ཁྱུང་གི་རིགས་རུས(དམ་པ་ཁྱུང་གི་སྐོར)སམ་བསེ་ཁྱུང་དབྲ་ཞེས་པའི་སྐོར་གྱི་དཔྱད་པ།

[ཟླ་ཚེས། 2015-11-26 17:48:24][རྩོམ་པ་པོ། ཀུན་དགའ་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྒྱལ་རོང་གི་ཁང་པ་རྙིང་པ་ལས་ཐོན་པའི་ཁྱུང་གི་གཟུགས་རིས།.jpg

རྒྱལ་རོང་གི་ཁང་པ་རྙིང་པ་ལས་ཐོན་པའི་ཁྱུང་གི་གཟུགས་རིས།

     ཁྱུང་ཞེས་པའི་ཐ་སྙད་འདི་ལོ་རྒྱུས་ཡིག་ཆ་ལས་རུས་སུ་གཏོགས་སྟངས་ལ་སྣ་གཉིས་ཡོད་པ་སྟེ། གཅིག་ནས་བོད་ཀྱི་ཡབ་འབངས་རུས་དྲུག་གི་ཁྲོད་དུ་བྱུང་བའི་ཁྱུང་ལ་ཟེར་བ་སྟེ། ཡབ་འབངས་རུས་དྲུག་ནི་བཙན་པ་ལྷོ་དང་གཉགས་གཉིས། བཙུན་པ་ཁྱུང་དང་སྣུབས་གཉིས། གཉན་པ་བསེ་དང་སྦོ་གཉིས་བཅས་དྲུག་སྟེ། དེ་ལས་བཙན་དང་བཙུན་གཉན་སོགས་རུས་རིགས་ཀྱི་ཁྱད་ཆོས་སུ་སྦྱར་བ་ལས། 《དེབ་ཐེར་མཁས་པའི་དགའ་སྟོན》དང་། ཏུན་ཧོང་ཡིག་ཆ་སོགས་ལས་བྱུང་བའི་རིགས་རུས་ཁྱུང་དེ་བཙུན་པའི་ཁྱད་ཆོས་དང་ལྡན་པའི་རིགས་རུས་ཤིག་ཡིན་ཚུལ་བསྟན་ཡོད།
     གཉིས་སུ་བོན་གྱི་གདུང་རྒྱུད་ཆེ་དྲུག་སྟེ་གཤེན་དང་། བྲུ ཞུ། སྤ། རྨེའུ། ཁྱུང་བཅས་སུ་གསལ་བའི་ཁྱུང་དེ་ལ་ཟེར་བ་ཡིན། བོན་གྱི་གདུང་རྒྱུད་ཆེ་དྲུག་ལས་བྱུང་བའི་ཁྱུང་ཞེས་པའི་རུས་དེ་ནི་དམ་པ་ཁྱུང་གི་རུས་འདི་ལ་གོ་དགོས་པ་ཡིན་ལ། དེ་ལ་ཡང་ཁྱུང་དཀར་དང་། ཁྱུང་ནག ཁྱུང་སེར་གསུམ་གྱི་རིགས་རུས་སུ་དབྱེ་བ་ལས། ཁྱུང་དཀར་གྱི་རིགས་རུས་དེང་གི་མངའ་རིས་དང་ཆབ་མདོ་ས་ཁུལ་གྱི་ཁྱུང་པོའི་ས་ཆར་ཡོད་པའི་མི་རྒྱུད་རྣམས་དང་། རྒྱལ་རོང་ཡུལ་དུ་མཆེད་པའི་མི་རྒྱུད་དག་ཀྱང་ཁྱུང་དཀར་གྱི་རྒྱུད་པ་ཡིན་ཚུལ《ཁྱུང་པོའི་རྒྱལ་རབས་ཤེལ་དཀར་མེ་ལོང》ལས་གསལ་བ་ལྟར་དང་། དེ་བཞིན་ཁྱུང་སེར་གྱི་རྒྱུད་པ་དག་ཀྱང་ས་ཆ་དེ་དག་ལས་གཞན་ཁམས་སྟོད་སྨད་ཀུན་ཏུ་ཡོད་པར་གྲགས། ཁྱུང་ནག་གི་རྒྱུད་པ་གང་དུ་མཆེད་པའི་སྐོར《བོན་ཞིག་ཁྱུང་ནག་གི་ལོ་རྒྱུས》སོགས་ཚད་ཡོད་ཀྱི་ཡིག་ཆ་ཉུང་ཤས་ཙམ་ལས་ད་སྔ་ཡིག་ཆ་ཁ་གསལ་མ་རྙེད་ན་ཡང་། དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་ཁོངས་སུ་ཡོད་པའི་དགའ་མལ་དགོན་གྱི་ཚབ་ཚའི་བླ་རབས་རྣམས་ཁྱུང་ནག་གི་རྒྱུད་དུ་གྲགས་ཤིང་། དེ་བཞིན་སི་ཁྲོན་དཀར་མཛེས་ཁུལ་དུ་ཡང་ཁྱུང་ནག་གི་རྒྱུད་ཡོད་ཚུལ་འདུག། གཞན《དུང་དཀར་ཚིག་མཛོད》དུ“རྒན་རབས་རྣམས་ཀྱི་ངག་རྒྱུན་ལ། བོད་ཀྱི་རུས་རྒྱུད་ཁྱུང་པོའི་རིགས་རྣམས་ཀྱི་མི་རྒྱུད་དང་པོ་ཁྱུང་གི་སྒོ་ང་དཀར་པོ་དང་། ནག་པོ། སེར་པོ་གསུམ་བྱུང་བ་ལས། དཀར་པོ་མངའ་རིས་སུ་ཆགས་པ་ལས་མངའ་རིས་ཁྱུང་པོ་དང་། ནག་པོ་གཙང་དུ་འཕུར་བ་ལས་གཙང་སྟོད་ཀྱི་ཁྱུང་པོ་དང་། སེར་པོ་ཁམས་སུ་འཕུར་བ་ལས་ཁྱུང་པོ་སེར་ཚ་ཞེས་པར་ཁམས་སོགས་ཀྱི་ཡུལ་མི་རྣམས་བྱུང་ཞེས་བཤད་སྲོལ་ཐོས་པ་ལས་ཡིག་ཆ་བདག་གིས་མ་མཐོང་ལགས། གཞན་ཡང་ནག་ཆུ་ས་ཁུལ་ཁོངས་སོག་རྫོང་དང་ཉེ་བའི་སར་སྔར་བོན་ཆོས་དར་ས་གཙོ་བོའི་གྲས་ཏེ་ཁྱུང་པོ་དཀར་ནག་སེར་གསུམ་ཟེར་བ་ཞིག་ཡོད”{1}ཞེས་གསུངས་འདུག དེ་བཞིན《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ལས། “ཁྱུང་དཀར་ཐོག་འབར་རྒྱུད་པ་ཞང་ཞུང་ནས།།སུམ་གླིང་གྱིམ་ཤོད་སྟོད་སྨད་དུ་གྲོལ་ཏེ།།བར་གྱི་ཁྱུང་པོ་དཀར་ནག་སེར་གསུམ་ཞེས། །རྗེ་ཡི་རྒྱུད་དང་དམ་པའི་རྒྱུད་པ་སོགས།།མང་དུ་བྱུང་བའི་གདུང་རབས་རྒྱས་པར་ཡོད།།”{2}ཅེས་དང་། “རྒྱལ་རོང་མེ་ཉག་རེབ་གོང་ཉག་རོང་སོགས།། མདོ་ཁམས་ཁྱུང་པོའི་གདུང་རབས་དུ་མར་གྲོལ”{3}ཞེས་བཤད་འདུག
     དེ་ལྟར་ཡང་། ཁྱུང་འདི་དང་བསེ་ཁྱུང་དབྲ་ཞེས་པའི་བར་གྱི་འབྲེལ་བ་ཅི་ཡིན་གསལ་བོ་མ་བྱུང་ན། ཁྱུང་གི་རིགས་རུས་ཞེས་པ་འདི་དང་སྔ་རབས་ཀྱི་ཕྱྭ་དམུ་གཙུག་གསུམ་མམ་རྩ་བའི་རུས་ཆེན་བཞིའམ་མིའུ་གདུང་དྲུག་གི་འབྲེལ་བ་ཅི་ཞིག་ཡིན་པ་དང། དེ་དག་ལས་ལོ་རྒྱུས་སྔ་ཤོས་གང་ཞིག་ཏུ་གཏོགས་པ་སོགས་ལ་གསལ་ཆ་འབྱུང་ཐབས་མི་འདུག མཁས་དབང་མང་ཆེ་བའི་བཞེད་སྟངས་ལ་གདོད་མའི་ཞང་ཞུང་ཡུལ་གྱི་མིའི་རུས་ཁུངས་ཁྱུང་ལ་གཏུག་ཡོད་ཅིང་། དེ་ལས་ཀྱང་བསེ་ཁྱུང་སྦྲ་ཞེས་པ་ལ་སྦྱར་ཡོད་ན་ཡང་། བསེ་ཁྱུང་སྦྲ་དང་སེ་ཁྱུང་སྦྲ། ཡང་ན་བསེ་ཁྱུང་དབྲ་སོགས་ཡིག་རྙིང་གི་ཁུངས་མི་འདྲ་བ་དང་། དུས་མཚམས་མི་འདྲ་བའི་ཡིག་མཁན་གྱི་འབྲི་སྟངས་ཡན་གར་བ་ཡིན་པས་ན། དེ་ཡིས་ཁྱུང་ནི་ཞང་ཞུང་གི་རུས་ཁུངས་ཐོག་མ་ཡིན་པ་སྟོན་མི་ཐུབ་ལ། དེ་ལས་ཀྱང་ཁྱུང་ཞེས་པ་འདི་གདོད་མའི་རིགས་རུས་ཤིག་ཏུ་གོ་དགོས་ཐབས་མེད་པར་སྙམ། སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང་ཆེན་མོ》སོགས་ཀྱི་སྙིང་དོོན་ལྟར་བྱས་ན། རྨུ་དང་སྒ་རྣམས་རུས་གཅིག་ཡིན་པ་དང་། སྟོང་དང་འབྲུ་རྣམས་རུས་གཅིག བསེ་དང་ཁྱུང་དང་སྦྲ་རྣམས་རུས་ཚན་གཅིག་ཏུ་གོ་ལ། ཡིག་ཆ་ལ་ལས་ལྡོང་གི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་གི་རིགས་ཟེར་བ་དང་། བསེ་ཡི་ནང་ནས་བཟང་པོ་དང་གཙོ་བོ་རྣམས་ལ་བསེ་ཁྱུང་དབྲ། སྟོང་གི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་ཨ་ཐང་འབྲུ{4}སོགས་འབྲི་སྟངས་མི་འདྲ་བ་མང་པོ་ཞིག་ཟེར་སྲོལ་འདུག་ན་ཡང་། ཡིག་རྙིང་མང་ཆེ་བའི་ཁྲོད་དུ་བསེ་ཁྱུང་ཞེས་པའི་ཁྱད་ཆོས་ཀྱི་ཚིག་ཏེ་སྦྲའམ་དབྲ་ཡི་སྔོན་དུ་བྱུང་བས་ན། སྦྲའམ་དབྲ་ནི་ཁྱད་གཞི་བརྗོད་པའི་ཚིག་ཡིན་པ་དང་། བསེ་ཁྱུང་ཞེས་པ་ནི་ཁྱད་ཆོས་བརྗོད་པའི་ཚིག་ལྟ་བུ་ཡིན་པས་ན། རིགས་རུས་དེའི་ཁུངས་གཙོ་བོ་དབྲ་ལ་གཏུག་དགོས་པར་གསལ་ལ། ཞང་ཞུང་གི་མི་རྒྱུད་དེ་རྣམས་གཙོ་བོ་རུས་དབྲ་ལས་མཆེད་པ་དང་། དེ་དག་གིས་ཐོག་མའི་དུས་སུ་གནམ་ལ་འཕུལ་རྩལ་ཆེ་ཞིང་། ས་ཡི་གནོད་བྱེད་མཐའ་དག་གཞོམ་པར་ནུས་པའི་བྱ་ཁྱུང་དེ་ཉིད་རང་གི་རིགས་རུས་ལ་ཆེ་བརྗོད་བྱེད་པའི་དཔེ་རུ་དྲངས་པ་ལས། རིམ་གྱིས་ཆེ་བརྗོད་ཀྱི་མིང་དེ་ཁྱུང་གི་རུས་ཚན་གྱི་མིང་དུ་འཕོ་འགྱུར་བྱུང་སྟེ། ཁྱུང་པོ་དང་། ཁྱུང་ལུང་དངུལ་མཁར། ཁྱུང་འཕགས་ཁྲ་བོ་སོགས་སུ་ཆགས་པ་ཡིན་སྙམ། དེ་མ་ཟད་《རྒྱ་བོད་ཡིག་ཚང་ཆེན་མོ》ལྟར་ན། བསེ་ཁྱུང་དབྲ་ཞེས་པ་དེ་ལ་ཡན་ལག་ཁ་ཤས་བསྟན་ཡོད་དེ། “སེ་ཁྱུང་དབྲའི་ཆེ་དྲུག་དེ།། སྟོད་ན་ཞང་ཞུང་ཁྱུང་པོ་གཉིས།། བར་ན་མར་པ་སྤུ་རངས་གཉིས།།སྨད་ན་རེ་ཁེ་ཉག་ལེ་གཉིས།།ཆེ་དྲུག་མཚན་གྱི་བཙུན་དྲུག་དེ།།”{5}ཞེས་ཡན་ལག་དྲུག་པོ་བཙུན་པའི་ཁྱད་ཆོས་དང་བཅས་བསྟན། དེའི་ཕྱིར་ཐོག་མའི་དུས་སུ་ཁྱུང་ཞེས་པ་ལ་མ་མཐའ་མཚོན་དོན་རང་བཞིན་གྱི་གོ་བ་ཆགས་པ་ནས་རིམ་གྱིས་དབྲ་ཞེས་པའི་རིགས་རུས་འདི་དང་ངོ་བོ་གཅིག་འདྲེས་སུ་ཆགས་པ་ཡིན་སྲིད།
     ཁྱུང་གི་རིགས་རུས་ངོས་འཛིན་པའི་མཆེད་ཁུངས་དངོས་ནི་བོད་ཀྱི་ཐོག་མའི་རྩ་བའི་རུས་ཆེན་བཞིའམ་མིའུ་གདུང་དྲུག་ཡིན་དགོས་ཏེ། 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ཞེས་པའི་ལོ་རྒྱུས་ཀྱི་ཡིག་རྙིང་གལ་ཆེན་དེའི་སྙིང་དོན་ལྟར་ན། “འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས་སྒོང་ངའི་དབྱིབས་གཟུགས་ཆགས་པ་དང་། དེ་ལས་སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས་པ་ལས་བྱུང་བའི་ཡ་ཐོག་ཞང་བོད་མི་རྒྱུད་ཀྱི་ཐོག་མའི་གྲོལ་ཕུག་ནི་སྨོན་པའི་མི་བོ་ལུམ་ལུམ་ཞེས་བྱ་བ་དེ་ཡིན་ལ། དེ་ཡི་མིང་གཞན་ལ་ཡེ་སྨོན་རྒྱལ་པོ་དང་། སྟོན་པ་འབུམ་མེ། སངས་པོ་འབུམ་ཁྲི་སོགས་ཟེར་བ་དང་། དེ་ལས་བརྒྱུད་དེ་རིམ་གྱིས་སྲིད་པའི་མི་རབས་མཆེད་དགུ་སོགས་མི་རབས་མང་པོ་ཞིག་བརྒྱུད་པའི་རྟིང་མ་དེར་ལྡོང་དང་། དབྲ། འབྲུ། དགའ་སྟེ། རུས་ཆེན་བཞི་དང་། གཞན་ཡང་དབལ་ཟླ་གཉིས་དང་བཅས་པས་མིའུ་གདུང་དྲུག་ཏུ་གྲགས་པ་རྣམས་ཡིན” {6}ཚུལ་བསྟན་ཡོད་ལ། དེ་ལས་ཆེ་བ་ལྡོང་གི་རིགས་ཡིན་པ་དང་། དེ་ནས་དབྲ་ཡིན་པར་བསྟན་པ་སྟེ། དབྲ་ལ་ཡང་སེ་ཁུང་དབྲ་ཞེས་བྲིས་ཐོག དེའི་དབྱེ་བ་ལ་དཀར་ནག་ཁྲ་གསུམ་ཡོད་པར་བསྟན་པ་དེས་ཁྱུང་གི་རིགས་རུས་དཀར་ནག་ཁྲ་གསུམ་བསྟན་པ་སྟེ། དེ་ཡིས་ཁྱུང་གི་རིགས་འདི་དང་པོ་དབྲ་ནས་ཆད་པ་ཧ་གོ་ཐུབ་ལ། དེ་བཞིན “དབྲ་དང་པོ་རྒྱུད་ཀྱི་ཆེ་དགུ ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབུམ་དབྲའི་མཆེད་དྲུག་ཡོད”{7}ཞེས་བསྟན་ཡོད། 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང》ལྟར་ན།“ཡེ་སྨོན་འཕྲུལ་གྱི་རྒྱལ་པོ་དང་རྫུན་འཕྲུལ་མ་མོ་བཤོས་པས། ཕྱ་དམུ་བཙུག་གསུམ་སྲིད་པ་སྲིད”{8}ཅེས་པས་རྩ་བའི་རུས་ཆེན་བཞིའམ་དྲུག་གི་གོང་དུ་ད་དུང་ཕྱ་དམུ་བཙུག་གསུམ་ཞེས་པའི་རུས་ཁུངས་ཞིག་ཡོད་པར་བསྟན་པ་ཡིན་ལ། དེ་ལས་ཕྱྭ་དམུ་གཙུག་གསུམ་ནི་བོད་ཀྱི་རིགས་རུས་ཆེས་སྔ་བ་གསུམ་ཡིན་པ་བསྟན། ཕྱྭ་ཞེས་པ་འདི་མཚམས་མཚམས་སུ་བྱ་ཞེས་པའི་ཟོལ་ཡང་བོར་མ་བསྒྱུར་བའི་སྔོན་གྱི་འབྲི་སྟངས་ཞིག་ཡིན་ཚུལ་མང་དུ་འབྱུང་གི་ཡོད་ཅིང་། དེའི་དོན་ནི《དེབ་ཐེར་མཁས་པའི་དགའ་སྟོན》གྱི་ནང་དུ“ཕྱྭ་དང་གནམ་ལ་དགའ”ཞེས་པ་སོགས་ལ་གོ་བ་ཟབ་ཏུ་བླངས་པས་ཀྱང་གོ་ཐུབ། དེ་མ་ཡིན་པ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ཡབ་གཞིས་སུ་གཏོགས་པའི་ཕྱྭ་ཡབ་ལྷ་བརྡར་དྲུག་ཞེས་པ་སོགས་ཀྱིས་ནི་ཕྱྭ་ཞེས་པ་ལྷ་ཞེས་པའི་དོན་དུ་ཡང་གོ་འགྲོོ དམུ་ཞེས་པའི་རིགས་རུས་འདི་གནའ་བོའི་རྒྱལ་ཕྲན་ལི་ཡུལ་དང་། བལ་པོ། སྟག་གཟིགས་བཅས་ཀྱི་མིའི་མཆེད་ཁུངས་ཡིན་ཟེར་སྲོལ་ཡོད་ལ། སྟོན་པ་གཤེན་རབ་ཀྱི་ཡབ་མེས་ནས་རིགས་རུས་དམུ་ཡིན་ཚུལ་ཆོགས་ཀྱིས་ཐ་སྙད་འདི་རིགས་རུས་རྙིང་ཤོས་སུ་ཆགས་ཡོད་པ་ཤེས། འོ་ན་དམུ་ཞེས་པ་དང་པོ་གང་ནས་བྱུང་ཞེ་ན། 《དབུ་ནག་མིའུ་འདྲ་ཆགས》སུ་བཀོད་པའི་སྲིད་པ་སྐོས་དྲུག་གམ་སྲིད་པ་ཆེ་དྲུག{9}ཞེས་པ་ལས་མཆེད་པ་སྟེ། སྲིད་པ་སྐོས་དྲུག་ནི་ཕྱྭ་དམུ་གཙུག་གཉན་ཡེ་ངམ་བཅས་དྲུག་ལ་ཟེར་ལ། འདི་ལས་བྱུང་བའི་ཕྱྭ་དང་གཙུག་ལ་ཝ་ཟུར་ཡོད་མེད་དང་སྔོན་འཇུག་བ་དང་ག་ཡི་ཁྱད་པར་ཐོན་ཡོད་ན་ཡང་གནས་སྐབས་ཀྱི་དཔྱད་བྱ་མ་ཡིན་ཞིང་། “སྲིད་པ་སྐོས་དྲུག་ལས་ཐོག་མའི་གསུམ་པོ་ནི་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་གསུམ་དབར་ཕན་ཚུན་གཉེན་སྒྲིག་བྱས་རྗེས་མཐའ་མ་མིའུ་གདུང་དྲུག་འཕེལ་བའི་སྐོར་འཁོད་ཡོད” {10}ཅེས་གསུང་པ་བཞིན་བོད་ཀྱི་རུས་ཁུངས་ཐོག་མ་དམུ་ཡི་རིགས་ལས་ཕྱྭ་དམུ་གཙུག་གསུམ་དང་། དེ་ནས་སྲིད་པ་རྐོས་དྲུག དེ་ནས་རྩ་བའི་རུས་ཆེན་བཞི་དང་མིའུ་བུ་གདུང་དྲུག་དང་། དེ་ནས་ཡན་ལག་གི་རུས་ཕྲན་གྲངས་མང་པོར་འཕེལ་ཡོད་པ་ཤིན་ཏུ་གསལ།
     དེ་བཞིན《ཁྱུང་པོའི་རྒྱལ་རབས་ཤེལ་དཀར་མེ་ལོང》ལས། “དེའི་ཚེ་སྐུ་ལ་སྲས་སྤྲུལ་བསྟན་པ་རྗེས་སུ་བཞག་པར་དགོས་ནས། དམུ་རྟོ་ལྷ་གཉན་དབང་ཕྱུག་གི་སྲིད་མཚོ་དཀར་མོའི་རྩ་བར་གཤེགས་ནས། འཇིག་རྟེན་དཔལ་མགོན་ཡུལ་ལྷ་གཞི་བདག་རྣམས་ལ་བརྔན་རྫས་དཔག་མེད་འབུལ། སྡེ་བརྒྱད་རྣམས་ལ་གཏོར་མ་བཏང་། ལྷ་མདའ་དར་དཀར་གྱིས་བརྒྱན་པ་བཞི་ཕུལ་ནས་སྨོད་བཙུགས་པའི། དམུ་རིགས་དབྲ་ལ་སྤྲུལ་པའི་ལྷ་སྲས་དང་། སྟག་གཟིག་མྱེས་ཆེན་དམུ་བཞེར་ཡབ་ཡུམ་ལ།”{11}ཞེས་པ་སོགས་ལས་དམུ་ཡི་རིགས་རུས་རྣམས་དབྲ་ཡི་རིགས་རུས་སུ་འཕོ་འགྱུར་བྱུང་ཚུལ་བསྟན། དེ་དག་ཡིག་རྙིང«དབུ་ནག་མིའུ་འདྲ་ཆགས»དང་མཐུན་པར«སྲིད་རྒྱུད»ལས་ཀྱང་། "དབྲ་ཞང་ཞུང་རིགས་ལ་དྲིན་ཆེའོ།"ཞེས་བཤད། དེའི་ཕྱིར་དབྲ་ཡི་བརྒྱུད་ཁུངས་དམུ་ལ་དེད་ན་འགལ་ཟླ་མེད་སྙམ། འོན་ཀྱང་དམུ་རིགས་གཤེན་གྱི་དམུ་ཞེས་པ་འདི་ནི་ཞང་ཞུང་གི་སྐད་ཡིན་ཞིང༌། དེ་ལ་བོད་སྐད་དུ་གཤེན་ཞེས་པར་གོ་དགོས་ཟེར་བར་ད་དུང་དཔྱད་དགོས་ལ། དེ་བཞིན་དམུ་ཞེས་པའི་རིགས་རུས་འདི་ལ་ཡིག་ཆ་ཁ་ཤས་སུ་ཡ་ངལ་ལམ། ཡང་སྟོན་ཞེས་པའི་རིགས་རུས་ཀྱི་མིང་ཤིག་བོན་གྱི་བཀའ་དང་བཀའ་བརྟེན་སོགས་སུ་ཐོན་པ་དེ་རྒྱ་གར་ཤྰཀྱའི་རིགས་ལ་ཡྰ་ལིས་ཨན་ཟེར་བཞིན་པ་དང་འབྲེལ་བ་ཡོད་མེད་ཀྱང་ད་དུང་དཔྱད་དགོས། གལ་ཏེ་དེ་ལྟར་ཡིན་ན་ནི་ཡིག་རྙིང«དབུ་ནག་མིའུ་འདྲ་ཆགས»སོགས་སུ་རྒྱ་བོད་ཀྱི་འབྱུང་ཡུལ་གཅིག་ཏུ་ལྟ་བའི་རྒྱུ་གཅིག་སྨྲ་བའི་ལྟ་བ་སྟེ་ཡ་གླིང་མིའི་རིགས་ཀྱི་འབྱུང་ཡུལ་ཞང་ཞུང་གི་ཡུལ་ལ་གཏུག་ཆོག་པ་རིམ་པ་ཕྲེང་དུ་སྒྲིག་ཆོག་སྙམ།
     འོ་ན། སེ་ཁུང་དབྲའམ་བསེ་ཁྱུང་སྦྲ་སོགས་ཇི་ལྟར་བྱུང་བའི་ཐད་ལ་ད་དུང་དབྱེ་ཞིབ་བྱེད་དགོས་ཏེ། 《རླངས་ཀྱི་པོ་ཏི་བསེ་རུ》ལྟར་ན། སེ་ཁུང་དབྲ་ཞེས་པ་སེ་འམ་བསེ་ཞེས་པ་དེའི་ཁུངས་དབྲ་ཡིན་ཞེས་པའི་དོན་ལྟ་བུ་ལ་གོ་བ་བླངས་ཆོག་པར་ཆགས་ཡོད་ན་ཡང་། དེ་ལྟར་འགྲེལ་བརྗོད་བྱས་པས་འཚམས་མིན་མཐའ་གཅིག་ཏུ་ཐག་གཅོད་ཐབས་མི་འདུག གང་ལྟར་སེའམ་བསེ་ཞེས་པའི་རིགས་རུས་འདི་ཁྱུང་གི་རུས་ཞེས་པ་ལས་མཆེད་པ་དང་། དེ་ཡང་དབྲ་ལས་མཆེད་པ་ཡིན་ཟེར་ན་མི་འཚམས་པ་མེད་པ་འདྲ། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཁོང་གི་གསུང་རྩོམ་དུ་གཏམ་རྒྱུད་ཅིག་དྲངས་ཡོད་པ་དེའི་བྱུང་ཁུངས་གསལ་པོ་བཀོད་མེད་ན་ཡང་། “ཤོད་སྲོལ་ལྟར་ན་མི་དང་གཉན། བདུད་གསུམ་བར་དམག་འཁྲུག་ཅིག་ལངས་པ་དང་། མཐའ་མ་གཉན་གྱིས་གཅེན་གཅུང་དྲུག་གི་ཡབ་ཆེན་ཁྲི་ཐོ་ཆེན་པོ་བཀྲོངས། གཉན་གྱིས་ཁྲི་ཐོ་ཆེན་པོའི་བུ་དྲུག་ལ་མི་སྟོང་དུ་སྲོག་ཆགས་རེ་སྤྲོད་དགོས་རྒྱུ་ཐག་བཅད། སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག གཡག་དང་སྟག་བཅས་ཡིན་ལ། དེ་རྣམས་ནི་དགྲ་ལྷར་ངོས་འཛིན་བྱེད་པ་ཡིན། སྲོག་ཆགས་དེ་དག་ནི་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པ་མ་ཟད། ལྡོང་དང་དབྲ། འགྲུ སྒ་བཅས་ཀྱི་དགྲ་ལྷར་ཡང་བརྩི་ཞིང་། དེ་རྣམས་ལ་གཉན་ཆེན་སྡེ་བཞི་དང་། རླུང་རྟའི་ལྷ་བཞི་ཞེས་སུ་འབོད་སྲོལ་ཡོད།”{12}ཅེས་པའི་གཏམ་རྒྱུད་ལས་རུས་དབྲ་དང་དེ་ཡི་དགྲ་ལྷར་ངོས་འཛིན་པའི་བྱ་རྒྱལ་ཁྱུང་གི་འབྲེལ་བ་མཐོང་ཐུབ་ལ། དེ་བཞིན་གྱི་དབྲ་ཞེས་པའི་རིགས་རུས་འདི་ཆེས་གདོད་མའི་དུས་སུ་ཡོད་པའི་ཞང་ཞུང་ཡུལ་གྱི་མེས་པོ་ཚོའི་རིགས་རུས་ཡིན་པས་ན། མེས་པོ་དེ་དག་ལས་བརྒྱུད་པའི་རིགས་རུས་དབྲ་ཡིན་པ་རྣམས་གཡུལ་ལ་དཔའ་ཞིང་། ལས་ལ་བརྩོན་པ། རིག་པ་གསལ་ཞིང་དཔའ་མཛངས་བརྟུལ་ཕོད་ཀྱི་ཁྱད་ཆོས་དང་ལྡན་པའི་དབང་གིས་མི་རྣམས་ཀྱིས་དགུང་ན་འཕུར་རྩལ་འགྲན་ཟླ་དང་བྲལ་བའི་ཁྱུང་གི་གཟུགས་སུ་འགོད་ཅི་ཐུབ་བྱས་པ་ལས་དབྲ་ཁྱུང་ཞེས་པའི་ཐ་སྙད་དེ་བྱུང་ཡོད་པ་དང་། དེ་ཡང་ཁྱུང་གི་གདུང་རབས་སོགས་དང་ཁྱུང་གི་རིག་གནས་ཀྱི་འཕེལ་སྟོབས་ལ་བརྟེན་ནས་དབྲ་ཞེས་པ་དོར་ཏེ་ཁྱུང་གཅིག་པོས་འཐུས་པར་བྱས་པའི་སྣང་ཚུལ་གསལ་བོར་མཐོང་གི་འདུག དེའི་ཕྱིར། སེའམ་བསེ་དང་། ཁྱུང་ཞེས་པའི་དུས་ཕྱིས་ཀྱི་རིགས་རུས་འདི་དག་ཐོག་མའི་དབྲ་རུས་ལས་མཆེད་པ་ཡིན་པར་ཐེ་ཚོམ་སྐྱེ་དགོས་དོན་མི་འདུག་སྙམ།
     དབྲ་ཞེས་པའི་རིགས་རུས་འདི་བསེ་དང་ཁྱུང་ལས་སྔ་བ་ཡིན་ཚུལ་སྐོར་ལ། རྒན་ཚེ་རིང་ཐར་ལགས་ན་རེ། “ཁྱུང་གི་རིགས་རུས་མ་བྱུང་བའི་སྔ་རོལ་དུ། ས་ཆ་འདིའི(ཞང་ཞུང་ཡུལ)བདག་པོ་ནི་དབྲའི་རིགས་རུས་ཅན་རྣམས་ཡིན་ཞིང་། རྒྱལ་པོ་ཡིས་དབྲའི་རིགས་རུས་ཀྱི་མངའ་ཁོངས་ཐམས་ཅད་ཁྱུང་རྒོད་ཐོག་ལ་འབར་ཟེར་བ་ལ་ཕུལ་བས་ཁྱུང་དབྲ་དཀར་ཞེས་པ་བྱུང”{13}ཞེས་གསུངས་ལ། དབྲ་རིགས་ཀྱི་རྒྱུད་པ་འདི་བོན་གྱི་ལོ་རྒྱུས་སུ་ཤིན་ཏུ་གལ་ཆེན་ཡིན་ཚུལ་དང་། དེའི་ད་ལྟའི་རིགས་རྒྱུད་གཙོ་ཤོས་སི་ཁྲོན་དཀར་མཛེས་ཁུལ་གྱི་ཀླུ་བུམ་དགོན་པའི་སུ་ལ་སྐུ་ཕྲེང་རིམ་བྱོན་དང་། བོན་གྱི་སྐྱེས་ཆེན་དམ་པ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་མཛད་པ་པོ་ལོ་རྒྱུས་མཁས་དབང་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་ཡང་རིགས་རུས་འདི་ལ་འཁྲུངས་པ་མ་ཟད། སྡེ་དགེ་སྟེང་ཆེན་དགོན་གྱི་དབྲ་སྟོན་སྐུ་ཕྲེང་རིམ་བྱོན་ཡང་རིགས་རུས་འདི་ལས་བྱུང་ཚུལ་ཟུར་མཆན་དུ་བཀོད་ཡོད་པ་དང་། དེ་བཞིན《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》ལས“དེ་ཙེ་གང་ལ་ལྷ་ཡང་བསྟེན། མ་བོང་མཚོའ་ལ་སྨན་ཡང་བརྟེན། མི་དང་ལྷ་རུ་བརྡའ་ཡང་སྤྲད། ཞང་ཞུང་སྟོང་སྡེ་རྒྱུད་དུ་འཕེན། དབྲ་ཞང་ཞུང་རིགས་ལ་བཀའ་དྲིན་ཆེའོ།”{14}ཞེས་ཞང་ཞུང་གི་ཐོག་མའི་རུས་ཁུངས་དབྲ་ཡིན་ཚུལ་བསྟན་ཡོད་པ་དང་། ཁྱུང་རབས་ལས་ཀྱང་ངོ་མཚར་ལྡན་པའི་ལྷ་དང་དམུའི་རིགས། བྱའི་ལུས་ལ་མིའི་དབང་པོ་ཅན་འོ་སྐོལ་སྲིད་པའི་དྭངས་མ་རྒྱལ་གྱི་རྒྱུད་ཞེས་པ་ལས་ཀྱང་ཁྱུང་ཞེས་པ་དམུ་ལ་འབྲེལ་བ་ཡོད་ཚུལ་གསུངས་པ་དང་། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཕྲེང་མཛེས》ཞེས་པ་ལས་རུས་ཆེན་བརྒྱད་བཤད་པ་དབྲ་འགྲུ་སྒ་དང་ལྡོང་། འཛི་དང་མེ་ཉག་སུམ་བྷ་འ་ཞ་དང་བརྒྱད་ཞེས་པའི་ཐོག་མ་དབྲ་ཡིན་པ་སོགས་དབྲའི་རིགས་རུས་འདི་ཤིན་ཏུ་སྔ་བ་བསྟན་ལ། དེ་བཞིན་གྱི《རླངས་ཀྱི་པོ་ཏི་བསེ་རུ》ལས་ཀྱང“དབྲ་སྲས་རླངས་ཡིན། རླངས་སྲས་ཝམ་ཡིན།ཝམ་སྲས་གྱེན་འབར་ཡིན”{15}ཞེས་པའི་ནང་དུ་རིགས་རུས་རྙིང་པ་རླངས་སམ་བསེ་ཞེས་པ་འདི་ཡང་དབྲ་ལས་ཆད་ཚུལ་བསྟན་ལ། དེ་མ་ཟད《ཁྱུང་པོའི་རྒྱལ་རབས་ཤེལ་དཀར་མེ་ལོང》ལྟར་ན་དམུ་རིགས་དབྲ་ལ་སྤྲུལ་ཏེ་ཁྱུང་གི་རྒྱུད་འཕེལ་ཚུལ་ཡང་བཀོད་ཡོད་པ་བཅས་ཀྱིས། ཁྱུང་ཞེས་པའི་རིགས་རུས་འདི་ཉིད་དུས་ཕྱིས་སུ་འཕེལ་རྒྱས་བྱུང་བ་ལས། ཐོག་མའི་དུས་སུ་ཁྱུང་ཞེས་པ་ནི་གདོད་མའི་དད་མོས་རིགས་ཤིག་ཏུ་ལྟ་དགོས་པ་ལས་རིགས་རུས་སུ་འགྲུབ་མི་ཐུབ་ལ། ཕར་ཆེར་དུས་རབས་བཅུ་བ་ཡས་མས་ཙམ་ནས་དབྲ་ཡི་རིགས་རུས་ཀྱི་ཕྱི་མར་ཁྱུང་ཞེས་པའི་རིགས་རུས་འདི་ཆགས་པ་ཡིན་པར་ཐག་ཆོད་དོ།།
     དེ་བཞིན་སེ་ཁྱུང་དབྲ་ལ་ཡིག་ཆ་མི་འདྲ་བའི་ཁྲོད་འབྲི་སྟངས་མི་འདྲ་བ་དཔེར་ན་བསེ་དང་སེ་དང་སྭེ་དང་། ཁྱུང་དེ་ལ་ཡང་ཁུང་དང་ཆུང་བྲིས་པ། དབྲ་ལ་སྦྲ་བྲིས་པ་སོགས་ཅི་རིགས་ཤིག་སྣང་ལ། དེ་དག་གཙོ་ཆེར《རླངས་ཀྱི་པོ་ཏི་བསེ་རུ》དང་། 《མདོ་སྨད་ཆོས་འབྱུང》། 《མགོ་ལོག་རུས་མཛོད》དང་། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》སོགས་སུ་གསལ་བས་འདིར་ཞིབ་ཕྲ་མ་བཀོད། དམུ་དགེ་བསམ་གཏན་མཆོག་གིས་སྭེ་དང་སྦྲ་གཉིས་ཡང་གཅིག་པར་གསུངས་པས་སྦྲ་ཞེས་གཅིག་ཏུ་འདྲེན་པ་དང་།{16}ཞེས་གསུངས་པ་དེ་ལས་ཀྱང་སེ་ཁྱུང་དབྲ་ཞེས་པའི་ནང་གི་མཐའ་མ་དབྲ་དེ་ཚིག་འབྲུ་དེ་གསུམ་གྱི་སྲོག་ཤིང་དུ་ཆགས་པ་ལ་གོ་བ་བླངས་ན་མི་འཚམས་པ་མི་འདུག་སྙམ་མོ། ། དཔེ་མཚོན་ཙམ་གྱི་ཡི་ཆ་ལས་འབྲི་སྟངས་མི་འདྲ་བ་ཁ་ཤས་དྲངས་ན་གཤམ་གསལ་ལྟར།

བཞི།-ཁྱུང་གི་རིགས་རུས_དམ་པ་ཁྱུང་གི་སྐོར_-སམ་བསེ་ཁྱུང་དབྲ་ཞེས་པའི་སྐོར་གྱི་དཔྱད་པ།.jpg

     མདོར་ན། དམ་པ་ཁྱུང་གི་རུས་ཁུངས་ཀྱང་དང་པོ་དབྲ་ལ་གཏུག་དགོས་ཤིང་། དབྲ་ལས་ཁྱུང་གི་ཕྱི་རབས་ཀྱི་རིགས་རུས་བྱུང་ལ། དབྲ་ཡི་ཁུངས་ནི་དམུ་ཡིན། དེ་བཞིན་གྱི་བསེ་ཁྱུང་དབྲ་ཞེས་པའི་བརྡ་ཆད་འདི་ལས་ཀྱང་དབྲ་ཞེས་པ་ནི་རིགས་རུས་སྔ་ཤོས་སུ་གོ་ཐུབ་ལ། ཁྱུང་ནི་ཐོག་མའི་དུས་སུ་དད་མོས་རིགས་ཤིག་ཡིན་པ་ལས་རིགས་རུས་ཤིག་མིན་པ་ནས་རིམ་གྱིས་དབུ་རིགས་ལས་བྱུང་བའི་དབྲ་ཡི་ཚབ་བྱེད་ཀྱི་རིགས་རུས་སུ་ཆགས་པ་སྟེ། བསེའམ་ཁྱུང་གང་ཡིན་ཀྱང་དབྲའི་རིགས་རུས་ལས་འཕེལ་བ་ཡིན་པ་གསལ་ལོ།།

དཔྱད་གཞིའི་ཁུངས་ཀྱི་ཡིག་ཆ།
{1} དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི《དུང་དཀར་ཚིག་མཛོད》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4བ། p.335།
{2} དཔལ་ཚུལ་གྱིས་བརྩམས་པའི《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ1པར་གཞི། p.287
{3} 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》p.288
{4} རིན་ཆེན་ནོར་བུ། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང》། མི་རིགས་དཔེ་སྐྲུན་ཁང་། 2006ལོ། p.44།
{5} སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། p.13།
{6}《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》། རྩོམ་པ་པོ་མི་གསལ་ན་ཡང་། ཡིག་རྙིང་འདིའི་སྟོད་ཀྱི་ཆ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གྲུབ་པའི་དགའ་སྟོན་གྱི་སྐབས་སུ་མཁན་སློབ་ཆོས་གསུམ་སོགས་བཀའ་བགྲོས་ནས་གསུངས་པ་ལྟ་བུར་སྣང་བ་དང་། བར་ཆ་ནི་རླངས་བྱང་ཆུབ་འདྲེ་བཀོལ་གྱི་གསུང་པ་ཡིན་པས་ཁོང་བྱོན་པའི་དུས་སྐབས་ནི་སྤྱི་ལོ་དུས་རབས་བཅུ་བ་ནས་བཅུ་གཅིག་བར་ཡིན་པ་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་དེབ་ངོས་152ནང་གེ་སར་གྱི་སྐོར་ལས་གསལ་ཞིང་དེ་ལྟར་མ་དཔེའི་ཚིག་ཟིན་བཞིན་རྩིས་ན་ཁོང་སྤྱི་ལོ968ལོར་འཁྲུངས་ཏེ་དགུང་ལོ་བརྒྱ་དང་བརྒྱད་བཞུགས་ནས་སྤྱི་ལོ1076ལོར་བོད་རབ་བྱུང་དང་པོའི་མེ་འབྲུག་ལོར་གཤེགས་པར་མངོན་ཞེས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གསུངས་འདུག་ལ། དེབ་འདིའི་སྨད་ཀྱི་ཆ་ནི་དེ་རྗེས་རླངས་ཀྱི་གདུང་རབས་རིམ་ཅན་གྱིས་སྟར་ཆགས་སུ་བཀོད་པ་ཞིག་ཡིནའདུག་བ་བཅས་ཆེས་རིན་ཐང་གིས་ཕྱུག་པའི་ཡིག་རྙིང་ཁུངས་དག་ཞིག་ཡིན་འདུག འདིར་དཔྱད་གཞི་བྱས་པའི་ཡིག་ཆ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་རྩོམ་སྒྲིག་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། 1986ལོའི་ཟླ5པའི་པར་གཞི། p.4-6།
{7}《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》། p.6།
{8}《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》། རྩོམ་པ་པོ་མི་གསལ། རྒྱལ་རོང་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་མ་ཡིག་ལག་བྲིས་རྙིང་པ་ལྟར་པེ་ཅིན་དུ་དག་སྒྲིག་བྱས་ཏེ། ནང་ཁུལ་དཔར་འགྲེམས་ཞུས་པ་དེའི p.21 ན་གསལ །།
{9} སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། 《མདོ་དྲི་མེད་གཟི་བརྗིད》། པོད་ཆ་པའི་ལེའུ་ཉེར་བརྒྱད་པར་གསལ།
{10} མཁར་རྨེའུ་བསམ་གཏན། 《བོད་མིའི་རུས་ཁུངས་བརྗོད་པའི་གཏམ་རྒྱུད་སྐོར་གླེང་བ》། 《མདའ་དང་འཕང》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང2007ལོའི་ཟླ9པར་གཞི། p.22།
{11} 《ཁྱུང་ཕོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་》། རྩོམ་པ་པོ་མི་གསལ། རྒྱལ་རོང་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱིས་མ་ཡིག་ལག་བྲིས་རྙིང་པ་ལྟར་པེ་ཅིན་དུ་དག་སྒྲིག་བྱས་ཏེ། ནང་ཁུལ་དཔར་འགྲེམས་ཞུས་པ་དེའི p.74 ན་གསལ།
{12} མཁར་རྨེའུ་བསམ་གཏན། 《མདའ་དང་འཕང་》། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང2007ལོའི་ཟླ9པར་གཞི། p.31-32།
{13} 才让太:《苯教史纲要》,中国藏学出版社,2012年11月,p.16-17。“在琼氏没有诞生之前,这个地方的主人属于扎氏领地,国王把扎氏的领地赐封给琼郭托拉巴尔,这就是被称为琼扎噶尔德原因“。
{14} 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》། ལག་བྲིས། p.12།
{15} 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》། p.27།
{16} དམུ་དགེ་བསམ་གཏན་གྱིས་བརྩམས། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ》།། མི་རིགས་དཔེ་སྐྲུན་ཁང་། 2010ལོ། p.4།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།