་སྐུ་ལ་ན་དྲུག་མ་ཚང་ཞིང་། །སྒོ་བཞི་སྒོ་སྲུང་སྒོ་རྒྱན་མ་རྫོགས་ན། །ལྷུན་ལ་རྫོགས་པའི་རྫོགས་སྐུ་ཐོབ་མི་འགྱུར།།24 ཞེས་གསུངས་ལ། རྒྱན་ན་དྲུག་ལའང་མཛེས་པའི་ན་དྲུག་དང་བརྗིད་པའི་ན་དྲུག་ཅེས་རིགས་གཉིས་སུ་ཕྱེ་ཡོད་པས། དེ་གཉིས་ཀྱི་ཁྱད་པར་ཡང་རྫོགས་པའི་སྐུ་ལ་མཛེས་པའི་ན་དྲུག་གིས་བརྒྱན་དགོས་པ་དང་། སྤྲུལ་བའི་སྐུ་ལ་བརྗིད་པའི་ན་དྲུག་གིས་བརྒྱན་དགོས་ཏེ། རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས། རྫོགས་པའི་སྐུ་ལ་ན་དྲུག་དགོས། །སྤྲུལ་བའི་སྐུ་ལ་བླ་གུར་དགོས། །ཞི་བའི་སྐུ་ལ་གཞའ་གུར་དགོས། །ཁྲོ་བོ་རྣམས་ལ་མེ་རི་དགོས། །ཞི་མ་ཁྲོ་ལ་པ་ཏྲ་དགོས། །ན་དྲུག་དག་ལ་རྣམ་པ་གཉིས། །མཛེས་པའི་ཚུལ་གྱིས་བརྒྱན་པ་དང་། །འཇིགས་པའི་ཚུལ་གྱིས་བརྒྱན་པ་སྟེ། །མཛེས་པའི་ན་དྲུག་མཁའ་ལ་རྫོགས། །བརྗིད་པའི་ན་དྲུག་ཀློང་དུ་སྤྲུལ། །མཛེས་པའི་ན་དྲུག་འདི་ལྟར་ཏེ། །དང་པོ་གླང་ཆེན་ཐེག་པ་ན། །དེ་སྟེང་ལྷ་སྲས་ཁྱེའུ་ན། །དེ་སྟེང་རི་དྭགས་ཤ་ར་ན། །དེ་སྟེང་མི་ཆུང་བྱ་ར་ན། །དེ་སྟེང་ཤང་ཤང་པ་ཏྲ་ན། །དེ་སྟེང་བྱ་ཁྱུང་ཀ་ར་ན། །དེ་ཡང་དོན་དང་བསྟན་པ་ན། །གླང་ཆེན་ཐེག་པ་ས་གཞི་གནོན། །ལྷ་སྲས་ཁྱེའུ་མི་ལ་མཛེས། །རི་དྭགས་ཤ་རས་རི་བདུན་གནོན། །མི་ཆུང་བྱ་རས་གཡུལ་ངོ་བཟློག །ཤང་ཤང་པ་ཏྲ་ལྷ་ལ་མཛེས། །བྱ་ཁྱུང་ཀ་རས་སྲིད་རྩེ་གནོན། །རང་བཞིན་ལྷུན་ལ་རྫོགས་པ་ཡི། །རྫོགས་སྐུ་མིན་པས་མི་ཐོབ་བོ། །བརྗིད་པའི་ན་དྲུག་འདི་ལྟར་ཏེ། །དང་པོ་སེང་གེས་བྲམ་ཟེ་ཟ། །དེ་སྟེང་གཡུ་འབྲུག་ཀླུ་ཕྲུག་ཟ། །དེ་སྟེང་བྱ་ཁྱུང་ཆུ་སྲིན་ཟ། །དེ་ཡང་དོན་དུ་བསྟན་པ་ནི། །སེང་གཉིས་སེང་གསས་མི་མགོན་དང་། །ལྷ་དབང་རྒྱལ་པོ་ཤེས་པ་སྟེ། །ས་གཞིའི་ཁྱོན་བཅས་ཟིལ་གྱིས་གནོན། །འབྲུག་གཉིས་འབྲུག་གསས་ལྡེ་བོ་དང་། །གནམ་གྲགས་ངར་ཆེན་ཞེས་པ་སྟེ། །བར་སྣང་རི་བདུན་ཟིལ་གྱིས་གནོན། །ཁྱུང་ཆེན་ཁྱུང་གསས་རྒྱལ་པོ་སྟེ། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །རི་རབ་རི་ཡི་ཁ་གནོན་མཛད།།25 ལུང་འདིར་གསལ་བའི་དང་པོ་སེང་གེས་བྲམ་ཟེ་ཟ་ཞེས་པའི་བརྗིད་པའི་ན་དྲུག་ཅེས་པ་ལ་མཛད་མདོ་འབྲིང་པོ་གཟེར་མིག་སོགས་ལས་རྒྱན་དྲུག་ཅེས་འབོད་ལ། སྤྱིར་བཤད་ན་ན་དྲུག་གི་ཐ་སྙད་དྲི་མེད་ལས་གསལ་ཞིང་རྒྱན་དྲུག་གི་ཐ་སྙད་གཟེར་མིག་ལས་གསལ་བ་དང་། དེ་གཉིས་ཀ་སྟོན་པའི་རྣམ་ཐར་ཡིན་པས་ཐ་སྙད་ལ་བྱུང་སྔ་ཕྱིའི་ཁྱད་པར་མེད་མོད། འོན་ཀྱང་གཟེར་མིག་གཏེར་ནས་བཏོན་དུས་26དང་དྲི་མེད་གཟི་བརྗིད་སྙན་དུ་བརྒྱུད་དུས་27ལ་སྔ་གཞུག་ཡོད་པས། ཐ་སྙད་ཀྱང་རྒྱན་དྲུག་བྱུང་སྔ་བ་ཡིན་ཞེས་ནའང་མི་འགྲིག་རྒྱུ་མེད་པས། འདིར་ཡང་སྔོན་ལ་རྒྱན་དྲུག་གི་དོན་གླེང་བར་འདོད།
རྒྱན་དྲུག་ནི་སྟོན་པ་གཤེན་རབ་མི་བོ་ཡུལ་རྒྱ་ལགས་འོད་མའི་གླིང་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་འགྲོ་དོན་མཛད་སྐབས། གསས་ཁང་དཀར་ནག་བཀྲ་གསལ་ལ་བར་ཆོད་རྩོམ་པའི་བདུད་དང་སྲིན་པོའི་རིགས་འདུལ་བའི་ཆེད་དུ། ཐུགས་ཞི་བའི་ངང་ལས་རྣམ་པར་རྒྱལ་བའི་སྐུ་རུ་བཞེངས་པའི་ཚེ། སྐུ་ལ་མཛེས་པའི་རྒྱན་དྲུག་ཅེས་སྤྲུལ་ཡོད་པ་ནི། སྤྲུལ་བའི་སྐུའི་རྒྱན་དྲུག་ཀྱང་ཟེར་ལ། གཟེར་མིག་ལས། དེ་ནས་ཡང་སྟོན་པས། གོང་དུ་སྨྲས་པའི་ཕྱག་རྒྱ་དང་སྔགས་བརྗོད་པས། དེའི་བྱིན་རླབས་ཀྱིས་གསས་ཁང་ཆེན་པོ་དེའི་ནང་ན། སེམས་ཅན་རྣམས་བཀྲིད་ཀྱིན་དྲང་བའི་ཕྱིར་སྤྲུལ་བའི་སྐུའི་གཟུགས་བརྙན་སྟོང་རྩ་བརྒྱད་བཞེངས་སུ་གསོལ་བ་ལ། སྤྲུལ་བའི་སྐུའི་རྒྱན་དྲུག་བཀྲ་ལམ་གྱིས་སོང་སྟེ། དབུའི་ཟེའུ་པྲོག་ནས་མགུར་གྱི་བུམ་པ་ཡན་ཆད་དུ། བྱ་ཁྱུང་གི་ཁ་ན་ཆུ་སྲིན་ཟ་བ་དང༌། མགུར་གྱི་བུམ་པ་ནས་ཐུགས་ཀྱི་དཔལ་བེའུ་ཡན་ཆད་དུ། གཡུ་འབྲུག་གི་ཁ་ན་ཀླུ་ཕྲུག་ཟ་བ་དང༌། ཐུགས་ཀྱི་དཔལ་བེའུ་མན་ཆད་ནས་ཞབས་ཀྱི་པུས་མོ་ཡན་ཆད་དུ། སེང་གེའི་ཁ་ན་བྲམ་ཟེ་ཟ་བ་རུ་ལམ་གྱིས་སོང་ངོ༌། །དེ་ལྟར་སྤྲུལ་བའི་སྐུ་ལ་རྒྱན་དྲུག་རྫོགས་པས།28 ཞེས་གསུང་བ་ལྟར། སྤྱིར་རྒྱན་དྲུག་ཅེས་པ་ནི་བྱ་ཁྱུང་དང་ཆུ་སྲིན། འབྲུག་དང་ཀླུ་ཕྲུག སེང་གེ་དང་བྲམ་ཟེ་དྲུག་ལ་ཟེར་བ་ཡིན་ལ། སྐབས་འགར་བྲམ་ཟེ་ལ་གནོད་སྦྱིན་ཞེས་ཀྱང་བྱུང་ལ། རྣམ་རྒྱལ་གཟུངས་ཆེན་ལས། ཐུགས་ཀྱི་དཔལ་བེའུ་མན་ཆད་ནས། །ཞབས་ཀྱི་པུས་མོ་ཡན་ཆད་དུ། །སེང་གེའི་ཞལ་ནས་གནོད་སྦྱིན་ཟ་བ་རུ། །ཤིན་ཏུ་བཀྲ་གསལ་ལམ་གྱིས་སྣང་བར་སོང་།།29 ཞེས་གསུངས་མོད། དོན་དུ་སེང་གེའི་ཟ་བྱ་ནི་བྲམ་ཟེ་དང་གནོད་སྦྱིན་ཆ་གཅིག་ཡིན་པས་གང་ལྟར་སྨས་ཀྱང་འགལ་བ་མེད་དེ། གཟེར་མིག་ལས། དེ་ནས་བྲམ་ཟེ་གནོད་སྦྱིན་རི་མོ་རྒྱན་ལ་ཆགས་ཀྱིན། རི་མོ་རྐོ་གཅོད་བྱེད་པ་རྣམས་ཀྱིས་མཐོང་ནས་བརྟགས་པས། སེམས་ཅན་ལུས་པོ་གངས་རི་ལ་ཉི་མ་ཤར་བ་འདྲ་བ། མིག་གཉན་ཆེན་ལྷོག་པ་ཁྲོས་པ་འདྲ་བ། སྡེར་མོ་བདུད་ཀྱི་ཟོར་བ་བཀུག་པ་འདྲ་བ། སྤུ་བཙན་གྱི་དུག་མདའ་སྐྱེས་པ་འདྲ་བ། དེས་བྲམ་ཟེ་དང་གནོད་སྦྱིན་ཆ་གཅིག་བཟུང་ཞིང་ཟ་བར་མཐོང་བས། ཀླུ་བྲམ་ཟེའི་རིགས་དང༌། གནོད་སྦྱིན་ཕྱི་མ་རྣམས་སེམས་ཅན་འཇིགས་པ་དེས་ཟོས་ཀྱིས་དོགས་ནས། དཔག་ཚད་བརྒྱ་རེ་བརྒལ་ནས་བྲོས་ཏེ་སོང་ངོ༌། །སྟོན་པ་གཤེན་རབ་ཐུགས་རྗེའི་བྱིན་རླབས་ཀྱིས། དགེ་ལ་བར་ཆོད་དེ་ལྟར་བྱེར་གྱིན་དེངས་པར་གྱུར་ཏོ།།30 ཞེས་གསུངས་པས། གང་ལྟར་ཡང་ཁྱུང་དང་འབྲུག་དང་སེང་གེ་གསུམ་འདུལ་མཁན་དང་ཟ་མཁན་ཡིན་ལ། ཆུ་སྲིན་དང་ཀླུ་ཕྲུག བྲམ་ཟེའམ་གནོད་སྦྱིན་དང་གསུམ་ནི་གདུལ་བྱ་དང་ཟ་བྱ་ཡིན་པས་ཟ་དྲུག་ཅེས་ཀྱང་འབོད་དེ། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། རྫོགས་པའི་ན་དྲུག་དང་། སྤྲུལ་བའི་ཟ་དྲུག་དང་། རིན་པོ་ཆེའི་ཁྲི་སྐང་དང་། པ་ཏྲའི་ཁྲི་མིག་དང་། བར་འཁྱམས་ཀྱི་ཁྲི་ཁེབ་། གྱད་ཀྱི་ཁྲི་འདེགས།31 ཞེས་དང་། ཡང་། སྟོན་པས་གོང་དུ་སྨོན་པའི་ཕྱག་རྒྱ་དང་། དགོངས་པ་མཛད་ནས་སྔགས་བརྗོད་པས། གསས་ཁང་ཕྱི་ནང་གི་བདེ་བར་གཤེགས་པའི་སྐུ་གཟུགས་སྤྲུལ་བའི་སྐུ་གཟུགས་རྣམས་ལ། བརྗིད་པའི་རྒྱན་དྲུག་བཀྲ་ལམ་གྱིས་སོང་ངོ་། དེ་ནས་ཡང་དབུ་ཡི་ཟེ་པྲོག་མན་ཆད་ནས། མགུལ་གྱི་བུམ་པ་ཡན་ཆད་དུ། བྱ་ཁྱུང་གི་ཁ་ནས་ཆུ་སྲིན་ཟ་བ་དང་། ཞེས་པ་ནས་ཡང་། ད་ཡང་བདེ་བར་གཤེགས་པའི་ཞལ་སྐྱིན་སྐུ་གཟུགས་རྣམས་ལ། རྒྱན་རྣམ་པ་གཉིས་སུ་བྱུང་བ་ཡིན་པས། རྫོགས་པའི་རྒྱན་དང་སྤྲུལ་བའི་རྒྱན་གཉིས་སོ། །སྤྲུལ་བའི་རྒྱན་ནི། གོང་དུ་བར་ཆོད་དང་བགེགས་ཀྱི་མི་ཚུགས་པར་མཛད་པ་བྱ་སྟེ། དེ་ནས་བདེ་བར་གཤེགས་པའི་གཙོ་བོ་བཞི་དང་། ལྷ་གཤེན་སྲིད་པ་གསུམ་ལ་བསྐྱེད་ཅིང་། འགྲོ་བའི་དོན་ལ་དགོངས་པ་སྤྲུལ་བའི་སྐུ་དང་། ཅིར་ཡང་སྤྲུལ་བའི་སྐུ་དང་། སྣ་ཚོགས་གང་ལ་གང་འདུལ་སྤྲུལ་བའི་སྐུ་རྣམས་ལ། འཇིགས་པའི་རྒྱན་ཟ་དྲུག་གིས་བརྒྱན་པ་ནི། གསས་ཁང་ཕྱི་ཡི་བརྒྱན་ནོ།།32 ཞེས་པ་སོགས་ནས་གསལ་བ་ལྟར། བརྗིད་པའི་ན་དྲུག་དང་རྒྱན་དྲུག སྤྲུལ་བའི་ཟ་དྲུག་གམ་འཇིགས་པའི་རྒྱན་ཟ་དྲུག་ཅེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ཤེས་སླ་ལ། རྒྱན་དྲུག་ཅེས་པ་ནི་གཟེར་མིག་དང་རྣལ་རྒྱལ་གྱི་དགོངས་དོན་ཡིན་པ་དང་། བརྗིད་པའི་ན་དྲུག་དང་སྤྲུལ་བའི་ཟ་དྲུག འཇིགས་པའི་རྒྱན་ཟ་དྲུག་ཅེས་པ་ནི་མདོ་དྲི་མེད་ཀྱི་དགོངས་པ་ཡིན་ནོ། །
འདིར་རྒྱན་དྲུག་གི་བྱ་ཁྱུང་ལ་ཞང་ཞུང་སྐད་དུ་ཞག་རྒྱུང་ཨ་ཏི་དང་དེ་བོད་སྐད་དུ་བསྒྱུར་ན་ཁྱུང་གསས་སངས་རྒྱས་ཟེར་ལ། གཟུགས་བྱ་ཁྱུང་དུ་སྣང་ཡང་དོན་ལ་སངས་རྒྱས་འཕགས་པ་ཡིན་ཏེ། རྣམ་རྒྱལ་ལས། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི། །སྟེང་ན་སངས་རྒྱས་སྤྲུལ་བའི་སྐུ། །མཁའ་ལྡིང་རྒྱལ་པོ་ཁྱུང་གི་རྗེ། །ཁྱུང་ཆེན་ལྡིང་བས་སྲིད་གསུམ་ཁྱབ། །ཡིད་བཞིན་ནོར་བུའི་ཐོར་གཙུག་ལ། །རི་རབ་བརྩེགས་པའི་རྭ་དབལ་ཅན།།33 ཞེས་གསལ། གཡུ་འབྲུག་རྣམ་གཉིས་ལས་གཡས་ཀྱི་གཡུ་འབྲུག་ལ་ཞང་སྐད་དུ་ཨུན་རྒྱུང་ཨག་ཤོ་ནེ་ར་དང་། བོད་སྐད་དུ་འབྲུག་གསས་ལྡེ་བོ་གསུང་ཆེན། གཡོན་གྱི་གཡུ་འབྲུག་ལ་ཞང་སྐད་དུ་ཨུན་རྒྱུང་ཡེ་མུ་རུང་ཤིན་དང་། བོད་སྐད་དུ་འབྲུག་གསས་རྣམ་གྲགས་ངར་ཆེན་དུ་འབོད་ལ། དེ་གཉིས་སྐུ་ལུས་གཡུ་འབྲུག་གི་གཟུགས་སུ་སྣང་ཡང་དོན་ལ་གཡུང་དྲུང་སེམས་དཔའ་ཡིན་ཏེ། རྣམ་རྒྱལ་ལས། གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ། ལྡེ་བོ་གསུང་ཆེན་ཞེས་བྱ་བ་དེས། སེམས་ཅན་རྣམས་ཀྱི་སྒྲོགས་པ་ལམ་གྱི་བར་ཆོད་ཞི་བར་བྱ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཆེ་བ་བསྐྱེད་པ་དང་། གཡུང་དྲུང་གི་བོན་ནམ་མཁའི་ཆར་རམ། ཆུ་བོའི་ཀླུང་ཙམ་ལ་མངའ་མཛད་པའི་ཕྱིར། སྒྲའི་རྒྱལ་པོ་གཡུ་འབྲུག་ཏུ་སྐུ་སྤྲུལ་ནས་བཞུགས་པ་ཡིན་གྱི། ཞེས་དང་། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་གནམ་གྲགས་ངར་ཆེན་ཞེས་བྱ་བ་དེ། འཁྲོས་པའི་རྒྱལ་པོ་དབལ་འབྲུག་ཏུ་སྐུ་སྤྲུལ་ནས། ཕ་རོལ་གྱི་དགྲ་ཚོགས་ཐམས་ཅད་འདུལ་བར་མཛད་དོ།།34 ཞེས་གསལ། སེང་གེ་རྣམ་གཉིས་ལས་གཡས་ཀྱི་སེང་གེ་ལ་ཞང་སྐད་དུ་ཀེ་རྒྱུང་སད་དོ་ཝེར་ཞི་དང་། བོད་སྐད་དུ་སེང་གསས་ལྷ་དབང་རྒྱལ་པོ་ཡིན་ལ། གཡོན་གྱི་སེང་གེ་ལ་ཞང་སྐད་དུ་ཀེ་རྒྱུང་ནི་ཧྲོ་ཝེར་ཞི་དང་། བོད་སྐད་དུ་སེང་གསས་མི་མགོན་རྒྱལ་པོ་ཡིན། དེ་གཉིས་ནི་སྐུ་ལུས་སེང་གེའི་གཟུགས་སུ་སྣང་ཡང་། དོན་ལ་མགོན་ཆེན་བརྒྱད་ལས་ལྷ་ཡི་དབང་པོ་དང་གཤེན་རབ་མི་མགོན་གྱི་རྒྱལ་པོ་སྟེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ཏེ། རྣམ་རྒྱལ་ལས། རྫོགས་སངས་རྒྱས་ཀུན་ཐམས་ཅད་ཀྱི། །གཡས་ན་འཁོར་ལོས་བསྒྱུར་རྒྱལ་ནི། །ལྷ་ཡི་དབང་པོ་ལྷ་ཡི་རྒྱལ། །རྒྱལ་པོ་ཆེན་པོ་སྤྲུལ་བའི་ལྷ། །སེང་ཆེན་འགྱིང་བས་ཁམས་གསུམ་གནོན། །ཞེས་དང་། རྫོགས་སངས་རྒྱས་ཀུན་ཐམས་ཅད་ཀྱི། །གཡོན་ན་འཁོར་ལོས་བསྒྱུར་རྒྱལ་ནི། །མི་ཡི་རྒྱལ་པོ་མི་ཡི་མགོན། །རྒྱལ་པོ་ཆེན་པོ་སྤྲུལ་བའི་སྐུ། །སེང་ཆེན་འགྱིང་བས་ཁམས་གསུམ་གནོན། །ཞེས་དང་། ཡང་། བྱ་ཁྱུང་ཀུན་གྱི་སྤྱི་རྗེ་ཡིན། །འབྲུག་དང་སེང་གེ་རྣམ་པ་བཞི། །གཉེན་པོ་ལྟར་དུ་གནས་པ་ནི། །སེམས་དཔའ་ལྷ་དང་མིར་བཅས་པ། །བདེ་འགྲོ་དགེ་བ་མངོན་དབང་ཡིན། །ཐར་ལམ་གོ་འབྱེད་ཡོད་ཕྱིར་རོ།།35 ཞེས་གསུངས་པ་སོགས་ལས་གསལ།
ཡང་ཆུ་སྲིན་གཉིས་ནི་གཟུགས་ཆུ་སྲིན་དུ་སྣང་ཡང་། དོན་ལ་གཡས་ཀྱི་ཆུ་སྲིན་ནི་དཔལ་མགོན་གསང་བ་ལག་ཆེན་དང་། གཡོན་གྱི་ཆུ་སྲིན་ནི་དཔལ་མགོན་ཡིད་བཞིན་རྒྱལ་བ་ཡིན་ལ། རྣམ་རྒྱལ་ལས། སངས་རྒྱས་ཀྱི་སྐུའི་གཡས་ཕྱོགས་སུ་རྒྱན་དུ་སྣང་བར་གྱུར་ཏོ། །དཔལ་མགོན་གསང་བ་ལག་ཆེན་ཞེས་བྱ་བའི་གཟུངས་ཀྱི་ལེའུ། ཞེས་དང་ཡང་། ཡིད་བཞིན་རྒྱལ་བ་དེ་ཡང་། སངས་རྒྱས་ཀྱི་སྐུའི་གཡོན་ཕྱོགས་སུ་རྒྱན་གྱི་རྒྱལ་པོར་སྣང་བར་གྱུར་ཏོ། །ཞེས་པའི་ལུང་ཚིག་འདིར་ཆུ་སྲིན་གཉིས་གསལ་བ་ལག་ཆེན་དང་ཡིད་བཞིན་རྒྱལ་བ་ཡིན་པ་དངོས་སུ་མ་བསྟན་ཡང་། འོན་ཀྱང་རྣམ་རྒྱལ་ལས། ཆུ་སྲིན་ཀླུ་དང་གནོད་སྦྱིན་གསུམ། །འདུལ་ཞིང་ལྟར་དུ་གནས་པ་ནི། །བྱོལ་སོང་ལྷ་མིན་ཡི་དྭགས་རྣམས། །རྒྱུན་ཡོད་མངོན་ཞུགས་དགེ་སྤྱོད་མེད། །སངས་པོ་མུ་ཆོ་གནས་ཕྱིར་རོ། །ཁྱུང་གིས་བྱོལ་སོང་གནོན་པ་འོ། །འབྲུག་གིས་ཀླུ་དབང་གནོན་པ་འོ། །ལྷ་ཡིས་ལྷ་མིན་གནོན་པ་འོ། །མི་ཡིས་ཡི་དྭགས་གནོན་པ་འོ།།36 ཞེས་གསུང་བ་ལྟར། ཆུ་སྲིན་ཀླུ་དང་གནོད་སྦྱིན་གསུམ་འདུལ་ཞིང་ཡིན་པ་དང་། དེ་དག་བྱོལ་སོང་དང་ལྷ་མིན་ཡི་དྭགས་གསུམ་ཡིན་པ། ཡང་ཁྱུང་གིས་བྱོལ་སོང་ཏེ་ཆུ་སྲིན་གནོན་པ་དང་། འབྲུག་གིས་ཀླུ་དབང་ཏེ་གཙུག་ན་རིན་ཆེན་དང་འཇོག་པོ་གནོན་པ། སེང་གེ་གཉིས་ལས་གཡས་ཀྱི་ལྷ་ཡི་དབང་པོས་ལྷ་མིན་ཏེ་ཐག་བཟང་རིང་སྐྱེས་གནོན་པ་དང་། གཡོན་གྱི་གཤེན་རབ་མི་མགོན་གྱིས་ཡི་དྭགས་ཏེ་ཁ་ལ་འོད་འབར་གནོན་པ་སོགས་གསལ་ལ། ཡང་ཁྱུང་གི་བསྟོད་པའི་སྐབས། ཆུ་སྲིན་རྒྱལ་བ་ཞལ་དུ་འདྲེན། ཞེས་པས་མགོན་ཆེན་བརྒྱད་ལས་གསང་བ་ལག་ཆེན་དང་ཡིད་བཞིན་རྒྱལ་བ་ནི་རྒྱན་དྲུག་གི་སྐབས་སུ་ཆུ་སྲིན་ཡིན་པ་དང་གཡས་གཡོན་གྱི་ཁྱད་པར་ནི་གོང་གི་ལུང་ཚིག་ལས་ཤེས་སོ། །ཡང་འདིའི་སྐབས་ཀྱི་རྒྱན་གྱི་རྒྱལ་པོ་དང་རྒྱན་དུ་སྣང་བར་གྱུར་ཏོ་ཞེས་པའི་རྒྱན་ཞེས་པ་ལ་གོ་དོན་ཆེན་པོ་འདུག་ཏེ། འོག་ནས་རྒྱན་དྲུག་དཔལ་བཞིའི་སྐབས་སུ་གླེང་རྒྱུ་ཡིན། གཡས་ཀྱི་ཀླུ་ཕྲུག་ནི་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་གཡོན་གྱི་ཀླུ་ཕྲུག་ནི་ཀླུ་རྒྱལ་འཇོག་པོ་ཡིན་ལ། རྣམ་རྒྱལ་ལས།37 སངས་རྒྱས་ཀྱི་སྐུའི་གཡས་ཕྱོགས་སུ་འཁོར་བརྒྱད་པོ་གཙོ་བོའི་གདེངས་ཀ་ལ་བསྡུས་ཏེ་དཔལ་ཏུ་འཁོད་དོ། །དཔལ་མགོན་གཙུག་ན་རིན་ཆེན་ཞེས་བྱ་བའི་གཟུངས་ཀྱི་ལེའུ། ཞེས་དང་། དེ་སྐད་ཅེས་གསོལ་ནས་འཁོར་བརྒྱད་པོ་གཙོ་བོའི་གདེངས་ཀ་ལ་བསྡུས་ཏེ། སངས་རྒྱས་ཀྱི་གཡོན་ཕྱོགས་སུ་དཔལ་གྱི་རྒྱན་དུ་གུས་པར་བཏུད་དོ།། དཔལ་མགོན་ཀླུ་རྒྱལ་འཇོག་པོ་ཞེས་བྱ་བའི་གཟུངས་ཀྱི་ལེའུ། ཞེས་དང་། གཡས་ཀྱི་བྲམ་ཟེ་ནི་ལྷ་མིན་གྱི་རྒྱལ་པོ་ཐག་བཟང་རང་སྐྱེས་དང་གཡོན་གྱི་གནོད་སྦྱིན་ནི་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་འོད་འབར་ཡིན་ཏེ། རྣམ་རྒྱལ་ལས། དེ་སྐད་ཅེས་གསོལ་ནས་གཙོ་འཁོར་དེ་དག་ཀྱང་སངས་རྒྱས་ཀྱི་སྐུའི་གཡས་ཕྱོགས་སུ་རྒྱན་གྱི་དཔལ་དུ་བཀོད་པ་ཆེན་པོར་སྣང་ངོ་།། དཔལ་མགོན་ཐང་བཟང་རིང་སྐྱེས་ཞེས་བྱ་བའི་གཟུངས་ཀྱི་ལེའུ། ཞེས་དང་ཡང་། དེ་སྐད་ཅེས་གསོལ་ནས་འཁོར་བརྒྱད་པོ་གཙོ་མོའི་རྒྱན་དུ་གྱུར་ཏོ། །གཙོ་མོ་སངས་རྒྱས་ཀྱི་སྐུའི་གཡོན་ཕྱོགས་ནས་སྨྲ་མི་མགོན་རྒྱལ་པོའི་བཀའ་ཉན་དུ་འཁོད་དོ།། དཔལ་མགོན་ཁ་ལ་འོད་འབར་མ་ཞེས་བྱ་བའི་གཟུངས་ཀྱི་ལེའུ། ཞེས་པ་སོགས་ཀྱི་ལུང་ཚིག་གི་དཔལ་དུ་འཁོད་དོ། ཞེས་དང་། དཔལ་གྱི་རྒྱན་དུ་གུས་པར་བཏུད་དོ་སོགས་ཀྱི་དཔལ་ཞེས་པ་ལ་གོ་དོན་ཡོད་དེ། སྤྱིར་རྒྱན་དྲུག་ཅེས་པ་ནི་གོང་ནས་བཤད་པ་ལྟར། ཁྱུང་དང་ཆུ་སྲིན། འབྲུག་དང་ཀླུ་ཕྲུག སེང་གེ་དང་བྲམ་ཟེའམ་གནོད་སྦྱིན་ལ་ཟེར་ལ། དེ་ནི་ཆུ་སྲིན་དང་གཡུ་འབྲུག ཀླུ་ཕྲུག སེང་གེ་དང་བྲམ་ཟེ་སོགས་ཆ་རུ་བརྩིས་པ་ཡིན་མོད། འོན་ཀྱང་དེ་དག་རྐྱང་བརྩིས་བྱས་ནས། ཆུ་སྲིན་གཉིས་དང་གཡུ་འབྲུག་གཉིས། སེང་གེ་གཉིས་བཅས་དྲུག་ལ་རྒྱན་དྲུག་ཟེར་ཞིང་། དེའི་སྟེང་དུ་ཁྱུང་བསྣན་ན་རྒྱན་དྲུག་སྤྱི་རྗེ་ཁྱུང་དང་བདུན། ཡང་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་ཀླུའི་རྒྱལ་པོ་འཇོག་པོ་སྟེ་ཀླུ་ཕྲུག་གཉིས་དང་། ལྷ་མིན་གྱི་རྒྱལ་པོ་ཐག་བཟང་རིང་སྐྱེས་དང་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་འོད་འབར་ཏེ་བྲམ་ཟེ་དང་གནོད་སྦྱིན་གཉིས་སོགས་ལ་རྒྱན་གྱི་དཔལ་བཞི་ཞེས་བརྩིས་ལུགས་ཡོད་དེ། རྣམ་རྒྱལ་ལས། དེ་གང་ཞེ་ན། སྣང་སྲིད་ཀྱི་རྩེ་རྗེ་རུ་ཁྱུང་ཆེན་འཕྱོ་བ་ཡིས་ནི། སྤྱི་བོའི་གཙུག་ཏུ་ཡིད་བཞིན་གྱི་ནོར་བུ་མདོག་དམར་སེར་འོད་རབ་ཏུ་གསལ་བ། དབྱིབས་ཟླུམ་ལ་རྩེ་མོ་རྣོ་བ་ཞིག་མངོན་གསུམ་དུ་ཐོབ་པའོ།། གསེར་གྱི་རུས་སྦལ་གབ་པ་ན་ས་བླ་མགོན་འབུམ་གྱིས་ནི། ཡིད་བཞིན་གྱི་ནོར་བུ་སེར་ལྗང་འོད་རྣམ་པ་ལྔ་འཕྲོ་བ། དབྱིབས་ཟུར་བརྒྱད་པ་ཞིག་མངོན་སུམ་དུ་ཐོབ་པའོ།། ཆུ་སྲིན་རྒྱལ་བའི་གྲེ་བ་ན་ཡིད་བཞིན་གྱི་ནོར་བུ། དབྱིབས་ཆུ་ཤེལ་ལྟར་འཇམ་ལ་འོད་གསལ་བ་ཞིག་མངོན་སུམ་དུ་ཐོབ་པའོ།། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་ངང་རིང་དང་། ལྡེ་བོ་གསུང་ཆེན་དང་། གནམ་གྲགས་ངར་ཆེན་དང་། བསྐལ་པ་བཟང་པོའི་ཡེ་གཤེན་དག་གིས་ནི། ཡིད་བཞིན་གྱི་ནོར་བུ་མདོག་སྔོན་དམར་དབྱིབས་ཟུར་བཅུ་དྲུག་པ། སྦ་དཀའ་ལ་འདེགས་ལྗི་བ་ཞིག་མངོན་སུམ་དུ་ཐོབ་པའོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་ནི། ཡིད་བཞིན་གྱི་ནོར་བུ་མདོག་དཀར་ལ་འཚེར་བ་རྩེ་མོ་རྣོ་བ་འོད་འཕྲོ་བ་ཞིག་མངོན་སུམ་དུ་ཐོབ་པའོ།། མིའི་མགོན་པོ་འདོད་པ་དགུ་འགྱུར་གྱིས་ནི། ཡིད་བཞིན་གྱི་ནོར་བུ་མདོག་སྨུག་ལ་འོད་འཚེར་བ། དབྱིབས་ཟུར་གསུམ་པ་མཉེན་ལ་འཕར་བ་ཞིག་མངོན་སུམ་དུ་ཐོབ་པའོ།། དེ་ནི་རྒྱན་དྲུག་སྤྱི་རྗེ་ཁྱུང་དང་བདུན་ཡིན་ཏེ། གཡུང་དྲུང་སེམས་དཔའ་གཉིས་ནོར་བུ་གཅིག་ལས་དབྱེར་རུ་མེད་པས་ན་རྒྱན་དྲུག་ཅེས་བྱའོ།། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱིས་ནི། སྤྱི་བོའི་གཙུག་ཏུ་ཡིད་བཞིན་གྱི་ནོར་བུ་མདོག་སྔོ་ལ་འཚེར་བ། དབྱིབས་ཟུར་གསུམ་པ་ཞིག་མངོན་སུམ་དུ་ཐོབ་པའོ།། ཀླུའི་རྒྱལ་པོ་འཇོག་པོས་ནི། ཡིད་བཞིན་གྱི་ནོར་བུ་མདོག་དམར་ལ་གདངས་པ་དབྱིབས་ཟུར་གསུམ་པ་ཞིག་མངོན་སུམ་དུ་ཐོབ་པའོ།། ལྷ་ཡིན་གྱི་རྒྱལ་པོ་ཐང་བཟང་གིས་ནི། ཡིད་བཞིན་གྱི་ནོར་བུ་མདོག་སྔོ་སྐྱ་དབྱིབས་ཟླུམ་ལ་ཙོག་པ་ཞིག་མངོན་སུམ་དུ་ཐོབ་པའོ།། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་འོད་འབར་མས་ནི། ཡིད་བཞིན་གྱི་ནོར་བུ་མདོག་མེ་འོད་ལྟ་བུ་དབྱིབས་གྲུ་གསུམ་པ་ཞིག་མངོན་སུམ་དུ་ཐོབ་པའོ།།38 དེ་ནི་རྒྱན་གྱི་དཔལ་བཞི་ཡིན་ནོ།། ཞེས་གསུངས་བས་གོང་གི་ཆུ་སྲིན་གཉིས་ཀྱི་སྐབས་ཀྱི་རྒྱན་གྱི་རྒྱལ་པོ་དང་རྒྱན་དུ་སྣང་བར་གྱུར་ཏོ་ཞེས་པ་སོགས་ནི་རྒྱན་དྲུག་དཔལ་བཞི་ལས་རྒྱན་དྲུག་ཏུ་གཏོགས་པའི་དོན་ཡིན་ལ། ཀླུ་གཉིས་དང་ལྷ་མིན་ཐག་བཟང་། ཡི་དྭགས་ཁ་ལ་འོད་འབར་སོགས་ཀྱི་སྐབས་སུ་དཔལ་དུ་འཁོད་དོ་ཞེས་པ་ནི་དཔལ་བཞི་ཡིན་པས་དེ་ལྟར་སྨྲས་པ་ཡིན། དེས་ན་གོང་འོག་གི་ལུང་ཚིག་དང་འབྲེལ་ནས་སྤྱིར་རྒྱན་དྲུག་དང་རྒྱན་དྲུག་དཔལ་བཞིའི་སྐབས་ཀྱི་རྒྱན་དྲུག་ལ་ཁྱད་པར་ཡོད་པ་ཤེས་དགོས་སོ། །
དེ་བཞིན་རྒྱན་དྲུག་གི་ཁྱད་པར་བསྟན་ནས། ཁྱུང་དང་གཡུ་འབྲུག་སོགས་རྒྱན་དྲུག་སྐུ་གཟུགས་ལ་བརྒྱན་ཚུལ་ནི། རྣམ་རྒྱལ་ལས། དེ་ལ་སྟོན་པས་བཀའ་བསྩལ་པ། །སྐུ་ཡི་རྟེན་གྱུར་སྐུ་གཟུགས་ལ། །རྒྱན་དྲུག་དག་གིས་བརྒྱན་པ་ནི། །བདག་ཉིད་སྟོན་པ་གཤེན་རབ་ཀྱིས། །རྣམ་པར་རྒྱལ་བ་མཛད་པའི་དུས། །སྤྲུལ་བ་ཇི་བཞིན་ཤེས་པར་བྱ། །39ཞེས་གསུངས་བ་ལྟར་ཡིན་ལ། དེ་དག་རེ་རེའི་བཞེངས་ཚུལ་གྱི་ཉམས་འགྱུར་དང་སྐུ་མདོག་སོགས་ནི། གཟེར་མིག་ལས། དང་ལ་ཆུ་སྲིན་ཁ་གདངས་པས་མཐོང་ནས་བརྟགས་པས། སེམས་ཅན་རྭའི་ཐོར་ཚུགས་རི་རབ་ཁྲི་འཕང་བརྩེགས་པ་འདྲ་བ། མིག་གཡས་གཡོན་ཉི་ཟླ་ཐང་ལ་ལྷུང་བ་འདྲ་བ། མཆུ་ལྕགས་རི་ནག་པོ་བཀུག་པ་འདྲ་བ། སོ་གངས་རི་དཀར་པོ་བསྣོལ་པ་འདྲ་བ། གཤོག་པ་ཟངས་རི་ལྕགས་རི་གཏམས་པ་འདྲ་བ། སྤུ་སྤྲིན་ཚོགས་འཐུག་པོ་འཁྲུག་པ་འདྲ་བ། ཚིགས་རང་ཡོངས་སུ་ས་རྡོལ་དྲིལ་བ་འདྲ་བ། སྡེར་མོ་ལྕགས་ཀྱུ་ཁ་བརྒྱད་གཟེངས་པ་འདྲ་བ། གསུས་པ་དམྱལ་བའི་ཁྲག་མཚོ་འཁྱིལ་པ་འདྲ་བ། རྩ་རྒྱུས་འཇའ་ཚོན་གྱི་རི་མོ་བྲིས་པ་འདྲ་བ། དེས་རང་འདྲ་བའི་ཆུ་སྲིན་ཟུང་གཅིག་སྤར་མོས་བརྒྱབ་ནས། ཁར་བཅུག་ནས་ཟ་བར་འདུག་པ་ནི། ཆུ་སྲིན་ཁ་གདངས་པས་མཐོང་ནས། ཁ་དང་མིག་གཉིས་ཀ་བཙུམ་ཞིང༌། ཤིན་ཏུ་བྲེད་པས་རྒྱ་མཚོའི་གཏིང་དུ་མགོ་བོ་བསྟན་ནས་བྲོས་ཏེ་སོང་ངོ༌། །སྟོན་པ་གཤེན་རབ་ཐུགས་རྗེའི་བྱིན་རླབས་ཀྱིས། དགེ་བའི་བར་ཆོད་དེ་ལྟར་བྱེར་ཞིང་དེངས་སོ། །དེ་ནས་ཡང་ཀླུ་ཕྲུག་མང་བོས་རི་མོ་སྙིང་དུ་སྡུག་ནས། བརྐོ་ཡིན་གཅོག་ཏུ་འོང་བས་མཐོང་ནས་བརྟགས་པས། སེམས་ཅན་རྭ་ལ་དུང་གི་ཁྲི་འཕང་དགུ་བརྩེགས་ཡོད་པ། མིག་གཡས་གཡོན་སྐར་ཆེན་ལ་ཀར་ཤར་བ་འདྲ་བ། ཁ་མཚལ་གྱི་ལུང་པ་ཕྱེས་པ་འདྲ་བ། ལྕེ་གློག་དམར་འགྱུ་བ་འདྲ་བ། སོ་གངས་རི་བསྣོལ་བ་འདྲ་བ། གཤོག་པ་མེ་ལྕེ་མཆེད་པ་འདྲ་བ། སྤུ་དང་ཁ་དོག་གཡུ་རུ་འདུག་པ། རྐང་ལག་སྦྲུལ་ནག་འཁྱུག་པ་འདྲ་བ། སྡེར་མོ་ཤ་ཟུངས་བཅུམ་པ་འདྲ་བ། དེས་ཀླུ་ཕྲུག་ཟུང་གཅིག་ཁ་ན་ཟ་བར་མཐོང་བས། ཀླུ་ཕྲུག་ཕྱི་མ་རྣམས་ཀྱང་སེམས་ཅན་འཇིགས་པ་དེས་ཟོས་ཀྱིས་དོགས་ནས་མཐའི་རྒྱ་མཚོ་ལ་ཡོ་ཀ་བྲོས་ཏེ་སོང་ངོ༌། །སྟོན་པ་གཤེན་རབ་ཐུགས་རྗེའི་བྱིན་རླབས་ཀྱིས། དགེ་བའི་བར་ཆོད་དེ་ལྟར་བྱེར་ཞིང་དེངས་སོ། །དེ་ནས་བྲམ་ཟེ་གནོད་སྦྱིན་རི་མོ་རྒྱན་ལ་ཆགས་ཀྱིན། རི་མོ་རྐོ་གཅོད་བྱེད་པ་རྣམས་ཀྱིས་མཐོང་ནས་བརྟགས་པས། སེམས་ཅན་ལུས་པོ་གངས་རི་ལ་ཉི་མ་ཤར་བ་འདྲ་བ། མིག་གཉན་ཆེན་ལྷོག་པ་ཁྲོས་པ་འདྲ་བ། སྡེར་མོ་བདུད་ཀྱི་ཟོར་བ་བཀུག་པ་འདྲ་བ། སྤུ་བཙན་གྱི་དུག་མདའ་སྐྱེས་པ་འདྲ་བ། དེས་བྲམ་ཟེ་དང་གནོད་སྦྱིན་ཆ་གཅིག་བཟུང་ཞིང་ཟ་བར་མཐོང་བས། ཀླུ་བྲམ་ཟེའི་རིགས་དང༌། གནོད་སྦྱིན་ཕྱི་མ་རྣམས་སེམས་ཅན་འཇིགས་པ་དེས་ཟོས་ཀྱིས་དོགས་ནས། དཔག་ཚད་བརྒྱ་རེ་བརྒལ་ནས་བྲོས་ཏེ་སོང་ངོ༌། །སྟོན་པ་གཤེན་རབ་ཐུགས་རྗེའི་བྱིན་རླབས་ཀྱིས། དགེ་ལ་བར་ཆོད་དེ་ལྟར་བྱེར་གྱིན་དེངས་པར་གྱུར་ཏོ། །དེ་ལ་སོགས་པའི་སེམས་ཅན་ལོག་པར་བྱེད་པ་ཐམས་ཅད་ཀྱང༌། བདེར་གཤེགས་སྐུ་ལ་གདུག་པའི་སེམས་ཅན་རྣམས་རྒྱན་དང་གདན་དུ་བཀོད་པས་ནི། བར་ཆོད་ཐམས་ཅད་སོ་སོར་ཟློག་པར་གྱུར་པའོ།།40 ཞེས་སོགས་ནས་ཤིན་ཏུ་གསལ་བོར་གསུངས་ཡོད་པས་འཁྲུལ་བ་མེད་མོད། འོན་ཀྱང་བྱ་ཁྱུང་གི་སྐབས་སུ། ཚིགས་རང་ཡོངས་སུ་ས་རྡོལ་དྲིལ་བ་འདྲ་བ། ཞེས་པ་ནི་བྱ་ཁྱུང་གི་མཇུག་སྒྲོ་བསྟན་པ་ཡིན་པས། རྣམ་རྒྱལ་གཟུངས་ཆེན་ལས། མཇུག་སྒྲོ་ལྗོན་ཤིང་ས་རྡོལ་འདྲིལ་བ་འདྲ་བ།41 ཞེས་གསལ་བས་ཤེས་ལ། རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས་ཀྱང་། དེ་རྒྱབ་ན་དྲུག་རྒྱན་ལས་སུ། །བརྗིད་པའི་རྒྱན་ལ་འདི་ལྟ་སྟེ། སེང་གེ་དཀར་ལ་བྲམ་ཟེ་དམར། གཡུ་འབྲུག་སྔོ་ལ་རྨངས་རིགས་ལྗང་། ཆུ་སྲིན་དམར་སྐྱ་པ་ཏྲ་སེར། བྱ་ཁྱུང་མཐིང་དང་སྔོན་པོ་འོ།།42 ཞེས་རྒྱན་དྲུག་གི་སྐུ་མདོག་ཙམ་བསྟན་ཡོད།
སྐུ་གཟུགས་སོགས་ལ་རྒྱན་དྲུག་གིས་བརྒྱན་པའི་དུས་སུ། དགེ་བའི་བར་ཆོད་ཐམས་ཅད་སོ་སོར་བཟློག་པར་འགྱུར་བ་དང་། ཡང་ཁྱུང་གི་རྒྱན་གྱིས་རྟོགས་པ་ཆེན་པོའི་ལྟ་བ་ལྡན་པ་མཚོན་ལ། གཡུ་འབྲུག་གི་རྒྱན་གྱིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་བསྲུང་དུ་མེད་པའི་དམ་ཚིག་ལྡན་པ་མཚོན་ཞིང་། སེང་གེའི་རྒྱན་གྱིས་རྣམ་པར་དག་པའི་སྤྱོད་པ་དང་ལེགས་པར་འབྱུང་བའི་ཡོན་ཏན་ལྡན་པ་མཚོན་པས། དེ་གསུམ་ལ་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་མཚོན་དོན་ཟབ་མོ་རེ་ཡོད་པ་རྣམ་རྒྱལ་ལས་འདི་ལྟར་གསུངས་ཏེ། དེ་ལ་སྟོན་པས་བཀའ་སྩལ་པ། དད་པའི་སྟོབས་དང་ལྡན་པའི་ཀོང་ཙེ་འཕྲུལ་རྒྱལ་ལགས། །དེ་དག་ངེས་པར་བཤད་ན་འདི་ལྟ་སྟེ། །ངས་ནི་སྔོན་གྱི་ཚེ་རབས་ཐམས་ཅད་དུ། དཔོན་གསས་བླ་མ་སྤྱི་བོའི་གཙུག་ཏུ་བཀུར་བས། ད་ལྟ་བྱ་ཁྱུང་གི་རྒྱན་ཐོབ་པ་ཡིན་ཏེ། ཕྱི་ལྟར་ན་སྲིད་པའི་རྩེ་རྗེ་རུ་བྱ་ཁྱུང་གནས་པ་ནི་དཔེའོ། ། ནང་ལྟར་ན་སངས་རྒྱས་ཀྱི་དབུ་རྒྱན་དུ་བྱུང་བ་ནི་རྟགས་སོ། །གསང་བ་ལྟར་ན་རྟོགས་པ་ཆེན་པོའི་ལྟ་བ་བསྙེམས་པ་ནི་དོན་ནོ། །དེའི་ཕྱིར་ན་ཉིད་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་། དཔོན་གསས་བླ་མ་སྤྱི་བོའི་གཙུག་ཏུ་བཀུར་བར་གྱིས་ཤིག ངས་ནི་སྐྱེ་བ་གོང་མ་ཐམས་ཅད་དུ། མཆེད་གྲོགས་དམ་པའི་འཁོར་ལ་འཁྲོ་བ་སྤངས་པས། ད་ལྟ་གཡུ་འབྲུག་གི་རྒྱན་ཐོབ་པ་ཡིན་ཏེ། ཕྱི་ལྟར་ན་ནམ་མཁའི་སྤྱི་བླ་རུ་འབྲུག་གནས་པ་ནི་དཔེའོ། །ནང་ལྟར་ན་སངས་རྒྱས་ལ་གཡུང་དྲུང་སེམས་དཔའ་འཁོར་བ་ནི་རྟགས་སོ། །གསང་བ་ལྟར་ན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང་། བསྲུང་དུ་མེད་པའི་དམ་ཚིག་དང་ལྡན་པ་ནི་དོན་ནོ། །དེའི་ཕྱིར་ན་ཉིད་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་། མཆེད་གྲོགས་ལ་ཁྲོ་བ་མེད་པར་གྱིས་ཤིག ངས་ནི་རྣམ་པ་ཐམས་ཅད་དུ། ཚོགས་སྦྱོར་རྒྱུའི་ཡོན་བདག་ལ་འཁྲུག་པ་སྤངས་པས། ད་ལྟ་སེང་གེའི་རྒྱན་ཐོབ་པ་ཡིན་ཏེ། ཕྱི་ལྟར་ན་ས་གཞིའི་དཔལ་སྲུང་དུ་སེང་གེ་གནས་པ་ནི་དཔེའོ། །ནང་ལྟར་ན་སངས་རྒྱས་ཀྱི་སྐུ་རྐྱེན་དུ་འཁོར་ལོ་སྒྱུར་རྒྱལ་བྱུང་བ་ནི་རྟགས་སོ། །གསང་བར་རྣམ་པར་དག་པའི་སྤྱོད་པ་དང་། ལེགས་པར་འབྱུང་བའི་ཡོན་ཏན་དང་ལྡན་པ་ནི་དོན་ནོ།། དེའི་ཕྱིར་ན་ཉིད་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་། ཚོགས་སྦྱོར་རྒྱུའི་ཡོན་བདག་ལ་འཁྲུག་པ་སྤང་བར་གྱིས་ཤིག གལ་ཏེ་རྒྱུ་དེ་དག་གི་རྗེས་འགྲོ་དང་མི་ལྡན་ན་ནི། དོན་རྟགས་ཀྱི་འབྲས་བུ་དེ་དག་མི་ལྡན་པའི་ལྡོག་པ་ནི་ཤིན་ཏུ་ཡང་ངེས་པའོ།།43 ཞེས་གསལ་བ་དང་། ཡང་ན་དྲི་མེད་གཟི་བརྗིད་ལས། དེ་ལ་སྟོན་པས་བཀའ་བསྩལ་པ། ཞུས་པ་ལེགས་སོ་རྒྱལ་གྱི་རིགས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལགས། །དེ་ཡི་མཚན་ཉིད་འདི་ལྟ་སྟེ། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །རྒྱན་དྲུག་དག་གི་བརྒྱན་པ་ནི། །ཐོག་མར་ཕྱི་ཡི་རྒྱན་དྲུག་ལ། །དོན་ཆེད་ཅིའི་ཕྱིར་དུ་ན། །དགེ་བའི་བར་ཆོད་བཟློག་ཕྱིར་ཏེ། །ཁྱུང་གི་ཆུ་སྲིན་གནོན་ཕྱིར་ཏེ། །འབྲུག་གསས་ཀླུ་དབང་འདུལ་ཕྱིར་དང་། །སེང་གེ་གནོད་སྦྱིན་འདུལ་ཕྱིར་རོ། །དོན་དུ་གང་དང་སྦྱར་བ་ན། །ཁྱུང་གིས་སྲིད་རྩེ་གནོན་པ་སྟེ། །ཁྱུང་གསས་སངས་རྒྱས་དག་དང་སྦྱར། །འབྲུག་གཉིས་འབྲུག་གསས་ལྡེ་བོ་དང་། །གནམ་དྲག་ངར་ཆེན་སྲས་དང་སྦྱར། །སེང་གཉིས་སེང་གསས་ལྷ་དབང་་དང་། །མི་མགོན་རྒྱལ་པོ་ཉིད་དང་སྦྱར། །དོན་དུ་སྐལ་བཟང་སེམས་དཔའ་ལྔ། །སྐལ་བཟང་འགྲོ་བ་འདྲེན་པའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པའི་ཞབས་ནས་འདེགས་པའི་ཕྱིར། །བསྟན་པ་རྣམ་གསུམ་རྗེས་བཞག་ལ། མཐའ་རུ་རྒྱས་ཞིང་དོན་འགྲུབ་ཕྱིར། །རྗེས་བཞག་མཐར་རུ་རྒྱས་བཞིན་དུ། །དེ་བཞིན་ཐུགས་རྗེས་ཁྱབ་པ་འོ།།44 ཞེས་དེ་དག་ལ་མཚོན་དོན་ཟབ་མོ་རེ་ཡོད་པ་མ་ཟད། བརྗིད་པའི་ན་དྲུག་གམ་རྒྱན་དྲུག་འདི་ནི་སྐུ་གཟུགས་ལས་གཞན་ད་དུང་གསུང་རབ་གླེགས་བམ་དང་སྐུ་གདུང་མཆོད་རྟེན་ལའང་རྒྱན་ཚུལ་ཡོད་ལ། ཡང་རྣམ་རྒྱལ་ལས། སྤྱིར་ན་སངས་རྒྱས་རྒྱན་དྲུག་འདི། །སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལ། །ཡོངས་ལ་ཁྱབ་པར་བརྒྱན་པ་འོ། །ཞེས་དང་ཡང་། གསུང་གི་རྟེན་གྱུར་གསུང་རབ་ལ། །རྒྱན་དྲུག་དག་གིས་བརྒྱན་པ་ནི། །རྫས་དང་ཏིང་འཛིན་ཕྱག་རྒྱ་དང་། །སྔགས་དང་ཚིག་བཤད་འབྲེལ་པར་སྦྱར། །རྫས་ནི་གླེགས་ཤིང་གླེགས་ཐག་དང་། །གླེགས་བམ་གསུམ་པོ་རིམ་བཞིན་ནོ། །ཏིང་འཛིན་ཁྱུང་འབྲུག་སེང་གེ་རྣམས། །དབྱིངས་ནས་སྤྱན་དྲངས་དེ་ལ་བསྟིམས། །ཕྱག་རྒྱ་རྣམ་རྒྱལ་ཕྱག་རྒྱ་བཅའ། །སྔགས་ནི་གཟུངས་གསུམ་རིམ་བཞིན་བརྗོད། །ཚིག་བཤད་འདི་དག་དབྱངས་ཀྱིས་བརྗོད། །བདེན་གཉིས་དོ་མཉམ་གཡུང་དྲུང་བོན། །སེམས་ཅན་སྒྲིབ་གཉིས་སྦྱངས་པའི་ཕྱིར། །རང་དབང་མངོན་དུ་གྱུར་ལགས་ཀྱང་། །འགྲོ་བ་སེམས་ཅན་དོན་མཛད་ཕྱིར། །འཁོར་ལོས་བསྒྱུར་པའི་རྒྱལ་པོ་གཉིས། །སེང་གསས་ལྷ་དབང་མི་ཡི་མགོན། གླེགས་ཤིང་མངའ་རུ་གསོལ་ནས་ནི། །གསུང་རབ་སྐུ་ལ་བརྒྱན་པ་ཡིས། །འཁོར་ལོ་སྒྱུར་རྒྱལ་ཇི་བཞིན་དུ། །བོན་གྱི་འཁོར་ལོ་བསྐོར་ནས་ཀྱང་། །སེམས་ཅན་འཁོར་བའི་རྒྱུན་གཅོད་ཅིང་། །སྣང་སྲིད་བོན་དུ་བསྒྱུར་བར་ཤོག །ཚོགས་གཉིས་རབ་རྫོགས་གཡུང་དྲུང་བོན། །ཐུགས་རྗེ་འདུ་འབྲལ་མེད་ལགས་ཀྱང་། །འགྲོ་བ་ཐུགས་རྗེས་གཟུང་བའི་ཕྱིར། །གཡུང་དྲུང་སེམས་དཔའ་ཆེན་པོ་ནི། །འབྲུག་གསས་གསུང་ཆེན་ངར་ཆེན་གཉིས། །གླེགས་ཐག་སྐུ་དང་སྦྱར་ནས་ནི། །གསུང་རབ་སྐུ་ལ་གསོལ་བ་ཡིས། །གཡུང་དྲུང་སེམས་དཔའ་ཇི་བཞིན་དུ། །བོན་གྱི་འབྲུག་སྒྲ་ཡོངས་སྒྲོགས་པས། །ལོག་ལྟའི་རྒོལ་བ་ཚར་གཅོད་ཅིང་། །སྐྱེ་འགྲོ་བོན་ལ་སྤྱོད་པར་ཤོག །དོན་གཉིས་མཐར་ཕྱིན་གཡུང་དྲུང་བོན། །སྤྱི་རྒྱ་རླབས་ཀྱིས་ཆོད་ལགས་ཀྱང་། །འགྲོ་བ་བླ་མེད་འཐོབ་པའི་ཕྱིར། །སངས་རྒྱས་རྫོགས་སངས་རྒྱས་ཀུན་མཆོག །བྱ་རྒྱལ་ཁྱུང་ཆེན་སྤྱི་རྗེ་དཔལ། །གླེགས་བམ་སྐུ་དང་སྦྱར་ནས་ནི། ། གསུང་རབ་སྐུ་ལ་གསོལ་བ་ཡིས། །རྫོགས་པའི་སངས་རྒྱས་ཇི་བཞིན་དུ། །བོན་གྱི་ལྟ་བའི་རླབས་བསྐྱེད་པས། །འགྲོ་རྣམས་ཡེ་ཤེས་སྐུ་ཐོབ་ནས། །བོན་ཉིད་དབྱིངས་སུ་སངས་རྒྱས་ཤོག །དེ་ནི་གསུང་རྟེན་རྒྱན་ཡིན་ནོ། །ཐུགས་རྟེན་སྐུ་གདུང་བརྒྱན་པ་ནི། །བྱ་རུ་ཁྱུང་མགོ་ཁྱུང་དང་སྦྱར། །ཟུར་འདྲེན་འབྲུག་མགོ་འབྲུག་དང་སྦྱར། །སྒོ་ལྡང་སེང་མགོ་སེང་དང་སྦྱར། །དེ་དག་རྒྱས་པའི་མངའ་དབུལ་ཡང་། །གསས་ཁང་ཆེན་པོར་བརྒྱན་པ་འོ།།45 ཞེས་སོགས་ནས་གསལ་བོར་གསུངས་པས། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གང་ལའང་སྦྱར་ཚུལ་ཡོད་པ་ནི་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་བོན་གཅིག་ཏུ་སྣང་།
༤༽སྐུ་བརྙན་གྱི་ན་དྲུག་སྐོར།
དེ་ལྟར་གོང་ནས་བརྗིད་པའི་ན་དྲུག་གམ་རྒྱན་དྲུག ཡང་ན་ཟ་དྲུག་ཀྱང་འབོད་པའི་རྒྱན་དེ་དག་གི་བརྗོད་དོན་གསལ་བོར་གླེང་ཚར་ནས། ད་མཛེས་པའི་ན་དྲུག་གི་དོན་གླེང་ན། འདི་ལ་ན་དྲུག་ཟེར་དོན་ཡང་། རྒྱན་རེ་རེའི་མིང་གི་མཇུག་ཏུ་ན་ཡིག་རེ་ཡོད་པས་དེ་ལྟར་ཟེར་ལ། མདོ་དྲི་མེད་གཟི་བརྗིད་ཀྱི་རྒྱལ་བུ་རྒྱས་སར་ཕྱུང་བའི་སྐབས་སུ། སྟོན་པ་གཤེན་རབ་མི་བོས་ལྷ་སྲས་གར་མ་ལི་ཤོ་ལ་སྤྱིར་བཟོ་རིག་པའི་དོན་སྟོན་དུས་ཐོག་མར་གསུངས་ཡོད་ལ། དེའི་སྐབས་སུ་མས་ནས་རིམ་བཞིན། དང་པོ་གླང་ཆེན་ཐེག་པ་ན་དང་དེའི་སྟེང་དུ་ལྷ་སྲས་ཁྱེའུ་ན། དེའི་སྟེང་དུ་རི་དྭགས་ཤ་ར་ན། དེའི་སྟེང་དུ་མི་ཆུང་བྱ་ར་ན། དེའི་སྟེང་དུ་ཤང་ཤང་པ་ཏྲ་ན། དེའི་སྟེང་དུ་བྱ་ཁྱུང་ཀ་ར་ན་བཅས་དྲུག་པོ་འདི་ཡིན་ལ། མདོ་དྲི་མེད་གཟི་བརྗིད་ལས། མཛེས་པའི་ན་དྲུག་འདི་ལྟར་ཏེ། །དང་པོ་གླང་ཆེན་ཐེག་པ་ན། །དེ་སྟེང་ལྷ་སྲས་ཁྱེའུ་ན། །དེ་སྟེང་རི་དྭགས་ཤ་ར་ན། །དེ་སྟེང་མི་ཆུང་བྱ་ར་ན། །དེ་སྟེང་ཤང་ཤང་པ་ཏྲ་ན། །དེ་སྟེང་བྱ་ཁྱུང་ཀ་ར་ན།།46 ཞེས་གསལ་ལ། དེ་རེ་རེའི་བཞེངས་ཚུལ་ནི་བསྟན་པ་རྗེས་བཞག་གི་མདོ་ལས། དེ་ནས་གསས་ཁང་ནང་གི་རྒྱན་ལ། བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ནི། སྐུ་ཞབས་ཀྱི་པུས་མོ་ནས། ཐུགས་ཀྱི་དཔལ་བེའུ་མན་ཆད་དུ། གླང་ཆེན་ཐེག་པ་ན་ཞེས་བྱ་བ། གསེར་གྱི་གླང་པོ་ཆེ་འགྱིང་བ་ལ། ལྷ་སྲས་ཁྱེའུ་ན་ཞེས་བྱ་བ། ལྷའི་ཁྱེའུ་ཞོན་ནས། ཕྱག་གཡོན་པས་གླང་ཆེན་གྱི་སྣ་ལྗགས་ལ་འཇུས་ནས། གཡས་པས་ཤེས་རབ་གྱི་རལ་ཀྱུ་ཐོགས་ཏེ། ལྷ་མིན་གྱི་གཡུལ་ངོ་བཟློག་པ། ཐུགས་ཀྱི་དཔལ་བེའུ་ནས་མགུལ་གྱི་དང་གོང་མན་ཆད་དུ། རི་དྭགས་ཤ་ར་ན་ཞེས་བྱ་བ། ངོ་མཚར་གྱི་རི་དྭགས་ལ། མི་ཆུང་བྱ་ར་ན་ཞེས་བྱ་བ། སྤྲུལ་བའི་ཁྱེའུ་ཞོན་ནས། ཕྱག་གཡོན་པས་རི་དྭགས་ཀྱི་ཐོར་ཚུགས་ལ་འཇུས་པ། གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་ཕྱར་ཏེ། དགེ་སྡིག་གྱི་བྱ་ར་བྱེད་ཅིང་། ལེགས་ཉེས་ཀྱི་ལྟང་འཛིན་པ། མགུལ་གྱི་དང་གོང་ནས་དབུ་ཡི་གཙུག་རུམ་མན་ཆད་དུ། བྱ་ཁྱུང་ཀ་ར་ན་ཞེས་བྱ་བ། སྲིད་གསུམ་ཟིལ་གནོན་གྱི་རྗེ་བོས། ཞབས་ཀྱི་མཁའ་ལྡིང་ཤང་ཤང་གི་པ་ཏྲ་གནོན་ཅིང་། སྲིད་པ་གསུམ་པོ་ཟིལ་གྱིས་གནོན་པ། དེ་ལྟར་རྫོགས་པའི་སྐུ་ལ་རྒྱན་ན་དྲུག་ལྡན་པ། ཤིན་ཏུ་མཛེས་བརྗིད་དང་ལྡན་ཞིང་། བཀྲ་ལམ་གྱིས་སོང་ངོ་།།47 ཞེས་པ་སོགས་ནས་གསལ་བ་དང་། དེ་དག་གི་སྐུ་མདོག་ནི་རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས། དེ་རྒྱབ་ན་དྲུག་རྒྱན་ལས་སུ། །མཛེས་པའི་རྒྱན་པ་འདི་ལྟ་སྟེ། །གླང་ཆེན་སེར་པོ་ལྷ་སྲས་དཀར། །རི་དྭགས་སྔོ་སྐྱ་མི་ཆུང་སེར། །ཤང་ཤང་སེར་པོ་བྱ་ཁྱུང་བཀྲ། །གཞི་མ་དཀར་ལ་སྣ་ཚོགས་འཆོལ། །ལོངས་སྤྱོད་སྐུ་ལ་བརྒྱན་པར་བྱ།།48 ཞེས་སོགས་ནས་གསལ། འོན་ཀྱང་ན་དྲུག་ལ་བགྲེང་ལུགས་གཞན་ཞིག་ཀྱང་ཡོད་པ་ནི། ཤང་ཤང་པ་ཏྲ་ནའི་ཚབ་ཏུ་ཆུ་སྲིན་པ་ཏྲ་ན་ཞེས་དང་། གླང་ཆེན་ཐེག་པ་ན་ལ་གླང་ཆེན་འགྱིང་བ་ན་ཞེས་འབོད་པ་དེ་ཡིན་ལ། དེ་ནི་དྲི་མེད་ཀྱི་བྱམས་མ་རྩ་བའི་དཀྱིལ་ཆོག་ཏུ་བསྟན་པ་ཡིན་དེ། དེ་ཉིད་ལས། སྟོན་པ་ཐུགས་ལས་འོད་ཟེར་འདུ་འཕྲོ་མཛད་པ་ལས། འཕྲོ་བའི་དཀྱིལ་འཁོར་མངོན་པར་རྫོགས་ཏེ། གསས་ཁང་གི་ནང་དུ་བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་རྣམས་ཀྱི། སྐུ་དབུའི་གཙུག་རུམ་ནས་ཞབས་ཀྱི་ལོང་བུ་ཡན་ཆད་དུ། རྫོགས་པའི་རྒྱན་ན་དྲུག་རྫོགས་ཏེ། ཞབས་ཀྱི་ལོང་བུ་ཡན་ཆད་ནས་སྐུའི་སྟ་ཟུར་མན་ཆད་དུ། གླང་ཆེན་འགྱིང་བ་ན་ཞེས་བྱ་བ། གསེར་གྱི་གླང་པོ་ཆེའི་འཇིང་པ་ནི། ལྷ་སྲས་ཁྱེའུ་ན་ཞེས་བྱ་བ་ལྷའི་ཁྱེའུས་ཞོན་ནས། ཕྱག་གཡོན་པས་གླང་པོ་ཆེའི་སྣ་ལྗགས་ལ་འཇུས་ནས། གཡས་པས་ཤེས་རབ་གྱི་རལ་ཀྱུ་ཐོགས་ནས་ལྷ་མེན་གྱི་གཡུལ་ངོ་བཟློག་པ། སྐུའི་སྟ་ཟུར་ཡན་ཆད་ནས། མགུལ་གྱི་གསང་གོང་མན་ཆད་དུ། རི་དྭགས་ཤ་ར་ན་ཞེས་བྱ་བ། ངོ་མཚར་དང་ལྡན་པའི་རི་དྭགས་ལ་མི་ཆུང་བྱ་ར་ན་ཞེས་བྱ་བ་སྲིད་པའི་ཁྱེའུ་ཞོན་ནས། གཡས་པས་རི་དྭགས་ཀྱི་ཐོར་གཙུག་ལ་འཇུས་ཏེ། གཡོན་པས་སྣང་སྲིད་གསལ་བའི་མེ་ལོང་ཕྱར་ནས། སྐྱོན་ཡོན་དང་ལེགས་ཉེས་གྱི་ལྟང་འཛིན་པ། མགུར་གྱི་དང་གོང་ནས་དབུའི་གཙུག་རུམ་མན་ཆད་དུ་ཆུ་སྲིན་པ་ཏྲ་ན་ཞེས་བྱ་བ། གདུག་པ་ཀླུ་རྒྱལ་གྱི་སྟེང་དུ། བྱ་ཁྱུང་ཀ་རུ་ན་ཞེས་བྱ་བ། སྲིད་གསུམ་ཟིལ་གནོན་གྱི་རྗེ་བོས་ཕྱག་གིས་སྡིག་མཛུབ་དང་སྦྲུལ་ཞགས་བསྣམས་ནས། ཞབས་ཀྱི་ཆུ་སྲིན་གྱི་པ་ཏྲ་གནོན་པས། སྲིད་པ་གསུམ་པོ་དབང་ལ་འདེབས་པ།།49 ཞེས་གསུངས་ལ། ཅུང་མི་མཐུན་པའི་བགྲེང་ལུགས་གཉིས་ཀ་གང་ཡིན་ཡང་མདོ་དྲི་མེད་ཀྱི་དགོངས་དོན་ཡིན་པས་འགལ་བ་ཆེར་མེད་ལ། དེ་དག་ཀྱང་གཟུགས་དེ་ལྟར་སྣང་ཡང་དོན་དུ་ལྷ་ལ་སྦྱར་ཚུལ་ཡོད་པ་ནི། གླང་གཉིས་ཀ་ནི་ཁྱབ་པ་དབང་ཆེན་དང་ལྷ་མོ་བརྟན་མ་ཡིན་ལ། ལྷ་སྲས་གཉིས་ཀ་ནི་ལྷ་ཆེན་མ་ཧ་དེ་བ་དང་ལྷ་ཆེན་དཔལ་འབར་ཆེན་པོ་གཉིས་དང་། རི་དྭགས་ནི་རི་དྭགས་འཛིན་པ་དང་དྲང་སྲོང་ཆེན་པོ། མི་ཆུང་ནི་སྐོས་རྗེ་དྲང་དཀར་དང་ཕྱྭ་རྗེ་རིང་དཀར། མཁའ་ལྡིང་ཤང་ཤང་ནི་ཚངས་པ་ཆེན་པོ་དང་ཚངས་པ་མི་མགོན་གཉིས། ཁྱུང་ནི་སྲིད་གསུམ་གྱི་རྗེ་བོ་ཏེ་སྲིད་རྗེ་འབྲང་དཀར་ཡིན་ཏེ། དྲི་མེད་ལས། དོན་དུ་གང་དུ་སྦྱར་པས་ན། །གླང་གཉིས་ཁྱབ་པ་དབང་ཆེན་དང་། །ལྷ་མོ་བརྟན་མ་གཉིས་དང་སྦྱར། །ལྷ་གཉིས་མ་ཧ་དེ་བ་དང་། །དཔལ་འབར་ཆེན་པོ་གཉིས་དང་སྦྱར། །རི་དྭགས་རི་དྭགས་འཛིན་པ་དང་། །དྲང་སྲོང་ཆེན་པོ་གཉིས་དང་སྦྱར། །མི་ཆུང་སྐོས་རྗེ་དྲང་དཀར་དང་། །ཕྱྭ་རྗེ་རིང་དཀར་གཉིས་དང་སྦྱར། །མཁའ་ལྡིང་ཚངས་པ་ཆེན་པོ་དང་། །ཚངས་པ་མི་མགོན་གཉིས་དང་སྦྱར། །ཁྱུང་ནི་སྲིད་གསུམ་རྗེ་བོ་དང་། སྲིད་རྗེ་འབྲང་དཀར་ཉིད་དང་སྦྱར།།50 ཞེས་གསུངས།
མཛེས་པའི་ན་དྲུག་སྐུ་གཟུགས་ལ་བརྒྱན་པའི་དགོས་པ་ནི། སྤྱིར་དགེ་བཅུ་མཐའ་རུ་ཕྱིན་པའི་ཆེད་དང་། སོ་སོར་ཕྱེ་ན་གླང་ཆེན་ནི་ཐེག་པ་བརྟན་པའི་ཕྱིར་དང་། ལྷ་སྲས་ནི་བར་ཆོད་བཟློག་ཕྱིར་དང་། རི་དྭགས་ནི་རྒྱུ་འབྲས་སྲུང་ཕྱིར། མི་ཆུང་ནི་ཉེས་ལེགས་འཛིན་ཕྱིར། ཤང་ཤང་ནི་ཚུལ་ཁྲིམས་མཐར་ཕྱིན་པར་བྱེད་ཕྱིར། བྱ་ཁྱུང་ནི་སྤྱི་རྒྱ་གཅོད་པ་སྟེ་ལྟ་བ་བླ་རུ་ཕྱིན་ཕྱིར་དུ་བརྒྱན་པ་ཡིན་ལ། དྲི་མེད་ལས། གཉིས་པ་ནང་གི་རྒྱན་ལས་སུ། དོན་ཆེད་ཅི་ཡི་ཕྱིར་དུ་ན། །དགེ་བཅུ་མཐའ་རུ་ཕྱིན་ཕྱིར་ཏེ། །གླང་ཆེན་ཐེག་པ་བརྟན་ཕྱིར་དང་། །ལྷ་སྲས་བར་ཆོད་བཟློག་ཕྱིར་རོ། །རི་དྭགས་51རྒྱུ་འབྲས་སྲུང་ཕྱིར་དང་། །མི་ཆུང་ཉེས་ལེགས་འཛིན་ཕྱིར་རོ། །ཤང་ཤང་ཚུལ་ཁྲིམས་སྒེག་ཕྱིར་རོ། །བྱ་ཁྱུང་སྤྱི་རྒྱ་གཅོད་ཕྱིར་རོ། །ཞེས་པ་ལྟར་ཡིན་ལ། དེ་དག་གི་མཚོན་དོན་ནི། གླང་ཆེན་ཐེག་པ་ནས་ཐེག་པ་མས་ནས་རིམ་གྱིས་ཡར་འཛེགས་པ་དང་། བྱང་ཆུབ་ཀྱི་སེམས་ལྡན་པ། གཞི་སྙིང་རྗེ་ཆེན་པོ་ལེན་དགོས་པ་མཚོན་ལ། ལྷ་སྲས་ཁྱེའུ་ནས་དག་པ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པ་མཚོན་ལ། རི་དྭགས་ཤ་ར་ནས་ལས་དགེ་སྡུག་སྤང་བླང་གི་དོན་ལ་བརྩོན་དགོས་པ་མཚོན། མི་ཆུང་བྱ་ར་ནས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་པ་དང་། རང་རྒྱུད་འདུལ་བའི་ཐབས་ལ་མཁས་པ་མཚོན། མཁའ་ལྡིང་ཤང་ཤང་པ་ཏྲ་ནས་ཚུལ་ཁྲིམས་ཀྱི་དོན་དང་ལྡན་པས་ཚུལ་ཁྲིམས་མཐའ་རུ་ཕྱིན་པ། སྡིག་པ་དགེ་བར་བསྒྱུར་ནས་བག་ཆགས་བྱང་བ། ཚོགས་གཉིས་རྫོགས་པ་སོགས་མཚོན་ལ། བྱ་ཁྱུང་ཀ་ར་ནས་ལྟ་བ་ཡས་ནས་ཕུབ་པ། སྤྱི་རྒྱ་རླབས་ནས་གཅོད་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེའི་དོན་མཚོན། ཁྱུང་གཙུག་གི་ནོར་བུས་དོན་གཉིས་ལྷུན་གྲུབ་དང་ས་བཅུ་རིམ་གྱིས་རྫོགས་པ། ཕ་རོལ་ཕྱིན་བཅུ་ལྡན་པའི་དོན་མཚོན། མདོར་ན་དེ་དག་གིས་ལྟ་བ་ཡས་ནས་ཕུབ་པ། སྤྱོད་པ་མས་ནས་འཛེགས་པ། གཞི་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱོད་པ། མཐར་འབྲས་བུ་མངོན་པར་སངས་རྒྱས་པ་མཚོན་ཏེ། དྲི་མེད་ལས། དོན་གྱི་འབྲས་བུ་བྱུང་ཚུལ་ནི། །གང་དག་དགེ་བའི་སྒོར་ཞུགས་ནས། །བླ་མེད་གོ་འཕང་འཐོབ་པའི་ཕྱིར། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །ན་དྲུག་རྒྱན་གྱི་བརྒྱན་པ་ནི། །གླང་ཆེན་ཐེག་པ་མས་ཡར་འཛེགས། །བྱང་ཆུབ་སེམས་ལྡན་སྙིང་རྗེའི་གཞི། །བྱ་ཁྱུང་ལྟ་བ་ཡས་མར་ཕུབ། །སྤྱི་རྒྱ་རླབས་ཆོད་ཐེག་པ་ཕུད། །ལྷ་སྲས་མཐོ་རིས་གོ་འཕང་བསྒྲོད། །དག་པ་ལྷ་མིའི་གོ་འཕང་སྤར། །རི་དྭགས་དགེ་སྡིག་རྒྱུ་འབྲས་སྲུང་། །ཤེས་བཞིན་ཤེས་ལྡན་སྲུང་མཐར་ཕྱིན། །མི་ཆུང་ཕ་རོལ་ཕྱིན་བཅུ་སྤྱོད། །རང་རྒྱུད་འདུལ་བའི་ཐབས་ལས་མཁས། །མཁའ་ལྡིང་ཚུལ་ཁྲིམས་དོན་དང་ལྡན། །ཚུལ་མཛེས་ཚུལ་ལྡན་ཚུལ་མཐར་ཕྱིན། །མི་ལས་གཤོག་སྐྱེས་ཇི་བཞིན་དུ། །སྡིག་པ་དགེ་འགྱུར་བག་ཆགས་བྱང་། །པ་ཏྲ་བསོད་ནམས་ཚོགས་གཉིས་རྫོགས། །ཁྱུང་གཙུག་ནོར་བུ་དོན་འགྲུབ་དཔལ། །གཡུང་དྲུང་ས་བཅུའི་ལམ་རིམ་རྫོགས། །ཕ་རོལ་ཕྱིན་བཅུའི་སྤྱོད་མཐར་ཕྱིན། །ལྟ་བ་ཡས་ཕུབ་སྤྱི་རྒྱ་གཅོད། །སྤྱོད་པ་མས་འཛེག་གོམ་པ་སྤར། །སྙིང་རྗེ་གཞི་བླང་དགེ་དོན་གྲུབ། །འབྲས་བུ་མངོན་པར་སངས་རྒྱས་ནས། །སྐུ་གསུམ་སངས་རྒྱས་འཐོབ་པར་འགྱུར།།52 ཞེས་སོགས་ཤིན་ཏུ་གསལ་བར་གསུངས་པའོ། །
༥༽ཞར་བྱུང་བནྡེའི་ལུགས་ཀྱི་ཁྲི་རྒྱབ་དྲུག་འགྱོགས་སྐོར།
སྤྱིར་རྒྱན་དྲུག་དང་ན་དྲུག་དང་ཟ་དྲུག་བཅས་པ་ནི་བོན་ལུགས་ཀྱི་ཐ་སྙད་ཡིན་ལ། བནྡེའི་ལུགས་ལ་ཁྲིའི་རྒྱབ་ཡོལ་གྱི་རྒྱན་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཁྲི་དྲུག་འགྱོགས་ཞེས་བཞེད་ཡོད་མོད།53 འོན་ཀྱང་ཚིག་མཛོད་རྣམས་སུ་ཁྲི་དྲུག་འགྱོགས་དང་ཁྲི་རྒྱབ་དྲུག་འགྱོགས་ལ་ཁྱད་པར་ཆེན་པོ་འདུག་ཏེ། ཁྲི་དྲུག་འགྱོགས་ནི། སེང་གེ་དང་། གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང་། གྱད་ཀྱི་མི་རྣམས་ཀྱིས་བརྒྱན་པའི་ཁྲི་ལ་གོ་བ་བོད་རྒྱ་ཚིག་མཛོད་ཆེན་མོ་54དང་དུང་དཀར་ཚིག་མཛོད་ཆེན་མོ་55རུ་གསལ་ལ། བོད་ཡིག་ཚིག་གཏེར་རྒྱ་མཚོ་རུ་དེ་ལ་ཁྲི་འགྱོགས་རྣམ་པ་དྲུག་ཀྱང་ཟེར།56 ཁྲིའི་རྒྱབ་ཡོལ་གྱི་རྒྱན་ལ་ཁྲི་རྒྱབ་དྲུག་འགྱོགས་ཟེར་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་57དང་དུང་དཀར་ཚིག་མཛོད་ཆེན་མོ་58གཉིས་མཐུན་པར། བྱ་ཁྱུང་དང་ཀླུ་མོ། ཆུ་སྲིན། བུ་ཆུང་། ཀྲིཥ་ཎ་སཱ་ར། གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་བྱང་སེམས་ཀྱི་ཁྲིའི་རྒྱབ་ཡོལ། ཞེས་གསལ་ལ། བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས་ཅུང་མི་མཐུན་པར། ཁྲི་རྒྱབ་དྲུག་འགྱོགས། ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་བྱེད་རྒྱབ་ཡོལ་གྱི་རྒྱན་དྲུག་ནི། མཁའ་ལྡིང་། ཆུ་སྲིན། བྱིས་པ། གླང་པོ་ཆེ། ཤ་ར་བྷ། ཀླུ་ཕྲུག་རྣམས་སོ།།59 ཞེས་གསལ།
ཡིན་ནའང་ཚངས་དབང་དགེ་འདུན་བསྟན་པས་བོད་དུ་ཙ་མིའི་ལུགས་ཀྱི་ཁྲི་དྲུག་འགྱོགས་བྱུང་ཚུལ་ཞེས་པའི་དཔྱད་རྩོམ་ཞིག་ཏུ། ཁྲི་དྲུག་འགྱོགས་ནི། བོད་ལུགས་ཀྱི་ལྷ་སྐུ་དང་ཐང་སྐུ་རྣམས་ཀྱི་རྒྱབ་ཡོལ་དུ་བཞེངས་པའི་རྒྱན་སྣ་དྲུག་བྱ་བ་དེ་ལ་ཟེར་ཞིང་། འདི་ལ་ཁ་ཅིག་གིས་དྲུག་འདེགས་དང་། ཡང་ན། ན་དྲུག་ཀྱང་ཟེར།60 ཞེས་དེ་དག་གི་ཁྱད་པར་མ་ཕྱེ་ནས་རྒྱབ་ཡོལ་གྱི་རྒྱན་ཚུལ་ལ་རིགས་བརྒྱད་ཕྱེ་ཡོད། དེ་བརྒྱད་ལས་དྲུག་པ་དུང་དཀར་ཚིག་མཛད་ཀྱི་ལུགས་ནི་ཁྲི་དྲུག་འགྱོགས་ཡིན་པ་དང་། བདུན་པ་མདོ་དྲི་མེད་གཟི་བརྗིད་ཀྱི་ལུགས་ཡིན་པས་གོང་ནས་གླེང་ཚར་བ། བརྒྱད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསེར་གྱི་ཐང་མ་རུ་གསལ་བ་ཡང་ཁྲི་རང་གི་སྟེང་ན་ཡོད་པའི་ཁྲི་རྒྱབ་དྲུག་འགྱོགས་མིན་པས་ལུགས་དེ་གསུམ་འཕུད། གཞན་ལྔ་བོ་ལས་དང་པོ་ནི། དུས་རབས་བཅུ་གཅིག་པའི་སྐབས་སུ་བཞེངས་པར་གྲགས་པའི་ས་དམར་མདའ་དགོན་པའི་རྒྱལ་བ་དོན་ཡོད་གྲུབ་པའི་འདག་སྐུའི་སྟེང་གི་དྲུག་འགྱོགས་ནི། བྱ་ཁྱུང་། བྱ། ཆུ་སྲིན། ཤ་ར་བྷ། གྱད། གླང་བོ་ཆེ་དང་དྲུག་པོ་ཡིན།61 གཉིས་པ་ནི། དུས་རབས་བཅུ་གཅིག་པའི་སྐབས་སུ་བཞེངས་པའི་དུང་དཀར་ཕུག་པའི་ལྡེབས་ངོས་ཀྱི་དྲུག་འགྱོགས་ནི། བྱ་ཤང་ཤང་། ཆུ་སྲིན། ཤ་ར་བྷ། མི་ཆུང་། གླང་ཆེན་དང་གཅིག་མི་གསལ།62 གསུམ་པ་ནི་གུ་གེ་ལྷ་ཁང་དམར་པོ་ནང་གི་ལྡེབས་རིས་ཐུབ་པ་ཆོས་འཁོར་མའི་དྲུག་འགྱོགས་ནི། བྱ་ཁྱུང་། ཀླུ་ཕྲུག ཆུ་སྲིན། བྱ། ཤ་ར་བྷ། སེང་གེ་དང་དྲུག་ཡིན།63 བཞི་བ་ནི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་དཔལ་འབྱོར་རྒྱ་མཚོ་ལས། བྱ་ཁྱུང་ཀ་རུ་ཎ་སྟེ་སྙིང་རྗེ། ཆུ་སྲིན་པུ་ར་ཎ་སྟེ་གྲོང་ཁྱེར། མི་ཆུང་བྱ་ར་ཎ་སྟེ་ཚོགས་བདག། གླང་ཆེན་གུ་ར་ཎ་སྟེ་བླ་མ། རི་དྭགས་ཤ་ར་ཎ་སྟེ་དབང་ཕྱུག་དང་། ཀླུ་ཕྲུག་ནཱ་ར་ཎ་སྟེ་སྒྲོལ་མཛད་བཅས་དྲུག་ཡིན།64 ལྔ་བ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་ཐུན་མོང་རིག་གནས་ལས་བྱུང་བའི་བཟོ་རིག་པ་ལས། མཁའ་ལྡིང་། ཆུ་སྲིན། བྱིས་པ། གླང་པོ་ཆེ། ཤ་ར་བྷ་སྟེ་བསེ་ཁ་སྒོ། ཀླུ་ཕྲུག་བཅས་དྲུག་ཡིན།65 དེ་དག་ལས་གོང་མ་གསུམ་ནི་ལྡེབས་རིས་ལ་བལྟས་ནས་བཤད་པ་ཡིན་པས་དེའི་ལུང་ཁུངས་གང་ཡིན་མི་གསལ་བས་དཔྱད་དཀའ་ལ། ཕྱི་མ་གཉིས་ལས་བྱ་ཁྱུང་དང་མཁའ་ལྡིང་། མི་ཆུང་དང་བྱིས་པ། རི་དྭགས་ཤ་ར་ཎ་དང་ཤ་ར་བྷ་སྟེ་བསེ་ཁ་སྒོ་ཞེས་མིང་མི་མཐུན་པ་ཙམ་ལས་དོན་གཅིག་ཏུ་ཚངས་དབང་དགེ་འདུན་བསྟན་པས་འདོད།66 ཡང་ཚངས་དབང་དགེ་འདུན་བསྟན་པས་ཁྲི་དྲུག་འགྱོགས་རྒྱབ་ཡོལ་དུ་བཟོ་བའི་ལུགས་སྲོལ་ནི་དུས་རབ་བཅུ་གཅིག་པའི་སྐབས་སུ་བྱུང་བ་དང་། དེའི་ལག་ལེན་ཀྱི་ཁུངས་ནི་ཙ་མི་པཎ་ཆེན་གྱི་བླ་མའི་ཡོན་ཏན་ཡོངས་སུ་གཟུངས་བ་ལ་ཐུག་པ་དང་། དེའི་རྒྱུད་ཁུངས་ནི་དུས་འཁོར་རྩ་རྒྱུད་དུམ་བུ་ལ་ཐུག་པ་ཡིན་ནོ།།67 ཞེས་བཞེད་པ་ལྟར་དུས་འཁོར་རྩ་རྒྱུད་དུམ་བུ་ལས། ཁྲི་ལ་ཁྲི་གདན་དང་། ཁྲི་གདོང་དང་། ཁྲི་རྐང་དང་། ཁྲི་རྨང་གཉིས་དང་། བ་གམ་དང་། ལན་ཀན་ནམ་པུ་ཤུ་སྟེ་བདུན་པོ་བྱང་ཕྱོགས་སྡེ་ཚན་བདུན་དང་དག་པ་སྦྱར་བ་ཙམ་དང་། རྒྱབ་ཡོལ་ལ་རྒྱན་སྣ་དྲུག་ཕར་ཕྱིན་དྲུག་དང་སྦྱར་ཏེ། བྱ་ཁྱུང་ཀ་རུ་ཎ་སྟེ་སྙིང་རྗེ་དང་། ཆུ་སྲིན་པུ་ར་ཎ་སྟེ་གྲོང་ཁྱེར་དང་། མི་ཆུང་བྱ་ར་ཎ་སྟེ་ཚོགས་བདག་དང་། གླང་ཆེན་གུ་ར་ཎ་སྟེ་བླ་མ་དང་། རི་དྭགས་ཤ་ར་ཎ་སྟེ་དབང་ཕྱུག་དང་། ཀླུ་ཕྲུག་ནཱ་ར་ཎ་སྟེ་སྒྲོལ་མཛད་རྣམས་རིམ་པ་བཞིན་ཤེས་རབ་ནས་སྦྱིན་པའི་བར་ཕར་ཕྱིན་དྲུག་ལུགས་ལྡོག་དང་དག་པ་སྦྱར་ནས་གསུངས།68 ཞེས་པ་ལྟར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་དེ་ལས་ཀྱང་ཁ་གསལ་དུ་གསུངས་ཡོད་པ་ནི། ཕྱིན་དྲུག་གི་ངོ་བོ་རྒྱབ་ཡོབ་ལ་རྒྱན་སྣ་དྲུག་སྟེ། མཁའ་ལྡིང་། ཆུ་སྲིན་དང་། བྱིས་པ་དང་། གླང་པོ་ཆེ་དང་། ཤ་ར་བྷ་སྟེ་བསེ་ཁ་སྒོ་དང་། ཀླུ་ཕྲུག་རྣམས་ཀྱང་རིམ་བཞིན་ཤེས་རབ་དང་། བསམ་གཏན་དང་། བརྩོན་འགྲུས། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་ལུགས་ལྡོག་པ་དང་སྦྱར་བའོ།།69 ཞེས་གསལ་བ་ནི་ཁུངས་ལྡན་གྱི་བཟོ་ལུགས་ཡིན་དགོས་མོད། འོན་ཀྱང་དེང་སྐབས་སུ་རྒྱན་སྣ་དྲུག་པོ་འདི་ཕར་ཕྱིན་དང་སྦྱར་ཚུལ་ལ་མི་མཐུན་པ་མེད་ཀྱང་། གོ་རིམ་དེ་དང་མི་མཐུན་པར་དཀྲུགས་ནས་ཤེས་རབ་དང་སྦྱར་བའི་བྱ་ཁྱུང་གི་འོག་ཏུ་སྦྱིན་པ་མཚོན་པའི་ཀླུ་ཕྲུག་དང་། དེའི་འོག་ཏུ་བསམ་གཏན་མཚོན་པའི་ཆུ་སྲིན། དེའི་འོག་ཏུ་བརྩོན་འགྲུས་མཚོན་པའི་བུ་ཆུང་། དེའི་འོག་ཏུ་ཚུལ་ཁྲིམས་མཚོན་པའི་ཤ་ར་བྷ་སྟེ་བསེ་ཁ་སྒོ། དེའི་འོག་ཏུ་བཟོད་པ་མཚོན་པའི་གླང་པོ་ཆེ་བཅས་སུ་བྱུང་བ་ནི་ཅུང་མཚར་པོ་ཞིག་འདུག་པ་ནི། བཟོ་གནས་སྐྱ་རྩའི་ཆུ་ཐིགས་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོའམ་མཚན་མ་རྒྱན་དྲུག་འགོད་ཚུལ་། གོང་སྨྲོས་རྒྱན་དྲུག་གི་ཐིག་ཁོག་ཆ་མཉམ་པར་བགོས་པའི་སྐུའི་སྤྱི་གཙུག་གི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཀརུ་ཎ་སྙིང་རྗེ་སྟེ་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཀརུ་ཎ་སྒྲོལ་མཛད་དེ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བས་སྤྲས་པའི་སྟེང་དུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་པུར་ཎ་གྲོང་ཁྱེར་ཏེ་ཆུ་སྲིན་པ་ཏྲས་མཇུག་མ་སྤྲས་པ་དང་། དེའི་འོག་གཉིས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་བྷ་ར་ཎ་ཚོགས་བདག་ཏེ་མཛེས་པའི་བུ་ཆུང་ཤིང་ལོ་གྱོན་པ་གཉིས། དེའི་འོག་གཉིས་སུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཤ་ར་བྷ་བསེ་ཁ་སྒོ་སྟེ་རི་དྭགས་ཤ་རལ་ཅན་རྭ་གཅིག་པ་ཅན་གཉིས། དེའི་འོག་ཏུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་གུ་ར་ཎ་བླ་མ་སྟེ་གླང་པོ་ཆེ་རིན་པོ་ཆེས་རྒྱན་གྱིས་སྤྲས་ཤིང་སྣས་བུམ་པ་བཟུང་བ། དེའི་བར་སིང་ཐམས་ཅད་དུ་ཤིང་ལོའི་པ་ཏྲ་དང་། མེ་ཏོག་དང་། འབྲས་བུ་ཡིད་དུ་འོང་བ་དང་། རྒྱན་དང་། འཇའ་སྤྲིན་ཕྲ་ཚོམས་སོགས་ཀྱིས་མཛེས་པར་བྱའོ།།70 ཞེས་གསལ་བ་དང་། གཞན་བརྩོན་འགྲུས་རབ་རྒྱས་ཀྱིས་ཀྱང་དེ་དང་མཐུན་པར་བཞེད་ཡོད།71 ཡང་དེ་ལས་ཀྱང་འབྲི་ཚུལ་གསར་བ་ཞིག་སྟེ། གོང་གི་ཕྱིན་དྲུག་དང་སྦྱར་བའི་རྒྱན་སྣ་དྲུག་ལ་གླང་ཆེན་གྱི་སྟེང་དུ་སེང་གེ་བསྣན་ནས་འབྲི་ཚུལ་ཡོད་པ་ནི། དུས་འཁོར་གྱི་ལུང་ཚིག་དང་མི་མཐུན་པས། ལ་ལས་དེ་ནི་དུས་ཕྱིས་སུ་བོད་ཀྱི་ལུགས་ཡིན་པར་བཞེད་ཡོད་དེ། བཟོ་གནས་སྐྱ་རྩའི་ཆུ་ཐིགས་ལས། དེ་ལ་རྒྱལ་ཡོབ་གྱི་རྒྱན་འགའ་ཞིག་ཏུ་གོང་གི་ཕྱིན་དྲུག་མཚོན་པའི་རྒྱན་དྲུག་གི་སྟེང་དུ་གངས་ཀྱི་སེང་གེ་གཉིས་རེ་བྲིས་སྲོལ་སྣང་བ་ནི། ཕྱིས་བོད་ཀྱི་མཁས་པ་རྣམས་ཀྱི་ལུགས་སུ་སེམས་ཏེ། གང་ཞེ་ན་འཕགས་ཡུལ་དུ་གངས་ཀྱི་སེང་གེ་ཞེས་པའི་མིང་ཡང་མ་གྲགས་ཤིང་ཕྱིན་དྲུག་མཚོན་བྱེད་ལས་ལྷག་མ་སྟེ་ཚད་མེད་བཞི་དང་བསྡུ་དངོས་བཞི་མཚོན་པའི་སེང་རྒྱན་ཞེས་འབྱུང་བ་དེའམ་བོད་གངས་ཅན་གྱི་བཟོའི་ཁྱད་ཆོས་མཚོན་བྱེད་ཡིན་ནམ་དཔྱད་དོ།།72 ཞེས་གསལ་ལ། ཡང་ཅིག་བཤད་ན་བོན་ལུགས་ལ་རྒྱན་དྲུག་ལས་སེང་གེ་འབྲི་ཚུལ་ཡོད་པས་ཕན་ཚུན་གྱི་ཤན་ཞུགས་པའང་ཆ་མ་འཚལ།
༦༽རང་གི་མཐོང་སྣང་དུ་གྱུར་བའི་རྒྱན་དྲུག་དང་ན་དྲུག་གི་འབྲི་ཚུལ་འགར་དཔྱད་པ།
དེ་ལྟར་གོང་ནས་རྒྱན་དྲུག་དང་ན་དྲུག་གི་རྒྱན་རྣམ་པ་གཉིས་ཀྱི་དོན་གསལ་བོར་བསྟན་རྗེས། ད་ནི་རང་གི་མཐོང་སྣང་དུ་གྱུར་བའི་འབྲི་ཚུལ་འགའ་གླེང་བ་ནི། འདི་ལ་ཕལ་ཆེར་རིགས་བཞི་རུ་དགར་ཆོག་ཏེ།
༼གཅིག༽དྲི་མེད་གཟི་བརྗིད་ཀྱི་དགོངས་དོན་དང་ལྡོག་ཏེ་རྫོགས་སྐུ་ལ་བརྗིད་པའི་ན་དྲུག་གམ་རྒྱན་དྲུག་གིས་བརྒྱན་པ་དང་སྤྲུལ་བའི་སྐུ་ལ་མཛེས་པའི་ན་དྲུག་གིས་བརྒྱན་པའི་རིགས།
རང་གིས་མཇལ་མྱོང་བའི་སྐྱབས་འགྲོའི་ཚོགས་ཞིང་གི་ཞལ་ཐང་ཞིག་ཏུ། རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་རྒྱབ་ཡོལ་དུ་རྒྱན་དྲུག་གམ་ཟ་དྲུག་གིས་བརྒྱན་ཡོད་ལ། སྤྱིར་དྲི་མེད་གཟི་བརྗིད་ཀྱི་དགོངས་པ་ལྟར་ན་རྫོགས་སྐུ་རྣམས་ལ་མཛེས་པའི་ན་དྲུག་གིས་བརྒྱན་དགོས་པ་དང་། སྤྲུལ་བའི་སྐུ་ལ་བརྗིད་པའི་ན་དྲུག་གམ་རྒྱན་དྲུག་གིས་བརྒྱན་དགོས་པ་གོང་དུ་གསལ་ལ། འོན་ཀྱང་རྒྱན་དྲུག་གམ་ཟ་དྲུག་ནི་བོན་གྱི་ཐུན་མོང་མ་ཡིན་པའི་རྒྱན་ལུགས་ཡིན་པ་དང་། དྲི་མེད་གཟི་བརྗིད་ནི་དུས་རབས་བཅུ་བཞི་བར་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཡིན་པས། དེའི་སྔོན་གྱི་སྐུ་བརྙན་ཡིན་ན་རྫོགས་སྐུ་དང་སྤྲུལ་སྐུ་གཉིས་ལ་ཁྱད་མེད་དུ་རྒྱན་དྲུག་གིས་བརྒྱན་ཡོད་ཀྱང་འགལ་བ་ཆེར་མེད་སྙམ། དེའི་ཕྱིས་སུ་བྱུང་བ་ལ་གོང་གི་སྣང་ཚུལ་བྱུང་ན་དྲི་མེད་གཟི་བརྗིད་ཀྱི་དགོངས་པ་དང་འགལ་བ་ཡིན།
ཡང་། སྟོན་པ་ཁྲི་གཙུག་རྒྱལ་བའི་ཞལ་ཐང་ཞིག་ཏུ། སྟོན་པ་ཁྲི་གཙུག་རྒྱལ་བ་འདུལ་གོས་རིས་དྲུག་གིས་བརྒྱན་པ། སྤྲུལ་བའི་སྐུ་ཡིན་པས་སྤྱིར་ཡིན་ན་བརྗིད་པའི་ན་དྲུག་ཏེ་རྒྱན་དྲུག་གིས་བརྒྱན་དགོས་པ། དེ་ལས་ལྡོག་ནས་མཛེས་པའི་ན་དྲུག་གིས་བརྒྱན་ཡོད་ལ། མདོ་དྲི་མེད་ཀྱི་བྱམས་མ་རྩ་བའི་དཀྱིལ་ཆོག་གི་ལུང་ཚིག་ལྟར་ཆུ་སྲིན་པ་ཏྲ་ནའི་ལུགས་ལྟར་ཡིན་མོད། འོན་ཀྱང་གླང་ཆེན་འགྱིང་བ་ན་གསེར་མདོག་མིན་པ་དང་། ལྷ་སྲས་ཁྱེའུ་ན་སྐུ་མདོག་དཀར་པོ་མིན་པ། མི་ཆུང་བྱ་ར་ནས་ཕྱག་གཡོན་པས་རི་དྭགས་ཤ་ར་ནའི་ཐོར་ཚུགས་ལ་འཇུས་མེད་པ། ཕྱག་གཡས་པས་སྣང་སྲིད་གསལ་བའི་མེ་ལོང་ཕྱར་མེད་པ་སོགས་སོ་སོའི་བཞེངས་ལུགས་བཀའ་ལུང་གི་དགོངས་པ་ཇི་བཞིན་པ་མིན།
༼གཉིས༽རྫོགས་པའི་སྐུ་ལ་དྲི་མེད་ལྟར་མཛེས་པའི་ན་དྲུག་གིས་བརྒྱན་ཡོད་ཀྱང་། སོ་སོའི་སྐུ་མདོག་དང་བཞེངས་ཚུལ་བཀའ་ལུང་དང་མི་མཐུན་པའི་རིགས།
གཡུང་དྲུང་བོན་གྱི་རབ་འབྱསམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས་ལས་མ་རྒྱུད་ཀྱི་ལྷ་བཀོད་གཉིས་པའི་ཞལ་ཐང་དུ།73 གཙོ་སྐུ་གཤེན་ལྷ་འོད་དཀར་གྱི་རྒྱབ་ཡོལ་གྱི་རྒྱན་ན་དྲུག་ནི་མཛེས་པའི་ན་དྲུག་ལས་ཤང་ཤང་པ་ཏྲ་ནའི་ལུགས་ལྟར་བཞེངས་བ་ཡིན་མོད། འོན་ཀྱང་ལྷ་སྲས་ཁྱེའུ་ནའི་ཕྱག་གཡོན་པས་གླང་ཆེན་འགྱིང་བ་ནའི་སྣ་ཞགས་ལ་འཇུས་མེད་པ་དང་། མི་ཆུང་བྱ་ར་ནས་ཕྱག་གཡོན་པས་རི་དྭགས་ཤ་ར་ནའི་ཐོར་ཚུགས་ལ་འཇུས་མེད་པ། ཕྱག་གཡས་པས་སྣང་སྲིད་གསལ་བའི་མེ་ལོང་ཕྱར་མེད་པ། ཤང་ཤང་གི་སྐུ་མདོག་སེར་པོ་མིན་པ་སོགས་སོ་སོའི་བཞེངས་ལུགས་ནི་མདོ་དྲི་མེད་ཀྱི་དགོངས་པ་དང་མི་མཐུན།
གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས་ཀྱི་བྱམས་མའི་ལྷ་འཁོར་གྱི་ཞལ་ཐང་དང་པོ།74གཙོ་བོ་ཀུན་གསལ་བྱམས་མའི་རྒྱབ་ཡོལ་གྱི་རྒྱན་ན་དྲུག་ནི་མཛེས་པའི་ན་དྲུག་ལས་ཆུ་སྲིན་པ་ཏྲ་ནའི་ལུགས་ལྟར་བཞེངས་བ་ཡིན་མོད། འོན་ཀྱང་གླང་ཆེན་འགྱིང་བ་ན་སྐུ་མདོག་སེར་པོ་མིན་པ་དང་། མི་ཆུང་བྱ་ར་ནས་ཕྱག་གཡོན་པས་རི་དྭགས་ཤ་ར་ནའི་ཐོར་ཚུགས་ལ་འཇུས་མེད་པ་སོགས་སོ་སོའི་བཞེངས་ལུགས་ནི་བྱམས་མ་རྩ་བའི་དཀྱིལ་ཆོག་གི་དགོངས་པ་ཇི་བཞིན་པ་མིན།
༼གསུམ།༽རྒྱན་དྲུག་དང་ན་དྲུག་ལ་བཀའ་ལུང་དང་མི་མཐུན་པའི་རྒྱན་གཞན་བསྣན་ནས་བཞེངས་བའི་ལུགས།
ཉེ་དུས་སུ་བཞེངས་པའི་སྐྱབས་འགྲོའི་ཚོགས་ཞིང་གི་ཞལ་ཐང་ཞིག་ཏུ། རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་རྒྱབ་ཡོལ་དུ་རྒྱན་དྲུག་གམ་ཟ་དྲུག་གིས་བརྒྱན་ཡོད་ལ། གཡུ་འབྲུག་གི་སྐུ་མདོག་སྔོན་པོ་མ་ཡིན་པར་ལྗང་ཁུ་རུ་བཞེངས་པ་དང་། ད་དུང་དེ་ལས་ཀྱང་ངོ་མཚར་བ་ཞིག་ནི། ཁྱུང་དང་ཆུ་སྲིན་གྱི་བར་ན་གཡས་གཡོན་དུ་ཀླུ་ཕྲུག་གཉིས་བསྣན་ཡོད་པ་ནི་མདོ་གཟེར་མིག་གི་དགོངས་པ་དང་ཡེ་ནས་མི་མཐུན།
ཡང་བྱམས་མའི་ཞལ་ཐང་ཅུང་རྙིང་བ་ཞིག་ལ། བྱ་ཁྱུང་ཀ་རུ་ན་དང་ཆུ་སྲིན་པ་ཏྲ་ནའི་བར་དུ་ཀླུ་ཕྲུག་ཞིག་བསྣན་ནས་བྲིས་ཡོད་པ་ལྟ་བུ། ཐང་རྙིང་འདིའི་ན་དྲུག་གི་གླང་ཆེན་དང་ལྷ་སྲས་ཀྱི་སྐུ་མདོག་སོགས་ཀྱང་བཀའ་ལུང་ནང་བཞིན་མིན།
༼བཞི༽བོན་གྱི་སྐུ་བརྙན་ལ་རྒྱབ་ཡོལ་དུ་བནྡེའི་ལུགས་དང་འདྲ་བའི་རྒྱན་འགས་བརྒྱན་པའི་རིགས།
གཡུང་དྲུང་བོན་གྱི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས་ཀྱི་དགེ་སྤྱོད་ཀྱི་ཞལ་ཐང་དུ།75 གཙོ་བོ་སྟོན་པ་ཁྲི་གཙུག་རྒྱལ་བའི་རྒྱབ་ཡོལ་གྱི་ན་དྲུག་ནི། ཁྱུང་དང་ཆུ་སྲིན། མི་ཆུང་དང་རི་དྭགས། སེང་གེ་དང་གླང་ཆེན་དྲུག་གིས་བརྒྱན་ཡོད་ལ། དེ་ནི་བོན་ལུགས་ཀྱི་མཛེས་པའི་ན་དྲུག་ལུགས་གཉིས་སུ་སྣང་བ་དེ་གང་ལའང་སེང་གེའི་རྒྱན་མེད་པས་བོན་ལུགས་དང་མི་མཐུན་ལ། ཕལ་ཆེར་གོང་ནས་གླེང་བའི་བནྡེའི་ལུགས་ཀྱི་ཕྱིན་དྲུག་གོ་རིམ་དཀྲུགས་པའི་སྟེང་དུ་སེང་གེ་བསྣན་པའི་ལུགས་ཡིན་དགོས་མོད། འོན་ཀྱང་ཁྱུང་དང་ཆུ་སྲིན་གྱི་བར་ན་སྦྱིན་པ་མཚོན་པའི་ཀླུ་ཕྲུག་མེད་པས་ཇི་བཞིན་པའང་མིན་པས། བནྡེའི་ལུགས་དང་ཡང་ཅུང་མི་མཐུན།
སྟོན་པ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ལས་སྐྱེ་བ་བཞེས་པའི་ཞལ་ཐང་ཞིག་ཏུ། གཤེན་རབ་ལོངས་སྐུའི་རྒྱན་ཅན་ལ་རྒྱབ་ཡོལ་དུ། ཡས་ནས་མས་རིམ་བཞིན་ཁྱུང་དང་ཀླུ་ཕྲུག ཆུ་སྲིན། བུ་ཆུང་། རི་དྭགས། སེང་གེ གླང་ཆེན་བཅས་བདུན་གྱིས་བརྒྱན་པ་ནི། གོང་ནས་གླེང་བའི་བནྡེའི་ལུགས་ཀྱི་ཕྱིན་དྲུག་གོ་རིམ་དཀྲུགས་པའི་རྒྱན་སྣ་དྲུག་གི་སྟེང་དུ་སེང་གེ་བསྣན་པའི་ལུགས་དེ་ཡིན་འདུག འདི་དག་ནི་རང་གིས་མཐོང་བའི་སྐོར་ཡིན་ལ། ད་དུང་དེ་དང་འདྲ་བའི་ཡ་མ་ཟུང་གི་འབྲི་ཚུལ་གཞན་མེད་པའི་ངེས་པ་མེད་དོ། །
༧༽སྡོམ་ཚིག་དང་བཅས་ཏེ་མཇུག་བསྡུ་བ།
སྤྱིར་རྒྱན་དྲུག་དང་ན་དྲུག་ནི་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་དང་སྐུ་བརྙན་གྱི་རྒྱན་ཚུལ་ཞིག་ཡིན་ལ། དེ་ལས་ཀྱང་རྒྱན་དྲུག་གི་བཞེངས་ཚུལ་ནི་དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བའི་མདོ་གཟེར་མིག་གི་དགོངས་པ་ཡིན་པས། བོན་གྱི་བཀའ་ལུང་དག་ལས་བྱུང་བའི་རྒྱབ་ཡོལ་གྱི་རྒྱན་གྱི་བཞེངས་ཚུལ་ཆེས་སྔ་ཤོས་ཡིན། སྐུ་བརྙན་གྱི་གནས་གང་གི་ཐད་ནས་རྒྱན་གང་ཞིག་བཞེངས་དགོས་ཚུལ་སོགས་ཆེས་གསལ་བོ་ཡིན། གོང་ནས་ཞུས་པ་ལྟར་བནྡེའི་ལུགས་ཀྱི་ཁྲི་རྒྱབ་དྲུག་འགྱོགས་ཀྱི་ལུང་ཁུངས་ཐོག་མའང་དུས་འཁོར་རྩ་རྒྱུད་ཀྱི་ལུང་ཚིག་ལ་ངོས་འཛིན་གནང་གི་ཡོད་ལ། དེ་ཡང་དུས་རབས་བཅུ་གཅིག་པར་ངོས་འཛིན་གནང་གི་ཡོད་པ་འདྲ་འདྲ་ཡིན་མོད། འོན་ཀྱང་བོན་ལུགས་ཀྱི་རྒྱན་དྲུག་གི་བརྒྱན་ཚུལ་འདི་དུས་རབས་བཅུ་གཅིག་པ་ནས་བཟུང་ད་ལྟའི་བར་དུ་འགྱུར་བ་མ་བྱུང་བར་ཇི་བཞིན་རྒྱུད་འཛིན་བྱས་ཡོད་ལ། བནྡེའི་ལུགས་ཀྱི་ཁྲི་རྒྱབ་དྲུག་འགྱོགས་ཀྱི་བཞེངས་ཚུལ་ནི་དེ་ལས་ལྡོག་སྟེ་སྔོན་གྱི་ལུང་ཚིག་དང་བསྟུན་ནས་བཞེངས་པ་ཞིག་ད་ལྟ་མཐོང་དཀོན་ལ།དེང་སྐབས་སུ་མཐོང་ཆེ་ཤས་ནི་ཕྱིན་དྲུག་གོ་རིམ་དཀྲུགས་པའི་བཞེངས་ཚུལ་དེ་ཡིན་པས་ཅུང་ངོ་མཚར་བའི་གནས་ཞིག་ཡིན།
ན་དྲུག་དང་དེ་ལས་གྱེས་པའི་མཛེས་པའི་ན་དྲུག བརྗིད་པའི་ན་དྲུག སྤྲུལ་བའི་ཟ་དྲུག འཇིགས་པའི་རྒྱན་ཟ་དྲུག་སོགས་ཀྱི་ཐ་སྙད་དང་དབྱེ་སྟངས་ནི་མདོ་དྲི་མེད་གཟི་བརྗིད་ཀྱི་དགོངས་དོན་ཡིན་པས་དུས་རབས་བཅུ་བཞི་བའི་སྐབས་ནས་བྱུང་བ་རེད། དེའི་རྒྱུ་མཚན་གྱིས་ལོངས་སྐུ་དང་སྤྲུལ་སྐུ་ལ་མཛེས་པའི་ན་དྲུག་དང་བརྗིད་པའི་ན་དྲུག་གི་ཁྱད་པར་ཕྱེ་བ་ཡང་དུས་རབས་བཅུ་བཞི་བའི་སྐབས་ནས་དར་བ་ཡིན། དེས་ན་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ལ་ཁྱད་མེད་དུ་རྒྱན་དྲུག་གིས་བརྒྱན་ཡང་། དེ་ནི་དྲི་མེད་གཟི་བརྗིད་མ་བྱུང་བའི་སྔོན་གྱི་རྒྱན་ཚུལ་ཡིན་པས་འགལ་བ་ཆེར་མེད་ལ། སྤྲུལ་བའི་སྐུ་ལ་མཛེས་པའི་ན་དྲུག་གིས་བརྒྱན་ན། དྲི་མེད་ཀྱི་དགོངས་པ་དང་འགལ་བ་རེད། དེས་ན་བོན་གྱི་སྐུ་བརྙན་གྱི་རྒྱབ་ཡོལ་གྱི་རྒྱན་ལུགས་གསུམ་སྟེ། རྒྱན་དྲུག་གི་ལུགས་དང་མཛེས་པའི་ན་དྲུག་ལས་ཆུ་སྲིན་པ་ཏྲ་ནའི་ལུགས། ཤང་ཤང་པ་ཏྲ་ནའི་ལུགས་སོགས་གང་གི་ལུགས་ལྟར་བཞེངས་ཀྱང་བཀའ་ལུང་གི་དགོངས་དོན་མ་ནོར་བར་བཞེངས་དགོས་ལ། གོང་ནས་གླེང་བ་ལྟར་རྒྱན་སྣ་དག་གི་སྐུ་མདོག་དང་བཞེངས་ཚུལ་བཀའ་ལུང་དང་མི་མཐུན་པའི་རིགས་དང་། རྒྱན་དྲུག་དང་ན་དྲུག་ལ་རྒྱན་སྣ་གཞན་བསྣན་ནས་བཞེངས་པ་དང་། བོན་ཀྱི་སྐུ་བརྙན་ལ་བནྡེའི་ལུགས་དང་འདྲ་བའི་རྒྱན་གྱིས་བརྒྱན་པ་སོགས་མདོར་ན་བཀའ་ལུང་གི་དགོངས་པ་དང་འགལ་བའི་རིགས་སྤང་བར་བྱ་དགོས་ཏེ། དེ་ལྟར་མ་ཡིན་པར་ཁུངས་མེད་ལུང་མེད་དུ་རང་སྣང་གང་དྲན་གྱིས་བཞེངས་ན། དགེ་བ་ལས་ཉེས་པ་འབྱུང་བ་ལའང་ངེས་པ་མེད་དེ། མདོ་ལས། སྐུ་གཟུགས་ཆགས་ཚད་མེད་པ་དང་། །གསུང་རབ་བརྡ་དག་མེད་པ་དང་། །མཆོད་རྟེན་ཐིག་རྩ་མེད་པ་རྣམས། །རྒྱུ་སོང་འབྲས་བུ་ཙམ་མ་གཏོགས། །དོན་གྱི་ཡོན་ཏན་མི་མཐོང་སྟེ། །བསྟན་པ་དྲི་མས་སྦག་པ་ཡིན། །ཞེས་གསུངས་པས་རྒྱ་ཆེ་ལྷ་རིས་པ་རྣམས་ཀྱི་དོན་སྣང་མཛད་དགོས་པར་རིགས་སོ། །
ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས་མེ་སྤྲེལ་དཔྱིད་ཟླ་ཐ་ཆུང་དུ་བྲིས་པའོ།།
དཔྱད་གཞིའི་ཡིག་ཆ།
1 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༨པ་དྲི་མེད་གཟི་བརྗིད་པོད་ལྔ་བའི་ཤོག་ངོས་༤༦ནས་༤༨པ། པེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས་གསལ།
2 མདོ་དྲི་མེད་ལས། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ། །བསྟན་པ་བཞག་པའི་གནས་སུ་བཟང་། །དེ་ཡང་རྣམ་པ་གསུམ་དུ་སྟེ། །བསྟན་པ་འཛིན་དང་བསྟན་པ་སྐྱོང་། །བསྟན་པ་སྤེལ་བ་རྣམ་པ་གསུམ། །ཐོག་མར་བསྟན་འཛིན་རྒྱལ་པོ་ལ། །མངའ་དབང་ལྡན་པ་བཅུ་དྲུག་སྟེ། །རྩ་གསུམ་ལྷ་ཡི་གནས་མཆོག་ནས། །དབང་པོ་བརྒྱ་བྱིན་ལྷ་ཡི་སྲས། །རི་རབ་ཁོང་སིང་བར་མ་ན། །ཐང་བཟང་རིང་སྐྱེས་ལྷ་མེན་བུ། །རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་དུ། །གཙུན་ན་རིན་ཆེན་ཀླུ་ཡི་སྲས། །རི་བདུན་ཁ་ཁྱེར་བར་མ་ན། །འཁོར་ལོ་བསྒྱུར་རྒྱལ་མི་ཡི་མཆོག །ལུས་འཕགས་པོ་ཡི་གླིང་དཀྱིལ་ན། །གཡུང་དྲུང་འོད་གསལ་སྐྱེ་བྱེད་འཛིན། །སྒྲ་མི་སྙན་གྱི་གླིང་དཀྱིལ་ན། །འཁོར་ལོ་འོད་གསལ་ཚེ་དཔལ་ལྡན། །བན་གླང་སྤྱོད་ཀྱི་གླིང་དཀྱིལ་ན། །མེ་ཏོག་ཀུ་དྷ་དམུ་དག་འཛིན། །འཛམ་བུ་གླིང་གི་གླིང་དཀྱིལ་ན། །ཧོས་རྗེ་ཁྲི་ཝེར་ནོ་བུ་འཛིན། །ཧོས་ཡུལ་ཧོས་མོ་གླིང་དྲུག་ན། །ཧོས་རྗེ་རྒྱལ་པོ་དང་བ་ཡིད། །གཏོ་ཡུལ་འོད་མ་འབྱམས་སྐྱ་རུ། །གཏོ་རྗེ་རྒྱལ་པོ་ཁ་ཤར་རྗེ། །རྒྱ་ལགས་འོད་མའི་གླིང་དཀྱིལ་ན། །རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ། །དཔོ་ཡུལ་ཁྲི་ཐང་འབྱམས་པ་རུ། །དཔོ་རྗེ་རྒྱལ་པོ་འབར་བའི་སྒྲོན། །ཤག་ཡུལ་རྒྱལ་ས་གླིང་བཞི་རུ། །ཤག་རིགས་གཙུག་ཏོར་རྣམ་པར་རྒྱལ། །གཉན་ཡུལ་སྣང་ལྡན་འབུམ་གླིང་ན། །གཉན་སྲས་གཞོན་ནུ་བློ་གྲོས་ཆེ། །ཨུ་རྒྱན་མེ་ཏོག་དཔུང་མཛེས་ན། །རྒྱལ་པོ་དབང་ཕྱུག་དམ་པའི་དཔལ །རྒྱ་གར་བར་ར་ནཱ་སེ་ན། །ཤག་རིགས་མྱེས་ཆེན་སེང་གེ་འགྲམ། །རྒྱ་ནག་ཏིང་ཤི་ཁྲི་སྒོ་ན། །རྒྱལ་པོ་གཙུག་ལག་དམ་པ་རྗེ། །འཇིག་རྟེན་མངའ་དབང་བདག་པོ་ལ། །གཉེན་སྲིད་གཙིག་ཏུ་བརྩིས་པ་ཡི། །བསྟན་འཛིན་རྒྱལ་པོ་བཅུ་དྲུག་སྟེ། །བསྟན་པ་བཞག་པའི་གནས་སུ་བཟང་། ། ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༤བའི་ཤོག་ངོས་༣༠༧ནས་༣༠༩བར་དུ་གསལ།
3 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༤བའི་ཤོག་ངོས་༣༡༢ན་གསལ།
4 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༦པ། དྲི་མེད་གཟི་བརྗིད་པོད་གསུམ་པའི་ཤོག་ངོས་༢༧ནས་༢༨བར་དུ་གསལ།
5 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༨པའི་ཤོག་ངོས་༦༩ན་གསལ།
6 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༥༩བའི་ཤོག་ངོས་༨༢ན་གསལ།
7 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༥༩བའི་ཤོག་ངོས་༨༡ན་གསལ།
8 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༦༧པའི་ཤོག་ངོས་༡༤ནས་༡༦བར་དུ་གསལ།
9 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༦༧གྱི་ཤོག་ངོས་༦༨༤ན་གསལ།
10 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༥༩བའི་ཤོག་ངོས་༨༢ན་གསལ།
11 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༤བ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༣༡༤ནས་༣༡༨བར་དུ་གསལ།
12 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་དང་པོ་ན་གསལ།
13 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བའི་ཤོག་ངོས་༣༢༢ན་གསལ།
14 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བའི་ཤོག་ངོས་༣༨༡ན་གསལ།
15 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༤བ། དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༠༤ན་གསལ།
16 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༧པ། དྲི་མེད་གཟི་བརྗིད་པོད་བཞི་བའི་ཤོག་ངོས་༥༡༦། སྟོན་པས་གདུལ་དཀའ་བཏུལ་ནས་བསྟན་པ་སྤེལ་བའི་མདོ་ལས་གསལ།
17 ཉོན་ཅིག་ཤེས་ལྡན་བཟོ་རིགས་རྣམས། །སྤྱིར་ནི་བཟོ་ཡི་རིག་པ་ལས། །སྲིད་པས་སྲིད་དང་བསྐོས་པས་བསྐོས། །ཆགས་ལ་གཞལ་བའི་བཟོ་རིགས་ལ། །རིས་སུ་བྲིས་དང་འབུར་དུ་དོད། །ལུགས་སུ་བླུག་དང་ཐོག་ཏུ་དབུབ། །དྲ་ཞིང་དྲུབ་དང་བརྡུང་ཞིང་སྦྱངས། །བཅད་ཅིང་བཞོག་དང་རྣམ་པ་བརྒྱད། །འདིར་ནི་ཐོག་ཏུ་ཕུབ་པ་སྟོན། །དེ་དག་ལ་ཡང་རྣམ་པ་བརྒྱད། །ཕྱ་སྲིད་སྐོས་གསུམ་ལྷ་དང་ཀླུ། །དགེ་བ་ཅན་གྱི་མི་དང་དྲུག །ཤ་ཟན་གདུག་པ་སྲིན་དང་བདུན། །དབང་སྒྱུར་རྒྱལ་པོའི་ཕོ་བྲང་བརྒྱད། །དེ་དག་བརྒྱད་པོ་ལ་ཡང་ནི། །བཟོ་སྣ་བརྒྱ་དང་ཉི་ཤུ་སྟེ། །ཀུན་ཏུ་དྲིལ་བ་སྟོང་རྩ་གཅིག །འདིར་ནི་ཐམས་ཅད་འཚོགས་པ་ཡི། །ཕུན་ཚོགས་བཀྲ་ཤིས་དཔལ་འབར་བཟོ། །རྒྱལ་ཁམས་མངའ་རིས་དར་བ་དང་། །སངས་རྒྱས་བསྟན་པ་གནས་པ་དང་། །འཇིག་རྟེན་བདེ་ལེགས་ལྡན་པའི་ཕྱིར། །མཁས་ཞིང་མཁས་པའི་ཁྱད་དུ་བྱ། །རྡོ་རྗེ་མི་འགྱུར་བརྟེན་པའི་ཕྱིར། །གཞི་རྨིང་རླུང་རི་རྡོ་རྗེ་བཟོ། །རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ། །ཟངས་ཀྱི་པད་མ་འདབ་མ་སྟོང་། །ཟངས་ཀྱི་པད་མའི་ལྟེ་བ་ལ། །མཐིང་གི་འཁོར་ལོ་རྩིབས་ལྔ་བ། །འཁོར་ལོ་དབུས་ཀྱི་ལྟེ་བ་ལ། །གསེར་གྱི་ནོར་བུའི་ཁོལ་མིག་བྱ། །དེ་དག་དབུས་ཀྱི་ལྟེ་བ་ལ། །རྩིབས་གསེབ་རིན་ཆེན་ཀ་བ་དང་། །དབུས་ཀྱི་ཀ་ཆེན་གཟུག་པར་བྱ། །ཀ་བ་རེ་ལ་བཟོ་ཁྱད་རེ། །མི་མཐུན་བཟོ་སྣ་མང་ལགས་ཀྱང་། །འདིར་ནི་བཀྲ་ཤིས་བདེ་ལེགས་ཕྱིར། །ཀ་གདན་རི་སྦལ་པད་མ་བཟོ། །ཀ་བ་ཀླུ་རྒྱལ་བུམ་པ་བཟོ། །བུམ་གདན་བུམ་སྐེ་བུམ་ལྟོ་གསུམ། །ཆ་གསུམ་ཆ་མཉམ་ཆ་གཉིས་བགོས། །ཁ་རྒྱན་དཔག་བསམ་ལྗོན་པ་བཟོ། །ཀ་ཞུ་བྱ་ཁྱུང་ཀ་ར་བཟོ། །གདུང་མ་གཞའ་སྤྲིན་པ་ཏྲ་བཟོ། །དཔྱམ་གདུང་འོད་ཟེར་གཞའ་ཚོན་བཟོ། །དཔྱམ་བར་གཡུང་དྲུང་འཁོར་ལོ་བཟོ། །ཐོག་ཕུབ་ཉི་མའི་དཀྱིལ་འཁོར་བཟོ། །ཡ་གད་ཆུ་འཛིན་པ་ཏྲ་བཟོ། །བྱ་འདབ་བྱ་སྡེར་ཁྱུང་གཤོག་བཟོ། །ལོག་བཞི་སྒྱུ་འཕྲུལ་དྲ་བ་བཟོ། །ཟུར་བཞི་གཡུ་འབྲུག་འགྱུར་གཉེན་བཟོ། །སྒོ་བཞི་གཡུང་དྲུང་ཁོང་སེང་བཟོ། །སྒོ་རྒྱན་བསྙམ་པོ་མཆོད་རྟེན་བཟོ། །བར་ཁྱམས་བེག་ཙེ་དིང་ཁྱིམ་བཟོ། །ཕྱི་ལོག་ནེ་སེང་པ་ཏྲ་བཟོ། །ཕྱི་སྣམ་སྲིན་པོའི་གྲོང་ཁྱེར་བཟོ། །ཡང་ཐོག་རྣམ་རྒྱལ་ཁང་བཟང་བཟོ། །པད་འོག་ཉི་ཟེར་གཟིང་བ་བཟོ། །གདུང་མདུད་རྡོ་རྗེ་སྒེག་ལམ་བཟོ། །གདུང་འབུར་ཡིད་བཞིན་ནོར་བུ་བཟོ། །གདུང་མན་ཤི་ཤོན་པ་ཏྲ་བཟོ། །དཔྱམ་གདུང་སེང་གེ་ཙི་པར་བཟོ། །ཀ་རྒྱན་ཆུ་སྲིན་ན་ཏྲ་བཟོ། །འདུན་ས་རྒྱལ་པོའི་ཕོ་བྲང་བཟོ། །འཁོར་ས་གཞའ་ཚོན་རྒྱུན་ལོམ་བཟོ། །བྱ་འདབ་སྟེང་གི་ལོག་བཞི་ལ། །སྒོ་བརྒྱད་གསས་ཁང་ཆེན་པོ་བཞི། །ཁྱུང་གུར་ཁྱུང་མགོ་ཁྱུང་འདབ་དང་། །མི་ནུབ་རྒྱལ་མཚན་ཏོག་ཆེན་བཟོ། །བྱ་འདབ་སྟེང་གི་ཟུར་བཞི་ལ། །རྣམ་རྒྱལ་ཁང་བཟང་ཆེན་པོ་བཞི། །བེག་ཙེ་དིང་ཁྱིམ་གདན་ཁྲི་བཟོ། །ཐོག་ཕུབ་ཡང་ཕུབ་བཅས་པ་ལ། །དབུ་རྩེ་བཅུ་བདུན་གསས་ཀྱི་མཁར། །ཡང་ཁྱད་བཟོ་སྣ་བཅུ་བདུན་ལ། །སོ་སོར་ཉི་ཤུ་རྩ་ལྔ་རེ། །བཟོ་སྣ་སྟོང་དང་རྩ་གཅིག་ལ། །ཚུར་བསྡུས་ཉིས་བརྒྱ་ཉི་ཤུ་ལྔ། །ལེགས་པར་ཡིད་ལ་བཀྲམ་བྱས་ན། །ངེས་པར་རྣམ་གྲངས་ཚངས་པ་དགོས། ། ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༣པའི་ཤོག་ངོས་༤༧༩ནས་༤༨༡བར་དུ་གསལ།
18 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༦པའི་ཤོག་ངོས་༥༠སོགས་ལས་གསལ།
[1]9 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བའི་ཤོག་ངོས་༣༦༣ན་གསལ།
20 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བའི་ཤོག་ངོས་༣༦༦ན་གསལ།
21 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བའི་ཤོག་ངོས་༣༦༢ན་གསལ།
22 སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་ལྔ་བའི་ཤོག་ངོས་༡༠༠ན་གསལ།
23 སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་ལྔ་བའི་ཤོག་ངོས་༡༠༡སོགས་ན་གསལ།
24 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༣པ། དྲི་མེད་གཟི་བརྗིད་པོད་༡༠བའི་ཤོག་ངོས་༤༨༧། བྱམས་མ་རྩ་བའི་དཀྱིལ་ཆོག་ཏུ་གསལ།
25 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༥བ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་གཉིས་པའི་ཤོག་ངོས་༣༢༨ན་གསལ།
26 གཟེར་མིག་ནི་དུས་རབས་བཅུ་གཅིག་པའི་ནང་དུ་ཐོན་པའི་དཔེ་རྙིང་ཞིག་ཡིན་སྐོར་དཔྱད་གླེང་བྱས་ཟིན་པས་འདིར་སྐྱར་བཟློས་མི་བྱའོ། ཡང་ན། ཁོ་བོས་གོང་དུ་བརྗོད་པར་ལྟར། གཟེར་མིག་ནི་དུས་རབས་བཅུ་གཅིག་པའི་སྐབས་དང་། མདོ་འདུས་ནི་དུས་རབས་བཅུ་བའམ་དེ་ལས་སྔ་བའི་དུས་རབས་ནང་བྱུང་བའི་དཔེ་ཆ་ཞིག་ཡིན་པར་སྙམས། ཞེས་མདའ་དང་འཕང་། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོའི་སྟོད་ཆའི་ཤོག་ངོས་༣༩༧དང་༢༤༤ན་གསལ།
27 མདོ་དྲི་མེད་གཟི་བརྗིད་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཡིན་ལ། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༣༦༠ལོར་སྐུ་འཁྲུངས་ཤིང་།
དགུང་ལོ་ཉེར་དྲུག་བཞེས་པ་ཤིང་གླང་སྤྱི་ལོ་༡༣༨༥ལོར་སྙན་དུ་བརྒྱུད་པ་ཡིན་ཏེ། སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་གསུང་འབུམ་གྱི་ཐ་མ་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ་ལས། དེ་ནས་ཕག་ལོ་དབྱར་ཟླ་ལ། །གཡུང་དྲུང་མཁའ་འགྲོའི་བརྡ་སྤྲོད་ཅིང་། །སྤྱན་དྲང་ཨོ་རྒྱན་ཡུལ་དུ་ཕྱིན། །མེ་ཏོག་སྤུང་མཛེས་དགོན་པ་རུ། །དཔོན་གསས་རིག་འཛིན་མཁ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །རྩོད་ཟློག་ཞི་ཁྲོའི་དབང་མཆོག་བསྐུར། །དབང་ལུང་མན་ངག་གདམ་པ་བསྟན། །བོན་སྡེ་བཅུ་གསུམ་དབང་སྐལ་བྱིན། །དེ་ནས་ལོ་རྒྱལ་བྱི་བ་ལ། །བཀའ་རྒྱུད་སྙན་དུ་རྒྱུད་སྙམས་ནས། །པད་མ་མཁའ་འགྲོས་བརྡ་སྤྲོད་ཅིང་། །བོད་ཡུལ་གཡས་རུ་རྩང་སྟོད་ཀྱི། །གསང་བྲག་གནས་སུ་སྤྱན་དྲང་ནས། །དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །གཏིང་རྫོགས་གསང་བའི་དབང་མཆོག་བསྐུར། །བོན་སྡེ་བཅུ་གསུམ་བཀའ་གཏེར་བཀྲོལ། །ལོ་གྲངས་དུས་ཀྱི་གསང་རྒྱས་གདབ། །དེ་ནས་སྙན་རྒྱུད་དབུ་བཙུགས་ནས། །གླང་སྟག་ཡོས་ལ་སྙན་རྒྱུད་རྫོགས། །ད་ལྟ་སྒྲ་རྒྱལ་འབྲུག་གི་ལོ། །རིག་འཛིན་མཁའ་འགྲོས་བརྡ་སྤྲད་ནས། །གནས་མཆོག་འདི་ནི་གྲུབ་པའི་གནས། །བོད་ཡུལ་རུ་བཞིའི་ས་གནས་ཀྱི། །བཀྲ་ཤིས་ཕྱུག་མོའི་གནས་འདིར་ཕེབས། །དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཕྱིན་ལས་ཕུར་པའི་དབང་མཆོག་བསྐུར། །བོན་སྒོ་གསང་བའི་བཀའ་རྒྱ་བཀྲོལ། །སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཞོག །ཞེས་གསུངས་པས། སྙན་རྒྱུད་ཀྱི་བོན་རྣམས་སྙན་དུ་བརྒྱུད་པའི་གླང་སྟག་ཡོས་ཀྱི་ལོ་ནི་ཁོང་དགུང་ལོ་ཉེར་དྲུག་དང་ཉེར་བདུན། ཉེར་བརྒྱད་བཞེས་པའི་དུས་ཡིན་ལ། ཁོང་དགུང་ལོ་ཉེར་བཞི་བཞེས་དུས་དང་པོ་དབང་ལུང་ཐོབ་ནས་སྙན་རྒྱུད་ཀྱི་བོན་རྣམས་གཉེར་ཏུ་གཏད་པ་དང་། དགུང་ལོ་ཉེར་ལྔ་བཞེས་དུས་མཁའ་འགྲོས་སྤྱན་དྲངས་པ་ལྟར་གཡས་རུ་རྩང་སྟོད་ཀྱི་གསང་བྲག་རྒྱ་བོར་བྱོན་པ་སོགས་ཁོང་གི་གསུང་འབུམ་གྱི་དང་པོ་དབང་ལུང་ཐོབ་ཚུལ་དང་བར་དུ་སྙན་དུ་བརྒྱུད་ཚུལ། ཐ་མ་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ་སོགས་གོང་འོག་སྦྲག་ན་ཤིན་ཏུ་གསལ་བས་སོ། །
28 མདོ་གཟེར་མིག དྲང་རྗེ་བཙུན་པ་གསེར་མིག ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཤོག་ངོས་༥༧༨ན་གསལ།
29 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༥༩བ། གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་བའི་གཟུངས། ཤོག་ངོས་༢༡ན་གསལ།
30 མདོ་གཟེར་མིག དྲང་རྗེ་བཙུན་པ་གསེར་མིག ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཤོག་ངོས་༥༧༩ལས་གསལ།
31 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༡༨པ། དྲི་མེད་གཟི་བརྗིད་པོད་ལྔ་བའི་ཤོག་ངོས་༣༤༡ལས་གསལ།
32 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༢༤པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༥༩ན་གསལ།
33 ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་པོ་ཆེས་གཙོ་སྒྲིག་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༡༩༩༩ལོར་པར་དུ་བསྐྲུན། པོད་གྲངས་༥༩བ། གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་བའི་གཟུངས། ཤོག་ངོས་༡༣༤ན་གསལ།
34 གོང་ཞུས་པོད་༥༩བའི་ཤོག་ངོས་ ༣༨། ༡༤༢ ན་གསལ།
35 གོང་ཞུས་པོད་༥༩བའི་ཤོག་ངོས་ ༡༤༣། ༡༤༧། ༧༧ན་གསལ།
36 གོང་ཞུས་པོད་༥༩བའི་ཤོག་ངོས་༧༧
37 གཤམ་ནས་རྣམ་རྒྱལ་ལས་ཞེས་པ་ཐམས་ཅད་བཀའ་འགྱུར་པོད་༥༩བ་གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་བའི་གཟུངས་ལས་དྲངས་བ་ཡིན་ལ། རེ་རེ་མཆན་བུ་བཏབ་ན་མང་དོགས་པས་བསྡུས་སོ།།
38 གོང་ཞུས་པོད་༥༩བའི་ཤོག་ངོས་༧༥ན་གསལ།
39 གོང་ཞུས་པོད་༥༩བའི་ཤོག་ངོས་ ༧༨ལས་གསལ།
40 མདོ་གཟེར་མིག དྲང་རྗེ་བཙུན་པ་གསེར་མིག ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཤོག་ངོས་ཤོག་ངོས་༥༧༨ན་གསལ།
41 གོང་ཞུས་པོད་༥༩བའི་ཤོག་ངོས་ ༢༢ལས་གསལ།
42 གོང་ཞུའི་བཀའ་རིན་པོ་ཆེའི་པོད་གྲངས་༡༥བའི་ཤོག་ངོས་༣༧༢། རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས་གསལ།
43 གོང་ཞུའི་པོད་༥༩བ་འི་ཤོག་ངོས་༨༤ན་གསལ།
44 བཀའ་རིན་པོ་ཆེའི་པོད་༢༤པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༧༠ན་གསལ།
45 གོང་ཞུའི་པོད་༥༩བའི་ཤོག་ངོས་༧༨ལས་གསལ།
46 གོང་ཞུའི་བཀའ་རིན་པོ་ཆེའི་པོད་༡༥པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་གཉིས་པའི་ཤོག་ངོས་༣༢༨ན་གསལ།
47 གོང་ཞུའི་བཀའ་རིན་པོ་ཆེའི་པོད་༢༤པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༦༣པ། བསྟན་པ་རྗེས་སུ་བཞག་པའི་མདོ་ལས་གསལ།
48 གོང་ཞུའི་བཀའ་རིན་པོ་ཆེའི་པོད་གྲངས་༡༥བའི་ཤོག་ངོས་༣༧༢། རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་ལས་གསལ།
49 གོང་ཞུའི་བཀའ་རིན་པོ་ཆེའི་པོད་༢༣པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་བའི་ཤོག་ངོས་༢༤༥བ། བྱམས་མ་རྩ་བའི་དཀྱིལ་ཆོག་ལས་གསལ།
50 གོང་ཞུའི་བཀའ་རིན་པོ་ཆེའི་པོད་༢༤པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༧༡ནས་༢༧༣བར་དུ་གསལ།
51 བཀའ་འགྱུར་ལས་འདིའི་སྐབས་སུ་མི་དང་ཞེས་པ་ནི་ནོར་བ་ཡིན་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༠༠ལོར་དཔེ་སྐྲུན་མཛད་པའི་དྲི་མེད་གཟི་བརྗིད་ལས་རི་དྭགས་ཞེས་གསལ་བས་འདིར་ཡང་དེ་ལྟར་བཅོས་པ་ཡིན། ཤོག་ངོས་༢༠༥ལས་གསལ།
52 གོང་ཞུའི་བཀའ་རིན་པོ་ཆེའི་པོད་༢༤པ། མདོ་དྲི་མེད་གཟི་བརྗིད་ཀྱི་པོད་བཅུ་གཅིག་པའི་ཤོག་ངོས་༢༧༡ནས་༢༧༣བར་དུ་གསལ།
53 བོད་ཀྱི་མཁས་པ་མང་པོས་ཁྲི་དྲུག་འགྱོགས་འདི་རྒྱ་གར་ན་ལྷ་ཁང་གི་སྒོ་རྒྱན་དུ་ཡོད་པས། ལྷའི་རྒྱབ་ཡོལ་དུ་འཁྲུལ་ནས་བོད་དུ་དེའི་རྒྱུན་འབྱམས་པ་ཙམ་ལས་ཁུངས་ཡང་དག་མེད་པར་འདོད་ཅིང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གསུང་རབ་རིན་པོ་ཆེ་ཤེས་བྱ་ཀུན་ཁྱབ་ཀྱི་ཐུན་མོང་རིག་གནས་ལས་བྱུང་བའི་བཟོ་རིག་པ། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༢༠༣ནས་༢༠༤བར་དུ་གསལ།
54 ཁྲི་དྲུག་འགྱོགས། སེང་གེ་དང་གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང་། གྱད་ཀྱི་མི་རྣམས་ཀྱིས་བརྒྱན་པའི་ཁྲི། བོད་རྒྱ་ཚིག་མཛོད་ཆེན་མོ། ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོར་དཔེ་སྐྲུན་མཛད་པའི་ཤོག་ངོས་༢༧༩ན་གསལ།
55 ཁྲི་དྲུག་འགྱོགས། སེང་གེ་དང་། གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང་། གྱད་ཀྱི་མི་རྣམས་སོ། །དེ་ཡང་། ༡སེང་གེའི་ཁྲི། ༢གླང་ཆེན་གྱི་ཁྲི། ༣རྟག་མཆོག་གི་ཁྲི། རྨ་བྱའི་ཁྲི། ༥ཤང་ཤང་གི་ཁྲི། ༦གྱད་མིའི་ཁྲི་བཅས་དྲུག་གོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རྩོམ་སྒྲིག་མཛད། ཀྲོང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༩ལོའི་པར་གཞི་གཉིས་པའི་ཤོག་ངོས་༣༩༦ན་གསལ།
56 ཁྲི་འགྱོགས་རྣམ་པ་དྲུག ལྷ་སྐུའི་བཞུགས་ཁྲི་འདེགས་པར་བྱེད་མཁན་རྣམ་པ་དྲུག་སྟེ། སེང་གེ་དང་། གླང་ཆེན་དང་། རྟ་མཆོག་དང་། རྨ་བྱ་དང་། ཤང་ཤང་དང་། གྱད་མི་དང་དྲུག་གོ། བོད་ཡིག་ཚིག་གཏེར་རྒྱ་མཚོ། ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔེ་སྐྲུན་མཛད་པའི་ཤོག་ངོས་༣༥༠ན་གསལ།
57 ཁྲི་རྒྱབ་དྲུག་འགྱོགས། བྱ་ཁྱུང་དང་ཀླུ་མོ། ཆུ་སྲིན། བུ་ཆུང་། ཀྲིཥ་ཎ་སཱ་ར། གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་བྱང་སེམས་ཀྱི་ཁྲིའི་རྒྱབ་ཡོལ། བྱ་ཁྱུང་སྟེང་ལ་བྲིས་ཡོད་པ་དང་། ཀླུ་མོ་སོགས་ལྔ་པོ་དེ་གཡས་གཡོན་གཉིས་སུ་བྲིས་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོ། ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོར་དཔེ་སྐྲུན་མཛད་པའི་ཤོག་ངོས་༢༧༨ན་གསལ།
58 ཁྲི་རྒྱབ་དྲུག་འགྱོགས། བྱ་ཁྱུང་དང་ཀླུ་མོ། ཆུ་སྲིན། བུ་ཆུང་། ཀྲིཥ་ཎ་སཱ་ར། གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་བྱང་སེམས་ཀྱི་ཁྲིའི་རྒྱབ་ཡོལ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རྩོམ་སྒྲིག་མཛད། ཀྲོང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༩ལོའི་པར་གཞི་གཉིས་པའི་ཤོག་ངོས་༣༤༦ན་གསལ།
59 བོད་ཡིག་ཚིག་གཏེར་རྒྱ་མཚོ། ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོར་དཔེ་སྐྲུན་མཛད་པའི་ཤོག་ངོས་༣༤༩ ན་གསལ།
60 ཚངས་དབང་དགེ་འདུན་བསྟན་པའི་བོད་དུ་ཙ་མིའི་ལུགས་ཀྱི་ཁྲི་དྲུག་འགྱོགས་བྱུང་ཚུལ། ཞེས་པའི་རྩོམ་ཡིག་ཏུ་གསལ།
61 《西藏佛教艺术》 རྩོམ་པ་པོ། 艾米·海勒 文化艺术出版社。ཤོག་ངོས་༨༧ན་གསལ།
62 ཀྲུང་གོའི་བོད་ལྗོངས་མངའ་རིས་དུང་དཀར་ལྡེབས་རིས། ཤོག་ངོས་༡༣པ་ནས་གསལ། 中国大百科全书出版社
63 བོད་ཀྱི་ལྡེབས་རིས་ཕྱོགས་བསྡུས། མངའ་རིས་ཀྱི་པོད་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས་༦༧ན་གསལ།
64 སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་གཉིས་པ། དེབ་གྲངས་༣༠པ། དཔལ་བརྩེགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༣༦༣ན་གསལ།
65 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གསུང་རབ་རིན་པོ་ཆེ་ཤེས་བྱ་ཀུན་ཁྱབ་ཀྱི་ཐུན་མོང་རིག་གནས་ལས་བྱུང་བའི་བཟོ་རིག་པ། བཟོ་རིགས་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༢༠༣ནས་༢༠༤བར་དུ་གསལ།
66 གོ་རིམ་ནི་སྟག་ཚང་ལོ་ཙཱ་བའི་གསུང་དང་མཐུན་ལ། མི་མཐུན་ས་ནི་བྱ་ཁྱུང་ལ་མཁའ་ལྡིང་དང་། མི་ཆུང་ལ་བྱིས་པ་དང་། རི་དྭགས་ཤ་ར་ཎ་ལ་ཤ་ར་བྷ་སྟེ་བསེ་ཁ་སྒོ་ཞེས་མིང་གཞན་བྲིས་པ་ཙམ་ལས་དོན་གཅིག་གོ། ཞེས་བོད་དུ་ཙ་མིའི་ལུགས་ཀྱི་ཁྲི་དྲུག་འགྱོགས་བྱུང་ཚུལ། ཞེས་པའི་རྩོམ་ཡིག་ཏུ་གསལ།
67 བོད་དུ་ཙ་མིའི་ལུགས་ཀྱི་ཁྲི་དྲུག་འགྱོགས་བྱུང་ཚུལ། ཞེས་པའི་རྩོམ་ཡིག་ཏུ་གསལ།
68 སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་གཉིས་པ། དེབ་གྲངས་༣༠པ། དཔལ་བརྩེགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༣༦༣ན་གསལ།
69 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གསུང་རབ་རིན་པོ་ཆེ་ཤེས་བྱ་ཀུན་ཁྱབ་ཀྱི་ཐུན་མོང་རིག་གནས་ལས་བྱུང་བའི་བཟོ་རིག་པ། བཟོ་རིགས་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༢༠༣ནས་༢༠༤བར་དུ་གསལ།
70 བཟོ་གནས་སྐྱ་རྩའི་ཆུ་ཐིགས། དཀོན་མཆོག་བསྟན་འཛིན་གྱིས་བརྩམས། ཤོག་ངོས་༢༩༧ནས་༢༩༨བར་དུ་གསལ།
71 གདོང་ཆེན་ནམ་སེང་ཁྲི་ལ་སེང་གེ་དང་། གླང་ཆེན། རྟ་མཆོག རྨ་བྱ། ཤང་ཤང་སོགས་འདེགས་བྱེད་ལ་གང་འོས་དགོད། ཅེས་དང་། ཡང་། རྒྱབ་ཡོལ་ལ་བཞུགས་སྐུའི་མཛོད་སྤུའི་སྟེང་དུ་སོར་གང་བསྣན་པའི་ཚངས་ཐིག་སྟེང་ནས། ཞལ་ཚད་ལྔའི་ཟླུམ་བསྐོར་བྱས་པ་རྒྱན་དྲུག་གི་མཐའ་ཁྱོན་རགས་ཙམ་ཡིན་ལ། རྩེ་དང་གདུང་སྣེའི་ནོར་བུ་སོགས་དེར་མ་གཏོགས་ཤིང་། མཛོད་སྤུ་དང་ཚངས་འཛོམས་ས་ནས་གཡས་གཡོན་དུ་ཞལ་ཚད་ལྔ་དང་སོར་གསུམ་ན་མཚན་མ། ཁྲིའི་སྟེང་གི་གཡས་གཡོན་དུ་སོར་དོ་སོང་བ་ན་མཚན་མ་སྟེ་མཚན་མ་གཉིས་སྦྲེལ་བ་ནི་རྒྱན་དྲུག་གི་མཐའ་ཁྱོན་ཡིན། དེ་ལ་རྒྱན་དྲུག་འགོད་ཚུལ་ནི། གོང་སྨྲོས་རྒྱན་དྲུག་གི་ཐིག་ཁོག་ཆ་མཉམ་པར་བགོས་པའི་སྐུའི་སྤྱི་གཙུག་གི་སྟེང་དུ་ཁྱུང་རྭ་ནོར་བུས་བརྒྱན་ཅིང་སྦྲུལ་ཟ་བ། དེ་ལས་དམའ་ཙམ་གྱི་གཡས་གཡོན་དུ་ཀླུ་ཕྲུག་སྦྲུལ་གྱི་མཇུག་མ་ཅན་གཉིས། དེའི་འོག་གི་ཕྱོགས་གཉིས་ཀྱི་གདུང་ནོར་བས་སྤྲས་པའི་སྟེང་དུ། པ་ཏྲས་མཇུག་མ་བརྒྱན་པའི་ཆུ་སྲིན་དང་། དེའི་འོག་གཉིས་སུ་བུ་ཆུང་ཤིང་ལོ་གྱོན་པ་གཉིས། དེའི་འོག་གཉིས་སུ་རི་དྭགས་ཤ་རལ་ཅན་རྭ་གཅིག་པ་ཅན་གཉིས། དེའི་འོག་གཉིས་སུ་རིན་པོ་ཆེའི་རྒྱན་སྤྲས་ཤིང་སྣ་ཞགས་ཀྱིས་བུམ་པ་བཟུང་བའི་ཐལ་དཀར་གླང་ཆེན་གཉིས་བྲི་ཞིང་། དེ་དག་གི་བར་གསེང་དུ་ཤིང་ལོའི་པ་ཏྲ་དང་། མེ་ཏོག་དང་། འབྲས་བུ་ཡིད་དུ་འོང་བ་དང་། རྒྱན་དང་འཇའ་སྤྲིན་ཕྲ་ཚོམ་སོགས་ཀྱིས་མཛེས་པར་བྱའོ། །བོད་ཀྱི་རི་མོ་སྤྱིའི་རྣམ་བཞག་བློ་གསལ་འཇུག་སྒོ བརྩོན་འགྲུས་རབ་རྒྱས་དང་རྡོ་རྗེ་རིན་ཆེན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༧༩ནས་༢༨༠བར་དུ་གསལ།
72 བཟོ་གནས་སྐྱ་རྩའི་ཆུ་ཐིགས། དཀོན་མཆོག་བསྟན་འཛིན་གྱིས་བརྩམས། ཤོག་ངོས་༢༩༧ནས་༢༩༨བར་དུ་གསལ།
73 གཡུང་དྲུང་བོན་གྱི་རབ་འབྱསམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས། ཡོན་ཏན་ཕུན་ཚོགས་ཀྱི་རྩོམ་སྒྲིག་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོ་པར་དུ་བསྐྲུན། ཤོག་ངོས་༢༡༡ན་གསལ།
74 གཡུང་དྲུང་བོན་གྱི་རབ་འབྱསམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས། ཡོན་ཏན་ཕུན་ཚོགས་ཀྱི་རྩོམ་སྒྲིག་མཛད། སི་་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོ་པར་དུ་བསྐྲུན། ཤོག་ངོས་༥༡ན་གསལ།
75 གཡུང་དྲུང་བོན་གྱི་རབ་འབྱསམ་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་ཀུན་འདུས། ཡོན་ཏན་ཕུན་ཚོགས་ཀྱི་རྩོམ་སྒྲིག་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོ་པར་དུ་བསྐྲུན། ཤོག་ངོས་༣༥ན་གསལ།