ཡ་ཐོག་བོན་གྱི་རིག་གནས་དང་འབྲེལ་ཏེ་མདའ་དར་ཞེས་པའི་སྐོར་ལས་རགས་ཙམ་གླེང་བ།
[ཟླ་ཚེས། 2016-03-08 17:35:18][རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྩོམ་པ་པོ། གཟི་རྩ་སངས་རྒྱས་དོན་གྲུབ།
སྤྱིར་བཏང་མདའ་དར་ནི་ཞང་ཞུང་ཕྱྭ་ཡི་གཡང་རར་གྲགས་པའི་གནའ་བོའི་ཡུལ་ཁམས་དང་བསིལ་ལྡན་བོད་ཀྱི་ཡུལ་གྲུ་ཀུན་དུ་མ་ཟད། ཞང་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན། ཆོས་ལུགས་དར་བའི་ཡུལ་གྲུ་དག་གི་བོད་རིགས་ཚང་མས་བེད་སྤྱོད་བྱེད་པའི་རྒྱུན་སྲོལ་ཞིག་ཆགས་ནས་ད་དབར་དུ་མི་ཉམས་པར་གནས་བཞིན་ཡོད་ལ། དེ་ནི་དམངས་ཁྲོད་ཀྱི་རིག་གཞུང་ནང་དུ་དགོས་གལ་ཧ་ཅང་ཆེ་བ་ཞིག་ཡིན། དམིགས་བསལ་དུ་བག་མ་ལེན་སྐབས་དང་། ཚེ་འགུགས་དང་གཡང་འགུགས། བླ་འགུགས་སྐབས་སུ་རྒྱུན་སྤྱོད་དུ་མཁོ་ཡོད་པར་ཡོངས་སུ་གྲགས་ཤིང་གྲུབ་སྟེ་བཀྲ་ཤིས་ལེགས་ཚོགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་རྟེན་འབྲེལ་གྱི་མཚོན་རྟགས་མཆོག་ཏུ་གྱུར་བ་ཞིག་ལགས་སོ།།
མདའ་དར་ཅེས་པ་ནི་རྟེན་ལྷའི་ངོ་བོ་དང་ཡོན་བདག་གཉིས་ཀྱི་མཚོན་བྱེད་ཡིན། མདའ་དར་ལ་དབྱེ་ན། ཚེ་ཡི་མདའ་དར་དང་། གཡང་གི་མདའ་དར། བག་མའི་མདའ་དར་གསུམ་གྱི་རྣམ་པར་ཆགས་ཡོད་པས། སྐབས་འགར་ལྷ་མདའ་ཡང་བགྱིས་པའང་ཡོད། དུས་རབས་བཅུ་བཞིའི་ནང་དུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་(1360-1406)སྙན་བརྒྱུད་དུ་གྲགས་པའི་<<མདོ་དྲི་མེད་གཟི་བརྗིད་ཀྱི་ལེའུ་དགེ་སྤྱོད་རྣམ་པར་དག་པའི་མདོ།>>ལས། “ཐབས་ཀྱི་རྒྱལ་པོ་ཐུགས་རྗེའི་མདའ།། སྤྲུལ་བ་སྣ་ཚོགས་འབྱུང་བའི་དར།།”༡ཅེས་དང་། བོན་གྱི་ཆོ་གའི་གཞུང་<<སྟག་ལ་སྤུ་གྲི་དམར་པོའི་ལས་མཐའ་ཚེ་གྲུབ།>>ལས་ཀྱང་། “སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། སྐུ་མདོག་ལྗང་གུ་ཕྱག་གཡས་ཚེ་མདའ་ཕྱག་གཡོན་ཚེ་བུམ་འཆི་མེད་བདུད་རྩིས་བཀང་བ་བསྣམས།”༢ ཞེས་པས་གོང་གི་ལུང་ཚིག་དེ་ཉིད་ཀྱིས་ཚེ་མདའི་ངོ་བོ་དག་གསལ་བཤད་བྱེད་ཐུབ། ཡང་། བོན་དཔེ་རྨ་སྟོན་ཤེར་སེང་གི་སྙན་བརྒྱུད་<<ཕྱྭ་ཚེ་མན་ངག་ཡང་སྙིང་།>>ལས། “ཕྱྭ་མདའ་གཡང་རྟེན་རྒྱན་ལྡན་འདི།། དམུ་ཡད་ཕྱྭ་ཚེ་གཡང་གི་རྟེན།། གཡང་གསས་རྣམས་ཀྱི་རྟེན་དུ་འཛུག། རྟེན་ལ་བཞུགས་ཤིང་ཕྱྭ་ཚེ་ལྷ།། ཚེ་མདའ་མི་འགྱུར་རྟེན་དུ་འཛུག།”༣ ཅེས་དང་། སྐྱང་སྤྲུལ་ནམ་མཁའ་རྒྱལ་(1770-1833)གྱིས་མཛད་པའི་<<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོའི་ལག་ལེན།>>ལས། “གཡས་སུ་ཕྱྭ་མདའ་སྒྲོལ་དཀར་མདེའུ་ལྡན་པ་དར་ཚོན་སྣ་ལྔས་བརྒྱན་ལ་གཟུག”༤ ཅེས་པའི་གཡང་མདའི་ངོ་བོ་མཚོན། ཕྱྭ་ཅེས་པའི་ཐ་སྙད་ནི་གཡང་ངམ་བཅུད། ལྷ་ལས་སོགས་གོ་བའང་ཡོད། གཡང་མདའ་ལ་ཕྱྭ་མདའ་སྒྲོ་དཀར་ཞེས་ཀྱང་ཟེར། “སྐབས་འགའ་དཔལ་གྱི་མདའ་དར་ཡང་ཟེར།”༥ དེའི་སྐབས་གཏམ་རྒྱུད་དང་འབྲེལ་ནས་སྨྲོས་ན། སྔོན་སྲིད་པ་ཆགས་པའི་རྣམ་པར་དང་པོ་བར་བ་ཐ་མ་གསུམ་ལས། དུས་དང་སྲིད་པ་དེའི་ཐ་མ་ལ། རྒྱ་མཚོ་ཁ་མེར་བ་གཅིག་ཏུ་སྲིད་ནས། དུས་སྐབས་དེ་ཙམ་ན་རྒྱ་མཚོ་ལ་གློ་བུར་དུ་ལྦུ་བ་ལྔར་བྱུང་། ལྦུ་བ་དེ་རིན་ཆེན་གྱི་སྒོང་བ་ལྔར་འདྲིལ། གསེར་སྒོང་། དུང་སྒོང་། གཡུ་སྒོང་། མཆོང་སྒོང་། ཟངས་སྒང་བཅས་ལྔར་བསྲིད། དེ་ལྟར་སྲིད་པ་དུས་ཀར་དེ་ཙམ་ན། གཏོ་ཡི་གཤེན་པོ་འབྲང་དཀར་ཅེས་བྱ་བ་ཞིག་གི་ཞལ་སྔ་ནས། ཕྱྭ་བོན་ནམ་ཕྱྭ་ཡི་གཤེན་པོ་ཚུར་ང་ལ་གསོན་དང་རིན་པོ་ཆེ་གསེར་གྱི་སྒོ་ང་སེར་པོ་དེའི་ཕྱིའི་ཤུན་དང་བར་གྱི་གདར་ཤ་དང་ནང་གི་སྤྲི་ལ་ཅི་ཞིག་ཡོད་ཅེས་པའི་དྲི་བ་ཞུས། དེ་ནས་ཕྱྭ་བོན་གྱིས་གཏོར་གྱི་གཤེན་པོ་གསོན་དང་། གསེར་སྒོང་བར་གྱི་གདར་ཤ་ལ་རིན་པོ་ཆེ་གསེར་གྱི་མདའ་མོ་ཞིག་ལ་དེའི་འགོ་ལ་བྱ་རྒོད་དང་ཁྱུང་གི་སྒྲོ་སྤུན་གསུམ་གྱིས་བརྒྱན་ལ། མདའ་དེའི་རྐད་ལ་མཚལ་དང་རམ་གྱིས་རྩི་ཡང་བྱུག དེའི་འཇུག་ཏུ་གནམ་ལྕགས་འུར་མོའི་མདེའུ་བཙུག མགུལ་དུ་དར་མཚོན་ལྔ་བཏགས། དེ་ལ་མིང་དང་མཚན་གསོལ་བ་ལ་ཕྱྭ་མདའ་སྒྲོལ་དཀར་དར་གྱི་ཕུར་ལྕེ་ཅན་ཞེས་ཀྱང་བགྱིས། མདའ་དར་གྱི་བྱུང་ཁུངས་དང་དེའི་ངོ་བོ་མཚོན་ཐུབ་པ་མངོན་པར་ལགས་སོ།། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་(1936ལོར་འཁྲུངས།)གྱིས་<<བོན་གྱི་གཉེན་སྒྲིག་གི་ཆོ་གའི་སྐོར།>>མཛད་གནང་ཡོད་པའི་ནང་ནས་མདའ་ལ་མི་འདྲ་བ་རྣམ་པ་གསུམ་གྱིས་སྟོན་ཡོད་དེ། “གཅིག ལྷ་མདའ་སྒྲོ་དཀར། དེ་ནི་མགོ་ཡི་ལྷ་ལྔ་ཞེས་པ་དེའི་རྟེན་ཡིན་ལ། གཉེའུ་འདུན་གྱི་འཁྱེར་ཡོང་བའི་བག་སྐལ་གྱི་ཆ་ཤས་ཤིག་ཡིན། གཉིས། ཚེ་མདའ་ཉ་མིག དེ་ནི་ཁྱོད་གའི་མདའ་དང་ཕོ་ཡི་མཚོན་བྱེད་ཅིག་ཡིན། གསུམ། དཔལ་མདའ། དེ་ནི་མནའ་མའི་ཡབ་ཀྱིས་རང་གི་བུ་མོ་མནའ་མར་འགྲོ་སྐབས་སུ་ཕུལ་བའི་རྟེན་ཡིན།”༦ ཞེས་པས་མཚོན་ནོ།།
མདའ་དར་འདིའི་ཁྱད་ཆོས།
མདའ་དར་འདིའི་ཁྱད་ཆོས་ནི། གཙོ་བོ་སྨྱུག་རྒོད་དམ་སྨྱུག་མ་སྐམ་པོ་ཚིགས་རྐང་གསུམ་ཅན་ངེས་པར་དུ་དགོས། ལ་ལས་ཚིགས་རྐང་བཞི་དགོས་ཟེར་མཁན་ཡོད་མོད་ཀྱང་། དེའི་ཚིགས་རྐང་བཞི་བེད་སྤྱོད་བྱེད་སའི་མདའ་དེ་ཚེ་མདའ་དང་གཡང་མདའི་ཁྱད་ཆོས་མིན་པ་བོན་གཞུང་གི་ཆོ་ག་གཤེན་གྱི་དྲང་སྲོང་དྲུང་མུ་ཝེར་ཞིར་རམ་གཡུང་དྲུང་རྒྱལ་མཚན་(1634-1694)དེ་ཉིད་ཀྱིས་མཛད་པའི་<<སྦྱིན་བསྲེག་སྤྱི་རྒྱུག་གི་ལས་བཞིའི་ཆ་ལག་ཟུར་དུ་བཀོད་པ།>>ལས། “སྙུག་རྒོད་ཚིགས་བཞི་ཚད་མེད་བཞི།”༧ཞེས་དང་། སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་(1813-1862)དེ་ཉིད་ཀྱིས་བརྩམས་གནང་མཛད་པའི་<<གདུང་ཀློང་གཉིས་ཀྱི་བཅའ་ཐབས་ལག་ཁྲིད་བློ་རྨོངས་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག>>ལས། “མེ་ཐབ་ཀྱི་དབུས་སུ་འཛུག་ཏུ་དབལ་དར། མདའ་རྒོད་སྒྲོ་མ་གསར་གཙང་ལྔའམ་གཅིག་ལ་དར་དྲི་མེད་སྣ་ལྔས་འདག་པ་དང་། མདའ་འམ་སྙུག་རྒོད་ལ་རླུང་དར་ལྗང་གུ་བཏག་པ་དང་། མེ་དར་དམར་པོ་འདག་པ་གཉིས་བྱ།”༨ ཞེས་པ་སྦྱིན་བསྲེག་གི་མེ་ཐབ་དུ་བཙུག་པའི་མེ་མདའ་ཡིན་པས་མཚོན། དེའི་ཚིགས་རྐང་གསུམ་ནི་ལུས་ངག་ཡིད་གསུམ་དང་སྲོག་གི་རྟེན་མཚོན་པར་བྱེད་པའི་གནས་ཡིན་པས་བོན་གྱི་ཆོ་གའི་གཞུང་<<དུ་ཏྲི་སུ་ཡི་སྒྲུབ་གཞུང་མ་རིག་མུན་སེལ་འཁོར་བ་དོན་སྤྲུགས།>>ལས། “སྨྱུག་རྒོད་ཚིགས་གསུམ་སྲོག་གི་བརྟེན།”༩ ཅེས་གསལ། ཡང་ <<མདའ་དར་གྱི་བསྟོད་པ།>>ལས། “ སྙུག་རྒོད་ཚིགས་གསུམ་ལུས་ངག་ཡིད་དང་གསུམ།”༡༠ ཞེས་པ་སྟོན་ཡོད། མདའ་དར་དེའི་འགོ་ནས་མར་མཐོ་གང་གི་བར་མཚམས་སུ་གནས་བྱིན་རླབས་ཅན་གྱི་གནས་ཤིང་མཐོ་གང་ཙམ་ལ་འགོ་འཇུག་མ་ལོག་པའི་ཤིང་དེ་གྲུ་བཞིར་གཞོག་ཤིང་དེའི་འགོ་ལ་རྩི་དམར་པོ་བྱུག་ཅིང་ཕྱོགས་བཞི་ལ་ཚེ་ལྷ་དང་གཡང་ལྷ་ཡི་སྙིང་པོ་རེ་ངེས་ཅན་དུ་བྲིས་ནས་ཤོག་གུའི་རིགས་ལ་ཚེ་སྒྲུབ་ཀྱི་སྙིང་པོ་དང་གཡང་སྒྲུབ་ཀྱི་སྙིང་པོ་རྣམས་རབ་གསེར་དང་དངུལ། འབྲིང་དུང་དང་མཚལ། ཐ་མ་སྣག་ཚས་གང་ལྕོགས་བྲིས་ནས་བཟང་དྲུག་དང་བཅས་འགོ་འཇུག་མ་ལྡོག་པའི་སྒོ་ནས་དེ་ལ་དཀྲིས་དགོས། གཏེར་སྟོན་ཧེ་རུ་ཀས་མང་མཁར་བྲག་ནས་ཐོན་པའི་<<སྤྱི་སྤུངས་ཕྱྭ་ཚེ་དམུ་ཡད་ཀྱི་ཚེ་མདའ་གཟུགས་པ།>>ལས། “མདའི་མགུལ་དུ་ཚེའི་ལྷ་ཚིག་གི་ལྷར་གྱུར་བའི་ཕྱག་རྒྱས་གདབ། མདའ་ལ་ཕྱྭ་ཚེའི་སྙིང་པོ་བྲིས་ལ་གདག མདའ་དེའི་མགུལ་དུ་ནོར་གཡང་ཐམས་ཅད་ཁུག་ཅིག་བྱ་བ་བྲིས་ལ། ནོར་ལྷའི་སྐུ་བྲིས་ལ་གདག”༡༡ ཅེས་གསལ་ལོ།། དཀྲིས་སྟངས་གཅིག་ལའང་ཤིང་སུ་ག་(མ་རྙེད་ན་ཤིང་གང་རུང་བ་ཞིག)ཡི་འཕང་ཞིག་གཞོག་ནས་དེའི་དཀྱིལ་ལ་མཉམ་དུ་དཀྲིལ་དགོས་ཞེས། འོག་གི་དཀྲིས་སྟངས་དེ་བག་མ་ལེན་སྐབས་སུ་བེད་སྤྱོད་བྱེད་པ་བག་མའི་མདའ་དར་དེ་ཡིན། ཁོ་བོས་འདིར་ཞིབ་འཇུག་བྱེད་ཡུལ་གྱི་དཔེ་ཆའི་ནང་དུ་ནང་དོན་དེ་དག་འཁོད་མེད་པས། སྲོལ་རྒྱུན་བགྲེས་པོའི་ངག་སྒྲོས་ཡིན། མདའ་ནི་སྐྱེས་པ་ཕོ་ཡི་མཚོན་བྱེད་དང་། འཕང་ནི་མོ་ཡི་མཚོན་བྱེད་ཡིན་ལ། དེ་ནི་གཏམ་རྒྱུད་དང་ཤེས་རིག་གི་ནང་དུ་ཕོ་མོའི་མཚོན་བྱེད་ཅིག་ཡིན་ལ་དེས་དངོས་ཡོད་འཚོ་བའི་ཁྲོད་དུ་གལ་ཆེན་གྱི་གནས་བབས་བཟུང་ཡོད་པ་ཞིག་རེད། དེ་ནས་སྨྱུག་ཤིང་གི་གཡས་སུ་གཟུངས་ཤིང་དེ་བཞག གཡོན་དུ་རྩྭ་མཆོག་ཀི་ཤ་ལ་གོང་དང་ཚད་མཉམ་པའི་སྒོ་ནས་སྐུད་པ་ཁ་དོག་སྣ་ལྔས་གཟི་མིག་ལྡན་པ་ནང་བཞིན་དུ་སྤུད་སྤྲས་བྱེད་ནས་དཀྲིས་དགོས་སོ།། དེའི་གོང་དུ་བྱ་སྒྲོ་སྤུན་གསུམ་གྱིས་ཕྱོགས་གསུམ་ནས་བརྒྱན་པ་བྱེད། དེ་ནི་མི་ནོར་ཟས་གསུམ་འཕེལ་བ་དང་ཚེ་ལྷ་དང་གཡང་ལྷ་སོགས་ཀྱི་སྐུ་གསུང་ཐུགས་ཀྱང་མཚོན་པའང་བྱེད། མདའ་ཁ་དེའི་ལྟོང་ནི་རྩེ་གཉིས་བྱས་ནས་གཞོགས་དགོས། དེ་ནི་ཐབས་ཤེས་གཉིས་དང་མངའ་ཐང་སོགས་མཚོན་བྱེད་ཀྱང་ཡིན་ཟེར། མདའ་དེའི་འཇུག་དུ་ལྕགས་ཀྱི་ཕུར་བའི་དབྱིབས་དང་མདེའུ་དབྱིབས་འདྲ་བ་ཞིག་བརྡུང་ནས་སྤྲས་དགོས། དེའི་རྒྱུ་མཚན་ནི་ཕོ་སྲོག་ལྕགས་དང་འདྲ་བ་མཚོན་བྱེད་ཡིན། མདའ་དེ་ལ་དར་ཚོན་ཁ་དོག་སྣ་ལྔ་རིང་ཐུང་གི་ཚད་མཉམ་ནས་སྐུད་པ་སྣ་ལྔས་བསྡམ་པ་བྱེད། དེ་ནི་སྒོ་ལྔའི་དབང་ཤེས་དང་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་སོགས་མཚོན་བྱེད་ཀྱང་ཡིན་པར་བཤད་དོ།། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་(1815-1899) མཛད་པའི་<<མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་བོད་བློན་མདོ་མཁར་བའི་བཙུན་མོ་བྱོན་སྐབས་མདའ་དར་འཛུགས་པའི་འབེལ་གཏམ།>>ལས། “དེའང་དཀར་པོ་ཆུ་ཤེལ་གྱི་ཟླ་བ་བཞིན་འོད་དུ་འབར་བས་ཆུ་ཁམས་རྒྱ་མཚོའི་བཅུད་འགུགས། སེར་པོ་ཛམྦུའི་ཆུ་གསེར་བཞིན་གསལ་ལ་དག་པས་ས་ཁམས་བརྟན་པའི་གཞི་བྱེད། དམར་པོ་འཕྲུལ་གྱི་གློགས་ཞགས་བཞིན་བཀྲག་ལ་འཚེར་བས་མེ་ཁམས་སྨིན་པའི་དཔལ་བསྐྱེད། ལྗང་གུ་མརྒད་ཞུན་མ་བཞིན་སྣུམ་ལ་འཁྱིལ་བས་རླུང་ཁམས་སྟོབས་རྩལ་གོང་དུ་སྤེལ། སྔོན་མོ་ཨིནྡྲ་ནྰི་ལའི་སྤྲིན་དང་བྲལ་བའི་ནམ་མཁའ་བཞིན་ཏུ་ཕྱི་ནང་འབྱུང་བ་ཀུན་གྱི་གོ་འབྱེད་པས། ཅེས་དང་། ལྷ་དར་དཀར་པོ་བཏགས་པས་རྣམ་པར་མི་འགྱུར་བའི་སྤོབས་པ་གྲོལ། དར་སེར་པོ་བཏགས་པས་ཉམས་པ་མེད་པའི་བསོད་ནམས་རྒྱས། དམར་པོ་བཏགས་པས་གཡོ་བ་མེད་པའི་དབང་ཐང་བསྐྱེད། ལྗང་གུ་བཏགས་པས་རྩོལ་བ་མི་མངའ་བའི་མཐུ་སྟོབས་ལྡན། སྔོན་མོ་བཏགས་པས་ཤུགས་འབྱུང་ཆེན་པོའི་རྩལ་རྒྱས།”༡༢ ཞེས་སོགས་གྱིས་མཚོན་ནོ།། དེ་ནས་གསེར་དངུལ་སོགས་ཀྱི་གསལ་བའི་མེ་ལོང་ཞིག་འདོགས་དགོས། དེ་ནི་འགྲོ་བ་མི་ཡི་ཡིད་རྟེན་པ་བྱེད་པའི་གནས་མཚོན་བྱེད་དང་གང་ཟག་དེའི་དབང་ཤེས་ལས་སོགས་གསལ་བའི་ཁྱད་ཆོས་ཡིན་པ། སྐུ་མདུན་བསོད་ནམས་བློ་གྲོས་(1784-1835)ཀྱི་སྙན་བརྒྱུད་<<དུ་ཏྲི་སུ་ཡི་སྒྲུབ་གཞུང་མ་རིག་མུན་སེལ་འཁོར་བ་དོན་སྤྲུགས།>>ལས། “གསལ་བའི་མེ་ལོང་ཡིད་ཀྱི་རྟེན།”༡༣ ཅེས་སོ།། གཡུ་ཞིག་ཀྱང་འདོགས་དགོས། དེ་ནི་སེམས་ཅན་གང་ལའང་དང་པོ་ཉིད་ནས་བླ་ཡིད་སེམས་གསུམ་ལྷན་སྐྱེས་ཡོད་པ་མ་ཟད་ཐ་མའི་དུས་ནའང་བླ་ནི་རྣམ་ཤེས་དང་ལྷན་དུ་ཕྱི་མར་བར་དོའི་ཡུལ་དུ་ཕྱིན་འགྲོ་བར་བཤད། གཡུ་ཉིད་བླ་སྲོག་མཚོན་བྱེད་གལ་ཆེན་ཞིག་ཡིན་ལ། གནའ་རབས་བཤད་སྒྲོས་ལྟར་ན་གཡུ་ནི་ཕོ་མོའི་དབར་གྱི་བརྩེ་དུང་གི་མཚོན་རྟགས་ཤིག་ཀྱང་ཡིན་ཟེར། བླ་དང་གཡུ་གཉིས་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་བརྩམ་ཆོས་<<མདའ་འཕང་སྨད་ཆ།>>ལས། “གཡུ་དང་བླ་སྲོག་དབར་གྱི་འབྲེལ་བའི་སྐོར་ནི་གནའ་བོའི་ཡིག་ཆ་ནང་དུའང་འཁོད་ཡོད་ལ། གཡུ་ཉིད་གས་ཆག་ཏུ་འགྲོ་བ་དང་རྒྱལ་བློན་ཤི་བའི་དབར་འབྲེལ་བ་བྱ་སྲོལ་ཡོད་པ་དཔེར་ན། རྗེ་ནི་གྲོངས་ཀྱིས་མྱེད།། གཡུ་ནི་གྲུགས་ཀྱིས་མྱེད།། ཅེས་དང་། རྗེ་ནི་ད་ཕན་ཏེ་ནི་ནོངས།། གཡུ་ནི་བཟང་སྟེ་གྲུགས།། རྗེ་གྲོངས་ནི་གཙུགས་ལས་གྲོངས།། གཡུ་གྲུགས་ནི་དབུ་ལས་གྲུགས།། ཞེས་པ་ལྟ་བུའོ།། དེ་ཡང་དོན་འགྲེལ་རགས་ཙམ་བྱས་ན། རྒྱལ་པོ་ནི་འདས་ནས་མེད་པར་གྱུར་ཟིན། གཡུ་ནི་གས་ཆག་ཏུ་གྱུར་ནས་མེད་པ་ཆགས་ཟིན། ཞེས་དང་། རྒྱལ་པོ་ནི་བཀའ་དྲིན་ཆེ་ནའང་གྲོངས་ཟིན།། གཡུ་ནི་བཟང་ནའང་གས་ཆག་ཏུ་གྲུར་ཟིན།། ཅེས་པས་གསལ་ལོ།།”༡༤ གཡུ་ཉིད་བླ་སྲོག་གི་མཚོན་བྱེད་གལ་ཆེན་པོ་ཞིག་ཡིན་པ་ནི་གོང་གསལ་གནའ་བོའི་དཔྱད་ཡིག་དེ་ལས་གསལ་པོར་ཐོན་ཀི་ཡོད་པ་རྟོགས་ནུས། གཡུ་ཉིད་ལ་བླ་གཡུ་ཅེས་འབོད་སྲོལ་ཡོད། བླ་གཡུ་ནི་བླ་འགུག་པའི་རྟེན་གནས་གཙོ་བོ་ཞིག་ཡིན་པས། ཀུན་མཁྱེན་ཉི་མས་མཛད་པའི་<<ཚེ་དབང་མཆོག་འདུས་ཀྱི་ཟབ་གནད་བླ་བསླུ་ཚེའི་གཡུང་དྲུང་།>>ལས། “བླ་ནི་བླ་རྟེན་བླ་གཡུ་འདི་ལ་ཐིམ།།”༡༥ ཅེས་པས་གསལ། དྲིལ་ཆུང་ཞིག་ཀྱང་འདོགས་དགོས། དེ་ནི་ལྷ་ཡི་སྙན་དབྱངས་མཚོན་བྱེད་ཡིན། མདའ་དར་གྱི་འགོ་ལ་གཡང་དཀར་ལུག་གི་བལ་སྐུད་ཀྱང་འདོགས་དགོས། དེང་སང་ཡང་དེའི་ཚབ་ཏུ་ཁ་བཏགས་དཀར་པོ་འདོག་གི་ཡོད། བལ་ལམ་དར་རས་དཀར་པོས་བཟོས་པའི་སྐུད་པ་ལ་དམུ་ཐག་དང་། དར་རས་སྔོན་པོས་བཟོས་པའི་སྐུད་པ་ལ་གཡང་ཐག་ཅེས་པའི་ཐ་སྙད་བཤད་སྒྲོས་ཡོད། བོན་གྱི་དཔེ་རྙིང་<<མིང་སྲིང་དཔལ་བགོས་དང་ལྷ་འདོག>>ཞེས་པའི་ལེའུ་ལས། “ནམ་མཁའ་དེ་ནི་འོད་ཟེར་དང་།། རྒྱ་མཚོའི་རླངས་པ་གཉིས་པོ་ལས།། བོན་གྱི་བལ་འདབ་དཀར་པོ་སྲིད།། དེ་ཡང་འཁལ་བ་རླུང་གིས་འཁལ།། སྙོད་པ་དེ་ནི་རླུང་གིས་སྙོད།། བཀྲ་ཤིས་ཤིས་སྡོང་དེ་ལ་དཀྲིས།། དེ་ལ་མིང་དང་མཚན་བཏགས་པ།། དམུ་ཐག་རྒྱང་ཐག་བྱ་བ་ལགས།། སྲིད་པའི་བོན་གཤེན་དེ་རྣམས་ཀྱིས།། སྟང་གི་དེ་ནི་སྤྱི་བོ་རུ།། དམུ་ཐག་དེ་ནི་དཀར་པོ་བཏགས།། ཕྱག་ཏུ་སྲོལ་མདའ་ཉ་མིག་བཟུང་།། དབྱལ་གྱི་དེ་ནི་སྤྱི་བོ་རུ།། གཡང་ཐག་དེ་ནི་སྔོན་མོ་བཏགས།།”༡༦ ཞེས་པས་གསལ། གོང་སྨོས་ཀྱི་དཔེ་ཆའི་ནང་ལ་དམུ་ཐག་དང་། གཡང་ཐག་བཅས་ཀྱི་འབྱུང་ཁུངས་དང་མཚོན་དོན་ཀྱང་འཁོད་ཡོད། དེ་ནི་ཚེའམ་གནམ་གྱི་དམུ་ཐག་མཚོན་བྱེད་ཡིན། མི་རྒྱུད་ནི་ལྷ་ལས་མཆེད་པའི་ནང་དོན་མཚོན་བྱེད་ཀྱང་ཡིན། བོད་བཙན་པོའི་བྱོན་ཚུལ་དང་འབྲེལ་བའི་གཏམ་རྒྱུད་ལས་འཁོད་ཡོད་པ་ལྟར། བོད་རྒྱལ་ཐོག་མ་གཉའ་ཁྲི་(ཕྱི་ལོའི་སྔོན་1136) ནི་དམུ་ཐག་ལ་རྟེན་ནས་འཇིག་རྟེན་འཛམ་གླིང་མི་ཡུལ་དུ་བྱོན་ཚུལ་བརྗོད་པ་དང་། དེའི་མི་རྒྱུད་དྲུག་གི་རྗེས་སུ་བཙན་པོ་དྲི་གུམ་(ཕྱི་ལོའི་སྔོན་680འདས།) གྱི་དམུ་ཐག་དེ་འཐབ་འཁྲུགས་སྐབས་སུ་རང་གིས་བཅད་ནས་རྒྱལ་པོ་དེ་ཡབ་མྱེས་ནང་བཞིན་དུ་ལྷ་ཡུལ་དུ་ཕྱིར་ལོག་གནང་ཐུབ་མེད་པའི་ཚུལ་བྱོན་པ་སོགས་བོན་གྱི་ལོ་རྒྱུས་ཡིག་ཚང་མང་པོ་ལས་གསལ། དམིགས་བསལ་དུ་དར་རས་དཀར་པོ་ཞིག་ལ་བུམ་པ་དང་གཡུང་དྲུང་གི་རི་མོ་སོགས་འབྲི་དགོས་པ་ཡང་ངག་སྒྲོས་ཡིན། དེའི་མཚོན་དོན་ནི་འཆི་མེད་ཀྱི་བུམ་པ་འགྱུར་མེད་བརྡ་དོན་ཀྱིས་ཡིན།
གཤམ་གསལ་གྱི་དཔྱད་ཡིག་དུམ་བུ་འདི་ནི་གོང་སྨོས་དང་འབྲེལ་ཡོད་པའི་དཔེ་ཆ་འཁོད་པ་ནི།
གཅིག་ནི།
བསྭོ་གཡུང་དྲུང་འཆི་མེད་སྐྱེན་༼སྐྱེས་༽བཙན་གྱིས།།
བཀྲ་ཤིས་གའུ་གཞའ་ཡས་འདི།།
མི་འགྱུར་མེད་འདི་མདའ་ལ་རྟེན།།
ཚེ་བསྟན་༼རྟེན་༽མདའ་ལ་བརྟེན་ཙམ་ན།།
མདའ་ནི་གཡུང་དྲུང་ཚེ་ཡི་ལྷ།།
སྒྲོ་ནི་འཆི་མེད་ཚེ་ཡི་སྐུ།།
སྟོང་༼ལྟོང་༽ནིད་༼ནི་༽གའུ་ཚེ་ཡི་ཞལ།།
མདེལ་ཉིད་བཀྲ་ཤིས་ཚེ་ཡི་ཞབས།།
མེ་ལོང་ཚེ་ལྷ་རྣམས་ཀྱི་སྐུ།།
དྲིལ་ཆུང་ཚེ་ཡི་ལྷ་ཡི་གསུང་།།
གཡུ་ཆུང་ཚེ་ལྷ་ཀུན་གྱི་ཐུགས།།
དར་སྣ་རྣམ་པར་ལྷ་ཡི་བརྒྱན།།
སྙུག་མ་མཚིག་༼ཚིགས་༽གསུམ་སྐུ་གསུང་ཐུགས།།
དྲང་པོར་གྱུར་བ་མེད་པ་ཡི།།
ཁོང་སིང་སྤྲོས་བྲལ་བོན་༼གྱི་༽དབྱིངས།།
དུས་གསུམ་བདེར་གཤེགས་ཚེ་ཡི་ལྷས།།
ཚེ་དང་སྲོག་ལ་སྲུངས་བཞིང་༼ཞིང་༽ སྐྱོབས།།
དབང་དང་བྱིན་རླབས་དངོས་གྲུབ་སྩོལ།།
དེང་གི་གནས་མཆོག་ཕོ་བྲང་འདིར།།
གཉིས་མེད་བསྟན་༼བརྟན་༽པར་བཞུགས་སུ་གསོལ།།
གཡུང་དྲུང་གའུ་ཚེ་རྣིྲ༼རྣི་༽ཛ་བྲུམ་འདུ་སྭཱཧཱ།།
གཉིས་ནི།
དང་པོ་བུ་ཅིག་སྐྱེས་ཙམ་ན།།
སྔས་སུ་མདའ་ཅིག་ཐར་གྱིས་བཙུགས།།
སྲོག་མདའ་ཉ་མིག་བྱ་བ་ལགས།།
ཕོ་སྲོག་མདའ་ལ་བརྟེན་པ་ཡིན།།
བཀྲ་ཤིས་དཔལ་མདའ་སྒྲོ་དཀར་ནི།།
མདའ་ལྟོང་གནམ་དུ་བསྟན་པ་འདི།།
མངའ་ཐང་དགུང་དང་མཉམ་པ་ཡིན།།
སྒྲོ་མིག་ཡུད་གསུམ་སྐྱེས་པ་འདི།།
མི་ནོར་ཟས་གསུམ་འཕེལ་བའི་དོན།།
སྙུག་མ་ཚིགས་གསུམ་ཡོད་པ་འདི།།
ལུས་ངག་ཡིད་དང་གསུམ་པོ་ཡིན།།
མཚལ་དམར་མདངས་དང་ལྡན་པ་འདི།།
ཁ་དོག་མདངས་དང་ལྡན་པ་ཡིན།།
མདེའུ་ལྕགས་ལ་བྱས་པ་འདི།།
ཕོ་སྲོག་ལྕགས་ལ་བྱས་པ་ཡིན།།
དར་ཚོན་སྣ་ལྔས་བརྒྱན་པ་འདི།།
དབང་པོ་སྒོ་ལྔ་ལྡན་པ་ཡི།།
སྲིད་པའི་དཔལ་མདའ་སྒྲོ་དཀར་འདི།།
ཇོ་བོའི་ཕྱག་ཏུ་འབུལ་གྱི་བཞེས།།
གསུམ་པ་ནི།
ཀྱེེ་མེ་ལྷ་སྤྱན་འདྲེན་བྱེད་པའི་ཕྱིར།།
ཕྱག་ཆ་མདའ་དར་སྒྲོན་མོ་འདི།།
སྙུག་མ་ཚིགས་བཞི་ཚད་མེད་བཞི།།
སྒྲོ་མོ་སྤུན་གསུམ་སྐུ་གསུང་ཐུགས།།
ལྟོང་ནི་ཐབས་དང་ཤེས་རབ་ལྡན།།
རྒྱ་མཚལ་ཡེ་ཤེས་རང་འོད་གསལ།།
དུག་ལྔ་བསྒྲལ་ཕྱིར་གནམ་ལྕགས་མདེལ།།
ཁ་དོག་ལྡན་པའི་དར་ཚོན་ལྔ།།
ཡེ་ཤེས་ལྔ་ཡི་འོད་དང་ལྡན།། ཞེས་གསུང་ཡོད།
མདའ་དར་བེད་སྤྱོད་བྱེད་ཚུལ།
༡༽ཚེ་མདའི་བེད་སྤྱོད་བྱེད་ཚུལ་ནི། དཔེར་ན་ཁྱིམ་གཞིས་ཞིག་ལ་བུ་ཞིག་བཙས་ན་དེའི་མ་ཞང་གིས་ཉིན་སྔ་མོར་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་ཟེར་པའི་<<སྲིད་པའི་གཏོ་ནག་མགོ་གསུམ།>>རྒྱས་པ་ཞིག་བྱེད་ནས་ཕྱི་ཉིན་ཚ་བོ་དེ་ལ་མདའ་དར་ཞིག་སྟེར་བ་བོད་ཀྱི་ཡུལ་གྲུ་ཨ་མདོའི་ཁུལ་དུ་ད་ལྟ་ཡང་ལུགས་སྲོལ་དེ་མ་ཉམས་པ་གནས་ཡོད་པ་མཐོང་མྱོང་ཡོད། དེ་ནི་བུ་དེ་ཚེ་རིང་བ་དང་། ཁ་རྗེ་བསོད་ནམས་འཕེལ་བ་དང་། ལས་རླུང་མཐོ་རུ་འགྱུར་བའི་སྨོན་ལམ་མཚོན་བྱེད་ཡིན། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་མཛད་པའི་<<བོན་གྱི་གཉེན་སྒྲིག་ཆོ་གའི་སྐོར།>>ལས། “བུད་མེད་ཅིག་ལ་བུ་ཞིག་བཙས་ན་དེའི་སྔས་འགོར་ངེས་པར་དུ་མདའ་ཞིག་འཛུགས་པ་དང་། བུ་མོ་ཞིག་བཙས་ན་སྔས་འགོར་འཕང་ཞིག་འཇོག་ལས་ཀྱང་དངོས་སུ་ར་འཕྲོད་ཐུབ།”༡༧ ཅེས་གསལ་པོར་གསུང་ཡོད། ཡང་། མིའི་ཚེ་ཟད་མིན་པ་ལ་གཞན་གྱིས་བཙན་དབང་གིས་སྒོ་ནས་མཐུ་སྔགས་བརྗོད་ནས་ཚེ་ཟད་བཅུག་པ་སོགས་ཀྱི་ཚེ་དེ། ཡང་བསྐྱར་ཚུར་འགུགས་པའི་དུས་སུ་ཚེ་མདའ་དེ་བེད་སྤྱོད་བྱེད་ནས་ཚེ་འགུགས་ཀྱི་བསྙེན་པ་འདོན་ནས་འགུགས་ཐབས་བྱེད་དགོས་རེད་ཟེར་ཀི་ཡོད། མཐོང་མ་མྱོང་ཡང་དེའི་སྐབས་གཏམ་རྒྱུད་བཤད་པ་ཡང་ཡོད་དེ། དུས་རབས་བརྒྱད་པའི་སྐབས་སུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ (742-797)གྱིས་བོན་གྱི་བསྟན་པ་བསྣུབས་སྐབས། བཙན་པོའི་བཀའ་ལྟར། བོན་གཤེན་རྣམས་ཀྱིས་ཤཱཀྱ་བྲ་བ་ཞེས་པ་དེ་དྲན་མེད་འཐོར་ནས་ཚེ་ཟད་བཅུག་རྗེས། བན་བཙུན་རྣམས་ཀྱིས་རྒྱལ་པོ་ལགས། བོན་གཤེན་གྱི་ནུས་མཐུ་ཆེ་བའི་རྐྱེན་གྱིས་མ་ཡིན་ཁོ་རང་ཉིད་ཀྱི་འཕྲིན་ལས་ཟད་ནས་ཚེ་ཉིད་རྫོགས་པ་རེད་ཞེས་ཞུས། རྒྱལ་པོས་བོན་གཤེན་ནུས་མཐུས་སླར་ཡང་ཚུར་འགུགས་པ་ཐབས་ཤེས་བྱེད་དགོས་ཤེས་པའི་བཀའ་ཕབ་མ་ཐག་ཏུ་བོན་གཤེན་རྣམས་ཀྱིས་ཆོ་ག་སྤེལ་ནས་ཤཱཀྱ་བྲ་བ་སླར་ཡང་སོས་སོང་།། ཞེས་པའི་གཏམ་རྒྱུད་དེ་བོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་རྒྱས་བཤད་བྲིས་ཡོད། ཡང་། འགྲོ་བ་སུ་དང་སུ་ཡིན་ནའང་བླ་ཡིད་སེམས་གསུམ་གྱིས་མ་བསྡུས་པའི་འགྲོ་བ་ནི་མེད་ལ། དེ་བརྟེན་བླ་ནི་མི་གཅིག་ལ་མཚོན་ན། བླ་གནས་ཀྱི་སྟེང་དུ་མེ་བཙའ་དང་གཏར་སྲེག་ཁེལ་བ་དང་། ཕ་རོལ་གྱིས་མཐུ་བྱད་བཏང་བ་དང་འཇིགས་སྣང་འཕྲད་པའམ་བཟོད་པར་དཀའ་བའི་ན་ཟུག་གཏོང་སྐབས། བླ་འཁྱམས་ཞེས་པ་བླ་དེ་སྐྱེ་བོ་དེའི་གཟུགས་ཕུང་ནས་བྲལ་འགྲོ་བའི་ཉེན་ཡོད་པར་གྲགས། བླ་འཁྱམས་པའི་རྟགས་ནི་གང་ཟག་རང་ཉིད་ལ་ན་ཚ་དང་གོད་ཆགས་ཡོང་བ་ནམ་རྒྱུན་དང་མི་འདྲ་བའི་ཚོར་སྣང་ཡོང་བ་དང་རྨི་ལམ་དུའང་རང་ཉིད་གཅེར་བུར་འགྲོ་བ་རྨིས། བླ་འཁྱམས་པའི་རྟགས་ངོ་འཛིན་བྱེད་གི་ཡོད་པས་གནས་ཚུལ་དེ་འདྲ་བྱུང་སྐབས་སུ། བླ་འགུགས་ཀྱི་ཆོ་ག་སྤེལ་དུས་ཆོ་གའི་མཆོད་གཡོག་གིས་བླ་མཚོ་ཞེས་པའི་ཟངས་སྣོད་ནང་གི་ཆུ་མདའ་དར་གྱིས་ཕྱི་སྐོར་བརྒྱབ་སྟེ་དཀྲུག་དཀྲུག་གཏོང་ནས་མདའ་དར་ཚུར་ལེན་དགོས་པ་ནི་བླ་འགུགས་ཀྱི་ཆོ་ག་སྤེལ་སྐབས་མཐོང་ན་ཚེ་མདའ་དང་འབྲེལ་ཡོད་པར་ངེས་ཤེས་བསྐྱེད། གཤེན་པོས་ཆོ་ག་སྤེལ་སྐབས་སྤྱན་འདྲེན་འདོན་དུས་ནའང་མདའ་དར་དེ་ཁྱེར་ནས་བེད་སྤྱོད་བྱེད་ཚུལ་ཀྱང་ཡོད་དོ།།
བླ་འབོད་ནི། གཞིས་ཁྱིམ་ཞིག་གི་མི་གཅིག་བླ་འཁྱམས་སོང་དུས་ལོ་ན་ཆེ་ཤོས་ཞིག་གིས་མདའ་དར་ཁུར་ནས་ཁང་བའི་ཕྱི་ལོག་ནས་མི་དེའི་མིང་འབོད་ནས་ཁྱིམ་ནང་ལ་ཤོག་ཅེས་ཟེར་ནས་ནང་མི་གཅིག་གིས་འོ་སླེབས་སོང་ཟེར་ནས་བླ་འབོད་དེ་འདྲ་ཡང་བྱེད་སྟངས་ཡོད་པ་ཨ་མདོ་ཤར་ཁོག་དུ་ད་ལྟ་ཡང་མཐོང་བ་ཡོད་པ་ལགས་སོ།།
༢༽བག་མདའ་བེད་སྤྱོད་བྱེད་ཚུལ་ནི། མདའ་ནི་གཉེན་སྒྲིག་གི་ཆོ་ག་སྤེལ་སྐབས་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཡིན་ལ། བོད་མིའི་ཁ་སྐད་དུ་ཤོད་སྲོལ་ལའང་“གཉེན་ལམ་མདའ་ཡིས་ཕྱེ་བ”ཞེས་པས་གཞིས་ཁྱིམ་གཉིས་དབར་གཉེན་སྒྲིག་གི་འབྲེལ་ལམ་འཛུག་རྒྱུའི་ཐད་ལ་མདའ་ཡིས་དམིགས་བསལ་དུ་འདོན་སྤེལ་བྱེད་དགོས་ཡོད་ལ། གཉེན་ལམ་སྐབས་སུ་ཁྱོ་གའི་སྤྱི་གཙུག་ཏུ་བལ་གྱིས་བཟོས་པའི་དམུ་ཐག་དང་མནའ་མའི་སྤྱི་གཙུག་ཏུ་གཡང་ཐག་འདོགས་པ་ཡིན་ལ། ཁྱོད་གའི་ལག་ཏུ་མདའ་མོ་བཟུང་ཞིང་མགོ་སྟེང་གི་ལྷ་ལྔར་ཆང་དང་གཏོར་མ་སོགས་ཀྱི་མཆོད་འབུལ་དང་གཡང་འབོད་དང་བཅས་ནས་སྤེལ་དགོས། དེ་བཞིན་གཏམ་རྒྱུད་དང་འབྲེལ་ན་སྔོན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་(569-649)གཉེན་སྒྲིག་སྤེལ་སྐབས་ཁོང་གི་བློན་པོ་མགར་ཐང་རྒྱལ་རབས་སུ་མནའ་མ་སློང་བར་འགྲོ་དུས་མདའ་ཞིག་འཁྱེར་ནས། རྒྱ་ཡི་རྒྱལ་པོས་ན་ཆུང་མཛེས་མ་སུམ་བརྒྱ་བསྡུས་ནས་མགར་ལ་དེ་རྣམས་ལས་གཅིག་བདམ་དུ་འཇུག་སྐབས་མགར་གྱིས་རང་གིས་མོས་པའི་སྲས་མོ་དེ་ཡི་ཐོག་ཏུ་མདའ་མོ་ཉིད་བཙུགས་ཚུལ་བཀོད་ཡོད་པ་བཞིན་ནོ།།
༣༽གཡང་གི་མདའ་དར་གྱི་བེད་སྤྱོད་བྱེད་ཚུལ་ནི། གཡང་མདའ་ནི་བོན་གཤེན་རྣམས་ཀྱིས་གཡང་འགུག་གི་ཆོ་ག་སྤེལ་སྐབས་སུ་དགོས་གལ་ཧ་ཅང་ཆེན་པོ་ཞིག་ཡིན། གཡང་འགུག་གི་ཆོ་ག་སྤེལ་སྐབས་གཡང་རྟེན་གྱི་གཙོ་བོ་ཞིག་ཡིན། གཡང་ལེན་གྱི་སྐོར་གཏམ་རྒྱུད་དང་སྦྲེལ་ནས་སྨྲོས་ན། ཡབ་གཅིག་སངས་པོ་འབུམ་ཁྲི་དང་ཡུམ་གཅིག་ཆུ་ལྕམ་རྒྱལ་མོ་གཉིས་ལ་སྲས་གཡུང་དྲུང་འཕྲུལ་གྱི་མི་ཕོ་ཞེས་བྱ་བ་ཞིག་འཁྲུངས་དེའི་སྐབས་མྱི་ལ་ཕྱྭ་མེད་ཉུང་གཅིག་མང་། ནོར་ལ་གཡང་མེད་གོད་ཁའང་སྡང་། ཟས་ལ་བཅུད་མེད་ཕན་པའི་སྟོབས་ཤུགས་ཀྱང་ཆུང་། ཡབ་ཡུམ་སྲས་གསུམ་གྱིས་གཡང་ལེན་གྱི་སྐོར་ལ་བཀའ་གྲོས་བྱས་ནས་ཕྱྭ་གཡང་འགུག་པར་མངའ་བརྙེས་པའི་ལྷ་བོན་ཐོད་དཀར་སྤྱན་དྲངས་པའི་གྲོས་ཐག་བྱུང་། གཡུང་དྲུང་འཕྲུལ་གྱི་མི་ཕོས། ཀྱཻ་ཕྱྭ་གཡང་འགུག་པའི་མངའ་བདག་ལྷ་བོན་ཐོད་དཀར་ལགས། དུས་བསྐལ་འདིར་མྱི་ལ་ཕྱྭ་མེད་ནོར་ལ་གཡང་མེད་ཟས་ལ་བཅུད་མེད་པས་ཕྱྭ་གཡང་འགུག་དགོས་ཞེས་པས་ཞུ་བ་ཞུས། ལྷ་བོན་ཐོད་དཀར་གྱི་ཞལ་ན་རེ། ཕྱྭ་དང་གཡང་དུ་འགུག་པ་ལ་ཕྱྭ་རྫས་སྣ་དགུ་འཚོལ་ཅིག་གསུང་། ཅེས་པའི་བཀའ་བསྩལ་ནས་གློ་བུར་དུ་གཡུང་དྲུང་འཕྲུལ་གྱི་མི་ཕོའི་དབུ་ལ་དར་དཀར་ཐོད་གཅིག་བཅིང་། སྐུ་ལ་དར་དཀར་འཇོལ་བེར་གསོལ། ཕྱག་གཡས་པས་ཉི་ཟེར་འཕྲུལ་གྱི་ཞགས་པ་དང་ཕྱག་གཡོན་པས་ཐབས་ཤེས་ཀྱི་གཡུའི་མདའ་གཞུ་བསྣམས་ནས་ཕྱྭ་རྫས་སྣ་དགུ་ཚོལ་བ་རི་རྒྱལ་ལྷུན་པོའི་ཤར་དང་བྱང་དང་ནུབ་དང་ལྷོ་སོགས་ལ་ཕྱིན་ནས་དུང་ཤ་དཀར་མོ་དང་ཟངས་ཤ་དམར་པོ་དང་མཆོང་ཤ་སྨུག་པོ་དང་ལྕགས་ཤ་ནག་པོ་སོགས་དང་འཕྲད་ནས་ཉི་ཟེར་འཕྲུལ་ཞགས་འཕང་ནས་སྒྲིར་གྱིས་བཟུང་། ཤ་བས་མྱི་སྐད་ལྷང་ཅིག་སྨྲས་ནས་ང་ཚོ་རེ་རེ་ནི་ལྷ་ལ་བཙུག་པའི་ལྷ་རྟེན་དང་བཙན་ལ་བཙུག་པའི་བཙན་རྟེན་དང་དམུ་ལ་བཙུག་པའི་དམུ་རྟེན་དང་བདུད་ལ་བཙུག་པའི་བདུད་རྟེན་སོགས་ཡིན། ཁྱེད་ལ་དགོས་པའི་ཤ་བ་དེ་དབུས་ན་ཡོད་ཅེས་ཟེར། རི་རབ་དབུས་ལ་བྱོན་སྐབས་རིན་པོ་ཆེའི་ཤ་བ་གཅིག་དང་འཕྲད། ཤ་བའི་ཁོག་སྟོད་དཀར་པོ་དུང་ལ་བྱས། སྐེད་པ་སེར་པོ་གསེར་ལ་བྱས། ཁོག་སྨད་སྨུག་པོ་མཆོང་ལ་བྱས། རྭ་གཉིས་དཀར་པོ་ཤེལ་ལ་བྱས། ལྕེ་མོ་བར་ནང་གློག་ལ་བྱས། མིག་གཉིས་ཁྲ་མོ་གཟི་ལ་བྱས། རྨིག་བཞི་ནག་པོ་ལྕགས་ལ་བྱས། རིན་ཆེན་ཤ་བ་ལ་ཉི་ཟེར་འཕྲུལ་ཞགས་འཕང་བས་སྒྲིར་གྱིས་བཟུང་ནས་འཕྲུལ་གྱི་མི་ཕོའི་ཞལ་ན་རེ། ང་འདོད་པའི་རྫས་དང་འཕྲད་ནས་བྱུང་། བཙལ་བའི་ནོར་རྫས་རྙེད་ནས་བྱུང་། ཅེས་པའི་རིན་པོ་ཆེའི་ཤ་བ་དེ་ལྷ་བོན་ཐོད་དཀར་གྱི་ཕྱག་ཏུ་ཕུལ། ཕྱྭ་དང་གཡང་དུ་འགུག་འཚལ་ཅིག་ཞུས་པས། ལྷ་བོན་གྱིས་རིན་པོ་ཆེ་ཤ་བའི་ཁྱད་ཆོས་ཕྱྭ་གཡང་འགུག་པའི་སྣ་རྫས་ཕུན་སུམ་ཚོགས་པ་རེ་རེ་ཚང་བའི་དམིགས་བསལ་ཏུ་ཤ་བ་དེའི་གཡས་རྭ་ལ་སྟེང་གི་ཕྱྭ་མདུང་གཟང་རིང་སྲིད། གཡོན་རྭ་ལ་དཔལ་གྱི་མདའ་དར་སྣ་ལྔ་སྲིད། དེ་ནི་ཕྱྭ་དང་གཡང་གི་རྟེན་ཅེས་བཀའ་སྩལ་ཏོ།། དེ་ཡང་གཡང་རྫས་སུ་བཞག་ནས་ཕྱྭ་གཡང་འགུག་པའི་ཆོ་ག་སྤེལ་ཡོད་ཅེས་སྒྲོས། ཆོ་ག་སྤེལ་སྟངས་ནི་སྲིད་པའི་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་ལས་གསལ། འབོད་སྟངས་ཉུང་བསྡུས་ཞིག་སྨོས་ན། མི་ཁ་མཁས་ལྕེ་བདེ་ཞིག་གིས་ལག་གཡོན་དུ་གཡང་མདའ་དང་སྤོས། ལག་གཡས་སུ་འབྲུ་རིགས་གང་མང་གིས་བཏོར་ནས་གཡང་འབོད་བྱེད་པའི་ལུགས་སྲོལ་དེ་མཐོང་མྱོང་ཡོད། འདིར་ཉུང་བསྡུས་ཞིག་སྤྲོས་ན། ཨེ་མ་ཧོ། ཤར་དྲི་ཟའི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག བྱང་གནོད་སྦྱིན་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག ནུབ་ཀླུ་དབང་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག ལྷོ་གཤེན་རྗེའི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག བྱང་ཤར་དབང་ལྡན་གྱི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག བྱང་ནུབ་རླུང་ལྷའི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག ལྷོ་ནུབ་སྲིན་པོའི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག ལྷོ་ཤར་མེ་ལྷའི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག སྟེང་ལྷ་ཡི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག འོག་གླུ་ཡི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག བར་མི་ཡི་ཡུལ་ནས་ཕྱྭ་དང་ཚེ་གཡང་ཁུག་ཅིག སྟོན་པ་གཤེན་རབ་གྱི་མཁས་གཡང་ཁུག་ཅིག འཆི་མེད་གཙུག་ཕུད་ཀྱི་ཚེ་གཡང་ཁུག་ཅིག སྟག་ལ་མེ་འབར་གྱི་མཐུ་གཡང་ཁུག་ཅིག འཛམ་བྷ་ལྷ་ཡི་ནོར་གཡང་ཁུག་ཅིག མི་ཚེ་ཁུག་ལ་ཕྱྭ་ཚེ་གཡང་རྣམས་བརྟན་གྱུར་ཅིག བླ་མེད་ཁྱེད་ཀྱི་ཕྱྭ་གཡང་རྣམས། བདུད་རྩི་ཆུ་བོའི་རྒྱུན་བཞིན་ཏུ། དངོས་གྲུབ་རྒྱུན་ཀྱང་མི་འཆད་ཅིང་། བཀྲ་ཤིས་ཕྱྭ་གཡང་འདིར་ཞུ་ཡི། ཐུགས་རྗེས་དགོངས་ལ་སྩལ་ཏུ་གསོལ། ཚེ་རིང་དམུ་ཐག་ན་ར་ར། ཕྱྭ་བསྐོར་གཡང་བསྐོར་ཀྱི་ལི་ལི། བསོད་ནམས་ཡེ་ཤེས་འུ་རུ་རུ། སྙན་པའི་བ་དན་ཕྱ་ར་ར། ཡིད་བཞིན་ནོར་བུས་དངོས་གྲུབ་སྩོལ། ཕྱྭ་ཁུག་ཅིག གཡང་ཁུག་ཅིག་ཅེས་འབོད་པ་ཡིན། འབོད་སྟངས་རྒྱས་པ་མང་དུ་སྣང་ནའང་འདིར་མ་སྤྲོས་སོ།། རྒྱས་པ་གཟིགས་འདོད་ན་ཕྱྭ་འབོད་དང་གཡང་འབོད་ཅེས་པའི་གཞུང་ལ་གཟིགས་དང་གསལ་ཁ་ཡོད། སྤྱི་ཚེ་གཡང་གི་མདའ་དར་དང་སྦྱིན་བསྲེག་སྐབས་སུ་མེ་ཡི་མདའ་དར་གཉིས་མི་འདྲ་བ་ཤེས་དགོས། མེ་མདའ་ལ་དར་རས་དཀར་པོ་ལ་བུམ་པ་དང་གཡུང་དྲུང་གི་རི་མོ་བྲིས་པ་དང་། གསལ་བའི་མེ་ལོང་དང་གཡུ་ཡིས་བརྒྱན་པ། གཟུངས་ཤིང་ལ་བསྙེན་པོ་བྲིས་ནས་དཀྲིལ་དགོས་པ་སོགས་སྦྱིན་བསྲེག་འབུལ་ཐབས་ལས་ཀྱང་མི་གསལ། དེ་གཉིས་ཀྱི་ཁྱད་པར་ཤུགས་ཀྱིས་གསལ། ཞང་བོད་ཀྱི་རིག་གཞུང་མདའ་དར་གྱི་ངོ་བོ་རགས་ཙམ་སྲོལ་རྒྱུན་བགྲེས་པོའི་ངག་རྩི་དང་སྦྲེལ་ནས་བོན་གྱི་གདན་ས་ཆེན་མོ་འཕགས་ཡུལ་སྨན་རིའི་གླིང་ནས་ཤར་སྨྱུག་རྩེའམ་གཟི་རྩ་སངས་རྒྱས་དོན་གྲུབ་ཀྱིས་བྲིས།། །།
དཔྱད་གཞི་ཡིག་ཆ།
༡<<མདོ་དྲི་མེད་གཟི་བརྗིད། >>༢༠༠༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། དེབ་གཟུགས་པོད་(༡༢)ཤོག་ངོས་(༢༤༥)ལས་གསལ།
༢<<སྟག་ལ་སྤུ་གྲི་དམར་པོའི་ལས་མཐའ་ཚེ་གྲུབ།>>དཔེ་གཟུགས་བྲིས་མ། ཤོག་ངོས་(༢)ལས་གསལ།
༣<<ཕྱྭ་ཚེ་མན་ངག་ཡང་སྙིང་།>>དཔེ་གཟུགས་བྲིས་མ། ཤོག་ངོས་(༣)ལས་གསལ།
༤<< སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་གི་ལག་ལན།>>དཔེ་གཟུགས་བྲིས་མ། ཤོག་ངོས་(༦)ལས་གསལ།
༥<<སྲིད་པ་ཡབ་བླ་བདལ་དྲུག་གི་ཕྱྭ་གཞུང་ཆེན་མོ་>>ལས། མཛད་པ་པོའི་མཚན་མི་གསལ་དཔེ་གཟུགས་བྲིས་མ། ཤོག་ངོས་(༢༠)ལས་གསལ།
༦<<མདའ་འཕང་སྨད་ཆ།>>ལས།༢༠༠༧ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་(༣༤༤)ལས་གསལ།
༧<<སྦྱིན་བསྲེག་སྤྱི་རྒྱུག་གི་ལས་བཞིའི་ཆ་ལག་ཟུར་དུ་བཀོད་པ།>>ལས། དཔེ་གཟུགས་བྲིས་མ། ཤོག་ངོས་(༡༠)ལས་གསལ།
༨<<གདུང་ཀློང་གཉིས་ཀྱི་བཅའ་ཐབས་ལག་ཁྲིད་བློ་རྨོངས་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག>>ལས། དཔེ་གཟུགས་བྲིས་མ། ཤོག་ངོས་(༨)ལས་གསལ།
༩<<དུ་ཏྲི་སུ་ཡི་སྒྲུབ་གཞུང་མ་རིག་མུན་སེལ་འཁོར་བ་དོན་སྤྲུགས།>>ལས། དཔེ་གཟུགས་ལྡི་ལི་པར་མ། ཤོག་ངོས་(༢༠)ལས་གསལ།
༡༠<<མདའ་དར་གྱི་བསྟོད་པ།>>མདའ་དར་གྱི་བསྟོད་པའི་འཇུག་ཏུ་རྩམ་པ་པོའི་མིང་ཚིག་མི་གསལ་ཀྱང་། མདའ་དར་གྱི་བསྟོད་པའི་གོང་དུ་ཕྱེ་མ་བསྟོད་པའི་འཇུག་ཏུ་མཚོ་རྔ་བྲག་དཀར་དུ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་(996-1035)མཛད་པའོ།། ཞེས་གསལ་གི་འདུག མདའ་དར་གྱི་བསྟོད་པའི་ཚིག་གྲུབ་སྟངས་དང་གོང་གི་ཕྱེ་མའི་ཚིག་གྲུབ་སྟངས་གཉིས་འདྲ་པོའི་བྱུང་བས། མདའ་དར་གྱི་བསྟོད་པ་མཛད་མཁན་ཡང་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཡིན་པ་སྙམ། དཔེ་གཟུགས་བྲིས་མ། ཤོག་ངོས་(༢)ལས་གསལ།
༡༡<<སྤྱི་སྤུངས་ཕྱྭ་ཚེ་དམུ་ཡད་ཀྱི་ཚེ་མདའ་གཟུགས་པ།>>དཔེ་གཟུགས་བྲིས་མ། ཤོག་ངོས(༦)ལས་གསལ།
༡༢<<མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་བོད་བློན་མདོ་མཁར་བའི་བཙུན་མོ་བྱོན་སྐབས་མདའ་དར་འཛུགས་པའི་འབེལ་གཏམ།>>དཔེ་གཟུགས་བྲིས་མ།ཤོག་ངོས་(༥)ལས་གསལ།
༡༣<<དུ་ཏྲི་སུ་ཡི་སྒྲུབ་གཞུང་མ་རིག་མུན་སེལ་འཁོར་བ་དོན་སྤྲུགས།>>དཔེ་གཟུགས་ལྡི་ལི་པར་མ། ཤོག་ངོས་(༢༠)ལས་གསལ།
༡༤<<མདའ་འཕང་སྨད་ཆ།>>༢༠༠༧ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་(༡༤༨)ལས་གསལ།
༡༥<<ཚེ་དབང་མཆོག་འདུས་ཀྱི་ཟབ་གནད་བླ་བསླུ་ཚེའི་གཡུང་དྲུང་།>>དཔེ་གཟུགས་བྲིས་མ། ཤོག་ངོས་(༦)ལས་གསལ།
༡༦<< མིང་སྲིང་དཔལ་བགོས་དང་ལྷ་འདོགས།>>༢༠༠༢ལོར་མཁར་རྨེའུ་བསམ་གཏན་གྱིས་འཇའ་པན་ནས་དེབ་གཟུགས་སུ་བསྐྲུན་པའི་SER32 ༼The call of the Blue cuckoo༽དེའི་ནང་ཤོག་ངོས་(༢༢༦)ལས་གསལ།
༡༧<<བོན་གྱི་གཉེན་སྒྲིག་ཆོ་གའི་སྐོར།>>༢༠༠༧ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས་མདའ་འཕང་སྨད་ཆ་ཤོག་ངོས་(༣༤༥)ལས་གསལ།
གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལས་བཤུས།