གསེར་སྐྱེམས་དང་གཡུ་མངོན་ཞེས་པའི་སྐོར་ཅུང་ཞིག་གླེང་བ།

[ཟླ་ཚེས། 2015-10-23 20:43:44][རྩོམ་པ་པོ། དགེ་བཤེས་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 གསེར་སྐྱེམས་དང་གཡུ་མངོན་ཞེས་པའི་སྐོར་ཅུང་ཞིག་གླེང་བ།

དང་པོ། གསེར་སྐྱེམས་ཀྱི་སྐོར།

    སྤྱིར་ཐ་སྙད་འདི་དག་སྐོར་ཕྱིས་བྱུང་བོད་ཀྱི་མཁས་པ་ཚོས་དང་པོ་གསེར་སྐྱེམས་ཞེས་པའི་“གསེར་”ནི་གསེར་གཡུ་སོགས་ཀྱི་གསེར་དང་། “སྐྱེམས་”ནི་བཏུང་བྱའི་ཞེ་ས་ཡིན་པར་བཤད་དེ། དཔེར་ན་གསེར་སྐྱོགས་དང་གསེར་སྣོད་སོགས་ཀྱི་ནང་དུ་ཆང་འབུལ་བ་དང་། ཡང་སྐྱེམས་ཞེས་པ་ཆང་ལ་ཞེ་ས་དང་ཆེ་རྟགས་རྗོད་ཚེ་གསེར་སྐྱེམས་ཞེས་བརྡ་སྦྱར་བ་དང་། ཡང་ཆང་ནང་དུ་གསེར་ཕྱེ་སོགས་བླུག་སྟེ་འཐུང་བ་དང་འབུལ་བ་སོགས་ལ་གོ་ཚུལ་ཡང་བཤད།

    བོན་ལུགས་ལས་“སྐྱེམས་"ནི་ཞང་སྐད་དེ་ཆང་ལ་གོ་བར་གསུང་མཁན་ཡོད་པར་ཐོས་ཀྱང་། གུས་པས་ད་བར་མཇལ་བའི་ཞང་ཞུང་ཚིག་མཛོད་དང་སྒྲ་འགྲེལ་སོགས་ལས་སྐྱེམས་ཞང་སྐད་དུ་འགྲེལ་བར་མ་མཇལ། ཡིན་ནའང་སྐྱེམས་ཞེས་པ་ཆང་ལ་གོ་བའང་སྨན་ཆང་ངམ་སྨན་མཆོད་གཡུ་འབྲང་བདུད་བརྩི་ཞེས་ཆང་དང་བདུད་བརྩི་སྨན་སྣ་སྦྱར་ནས་གཤམ་པའི་མཆོད་པ་སྐབས་སུ། བོན་ལུགས་ཡིད་དམ་དབལ་ཕུར་གྱི་གཞུང་ལས། “འབྲུ་བཅུད་སྐྱེམས་འཕང་རོ་མཆོག་བརྒྱ་དང་ལྡན། །སྐྱེ་མེད་འཆི་མེད་བདུད་བརྩིའི་སྨན་དང་སྦྱར། །ཡོན་ཏན་ཀུན་འབྱུང་དངོས་གྲུབ་བསྙེམས་པའི་རྫས། །”སོགས་གསལ་བས་ཤེས་ནུས། སྤྱིར་བཏང་ཞང་སྐད་དུ་ཆང་ལ་"ཡུ་ཏི་"ཞེས་འབོད་ཀྱིན་མེད་དམ་སྙམ་སྟེ། ཚིག་འདི་ཆང་གི་འཚབ་ཏུ་རྒྱུན་ཏུ་བེད་སྤྱད་པར་མཐོང་ཐུབ། ཡང་སྐབས་འཚམས་སུ་དཔེར་ན། “དཀར་གསུམ་མངར་གསུམ་ཕུད་ཀྱིས་རྒྱན། །བདུད་བརྩི་ཡུ་ཏི་གསེར་སྐྱེམས་བསྐྱིལ། །”སོགས་དོན་གཅིག་པའི་ཐ་སྙད་འགའ་ཞིག་མཉམ་དུ་བཀོལ་བ་འདི་དག་གིས་ཅུང་ཁ་གསལ་དུ་འགྲོ་བཞིན་ཡོད།

    གསར་རྙེད་གནའ་རྫས་སོགས་དང་འབྲེལ་བའི་སྐོར་གྱི་དཔེ་ཆ་དཔེར་ན། དགའ་ཐང་བུམ་པ་ཆེའི་དཔེ་རྙིང་ལས་(གསེར་སྐྱེམས་ཀྱི་རབས)སོགས་ཀྱི་ནང་དུ། “གསེར་གྱིས་བགྱི་བ་རིན་ཆེན་གཏེར་གྱི་རབ། །ཆང་གིས་བགྱི་བ་ཐམས་ཅད་གྱེས་པའི་རྒྱུ། །ཆང་དང་གསེར་དུ་སྦྱར་པས་སུ། །གཉི་ཟླ་བས་ནྀ་མདོག་ཡང་གསལ། །རི་རབ་པས་ནི་ལྷུན་ཡང་བསྟུག ས་གཞྀ་བས་ནི་བྱིན་ཡང་ཆེ། །རྒྱ་མཚོ་བས་ནི་གཏིང་ཡང་ཟབ། །འདྀ་དབུལ་ཞིང་བསྔོ་བ་ནྀ། འཛམ་བུ་གླྀང་བཞིའི། །ལྷ་འདྲེ་གཉན་པོ་ལ་དབུལ་ཞིང་བསྔོ་བོ། །གསེར་སྐྱེམས་འདྀ་བཞེས་ལ། །མ་ཉོ་མ་མཐུར་ཅིག། གསེར་སྐྱེམས་ཀྱི་རབས་རྫོགས་སོ། །” ཞེས་སོགས་གསེར་དང་ཆང་གི་བྱུང་ཁུངས་དང་ནུས་པ། ཕན་ཡོན་སོགས་མང་པོར་བཤད་ཡོད།

    དེ་འབྲེལ་བོན་གྱི་མདོས་ཆོག་བརྒྱ་བཞི་ཞེས་པའི་གཞུང་ལས། “རིན་ཆེན་གསེར་སྐྱེམས་གཙང་མ་འབུལ། “སོགས་ནས། “ཀྱཻ་འབྲུ་བྱུང་དང་པོ་གང་ནས་བྱུང་། །དང་པོ་ནས་འབྲུ་ཆ་ཅིག་དེ། །སུམ་བཅུ་རྩ་གསུམ་ལྷ་གནས་ནས། འལྷ་དབང་རྒྱལ་བྱིན་མཛོད་ནང་ནས། །བང་ཁྲ་སྒྲོམ་བུའི་ནང་ནས་བྱུང་། །དེ་ནས་ནས་འབྲུ་ཆ་ཅིག་དེ། །ཞིང་པ་དགའ་བྱེད་ལག་ནས་བྱུང་། །བང་བ་སྐྱ་བོའི་ནང་ནས་བྱུང་། །དེ་ནས་ཡེ་གཤེན་བསྐོས་མཁན་གྱིས། །དཔྱིད་ཟླ་གསུམ་ལ་བཏབ་པ་ཡིན། །དབྱར་ཟླ་གསུམ་ལ་བསྐྱེད་པ་ཡིན། །སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །ནས་དཀར་མོ་དེ་ནི་བཞིན་བཟང་དང་། །བོན་གྱི་གསེར་སྐྱེམས་ཕུད་དུ་བྱུང་། །”ཞེས་པ་འདི་དག་གིས་གསེར་སྐྱེམས་ཀྱི་རྒྱུ་དང་བྱུང་ཁུངས་རག་ཙམ་བསྟན་ཡོད།

གཉིས་པ། གཡུ་མངོན་གྱི་སྐོར།

    སྤྱིར་བན་དེའི་ཆོས་གཞུང་རྣམས་སུ་ཐ་སྙད་འདི་ཆེར་ཉུང་བར་མངོན། ཡིན་ནའང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པའི་(བཀའ་ཆེམས་ཀ་ཁོལ་མ།)ལས། “དེ་ངོ་མཚར་ཆེ་བ་ཅིག་འདུག་ནས། དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་སོ། །དེ་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ཀྱིན་གསོལ་བ་བཏབ།”ཅེས་གཡུ་སྔོན་ཞེས་པའི་ཐ་སྙད་ཅིག་བྱུང་།

    སྤྱིར་ཐ་སྙད་འདི་དག་གནའ་བོའི་བོན་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། བོན་གྱི་ལོ་རྒྱུས་དང་སྒྲུབ་གཞུང་རྣམས་ནས་འཚོལ་ན་ཐ་སྙད་འདི་"གཡུ་མངོན”ཏེ་གཡུ་ནི་ཡོངས་གྲགས་རིན་ཆེན་གཡུ་དང་། “མངོན་”ཞེས་པ་ནི་ཆོ་གཞུང་རྣམས་སུ་ཡར་མཆོད་དང་མར་སྦྱིན་གཉིས་སུ་ཡོད་པའི་ནང་ནས་གཙོ་བོར་ཡར་མཆོད་པའི་རིགས་ལ་གོ་དགོས་པར་སེམས། དེའང་ཐ་སྙད་འདིའི་ཚིག་རིས་ངོ་མ་ནི་"མངོན་ཆ་”ཞེས་པ་འདི་ཡིན་པར་སྙམ་སྟེ། (ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ)ལས། "ཞི་ཚུལ་དུ་བཅོས་པ། གསེར་སྐྱེམས་དང་། མངོན་ཆ་དང་། རིན་པོ་ཆེའི་རྩི་སྨན། འོ་མ་ལ་སོགས་མཐུན་རྫས་དང་། ཕྱག་རྒྱ་ཚིག་བཤད་དང་། སྔགས་བཅས་བྱུང་ངོ་།”ཞེས་དང་། ཡང་། ཞང་ཞུང་ཁྲི་མན་ལྕགས་ཀྱི་བྱ་རུ་ཅན་གྱི་ཐུགས་དམ་(གེ་ཁོད་ལྷ་ལ་རྟེན་མཁར་འཛུག་པ་)ཞེས་པ་ལས། "ཁྱེའུ་གཙང་མ་དང་བུ་མོ་གཙང་མ་ལ། གསེར་མངོན་དང་གཡུ་མངོན་དང་། དངུལ་ཕྱེ་དང་ཆང་སྦྱར་ཏེ། མཚེ་དང་ཉུངས་དཀར་བསྲེས་ལ་བསྐུར། ནམ་མཁར་འཐོར་ཞིང་གྱེར་རོ། །”ཞེས་དང་། མདོ་དྲི་མེད་གཟི་བརྗིད་ལས། "གཞི་མ་གཙང་མའི་སྟེང་དུ་ནི། །འབྲུ་ཡི་གཡུང་དྲུང་འཁྱིལ་བ་བྱིས། །མདོས་ཆ་ཕྱ་རྟེན་གཡང་རྟེན་བཤམས། །གསེར་སྐྱེམས་མངོན་ཆ་གཡུ་འབྲང་ཕུད། །ཕྱ་གཡང་དཔལ་གྱི་ལྷ་བརྒྱད་མཆོད། །”ཅེས་གསུངས་པ་འདི་དག་གིས་ཐ་སྙད་དེ་"གཡུ་སྔོན་”མིན་པར་"གཡུ་མངོན་”ཡིན་པར་གསལ་པོར་ཤེས་ཐུབ།

གསུམ་པ། གསེར་སྐྱེམས་དང་གཡུ་མངོན་ཅི་ཞིག་ཡིན་པའི་སྐོར།

    བན་ཕྱོགས་ཀྱི་རྒྱལ་རབས་ཆོས་བྱུང་ནས་གོང་ཞུས་(བཀའ་ཆེམས་ཀ་འཁོལ་མ)ལས་བྱུང་བའི་ཚི་དུམ་དེར་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་(ཆོས་འབྱུང་མཁས་པའི་དགའ་སྟོན་)དུ་འགྲེལ་བཤད་ཚུལ་དུ། “ཆོས་སམ་བོན་དུ་མཁྱེན་ཚུལ་མ་བསྟན་ཡང༌། །གསེར་སྐྱེམས་གཡུ་སྔོན་ལ་སོགས་ཀྱིས་མཆོད་དེ། །གསེར་སྐྱེམས་ཞེས་བཏུང་བར་གསེར་བླུག་པ་དང༌། གཡུ་སྔོན་སྒོག་པ་ཡིན་ཟེར་ཡང་མ་དག་པ་སྟེ་བཟའ་བའི་སྟེང་དུ་གཡུ་བཟང་པོ་བཞག་པར་སྣང་ངོ༌། །”ཞེས་གསུངས་ཡོད། དེ་འབྲེལ་ཕྱིས་བྱུང་གི་མཁས་པ་ཡིན་ཟེར་མཁན་དེ་ཚོས་ཀྱང་གོང་གི་གཙུག་ཕྲེང་གི་འདོད་ཚུལ་དེར་དག་འབུད་ལྟ་བུར་བོད་ཡུལ་དུ་གནའ་སྔོན་ནས་རྒྱལ་པོ་གཙོས་པའི་མི་ཆེན་དེ་ཚོའི་གྲལ་ནས་གསེར་གཡུ་ཟས་སུ་ཟ་བའི་སྲོལ་ཡོད་ལུགས་སོགས་དང་། ལུགས་དེ་དག་ད་བར་རྗེས་འཛིན་ལྟ་བུར་དཔེར་མཚོན་ཇ་ནག་ལ་འབྲི་མར་སེར་པོ་རྒྱག་པ་དང་། དབུས་ཁུལ་དུ་འབྲས་ཚལ་མདོག་སྔོ་སེ་བྱེད་པ་སོགས་དཔང་རྟགས་བགྲང་པ་ནི་ཁུངས་བཏུག་དང་འཚོལ་དགོས་སར་མི་འཚོལ་བར། དགྲ་ཤར་དུ་ཡོད་ན་གཏོར་མ་ནུབ་ཏུ་འཕེན་པའི་ངང་ཚུལ་མཛད་པ་ནི་ངལ་བའི་རྒྱུ་ལོས་ཡིན་དྲན།

    ཐ་སྙད་འདི་དག་འབྲེལ་ཡོད་བོན་གྱི་སྒྲུབ་གཞུང་རྣམས་ནས་ཅི་ཞིག་གོ་དགོས་པ་གོང་དུ་ཅུང་དྲངས་ཟིན་པ་ལས་ཤེས་ནུས་ཀྱང་། ཁ་གསལ་དང་གོ་བདེར་ཞུ་ན། “གསེར་སྐྱེམས”ནི་ཡུ་ཏི་ཆང་ལ་གསེར་ཕྱེའམ་གསེར་རྒོད་དེ་མེས་མ་བཞུས་བའི་གསེར་བླུག་ནས་དཀར་ཕྱོགས་ཀྱི་ལྷ་ཀླུ་མགོན་སྐྱབས་བྱེད་མཁན་ཚོར་སྡོང་གྲོགས་མཐུ་དཔུང་ཡོང་ཆེད་ཡར་མཆོད་པའི་རྫས་ཆ་ཞིག་དང་། དེ་བཞིན་"གཡུ་མངོན་”ཀྱང་ཡུ་ཏིའི་ཆང་ལ་གཡུ་ཕྱེའམ་གཡུ་རྒོད་དེ་མིག་མ་ཕུག་པའི་རིན་ཆེན་གཡུ་བཏབ་པའི་ཡར་མཆོད་པའི་རྫས་ཤིག་ཡིན་དགོས་པ་ནི། ཞང་ཞུང་ཙོ་མན་གྱེར་ཆེན་གྱི་ཐུགས་དམ་(གེ་ཁོད་རྟེན་འཛུག་གི་བསྐང་བ་)ལས། "ཆང་ཕུད་དུ་གསེར་བདར་ལ།" ཞེས་དང་། ཡང་གེ་ཁོད་གསང་བ་དྲག་ཆེན་གྱི་གཞུང་ལས། "གསང་རྟེན་མུ་མར་གསེར་རྒོད་དང་། ་་་ ནང་རྟེན་གཡུ་རྒོད་གསལ་བ་དང་།"ཞེས་སོགས་དང་། ཡང་དེ་ཉིད་ལས། "བདག་བཅག་ཤེལ་གྱེར་སྒྲུབ་པ་པོས། །ཏིང་རྫོགས་ལྷ་ཚོགས་ཐུགས་དམ་བསྐང་བའི་ཕྱིར། །གསེར་རྒོད་གཡུ་རྒོད་ཕུད་ཀྱིས་མཆོད། །”ཅེས་དང་། ཡང་། ཞང་ཞུང་ཁྲི་མེན་ལྕགས་ཀྱི་བྱ་རུ་ཅན་གྱིས་བཞེད་པའི་(གེ་ཁོད་གསང་བ་དྲག་ཆེན་གྱི་བརྣལ་བསང་དང་བསྐང་བ་)ཞེས་པ་ལས། "ཞང་ཞུང་ཤེལ་གྱེར་སྒྲུབ་པ་པོས། །བདུད་འདུལ་གསང་བའི་ལྷ་ཚོགས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །འབྲོང་རྒོད་དར་མའི་རུ་སྐྱོགས་སུ། །བཀྲ་ཤིས་རྣམ་དག་ཞལ་བུ་རུ། །འབྲས་དཀར་ཡུ་ཏིའི་ཁུ་བ་ལ། །མུ་མར་གསེར་དང་གཡུ་ཡིས་སྤྲས། །རིན་ཆེན་སྣ་སྔའི་སྙིང་པོ་དང་། །སྨན་ལ་གསོས་ཀྱི་རྩི་མཆོག་ལ། །བདུད་རྩི་སྨན་གྱི་ཟིལ་པས་སྦྲན། །སྒྲུབ་གཤེན་དགོངས་པའི་ཏིང་འཛིན་གྱིས། །གཡུ་འབྲང་བདུད་རྩི་སྨན་དུ་བསྒྲུབ། གསེར་ལ་ལྗོན་པའི་བདུད་རྩིར་བསྒྱུར། །དང་ར་ཙམ་གྱི་གཏིང་ཟབ་འཁྱིལ། །དུག་ལྔ་དུག་གསུམ་གསོ་བའི་སྨན། །”ཞེས་གསུངས། དེས་ན་གསེར་སྐྱེམས་དང་གཡུ་མངོན་ནི་མི་ཆེན་ཚོའི་ཟ་མའི་སྟེང་དུ་གསེར་གཡུ་བཏབ་ནས་ཟ་རྒྱུ་ཞིག་མིན་པར་མཆོད་པའི་རིགས་ཏེ། དེའང་གཙང་རིགས་ཀྱི་ལྷ་ཚོགས་རྣམས་ལ་དམིགས་སུ་བཀར་ནས་མཆོད་རྒྱུ་ཞིག་ཡིན་པ་ཆེས་ཕུག་རིང་ལ་གཏིང་ཟབ་པའི་གཞུང་ཚིག་འདི་དག་གིས་ཤེས་ནུས།

    སྤྱིར་བཏང་རྒྱལ་བའི་བཀའ་དང་བརྟེན་བཅོས་ཀློག་སྐབས་གུས་བརྩི་དང་ཆེ་བའི་རྟགས་སུ་དཔོན་གསས་སམ་སྒྲུབ་པ་པོས་ཞལ་དུ་གསེར་གཡུ་བཅུག་ནས་མཆོད་དགོས་པ་ནི་སངས་རྒྱས་ཀྱི་བཀའ་སྟེ། མདོ་ལས། "དང་པོ་དཔོན་གསས་ཉིད་གཙང་མའི་ཆས་སུ་ཞུགས་ཏེ། གཙང་གོས་གཙང་ཐོད་གཙང་ལྷམ་དང༌། ཕྱག་རྒྱའི་གུར་ཁྱིམ་ཁ་གསེར་ཁ་གཡུ་རྣམས་ཀྱི་ཆས་སུ་ཞུགས། པད་མའི་གདན་སྐྱིལ་མོ་ཀྲུང་བཅས་ནས།”ཞེས་དང་། མདོ་གཡུ་གཡུང་དྲུང་ཀློང་རྒྱས་ལས། "ཁ་གསེར་ཁ་གཡུ་ངོ་མཚར་བཀའ་ཡི་རྟགས། །”ཞེས་གསུངས། དེ་བཞིན་ཁྲོ་བོ་དབང་ཆེན་གྱི་གཞུང་ལས། "མུ་མར་གསེར་རྒོད་ཞལ་དུ་མུར་བ་ནི།”ཞེས་པའི་འགྲེལ་བ་སྐྱབས་སྟོན་ཁྲོ་འགྲེལ་ལས། "མུ་མར་ཞང་སྐད་དེ་གསེར་རྒོད། དེ་མུར་བ་ནི་ཉེ་ལོ་སྔགས་ཀྱི་ནུས་པ་ཆེ་བ་སྟེ་ཕྱི་རྒྱུད་ནས་ཁ་གསེར་ཁ་གཡུ་ཟེར་བ་དང་།”ཞེས་མདོར་ན་གསེར་རྒོད་དང་གཡུ་རྒོད། (འདིའི་སྐབས་ཀྱི་གསེར་རྒོད་གཡུ་རྒོད་ཅེས་པའི་དོན་ནི། སྐྱབས་སྟོན་ཁྲོ་འགྲེལ་ལས། "གསེར་རྒོད་ནི་མེས་མ་བཞུས་པ་དང་། གཡུ་རྒོད་ནི་མིག་མ་ཕུག་པ་ལ་སོགས་རིན་པོ་ཆེ་སྣ་དགུ་སྟེ།”ཞེས་པས་ངེས་སླ།) ཡང་ན་གསེར་ཕྱེ་དང་གཡུ་ཕྱེ་མཆོད་པ་ནི་གཡུང་དྲུང་བོན་ལ་ཆེ་བའི་རྟགས་འབུལ་བའམ་ཡིད་དམ་གྱི་ལྷ་ཚོགས་རྣམས་ཀྱི་འཁོར་བའི་རྟེན་ཞིག་ཡིན་ཀྱང་ཡིན་པར་སྙམ་སྟེ། གེ་ཁོད་རྟེན་འཛུག་ལས། "དབལ་ཆེན་སུམ་བརྒྱ་དྲུག་ཅུ་ལ། སྐུ་རྟེན་གསེར་གྱི་རྣ་རུ་དང་། །གསུང་རྟེན་གསལ་བའི་མེ་ལོང་དང་། །ཐུགས་རྟེན་མདའ་དར་བྱ་རྒོད་མ། །ཕུད་རྒོད་གསེར་གཡུ་འབྲུ་སྣ་དང་། །ལྷ་ཤིང་སུ་བུ་ཙནྡན་དང་། །ལྷ་རྟེན་ཤུག་པ་ལེགས་བཟང་དང་། །རྩེ་ཤིང་རྒྱན་ལྡན་ལྷ་ཡི་རྟེན། །"ཞེས་སོགས་མདོར་ན་ཞང་ཞུང་བོན་འཁོར་རྣམས་སུ་ལེགས་པར་བརྟག་ན་གསེར་སྐྱེམས་དང་གཡུ་མངོན་ཞེས་པ་རྒྱུ་གང་དང་། གང་ལ་འབུལ་འབུལ་བ། ཅིས་ཕྱིར་འབུལ་བ་སོགས་གང་འཚམས་ཞིག་ཤེས་རྒྱུ་ཡོད་བཟོ་འདུག་གོ།

    ཞེས་དེང་སང་དྲ་ལམ་དུ་མར་དྲི་དང་རྩམ་དྲི་འཐུལ་བའི་གོང་གི་བོན་འབྲེལ་གྱི་ཐ་སྙད་དེ་དག་ལ་ཁུངས་ལུང་དེ་ཙམ་མེད་པའི་གོ་བ་གཞན་ཞིག་ལེན་མཁན་ཡོད་པར་གོ་ཐོས་བྱུང་བར་གསལ་བཤད་དང་དཔྱད་གཞི་མཁོ་འདོན་ཚུལ་དུ་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་(ཧི་མ་ལ་ཡའི་རྒྱལ་སྲས་)སུ་འབོད་པས་ནུབ་ཕྱོགས་འཇར་མན་ནིའི་ཡུལ་འབྲས་ལྡན་གྲོང་དུ་ཕྱི་ལོ་༢༠༡༥ཟླ་༡༠ཚེས་༢༣ཉིན་སློབ་གསེང་དུ་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།