མཆོད་རྟེན་དང་མཆོད་རྟེན་རྩེ་མོའི་འཕོ་འགྱུར་ཞིབ་འཇུག
[ཟླ་ཚེས། 2017-05-12 22:22:32][རྩོམ་པ་པོ། རྒྱ་ཤོད་ཤེར་རྒྱམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ད་ལྟ་གངས་ཅན་བོད་ཡུལ་དུ་མཆོད་རྟེན་བཞེངས་ལུགས་མི་འདྲ་བ་སྣ་ཚོགས་ཡོད་པ་འདི་དག་ནི། ཧི་མ་ལ་ཡ་བྱང་ནུབ་ས་ཁུལ་གྱི་སངས་རྒྱས་ཐུགས་རྟེན་བཟོ་སྐྲུན་རིག་གནས་ལས་འཕེལ་རྒྱས་སོང་བ་སྟེ། དཔེར་ན། མགོ་ལོག་དགའ་བདེ་ལུང་སྔོན་དགོན་གྱི་གངས་ལྗོངས་བྱ་རུང་ཁ་ཤོར་མཆོད་རྟེན་དང་། རྒྱང་རྩེའི་མཆོད་རྟེན་སོགས་ནི་བལ་ཡུལ་བྱ་རུང་ཁ་ཤོར་མཆོད་རྟེན་ལ་དཔེ་བླངས་ནས་བཞེངས་སྐྲུན་མཛད་ཡོད་ཅིང་། བྱ་རུང་ཁ་ཤོར་དང་འཕགས་ཤིང་ལ་སོགས་བལ་ཡུལ་མིག་ཅན་མཆོད་རྟེན་གྱི་མ་ཕྱི་ནི། ས་གནས་གཞན་པ་ལས་རྙིང་པ་དེ་འདྲ་རྙེད་རྒྱུ་མེད་པར་སྣང་ནའང་། ཧི་མ་ལ་ཡ་ས་ཁུལ་ནས་བྲག་རྐོས་རི་མོ་རྙིང་བའི་མཆོད་རྟེན་བུམ་ལྟོར་མིག་ཅན་འགའ་ཞིག་རྙེད་པ་འདིས། རྩ་བའི་བྱུང་ཁུངས་ཀྱི་མཆོད་རྟེན་དེ་རིགས་འཕོ་འགྱུར་གང་ནས་སོང་བར་གསལ་བཤད་བྱས་ཡོད།
ད་ལྟ་གཡུང་དྲུང་བོན་གྱིས་བཞེངས་སྲོལ་འདུག་པའི་བྱ་རུ་དབུ་ཅན་གྱི་མཆོད་རྟེན་རིགས་དང་། ལོ་པཎ་དབུ་གསུམ་མཆོད་རྟེན་དག་ཀྱང་སྟོད་མངའ་རིས་དང་། ཨབ་གྷ་ནི་སི་ཐན་དང་། པཱ་ཁི་སི་ཐན་སོགས་ནས་རྡོ་རྐོས་བྲག་རིས་རྙེད་སོན་བྱུང་བས། ས་གནས་དེ་དག་དང་འབྲེལ་བ་ཏན་ཏན་ཡོད་པ་དངོས་དཔང་ལམ་ནས་ང་ཚོར་ར་སྤྲོད་བྱས་པ་ལ་བསྙོན་དུ་མེད་དོ།།
སྤྱིར་མི་རིགས་གང་གིས་བཟོ་སྐྲུན་བྱས་ཚེ་ས་གནས་རང་གི་སྔོན་མའི་རིག་གནས་དང་འབྲེལ་བ་ཡོད་ཀྱང་སྲིད་ཏེ། རྒྱ་གར་རྡོ་རྗེ་གདན་གྱི་ནང་ཆོས་མཆོད་རྟེན་གྲགས་ཅན་དེ་ནི་རྒྱ་གར་ཧིན་དྷུའམ་ཕྱི་རོལ་པའི་ཆོས་ལུགས་པ་དག་གིས་ལྷ་ཁང་ངམ་མཆོད་རྟེན་བཞེངས་ལུགས་ལ་དཔེར་བླངས་བྱས་ཡོད་པ་གཤམ་འོག་པར་རིས་ཀྱིས་མངོན་པར་བསྟན་ཡོད།
རྒྱལ་ཁབ་དང་མི་རིགས་གཞན་གྱི་ཆོས་ལུགས་དང་རིག་གནས་ནང་འདྲེན་བྱེད་ཀྱང་སྲིད་དེ། རྒྱ་གར་ཝ་ར་ཎ་སའི་ནང་བསྟན་ཆོས་ལུགས་པའི་མཆོད་རྟེན་གྲགས་ཅན་དེ་ནི། ཨབ་གྷ་ནི་སི་ཐཱན་ནས་(༢༦༠༠-༢༧༠༠[༡])ལོ་ངོ་ལྔ་སྟོང་[༢]གི་ལོ་རྒྱུས་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོན་ཤུལ་ས་འོག་ཏུ་འདུག་པ་རྙེད་པའི་ཁྲོད་དུ། ཝ་ཎའི་མཆོད་རྟེན་དང་དབྱིབས་མཚུངས་ཤིག་བཞུགས་པ་རྙེད་པའི་དཔེ་རྒྱུན་འཕོ་འགྱུར་ལས་བྱུང་བ་དངོས་ཁམས་རིག་པས་དཔང་པོར་མཛད་འདུག་པ་དང་འདྲའོ།།
གཞན་ཡང་སྟོད་མངའ་རིས་སྐོར་གསུམ་དང་། པཱ་ཁི་སི་ཐན། ཀ་ཤི་མིར། ཨབ་གྷ་ནི་སི་ཐན་ས་ཁུལ་དག་ལས་མཆོད་རྟེན་བཟོ་དབྱིབས་མི་འདྲ་སྣ་ཚོགས་དཀར་དམར་ཚོན་གྱིས་བྲིས་པ་དང་རྡོ་ལ་བརྐོས་པའི་རིས་གཟུགས་རྙིང་པ་རྙེད་པ་དག་གིས། བོད་ཁུལ་གྱི་བན་དེས་མཆོད་བརྒྱད་ལ་སོགས་བཞེངས་ལུགས་དང་བོན་པོས་མཆོད་རྟེན་བརྒྱ་དང་ཉི་ཤུ་བཞེངས་ལུགས་ཀྱི་རྩ་ཁུངས་དང་འཕེལ་རིམ་གསལ་བོར་བསྟན་འདུག་པ་ཡིན་ནོ།།
མདོར་ན་བོད་ཀྱི་བོན་ཆོས་དང་རྒྱ་གར་བལ་ཡུལ་སོགས་ཀྱི་ནང་བསྟན་མཆོད་རྟེན་བཞེངས་ལུགས་དང་གསར་རྙིང་མི་འདྲ་བ་ཅི་ཙམ་མང་དུ་འདུག་ཀྱང་། ཨབ་གྷ་ནི་སི་ཐན་དང་། པཱ་ཁི་སི་ཐན་བྱང་བརྒྱུད། ཧི་མ་ལ་ཡ་ནུབ་ཁུལ་དག་ནས་རྙེད་པ་ལས་རྙིང་པ་ཞིག་རྙེད་དུ་མེད། དེས་ཕྱིར་ན་ས་གནས་དེ་དག་གི་མཆོད་རྟེན་བཞེངས་སྐྲུན་མཛད་ལུགས་ཀྱི་གཞི་རྩའི་བྱུང་ཁུངས་ནི། དབྱིན་ཡིག་སྟེང་དུ་གནའ་རྫས་རྟོག་ཞིབ་པས་དཔྱད་འབྲས་བཀོད་པ་ལྟར་ན། སྤྱི་ལོའི་སྔོན་གྱི་ལོ་ངོ་༣༠༠༠ལོ་རྒྱུས་དང་རྒྱ་ཡིག་ཐོག་ཏུ་བཀོད་པ་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་༦༠༠-༧༠༠བར་གྱི་ལོ་རྒྱུས་ལྡན་པར་བཤད་པའི་ཧི་མ་ལ་ཡའི་ནུབ་བརྒྱུད་ཉེ་ཁུལ་གྱི་ཨབ་གྷ་ནི་སི་ཐན་ནས་སྔོག་འདོན་བྱུང་བའི་གནའ་ཤུལ་དགོན་རྙིང་དུ་བཞུགས་པའི་མཆོད་རྟེན་དེ་རིགས་ལས་སྔ་བ་མེད་པས། མིག་སྔར་སངས་རྒྱས་ཆོས་ལུགས་པའི་ཐུགས་རྟེན་བཟོ་སྐྲུན་མཆེད་ཁུངས་ཀྱི་དངོས་དཔང་གསལ་བོར་བསྟན་འདུག་པ་ཡིན་ནོ།།
རི་བོ་ཧི་མ་ལ་ཡའི་སངས་རྒྱས་ཆོས་ལུགས་ཀྱི་མཆོད་རྟེན་རྩེ་མོ་ནི་བྱ་རྒྱལ་ཁྱུང་དབུ་དང་འབྲེལ་བ་དམ་པོར་འདུག་སྟེ། ཞང་ཞུང་རིག་གནས་ཁྲོད་དུ་མཆོད་རྟེན་དབུ་རྩེའི་གཡས་གཡོན་རྭ་གཟུགས་སུ་གྲུབ་པ་ལ་བྱ་རུ་[༣]ཞེས་གྲགས། བྱ་རུ་ཞེས་པ་ནི་རི་དྭགས་རྣ་བའི་རྭ་ལ་རྣ་རུ་ཟེར་བ་བཞིན། བྱ་རྒྱལ་ཁྱུང་གི་རྭ་ཅོ་ལ་བསྡུས་མིང་དུ་དེ་ལྟར་འབོད་སྲོལ་ཆགས་པ་ཡིན། བྱ་རྒྱལ་ཁྱུང་ནི་སངས་རྒྱས་ཀྱི་རྣམ་སྤྲུལ་ཡིན་པའི་ལྟ་ཚུལ་འཕེལ་རིམ་ནས་ལྷ་རུ་འཛིན་པའི་འདུ་ཤེས་བྱུང་བས། ཞང་བོད་ཀྱི་འདོན་ཆོག་ནང་དུ"ཁྱུང་གསས"[༤]ཞེས་པའི་ཐ་སྙད་སྐོར་ཐེངས་མང་དུ་འདུག་པའང་གནད་དེས་གྲུབ།
བྱ་རུ་གཡས་གཡོན་བར་ལ་རིན་ཆེན་ཏོག་གིས་བརྒྱན་པ་འདི། སངས་རྒྱས་ཀྱི་ཐུགས་རྟེན་མཚོན་པའི་མཆོད་རྟེན་དབུ་རྩེར་བཀོད་པའི་སྲོལ་རྒྱུན་བྱུང་བ་མ་ཟད། སྐབས་དེར་ཞང་ཞུང་གི་སྤྱི་ཚོགས་ནང་དུ་བྱ་ཁྱུང་ལ་གཙུག་འཛིན་ཤུགས་ཆེར་སོང་སྟབས། རྒྱལ་པོ་རྣམས་ཀྱིས་གསེར་དངུལ་སོགས་ཀྱི་བྱ་རུ་དང་རིན་ཆེན་ཏོག་གིས་བརྒྱན་པའི་དབུ་ཞྭ་བསྣམས་ཏེ་རང་རང་གི་གོ་གནས་དང་ཆེ་ཐོབ་མཚོན་འདུག་པ་ནི། <<གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག>>[༥]ལས་ཞང་ཞུང་གི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བཞེད་པས་རྟོགས་ཐུབ་པ་ཡིན་ནོ།།
རྒྱ་གར་ནང་བསྟན་དང་ཧི་མ་ལ་ཡའི་སངས་རྒྱས་ཆོས་ལུགས་ཧིན་དྷུའི་ཆོས་ལུགས་ཁ་ཆེའི་རིག་གནས་དང་ཆོས་ལུགས་དེ་དག ཧི་མ་ལ་ཡའི་ནུབ་ཁུལ་དང་། རྒྱ་གར་དང་པཱ་ཁི་སི་ཐན་གྱི་བྱང་བརྒྱུད། ཨབ་གྷ་ནི་སི་ཐན་བཅས་ནས་འབྲེལ་འདྲིས་སོང་རིམ་དང་བསྟུན། མཆོད་རྟེན་རྩེ་མོའི་བྱ་རུ་ཟླ་གཟུགས་དང་ཏོག་ཀྱང་ཕྱི་རོལ་བ་སོགས་དང་མཐུན་པས་ཤུགས་རྐྱེན་ཐེབས་ཏེ་འཕོ་འགྱུར་སྣ་ཚོགས་སུ་སོང་ཡོད་པ་དང་འདྲའོ།།
མཆོད་རྟེན་དབུ་རྩེའི་རིན་ཆེན་ཏོག་ནི་རྩེ་ཟླུམ་རྩ་བ་ཕྲ་མོ་དང་། སྲོག་ཤིང་རྩེ་རུ་སྒོར་དབྱིབས་ཅན་དང་། སྲོག་ཤིང་མེད་ཅིང་ཉི་མ་བཞིན་དུ་སྒོར་དབྱིབས་ཅན་དང་། ཤེས་རབ་རལ་གྲིའི་རྩེ་མོའམ་མདུང་རྩེ་ལྟ་བུ་དང་། སྲོག་ཤིང་ཕྲ་མོ་ལ་ནོར་བུ་དང་འདྲ་བ་ཆེ་བ་འོག་དང་ཆུང་བ་སྟེང་དུ་བརྩེགས་མའི་ཚུལ་དང་། ཉི་མ་ནོར་བུའི་ཏོག་ཅན་དང་། བུམ་པའི་སྟེང་དུ་ནོར་བུ་བཞག་པ་ལ་སོགས་འཕོ་འགྱུར་སྣ་ཚོགས་བྱུང་བ་ཧི་མ་ལ་ཡའི་བྲག་རྐོས་རི་མོ་རྙིང་བ་དག་གིས་ར་སྤྲོད་བྱས་ཡོད་དོ།།
གནད་དོན་དེ་དག་ནི་མི་རིགས་དང་ཡུལ་སྲོལ་རིག་གནས་དང་ཆོས་ལུགས་མི་འདྲ་བའི་འདུ་ཤེས་འཛིན་སྟངས་ལ་བརྟེན། དུས་རབས་དང་ས་ཁུལ་མི་འདྲ་བའི་ལག་རྩལ་དང་མཐུན་པའི་བཟོ་བསྐྲུན་སྣ་ཚོགས་མཛད་འདུག་པ་གོང་གི་བྲག་རྐོས་རི་མོ་དག་ལས་ང་ཚོས་གསལ་བར་མཐོང་ཐུབ་པ་ཡིན་ནོ།།
[༡] 阿富汗发现2600年前佛寺,文物足以填满阿富汗国家博物馆 དྲ་ཚིགས་ཁ་བྱང་དེར་ཞུགས་ན་མཐོང་ཐུབ་པ་ཡིན།
[༢] Www.Daving Mes Aynak.com དྲ་ཚིགས་དེར་གཟིགས་ན་མཐོང་ཐུབ་པ་ཡིན།
[༣] བཀའ། འཕྲུལ་དེབ། <<མདོ་གཟེར་མིག>>བྱ་རུ་གཡས་གཡོན་དང་རིན་ཆེན་ཏོག་གསུམ་ནི། ཐབས་ཤེས་དབྱེར་མེད་གསུམ་མམ་སྲིད་པ་སངས་པོ་འབུམ་ཁྲི་དང་། སྟོན་པ་གཤེན་རབ་མི་བོ། གཤེན་ལྷ་འོད་དཀར་གསུམ་གྱི་མཚོན་དོན་དུ་སྦྱར་རོ།།
[༤] གསས་ནི་བོན་གྱི་ཐུན་མོང་མིན་པའི་བརྡ་སྐད་ལ་ལྷ་རུ་གོ་བ་ཡིན།
[༥] མཛད་པ་པོ་གྲུབ་དབང་བསྟན་འཛིན་རིན་ཆེན།<<ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག>>འཕྲུལ་དེབ།