བོན་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ལས་འཕྲོས་པའི་གཏམ་སྐྱ་རེངས་གསར་པ།

[ཟླ་ཚེས། 2015-06-08 08:46:29][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   བོན་རྒྱལ་བརྒྱད་པ་འདི་ལ་ལོ་རྒྱུས་སྨྲ་བ་སོ་སོའི་འདོད་མོས་ལྟར་མཚམས་རེར་ཐེའུ་རང་གི་བུ་དང་བདུད་ཁྱབ་པའི་སྤྲུལ་པ་དང་བདུད་ངམ་རྗེ་ནག་པོའི་སྤྲུལ་པ་བཅས་ཅི་རིགས་སུ་ཡིན་པའི་ལུང་དྲངས་པ་རྣམས་ལ་གཞིགས་ཚེ་དེ་ནི་བོན་རྒྱལ་འདི་ལ་དམིགས་སུ་བཀར་ནས་ངན་སྨོས་བྱས་པ་ལས་དོན་ངོ་མ་ལ་དེ་ལྟར་མ་ཡིན་པ་ནི་ལོ་རྒྱུས་ཀྱི་གནད་དོན་ལ་བསམ་གཞིག་ལེགས་པར་བྱས་ཚེ་གསལ་པོར་ཤེས་ཐུབ། དུས་རྒྱུན་སེམས་ནང་བག་ཆགས་སྟུག་པོ་ཞིག་ཡོད་པ་ནི། བོན་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ནི་ཆོས་རྒྱལ་གཞན་དང་འདྲ་བར་བོན་གྱི་བསྟན་པ་ཆབ་སྲིད་ལ་དོ་ཕོག་མཐུ་མོ་བཏང་མཁན་གྱི་གྲས་སུ་བརྩི་ཡི་ཡོད་མོད། འོན་ཀྱང་བོན་རྒྱལ་འདིས་བོན་གཤེན་རྣམས་ལ་རྒོལ་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རྣམས་ལ་བསམ་གཞིག་ནན་མོ་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་། གང་ལགས་ཤེ་ན་དེའི་སྐབས་སུ་ཐུབ་ཆོས་ཀྱི་ཤུགས་རྐྱེན་མེད་པ་དང་བོན་རྒྱལ་ཞིག་གིས་བོན་བསྟན་ལ་དོ་ཕོག་དེ་ཙམ་བཏང་མི་སྲིད་པས་རེད། བོན་རྒྱལ་དེ་བླུན་པོ་ཆུ་སྣ་གར་འཁྲིད་ལྟར་ཝ་རོ་དང་ཁྱི་རོ་ཕྲག་པ་ལ་བཀལ་དཔྲལ་བར་མེ་ལོང་ཐོགས་ནས་གཡུལ་འཐབ་ཏུ་འགྲོ་ཚུལ་གྱི་སྣང་བརྙན་ཆེས་ཡ་མཚན་གྱི་བྱུང་རིམ་དག་ནི་ལོ་རྒྱུས་སུ་བརྫུས་པའི་སྒྲུང་གཏམ་ཙམ་ལས་གཞན་གང་ཡང་མ་ཡིན།

འདིར་ས་བཅད་བཀྲ་ཤིས་ཀྱི་གྲངས་ལྡན་དུ་འགོད་ནས་རྒྱལ་བོན་དེ་དང་འབྲེལ་བའི་སྐོར་ལ་བསམ་གཞིག་ཀྱི་ཚུལ་དུ་གླེང་སློང་བྱ་རྒྱུ་ཡིན།

༡༽གྲི་གུམ་གྱི་ཡབ་ཀྱི་མཚན་བྱང་མི་མཐུན་པ་འགའ།
༢༽གྲི་གུམ་བཙན་པོ་མིང་འདོགས་ཚུལ་ལ་དཔྱད་པ།
༣༽གྲི་གུམ་དང་བོན་གཤེན་བར་གྱི་འབྲེལ་བ།
༤༽གྲི་གུམ་བཙན་པོ་ཇི་ལྟར་དཀྲོངས་ཚུལ་ལ་དཔྱད་པ།
༥༽གྲི་གུམ་གྱི་ལྕམ་གྱི་མཚན་བྱང་ལ་དཔྱད་པ།
༦༽རུ་ལས་སྐྱེས་ཀྱི་མཚན་བྱང་ལ་དཔྱད་པ།
༧༽གྲི་གུམ་གྱི་སྲས་ཀྱི་སྐོར།
༨༽གྲི་གུམ་གྱི་སྤུར་ཆེད་གླུད་བཏང་ཚུལ་ལ་དཔྱད་པ།

གྲི་གུམ་གྱི་ཡབ་ཀྱི་མཚན་ལ་མི་མཐུན་པ་འགའ།

   རྗེ་འདིའི་ཡབ་ཀྱི་མཚན་ལ་མི་མཐུན་པ་དུ་མ་ཞིག་སྣང་། དེ་ཡང་ཏུན་ཧོང་ཡིག་རྙིང་ལས་རྒྱལ་རབས་རིམ་བྱུང་གི་མིང་ནང་། ཁྲི་སྤེ་བཙན་པོའི་སྲས་དྲི་གུམ་བཙན་པོ། སྒྲ་འགྲེལ་ནང་། ཡབ་ཁྲི་ལྡེ་ལེག་པ་དང་ཡུམ་འབྲོ་ཟ་ལྷ་བརྒྱན་གཉིས་ཀྱི་སྲས་དྲི་རུམ་བཙན་པོ། ཉང་རལ་ཆོས་འབྱུང་ནང་། དེ་ནས་སིབས་ཁྲིའི་སྲས་དང་། བཀའ་འཆེམས་ཀ་ཁོལ་མ་ནང་། གུང་ཁྲི་བཙད་པོའི་སྲས་གྲི་གུང་བཙད་པོ། རྒྱལ་རབས་བོན་གྱི་འབྱུང་གནས་ནང་། སེང་ཁྲི་བཙན་པོའི་སྲས་ཞེས་འཁོད་ཡོད།

གྲི་གུམ་བཙན་པོའི་མིང་འདོགས་ཚུལ་ལ་དཔྱད་པ།

   བོན་རྒྱལ་འདི་ལ་སྔར་བྱོན་བོན་རྒྱལ་ཁྲི་བདུན་ལྟར་ཡུམ་གྱི་མཚན་ཟུར་ལས་གྲས་ནས་མཚན་འདོགས་སྲོལ་ལྟར་མ་ཡིན་པར་འདོད་ཚུལ་མི་མཐུན་པ་དུ་མར་སྣང་། དེ་ཡང་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། “བཙན་པོ་ཁྲི་ལྡེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ་སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ན་ནམ་གྱི་གུང་ལ་སྲས་གཅིག་འཁྲུངས་པ་དེ་ཡང་། ཟླ་བ་ལས་ལོ་གྲངས་སུ་སྐྱེས་ཙམ་ན། སྐྲ་རྩ་དམར་བ་མིག་རྩ་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཅིག་བྱུང་སྟེ། མའི་རུམ་ནས་གྲི་རྟགས་ཚང་བ་ཅིག་བྱུང་། སྐུ་གཤེན་ཕ་ཝ་མཚེ་ཅོ་ཡིས་གྲི་རུམ་བཙན་པོ་བཏགས་སོ། ”ཞེས་པས་བཞེད་ཚུལ་གཅིག་དང་། དེའི་ནང་ཡོད་པའི་ཐེའུ་རང་མང་སྙ་ཨུ་འབེར་ནི་བོད་ཀྱི་ལོ་རྒྱུས་པདྨ་ར་གའི་ལྡེ་མིག སྟོད་ཆ་ནང་། གཉའ་ཁྲི་བཙན་པོའི་ཡབ་ཀྱི་མཚན་ལའང་ཐེ་རང་མང་སྙ་ཨུ་བེ་ར་དང་ཡུམ་མོ་བཙུན་བྱ་བ་གཉིས་ཀྱི་སྲས་ཡིན་པར་བཤད་ཡོད། སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ནང་ལི་ཡུལ་གྱི་ཡིག་རྙིང་ལས་ལུང་དྲངས་པ་ལྟར་ན། མ་མ་གྲོ་ཞ་མ་སྐྱི་བརླིང་གིས་རྣ་བར་ལོག་པར་ཐོས་ནས་དྲི་གུམ་བཙན་པོར་མཚན་ཐོགས་ཚུལ་ གཉིས་དང། མ་མ་གྲོ་ཞ་མ་སྐྱི་བརླིང་དེ་རྗེ་གཉའ་ཁྲིའི་སྐབས་སུའང་ཡོད་པའི་ཁུངས་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ནང་བོད་གློ་བུར་རྒྱལ་པོའི་ཆད་ལུགས་གསུམ་བསྟན་པའི་སྐབས་སུ། “སྒམ་ལྷ་བོ་ལྷ་སྲས་ཀྱི་ཞལ་ནས་། དུས་འདིར་ཡུལ་འདིའི་རྗེར་གཤེགས་། གདེགས་སུ་ནི་གདུག་བརྡལ་ལོ་གསུང་ནས་བཅུད་ས་བོན་རླུང་དང་འདྲ་བ་གཅིག་དབྱལ་སྟག་པ་ཏིང་རུམ་གྱི་ལྷུམས་སུ་ཞུགས་པ་ལས། སྲས་གཅིག་འཁྲུངས་པ་ནི་ལྷ་འོད་གྲགས་ཀྱི་བུ་གུང་གཟིགས་བྱ་བས་རྗེ་གཉའ་ཁྲི་བཙན་པོའི་ལྷ་བོན་བྱས། མ་མ་དྲོ་ཞལ་སྐྱིད་ལྡིང་གི་མར་མེ་བཏེགས་ཏེ། སྤྱན་མངར་འོད་ལྟེམས། ཕ་བ་གྲོ་ཟ་སྐྱིད་རྒྱལ་གྱིས་རུ་ཚོད་སྔར་རན་ཕུལ”ཞེས་དང་། མུ་ཁྲིའི་སྐབས་སུ་ཡང་མོ་མ་སྐྱིད་ཏིང་གིས་མོ་བཏབ་སྐུ་གཤེན་མཚེ་བཅོ་གཉིས་ཐར་བོན་གླུ་སྐྱོལ་དང་གསུམ་གྱིས་གཏོ་བྱས་པས། རྗེའི་མངའ་ཐང་དགུང་དང་མཉམ་ཞེས་གསལ་ཡོད། བོད་རིག་པ་ཞིབ་འཇུག་༢༠༠༤ལོའི་དུས་དེབ་ནང་ཏུན་ཧོང་གཏེར་ཡིག་ལས་བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་བུད་མེད་ཀྱི་སྐོར་བརྗོད་པའི་ནང་གདགས་ཁྲི་བཙན་པོས་མ་མ་གྲོ་ཞང་ཚང་གི་བུ་མོ་སྐྱིད་བརླིང་མ་བཙུན་མོར་བཞེས་རྗེས་མཚན་ལ་གདགས་དཀར་ལྷ་མོ་ཞེས་གསོལ་ཡོད་པ་སོགས་བྲིས་ཡོད། རྒྱ་བོད་ཡིག་ཚང་ཆེན་མོ་ལས། གྲི་གུམ་བཙན་པོ་འཁྲུངས་དུས། ཨ་ཕྱི་བརྟགས་ཀྱི་ལྷ་མོ་དཀར་མོ་ལ་སྲས་ཀྱི་མཚན་ཅིག་གསོལ་དྲིས་པས། ཨ་ཕྱི་རྒས་པས་དབང་པོ་མི་གསལ་བར་བརྡ་དོན་མ་གོ་བ་ལ་བརྟེན་ནས་མིང་གྲི་གུམ་བཙན་པོར་བཏགས་ཚུལ་ གསུམ་དང། དེའི་ནང་ཨ་ཕྱི་བརྟགས་ཀྱི་ལྷ་མོ་དཀར་མོ་ནི་གདགས་ཁྲི་བཙན་པོའི་བཙུན་མོ་གདགས་ཀྱི་ལྷ་མོ་དཀར་མོ་ཡིན་པར་སྣང་། ཨ་ཕྱི་ནི་ཨ་མདོའི་སྐད་དུ་མའི་མ་ལ་གོ། དར་རྒྱས་གསལ་སྒྲོན་ནང་རྒྱལ་གྱི་གྲི་འདུར་ཡོག་ཁ་སུམ་བརྒྱ་དྲུག་ཅུའི་གྲི་བཤད་ལས་ལུང་དྲངས་པ་ལྟར་ན། “ཅི་ཕྱིར་གྲི་རུམ་བཙད་པོ་ནི་དང་པོ་བཙས་པ་ནམ་གྱི་གུང་ལ་བཙས། ལུས་ལ་གྲི་རྟགས་བཅུ་གསུམ་ཡོད། དཔྲལ་བ་ཁྲག་གི་སྨེ་བ་ཡོད། སྐོར་དུ་མཚོན་ཆ་སྣ་དགུ་ཡོད། སྤྱོད་ནི་དྲག་རྩལ་ལོག་ཆོས་སྣ་དགུ་སྤྱོད། ལྷ་རུ་ཚངས་པ་བརྒྱ་བྱིན་བསྟེན། ལུས་ལ་གྲི་རྟགས་ཡོད་པས་ན། དེ་ཡི་ཕྱིར་ན་གྲི་ཞེས་བྱ། ནམ་གྱི་གུང་ལ་བཙས་པ་ན་། དེ་ཡི་ཕྱིར་ན་རུམ་ཞེས་བྱ་ ”སོགས་མཚན་ཐོག་ཚུལ་བཞི་དང་། བཀའ་འཆེམས་ཀ་ཁོལ་མ་ལས་གུང་ཁྲི་བཙན་པོའི་སྲས་གྲི་གུང་བཙན་པོ་དང་ནེའུ་པཎྜི་ཏས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ནང་ཁྲི་གུམ་བཙན་པོ་ཞེས་འཁོད་ཡོད། མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་། “བོད་རྒྱལ་གསུམ་པ་དེང་ཁྲི་བཙན་པོ་ཆུ་གླང་ལ་འཁྲུངས་ནས་ལོ་༢༥༧ལྕགས་རྟ་བོད་རྒྱལ་བདུན་པ་སེང་ཁྲིའི་སྲས་གེ་མུ་བཙད་པོའམ་གྲི་གུམ་སྐྱེས ”།ཞེས་གེ་མུ་བཙད་པོ་ནི་གྲི་གུམ་གྱི་མཚན་གྱི་རྣམ་གྲངས་གཞན་ཞིག་ཡིན་པ་དང་། ལོ་རྒྱུས་ཁག་གི་དཔེ་དེབ་ནང་ཡོངས་སུ་གྲགས་མེད་པའི་གཏམ་ཞིག་ཡིན། ‘གེ’ ནི་ཞང་ཞུང་གི་སྐད་དུ་བདུད་དང་མུ་ནི་ནམ་མཁའ་ལ་འཇུག་པས་གནམ་བདུད་བཙད་པོ་ཞེས་བོད་སྐད་དུ་དེ་ལྟར་གོ་བར་སེམས། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་ནང་ཆོས་འབྱུང་དང་བོན་གྱི་ལོ་རྒྱུས་ཕལ་མོ་ཆེ་ནང་གྲགས་མ་ཡོང་བའི་གཏམ་གསར་ཞིག་ཡོད་པ་ནི་གྲི་གུམ་གྱི་དངོས་མིང་ནི་ “དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་”ཞེས་འཁོད་ཡོད་ཀྱང་བོད་ལྗོངས་རིག་གནས་དྲ་བ་ནང་རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བཏུས་པ་ཞིག་ནས་ཨི་ཤོ་ལེག་གི་སྲས་། ཟྭ་གནམ་ཟིན་ཏེ། ཟྭ་ནམ་ཟིན་ཏེའི་སྲས། ལྡེ་ཕྲུ་བོ་གནམ་གཞུང་བཙན་ཞེས་འཁོད་ཡོད། གནམ་ཕྲུ་བོ་གཞུང་བཙན་དང་ལྡེ་ཕྲུ་བོ་གནམ་གཞུང་བཙན་གཉིས་གང་ཟག་གཅིག་གི་མིང་ཡིན་མིན་བརྗོད་རྒྱུ་དཀའ། ཆོས་འབྱུང་དང་བོན་གྱི་ལོ་རྒྱུས་ཁག་ནང་བོན་རྒྱལ་འདིའི་མཚན་བྱང་སྐོར་ཇི་ཙམ་མི་མཐུན་པ་འགྲེལ་ཡོད་ནའང་གང་ལྟར་ཁོང་འཕྲུལ་མཚོན་གོ་ཁྲབ་རིགས་ལ་དགའ་མོས་ཡོད་པ་མ་ཚད་རྒྱ་ནག་གི་གོ་ཁྲབ་སྨར་ཁམས་བརྒྱུད་ནས་བོད་ལ་དྲངས་ཡོད་པའང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་ནང་གསལ་པོར་འཁོད་ཡོད་པ་དང་། དྲན་པའི་སྒྲ་འགྲེལ་དང་རྒྱལ་གྱི་གྲི་འདུར་ནང་ཁོང་གོ་མཚོན་ལ་མོས་པ་ཡོད་ཚུལ་དང་སྐོར་ནང་མཚོན་ཆ་སྣ་དགུ་ཡོད་པ་སོགས་གསལ་ཡོད། གྲི་གུམ་ཞེས་པའི་མཚན་བྱང་ནི་རྒྱལ་པོ་དང་གཤེན་པོ་བར་སྲིད་དབང་ཐོག་འཁྲུག་རྩོད་ཤོར་ནས་མཐར་སྲོག་ཕུང་ཡོད་ཚུལ་གྱི་ལོ་རྒྱུས་ལ་གཞིགས་ན། དར་རྒྱས་གསལ་སྒྲོན་ནང་གྲི་བཤད་ལས་ལུང་དྲངས་པ་ལྟར་ན། “གྲི་བདུད་ཧ་ལའི་སྤྲུལ་པ་ནི། གྲི་རྒྱལ་ལོ་ངམ་རྟ་རྫི་དེས་གདུག་པའི་གྲི་མདའ་ལྟང་ནག་དེ་དཔྲལ་བའི་དབྱིངས་སུ་བརྒྱབ་ཏེ་བསད་ ”ཅེས་འཁོད་ཡོད་པས་གྲི་རྒྱལ་ལོ་ངམ་རྟ་རྫིས་དཀྲོངས་ཡོད་པར་བརྟེན་གྲི་གུམ་ཞེས་ཕལ་ཆེར་བཏགས་མིང་གི་ཚུལ་དུ་འཁོད་ཡོད་པ་དང་དངོས་མིང་ནི་ ཨ་ལགས་བོན་བརྒྱ་ཡིས་མཛད་པའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་གསལ་བ་བཞིན་གེ་མུ་བཙད་པོ་ཞེས་པའི་མཚན་བྱང་དེ་ཡིན་པར་སེམས་སོ། །

གྲི་གུམ་དང་བོན་གཤེན་བར་གྱི་འབྲེལ་བ་ལ་དཔྱད་པ།

   བཙན་རྒྱལ་རིང་ལུགས་ཀྱི་སྐབས་སུ་སྤྱིར་བོན་གཤེན་རྣམས་ལ་དབང་ཚད་དང་མཐོང་ཆེན་བླ་ལྷག་ཅིག་ཡོད་པ་དང་རྗེས་སུ་རིམ་པར་ཐུབ་ཆོས་དར་ཁ་ཤུགས་ཆེ་བས་རྐྱེན་པས་མར་ཉམས་པ་སོགས་བྱུང་ཡོད། གནམ་གྱི་ཁྲི་བདུན་གྱི་སྐབས་སུ་བོན་གཤེན་རྣམས་ལ་དབང་ཚད་ཅི་ཙམ་ཡོད་པའི་ཁུངས་གསལ་བསྒྲགས་པ་གླིང་གྲགས་ནང་ཇི་ལྟར་འཁོད་ཡོད་ཅེ་ན། དེ་ཡང་“དེར་མུ་ཁྲིའི་སྤྱི་སྤུངས་བོན་རྣམས་ཟབ་པས་བསེའི་སྒྲོ་བུར་སྦས་ནས་མི་རབས་གསུམ་དུ་མ་སྤེལ། དེར་རྒྱལ་པོ་ལ་དམུ་བདུད་བཙན་དང་གསུམ་གྱིས་དལ་ཡམས་བབ་སྟེ་མ་བདེ་བ་ལ། མོ་མ་སྐྱིད་ཏིང་གིས་མོ་བཏབ་སྐུ་གཤེན་མཚེ་བཅོ་གཉིས་ཐར་བོན་གླུ་སྐྱོལ་དང་གསུམ་གྱིས་གཏོ་བྱས་པས། རྗེའི་མངའ་ཐང་དགུང་དང་མཉམ། བོན་པོ་ལ་ཆེ་ཐབས་འདི་རྣམས་བྱིན་ཏེ། སྐུ་ལ་གཙིགས་བྱིན་པ་དབུ་སྐྲ་སིལ་མ་རྩེ་རྒྱལ་བཅད་ཅིང་བཏུབ་ཏུ་མེད། དབུ་ལ་དར་དཀར་པོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱིས་ལྡེ་འཕྲུ་བཙུགས་པ། གསེར་གྱི་བྱ་རུ་དང་གཡུ་ཡི་ལྡེམ་བརྐྱང་དང་། དངུལ་གྱི་ཆབས་སྒྲོགས་དང་། ཟ་འགོ་ལྷ་འབོལ་དང་། ན་བཟའ་དབྱི་དཀར་སྤྱང་དཀར་གྱི་ཐུལ་པ་ལ་སྟག་གཟིག་གུང་གསུམ་གྱིས་གོང་ལག་བཏང་བ་དང་། གདན་ཐོག་ནས་ཆིབས་ལ་འབབ་འཇོག་བྱེད་པ་དང་། གྲལ་གྱི་དང་པོ་གཡས་གྲལ་བྱིན། གསུང་ལ་གཙིགས་བྱིན་པ་ནི། གཤེན་ངག་ཚིག་གསུམ་མ་བྱོན་པ་ལ། རྒྱལ་པོས་གོང་ནས་བཀའ་མི་རྩལ། བློན་པོས་འགོ་ནས་གྲོས་མི་ཤམ། གཤེན་གླུ་ཚིག་གསུམ་མ་བླང་བར། རྒྱལ་བློན་གྱིས་བྲོ་གླུ་མི་བྱེད། ཐུགས་མཉེས་པའི་གཙིགས་བྱིན་པ་ནི། སྟོང་ཁྲལ་ཚད་དག་ཀྱང་རྒྱལ་པོ་དང་མཉམ་པ་དང་། ལག་དམར་དངོས་སུ་འབུལ་གཤེན་ལ་བེར་རྒ་རྒྱབ་ན་བརྡེག་མཁན་སྦྱིན། བཀོར་ནོར་ཁྱེར་ན་དགུ་བཅུ་ཆལ་དུ་བཀལ་བར་བྱས་སོ ། བོན་གཤེན་རྣམས་ལ་དེ་ལྟར་གྱི་དབང་ཚད་དང་ཐོབ་ཐང་མུ་ཁྲིའི་སྐབས་སུ་ནས་བྱུང་ཡོད་ཚོད་འདུག
   སྔོན་གྱི་བོན་རྒྱལ་རྣམས་ཀྱིས་བོན་གཤེན་རྣམས་ལ་ཇི་ལྟར་གཙིགས་སུ་བཀུར་བ་བཞིན་གྲི་གུམ་སྐབས་སུའང་སྲོལ་དེ་མུ་མཐུད་ནས་གནས་ཡོད་པ་ནི་དྲན་པའི་སྒྲ་འགྲེལ་ནང་གསལ་ཡོད་པས། “དེ་ཡང་དུས་དེ་ཙམ་ན་གོང་མ་ལྟར་གཤེན་པོ་རྣམས་ལ། རྒྱལ་གྱི་གོང་ན་གཤེན་བཙུན་པའི་རྩིགས་བྱིན་པ་ནི། སྐུ་ལ་རྩིགས་བྱིན་པ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་བཅད་དང་སྟུང་དུ་མེད་པ་དང་། དར་སེང་ལ་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང་། དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་དང་། གྲལ་གཡས་ཀྱི་རུ་ལ་གཤེན་པོ་རྣམས་བཞུགས་པ་དང་། གཡོན་གྱི་རུ་ལ་བློན་པོ་རྣམས་ཀྱི་གདན། བར་གྱི་གུང་ལ་བཙན་པོ་བཞུགས་སོ། རྨངས་ཕལ་པ་ནི་འོག་ན་བཀའ་སྡོད་དོ། གསུང་ལ་རྩིགས་བྱིན་པ། གཤེན་ངག་ཚིག་གསུམ་མ་བྱུང་བར་རྒྱལ་པོས་བཀའ་མི་གསོལ་ལ་བློན་པོ་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར་རྒྱལ་བློན་གླུ་བྲོ་མི་རོལ་ལོ། ཐུགས་མཉེས་པའི་རྩིགས་སུ་སྟོང་ཕྲག་གི་ཐང་རྒྱལ་པོ་དང་མཉམ། ་བརྐུས་པའི་ཆལ་རང་འགྱུར་རྒུ་བཅུ་རུ་བྱས་ནས། བདེ་སྐྱིད་ཕུན་སུམ་འཚོགས་པར་གནས་སོ” ། དར་རྒྱས་གསལ་སྒྲོན་ནང་སྒྲ་འགྲེལ་ལས་ལུང་དྲངས་པ་ལྟར་ན། གཞན་རྣམས་གོང་དང་གཅིག་མཚུངས་ཡིན་ཀྱང་འཕར་མ་ཁ་ཤས་ཡོད་པ་ནི། “རྔ་གཤང་ཐང་གསུམ་མ་བསྒྲགས་ཚེ། རྒྱལ་བློན་གྲོ་ལ་འབྱོན་དབང་མེད། ལྷ་རིགས་གཤེན་གྱི་གདུང་རྒྱུད་ལ། ཁ་གཉེར་བྱས་ན་ཁ་བཀྲལ། མིག་བཟུར་བལྟས་ན་མིག་བྲུ། སྣ་གཉེར་བྱས་ན་སྣ་བཅད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། གཉའ་ཡུས་བདུན་བརྒྱ། ལག་དམར་དངོས་སུ་འབུལ་བ ”། ཞེས་དང་རྒྱལ་པོ་སྟགུ་སྙན་གཟིགས་སྐབས་སུའང་རང་གི་སྲོག་སྐྱོབ་སྐུ་གཤེན་གྱི་དྲིན་གསོ་བའི་ཕྱིར་དུ་“གྲལ་གཡས་གྲལ་གྱི་རྩེལ་ལ་སྐུ་གཤེན་དེ་འཇོག བ་སོའི་ཁྲི་དང་ཟ་འོག་གི་གདན་བཏིང་། ཡིག་ཚང་དུ་གསེར་གྱི་ཕུད་བུ་གནང་ངོ་། ་”ཞེས་གླིང་གྲགས་ལས་གསལ། ལུང་ཚིག་དེ་དག་ལ་གཞིགས་ཚེ་གྲི་གུམ་ཡང་བོན་གཤེན་རྣམས་ལ་རྒོལ་དགོས་པ་ཡང་རྒྱུ་མཚན་ཕལ་ཆེར་སོ་སོ་རྒྱལ་པོ་ཞིག་ཡིན་ཀྱང་རང་དབང་དེ་ཙམ་མེད་པ་སོགས་ལ་ཐུག་ཡོད་ཚོད་རེད།
   བོན་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་རྒྱལ་གཤེན་བར་ཕྲ་མ་བཅུག་པའི་གྲས་སུ་བློན་པོ་འགའ་ཡོད་པའི་མཚན་ལ་གཞིགས་ན། སྒྲ་འགྲེལ་ནང་རྒྱ་གར་གྱི་སྤྲང་པོ་རཏྣ་སིདྷི་དང་། ཟིངས་པ་རཏྣ་བྱ་བ་དང་། དར་རྒྱས་གསལ་སྒྲོན་ནང་རྒྱ་གར་གྱི་བནྡེ་རཏྣ་སིདྷ་དང་བློན་པོ་ཟིང་པ་རཏྣ་ཞེས་གསལ་ཡོད་པས་བློན་པོ་དེ་གཉིས་ལས་དང་ཐོག་རཏྣ་སིདྷི་རྒྱ་གར་གྱི་སྤྲང་པོའམ་བནྡེ་ཡིན་པ་དེ་གྲི་གུམ་གྱི་སྐབས་སུ་ཡོད་པས་མ་ཚད་ཁོང་དང་བློ་ཉེ་བོ་ཡིན་ཚུལ་གསུངས་པ་དེ་ནི་དོན་དངོས་ཡོད་ཐོག་དེའི་སྐབས་སུ་ཐུབ་ཆོས་(བནྡེ་)དང་འབྲེལ་བ་ཡོད་མ་རེད་ལ་བློན་པོ་དེ་གཉིས་ཀྱི་མཚན་མཇུག་ཏུ་རཏྣ་ཞེས་པ་དེ་ལེགས་སྦྱར་གྱི་ཐ་སྙད་ཡིན་པས་དེའི་སྐབས་སུ་ལེགས་སྦྱར་གྱི་ཐ་སྙད་བློན་པོའི་མིང་གི་གྲས་སུ་འཇུག་པའི་སྲོལ་དར་མེད་པར་སེམས། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། དྲི་གུམ་བཙན་པོའི་རིང་ལ་ནི་། བོད་ཁམས་ཕུང་དུ་ཐོར་བས་ན། བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང། དེ་དུས་རྒྱ་གར་བ་ལ་ར་ཙའི་ཡུལ། དུན་སེར་པར་བུའི་འགོ་ཅན་གྱིས། རྒྱ་གར་བྷུད་དྷ་དར་མའི་སྐད་རྣམས་བསྒྱུར། རྒྱལ་བློན་སེམས་བསྒྱུར་སྣང་ས་དབང་དུ་བསྡུས། རྒྱལ་པོ་གླེན་པའི་དྲི་གུམ་དང་བོན་གཤེན་རྣམས་ཀྱི་བར་དུ་ནི། ཆ་གཉིས་དྲེགས་པའི་མེ་ཡང་འབར། ཆུང་གསུམ་འཕྲ་མའི་ཤིང་བསྣན་ནས། བོན་སྣུབས་ཆོས་ལ་བློ་གཏད་པས། གཤེན་པོ་རྣམས་ཀྱིས་རྐོག་ཏུ་མོས། བདུད་མོ་ཀུན་ལ་བསྟབ་པ་བྱས། སོགས་གསལ་ཡོད་པས་གྲི་གུམ་སྐབས་སུ་རྒྱ་གར་བྷུ་ད་དྷར་མའི་སྐད་རྣམས་བསྒྱུར་རྒྱུ་ཕར་བཞག་ནས་ཤཱཀྱ་མུ་ནི་ཡང་འཁྲུངས་མེད་དོ། དེས་ན་གྲི་གུམ་དང་ཁྲི་སྲོང་བར་གྱི་ལོ་རྒྱུས་ཕན་ཚུན་ཉ་དང་ཉུང་མ་ལྟར་བསྲེས་ལྷད་ཆེན་པོ་ཤོར་ཡོད་པར་སེམས་སོ། མུ་ཆོའི་ཁྲོམ་འདུར་ལས་ཀྱང་། “སྔོན་གྱི་ཡབ་མེས་མཛད་སྤྱོད་བཟློག་པའི་ལ་ཡོག་གི་བཏབ་པས་སྲིན་རྗེ་དགུ་རྫོགས་ཆོ་འཕྲུལ་གྱི། མངའ་བདག་རལ་པ་ཅན་དང་། བློན་པོ་ཐེལ་རང་ཅན་དང་། སྔགས་པ་ངོ་འབྲུམ་ཅན་མངག་སྟེ་ལུང་ལོག་པའི་བློ་བསྟན་ནས་རྗེ་དང་འཁྲུགས་པ་རྩལ་པས་རྒྱལ་པོ་དང་འབངས་ལོ་ངམ་རྟིའི་དམག་འཐབས་པས་གྲི་རུ་བཀུམ་པ ་”སོགས་བཤད་ཡོད་པ་ནི། གྲི་གུམ་དང་མངའ་བདག་ཁྲི་རལ་བར་རྒྱལ་རབས་རིམ་བྱོན་ག་ཚད་ཀྱི་ཧེ་བག་ཤོར་ཡོད་པ་ནི་མ་ཤེས་པ་མེད། ལོ་རྒྱུས་མང་པོ་ཞིག་ཕན་ཚུན་འགལ་འཛོལ་ཤོར་ཡོད་པས་ཞིབ་ཚགས་མ་བྱས་ན་མགོ་འཁྲུགས་པའི་ཉེན་ཁ་ཡང་ཆེའོ། །

གྲི་གུམ་བཙན་པོ་ཇི་ལྟར་དཀྲོངས་ཚུལ་ལ་དཔྱད་པ།

   གྲི་གུམ་བཙན་པོ་ལོ་ངམ་གྱིས་དཀྲོངས་ཡོད་པ་ནི་ཕལ་ཆེར་ཡོངས་གྲགས་ལྟར་སྣང་། འོན་ཀྱང་བཀའ་འཆེམས་ཀ་ཁོལ་མ་ནང་ཁ་ཆེའི་ཡུལ་ནས་དམག་རྒྱལ་ནས་ཕྱིར་བོད་དུ་ལོག་སྐབས་སུ་བློན་པོ་དམག་མི་མ་སངས་ཀྱིས་མདས་བཀུམ་པར་བཤད་ ཡོད། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག སྟོད་ཆ་ནང་། ཁ་ཆེའི་ཡུལ་དུ་དཔུང་འཇུག་བྱས་ཏེ་གཡུལ་ལས་རྒྱལ། ཕྱིར་བོད་དུ་ལོག་པའི་ལམ་དུ་གཙང་གི་མྱང་ཡུལ་དུ་སླེབས་པ་དང་། རྒྱལ་ཕྲན་ལོ་ངམ་གྱིས་གཡོ་ཐབས་ཀྱིས་བསུ་བའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་ཏེ་རྒྱལ་པོ་དཀྲོངས་ ཞེས་གསལ་ཡོད། ཉང་ཆོས་འབྱུང་ནང་ལའང་ཁ་ཆེའི་རྒྱལ་པོ་ལ་དམག་དྲངས་གཡུལ་སྤྲད་དེ་བོད་དམག་ཐོབ་ནས་ཕྱིར་ལོག་སྐབས་སུ་བློན་པོ་ལོ་ངམ་གྱིས་མདའ་འཕངས་ཏེ་དཀྲོངས་སོ་ ཞེས་འཁོད་ཡོད།  དར་རྒྱས་གསལ་སྒྲོན་ནང་གྲི་བཤད་ལས་ལུང་དྲངས་པ་ལྟར་ན། “ གྲི་རྒྱལ་ལོ་ངམ་རྟ་རྫི་དེས། གདུག་པའི་གྲི་མདའ་ལྟང་ནག་དེ། དཔྲལ་བའི་དབྱིངས་སུ་བརྒྱབ་སྟེ་བསད། ལོ་ངམ་གྱིས་དེའུ་ཅིག་གི་སྟེང་དུ་ཁ་ལྟག་པར་བསྟན་ནས་བསད་པས། ད་ལྟ་ཡང་ཉང་རོ་ལྟ་ཞལ་བྱ་བ་ཡོད་དོ། སོགས་འཁོད་ཡོད། གྲི་གུམ་གྱིས་ལྷོ་བྲག་ལོ་ངམ་ལ་འཐབ་ཟླའི་ཆེད་དུ་འཕྲིན་བརྫངས་པ་ ”སོགས་ཀྱང་བཤད་ཡོད། འབེལ་གཏམ་ལུང་གི་སྙིང་པོ་ནང་ལི་ཡུལ་གྱི་ཡིག་རྙིང་ལས་ལུང་དྲངས་པ་ལྟར་ན། “བཙན་པ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་པ་ན། ལོ་ངམ་གྱི་མཆན་ནས་སྟེའུ་ཕྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་རྩེ་གངས་རུམ་དུ་གཤེགས་སོ། བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས ་”སོགས་འཁོད་ཡོད་པས། དེ་དག་ལ་གཞིགས་ན་ལོ་ངམ་ནི་འབངས་མི་ཕལ་པ་ཞིག་མ་ཡིན་པ་ནི་གསལ་པོར་ཤེས་ཐུབ་པ་མ་ཚད་ལྷོ་བྲག་གི་རྒྱལ་པོ་ཞིག་ཡིན་པའང་ཤུགས་ལས་ཚོད་དཔག་བརྒྱབ་ཕོད། དེ་ཡང་ཏུན་ཧོང་ཡིག་རྙིང་ལས། “ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོང་མ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས ་སོགས་འཁོད་ཡོད། ལྷོ་བྲག་གི་རྒྱལ་ཕྲན་ནི་རྒྱལ་ཕྲན་གཞན་དང་མ་འདྲ་བར་སྟོབས་ཤུགས་ཆེས་བའི་རྒྱལ་ཕྲན་ཞིག་ཡིན་ཚོད་འདུག དེ་ཡང་སྟག་གུ་སྙན་གཟིགས་ཀྱིས་རྒྱལ་ཕྲན་བཅིུས་མངའ་འོག་ཏུ་བཙུད་པ་ལ། ལྷོ་བྲག་གི་རྒྱལ་པོ་རབ་རྗེ་བྱ་བ་མངའ་འོག་ཏུ་མ་ཚུད་པ་དང་ལྷོ་བྲག་གི་རྒྱལ་པོ་དེས་སྟག་གུ་སྙན་གཟིག་བཙོན་དུ་བཟུང་། རྗེས་སུ་སྐུ་གཤེན་ཁྲི་ནེ་ཁོད་ཀྱིས་རྫུ་འཕྲུལ་གྱིས་བཙོན་ནས་སྟོན་པ་སོགས་ཀྱི་ལོ་རྒྱུས་སྒྲགས་པ་གླིང་གྲགས་ ལས་བཤད་ཡོད། གང་ལྟར་ཕྱི་ནང་ལྐོག་འབྲེལ་བྱས་ནས་གཡོ་ཐབས་ཀྱིས་བོན་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་དཀྲོངས་ཡོད་པ་ནི་ཤིན་ཏུ་གསལ་པོ་རེད།

གྲི་གུམ་བཙན་པོའི་ལྕམ་གྱི་མཚན་བྱང་ལ་དཔྱད་པ།

   རྗེ་འདིའི་བཙུན་མོའི་མཚན་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་དང་ཆ་མཚུངས་སུ་སྣང་བས་དེ་ཡང་དར་རྒྱས་གསལ་སྒྲོན་ནང་རྗེ་དེའི་བཙུན་མོ་བལ་བཟའ་ཁྲི་བཙུན་ ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་ནས་ནང་བལ་བཟའ་ཁྲི་བཙུན་ ཞེས་འཁོད་ཡོད། ལེགས་བཤད་མཛོད་དང་བསྒྲགས་པ་གླིང་གྲགས་ནང་དཔལ་བཟའ་ཁྲི་བཙུན་ དང་སྒྲ་འགྲེལ་ནང་དབལ་བཟའ་ཁྲི་བཙུན་ ཅེས་འཁོད་ཡོད། སྤྱིར་‘པ’དང་ ‘བ’ནི་ཕན་ཚུན་ནོར་ཉེན་ཆེ་བས་མཚམས་རེར་༼པ་༽ལ་བ་དང་༼བ་༽ལ་པ་བྲིས་བའང་ཡོད། བཟའ་འམ་ཟ་ནི་ཟ་མ་མོ་ལ་འཇུག་པས་དེ་ཡང་ སྲོང་བཙན་གྱི་བཙུན་མོའི་མཚན་ལ་ཞང་ཞུང་ཟ། རྒྱ་ཟ་ཀོང་ཇོ། བལ་ཟ་ཁྲི་བཙུན་སོགས་འཁོད་ཡོད་པས་བཙུན་མོ་རྣམས་ལུང་ཁུངས་གང་ནས་ཡིན་པ་རྣམས་གསལ་ཡོད། རྗེ་འདི་ཉིད་བལ་པོའི་སྲས་མོ་ལྕམ་དུ་བསུས་ཡོད་པའི་ལོ་རྒྱུས་མ་མཇལ་ཡང་། བཙུན་མོའི་མཚན་ལ་གཞིག་ན་ཕལ་ཆེར་བལ་པོའི་སྲས་མོ་ཡིན་པའི་དོགས་གཞི་ཆེ། ཁམས་ཀྱི་རྒྱལ་པོའི་སྲས་མོ་བག་མར་བླངས་ཡོད་པའི་ལོ་རྒྱུས་བཀའ་ཆེམས་ཀ་ཁོལ་མ་ ནང་གསལ་ཡོད་པ་དང་། དེབ་ཐར་དཔྱིད་ཀྱི་རྒྱལ་མོ་དང་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག་ནང་ཀླུ་བཙན་མེར་ལྕམ་ཁབ་ཏུ་བཞེས་པའང་འཁོད་ཡོད།

རུ་ལས་སྐྱེས་ཀྱི་མཚན་བྱང་ལ་དཔྱད་པ།

   འདི་ཉིད་གྲི་གུམ་གྱི་སྲས་ཤ་ཁྲི་དང་བྱ་ཁྲིའི་ཡུམ་གཅིག་པ་ཡིན་པ་དང་། རུས་ཚན་བཀྲགས་ཀྱི་རྒྱུད་པ་ཡིན་པ་སོགས་གསུངས་ཚུལ་མི་འདྲ་བ་དུ་མ་སྣང་། ཆོས་འབྱུང་མཁས་པའི་དགའ་སྟོན་ནང་རུ་ལས་སྐྱེ་དང་ངར་སོས་པོ་ གཉིས་ནི་གང་ཟག་གཅིག་གི་མིང་ཡིན་པ་འཁོད་ཡོད། གང་ལྟར་རུ་ལས་སྐྱེ་ཞེས་པའི་ཐ་སྙད་ནི་འབྲོང་རུས་དང་གཡག་རུས་ནང་ལ་གསོས་ནས་ཐོགས་པ་སོགས་མ་ཡིན་པར་རུ་ལ་སྐྱེས་ཞེས་པའི་དོན་ནི་ཕ་སུ་ཡིན་མི་ཤེས་པའི་བྱིས་པ་ལ་ཟེར་ཏེ་ཨ་མདོའི་སྐད་དུ་འདི་ལ་རུ་ཤོར་དང་རུ་སྐྱེས་ཞེས་འབོད་ཀྱིན་ཡོད་པ་བོད་རིག་པ་ཞིབ་འཇུག་༢༠༠༤ལོའི་ལོ་དེབ་ནང་འཁོད་ཡོད། རུ་ལས་སྐྱེས་ནི་འཕྲུལ་བོན་མཛངས་མི་བདུན་གྱི་ཐོག་མ་དེ་ཡིན་པ་དང་སྤུ་ལྡེ་གུང་རྒྱལ་གྱི་བློན་པོ་ཡིན་པ་ནི་རྩོད་གཞི་དང་བྲལ།

གྲི་གུམ་གྱི་སྲས་ཀྱི་སྐོར།

   གྲི་གུམ་ལ་སྲས་གསུམ་དང་སྲས་མོ་གཅིག་བཅས་ཡོད་པ་ནི་ཆོས་འབྱུང་དང་བོན་དཔེ་ཕལ་ཆེར་ནང་གཅིག་མཚུངས་སུ་གསལ་གྱི་ཡོད་པས། དེ་རྣམས་འདིར་བསྐྱར་ཟློས་དང་ཡང་ཟློས་བྱེད་མི་དགོས་པར་ཐད་ཀར་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་ནང་གང་གསལ་གྱི་ཡོད་པ་དེ་འདིར་ཅུང་ཞིག་དྲངས་ན། “ དྲྀ་གུམ་བཙན་པོའི་སྲས། གཅེན་ཉ་ཁྱྀ་དང་གཅུང་ཤ་ཁྱྀ་གཉིས་ལ། གཅུང་ཤ་ཁྱྀ་ནི་ལྷ་བཙན་པོ། གཅེན་ཉ་ཁྱྀ་ནྀ་རྐོང་དཀར་པོའི་རྗེ། གཅེན་དཀར་པོ་ནྀ། ཐོག་མ་ཡས་གཤེགས་པའི་ཚེ། མཆེད་གཉྀས་ཀྱི། སྐུ་བླ་གཉན་པ་གསོལ་བ་དང་། སྐུ་བླ་དེ་མོ་དང་བཤོས་པ། ཡབ་ལྷ་བདག་བགྱྀད་ཀྱིས་ཀྱང་། ལྷ་སྲས་ཀྱྀ་སྐུ་རིམ་གྲོ་ལ། བདག་གྀ་སྲོག་ལའ་བབ་པ་མན་ཆད་ཀྱི་ཆོ་གར་མཛད་པ། ”སོགས་འཁོད་ཡོད། འབེལ་གཏམ་ལུང་གི་སྙིང་པོ་ནང་ལི་ཡུལ་གྱི་ཡིག་རྙིང་ལས་ཀྱང་སྲས་ཤ་ཁྱྀ་དང་ཉ་ཁྱྀ་གཉིས་འཁོད་ཡོད་ཀྱང་ཉ་ཁྱྀ་ནི་གཅུང་པོ་ཡིན་པ་དང་ཤ་ཁྱི་ནི་གཅེན་པོ་ཡིན་པས་ཆེ་ཆུང་གི་ཁྱད་པར་ཅུང་ཙམ་ལས་གཞན་གྲངས་ཚད་ཐོག་གཅིག་པ་ཡིན་པས། དེ་རྣམས་ལ་གཞིགས་ན་རྗེ་འདི་ལ་སྲས་གཉིས་ལས་མེད་པ་ཤུགས་ལས་གསལ་པོར་ཆགས་ཐུབ། གཅུང་ཤ་ཁྲི་སྤོ་བོ་ཡུལ་དུ་ཕེབས་ཡོད་པའི་ལོ་རྒྱུས་ཕུར་བུ་རྡོ་རྗེས་མཛད་པའི་སྤོ་བོ་ལོ་རྒྱུས་ནང། “སྤོ་བོའི་ཁུལ་གྱི་ཡིག་ཐོག་(ཤ་ཁྲི་འཁོད་པའང་ཉུང་ཤས་ཙམ་ཡོད) པ་དང་ངག་ཐོག་དག་ནས་གྲི་གུམ་བཙན་པོའི་སྲས་བྱ་ཁྲི་འདིར་ཕེབས་དུས་གནས་སྐབས་རིང་གསང་བ་མཛད་ནས་ཆུ་མདོའི་ཁོངས་ལ་བཞུགས་པས་ཡུལ་མིང་ལ་གསང་ནང་ཞེས་པ་དང་། དེ་ནས་གཞན་གྱིས་ཚོར་ནས་ཆོས་རྫོང་ལ་ཕེབས་ཤིང་འདིར་གུས་པར་སྣང་ཞེས་གསུངས་ཏེ་བཞུགས་པས་ཡུལ་མིང་ལ་གུས་སྣང་([ཐར་མདོ་]་ཞིག་གི་མཛད་བྱང་དུ་གསལ་) ད་ལྟ་སྒྲ་ཟུར་ཆག་སྟེ་གུ་མདོང་ཟེར་ཞེས་གྲགས་པ་ལ་སོགས་ལོ་རྒྱུས་ཀྱི་དཔང་རྟགས་མངོན་པར་གསལ་བ་ད་ལྟའང་བཞུགས་གཤིས་དེ་ལ་རྩོད་པ་དང་མི་མཐུན་པའི་ཕྱོགས་གང་ཡང་ཡོད་པར་མ་མཆིས ་”སོགས་གསལ་ཡོད། ལོ་ངམ་གྱིས་རྒྱལ་གྲི་གུམ་དཀྲོངས་ནས་སྲས་རྣམས་བཙན་བྱོལ་དུ་ཕེབས་པ་སོགས་ཀྱི་ལོ་རྒྱུས་ཕྱོགས་གང་ནས་མཐུན་པར་སྣང་ཡང་། བཀའ་ཆེམས་ཀ་ཁོལ་མ་ནང་སྲས་གསུམ་ཡོད་པར་བཤད་ཡོད་པ་དང་། སྲས་རྣམས་ཡབ་ཀྱི་ཆབ་སྲིད་ལ་མ་འཆམས་པར་ཡབ་ཀྱིས་ཡུལ་གསུམ་དུ་སྤྱུགས་པ་སོགས་ཀྱང་གསལ་ཡོད།

གྲི་གུམ་གྱི་སྤུར་ཆེད་གླུད་བཏང་ཚུལ་ལ་དཔྱད་པ།

   བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་བོད་ཁ་བ་ཅན་གྱི་ཡུལ་དུ་གཤེགས་ནས་རྒྱུ་ཡི་བོན་རྣམས་གཏན་དུ་འབེབས་པར་མ་ཚད་ཡུལ་སྲོལ་གོམས་གཤིས་སུ་འགྱུར་ཡོད་པའི་དམར་མཆོད་ཀྱི་རིགས་རྣམས་བཀག་འགོག་ནན་མོ་མཛད་ཡོད་ཀྱང་། བཙན་རྒྱལ་རིང་ལུགས་ནང་ཡུལ་སྲོལ་གོམས་གཤིས་སྐྱི་གཡའ་བ་རྣམས་མུ་མཐུད་ནས་ལྷག་ཡོད་པ་མ་ཚད་ལག་ལེན་དུ་བསྟར་གྱིས་ཡོད་པར་སྣང་བས། དེ་ཡང་གྲི་གུམ་གྱི་སྤུར་ཆེད་མིའི་མིག་བྱ་མིག་དང་མཚུངས་པ་ཞིག་དགོས་ཡོད་པ་སོགས་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་ནང་།“བུ་ཁུ་ལྗོ་ན་འདུག་པ་ཞིག མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདུག་ནས། དེ་བླུ་ན་ཇི་འདོད་ཅེས་མ་ལ་དྲྀས་ན། མ་ན་རེ་གཞན་མྱྀ་འདོད། ནམ་ནམ་ཞ་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན། ཐོར་ཏོ་འཕྲེན་མོ་ནི་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནི་བཞགས། བཙན་པོའི་སྤུར་ལ་ནྀ་འཚོག མྱྀ་ལ་འཕྲོག་ཕོམ། ཟས་ལ་ནྀ་ཟ་འཐུང། དེ་ལྟར་བྱའམ་མྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་བཆད། དམ་བགྱྀས་ཚྀག་བགྱིས་ནས། ཆོ་མྱི་བྱ་འྀ་བུ་མོ་ཁྲིད་དེ་སོང་ངོ་། ཀླུ་འོ་དེ་རིང་མོའི་ལྟོར་སྤུར་གྱྀ་ཀླུད་དུ་བཅུག་སྟེ་བཏང་ངོ་། ། དར་རྒྱས་གསལ་སྒྲོན་ནང་ལའང་རྒྱལ་པོའི་སྤུར་སླུ་བའི་ཐབས་ལ་ཁྱེའུ་ངར་ལ་ངར་སོ་ཞེས་བྱ་བ། “ཤ་རྩ་དམར་ཞིང་སྐྲ་ཁམ་པ། ལོ་བྱ་ལོ་བ་། མིག་བྱ་ལྟར་མས་ཡར་འགེབས་པ། ལག་པ་ཆུ་བྱ་ལྟར་འབྲེལ་པ། དེ་ལྟ་བུ་ཅིག་གླུད་དུ་བཏང་ན་རྙེད་ ”ཟེར་བ་སོགས་ཀྱང་འཁོད་ཡོད། རྒྱ་བོད་ཡིག་ཚང་ཆེན་མོ་ལས། “མིའི་བུ་མོ་བྱ་ལོ་མ། བྱ་མིག་ཡོད་པ། ལོ་བཅུ་དྲུག་ལོན་པ་གཅིག་འདོད་ཟེར་ནས། བཙལ་བཙལ། གཡེའི་གངས་ན་སྤུར་གོང་ནས། ཕ་ཚར་ལ་རེ་ཐན། མ་སྐྱིད་ལ་རུང་ཞུམ་གྱི་བུ་མོ་དགེའུ་ཡུ་མེ་བྱ་བ། དེ་འདྲ་གཅིག་འདུག་ནས་ཉེ་བར་བྱས་པས། ཕ་ནས་གསེར་མོ་རང་ཙམ་ཅིག་འདོད་ཟེར། མ་ན་རེ། སྤུར་དེ་ལ་འཚལ་གྱི་ཐིག་བརྒྱད་བཅུ་རྒྱག་ཆུག་ཟེར་བ་ཁས་བླངས། བུ་མོ་ཁྱེར། སྤུར་བླུས་སོ་”ཞེས་པ་དང་། ཆོས་འབྱུང་གཞན་ལའང་དེ་ལྟར་འཁོད་ཡོད་པས་འདིར་བསྐྱར་ཟློས་མི་དགོས་པར་སེམས། གང་ལྟར་ཡུལ་སྲོལ་གོམས་གཤིས་སུ་འགྱུར་ཡོད་པའི་མིའི་ཚབ་ལ་མི་གསོན་པོ་གླུད་དུ་བཏང་བའི་ལུགས་སྲོལ་དག་ལག་བསྟར་བྱས་ཀྱི་ཡོད་པ་ནི། ལོ་རྒྱུས་ལ་མཛེས་མཛེས་བཅོས་བཅོས་ག་ཚད་བྱས་ཀྱང་རང་བཞིན་ཤུགས་ཀྱིས་རྟོགས་ཐུབ།

མཇུག་མཐའི་ཚིག

   ནམ་རྒྱུན་རྒྱལ་རབས་ཀྱི་དཔེ་དེབ་ག་འདྲ་ཞིག་ཡིན་རུང་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། ས་ལ་ལེགས་དྲུག ཆུ་ལ་ལྡེ་བརྒྱད་རྣམས་ནི་གྲངས་འདྲེན་གྱི་ཚུལ་དུ་བཀོད་པ་ཙམ་ལས་གཞན་རྒྱས་སྤྲོས་ཀྱི་རྣམ་པ་དམིགས་བསལ་མཐོང་རྒྱུ་མེད། ད་ལམ་འདིར་གྲི་གུམ་གྱི་སྐོར་འབྲི་དགོས་པ་ཡང་གྲངས་འདྲེན་ཙམ་དང་བཅོས་སྒྲུང་གི་སྣང་བརྙན་གྱི་ས་མཚམས་ལས་བརྒལ་ནས་དངོས་ཡོད་ཀྱི་གནས་ཚུལ་ཐོག་གོམ་པ་བསྲིངས་ཙམ་བྱས་པའི་ཁུལ་ཡིན། བོན་རྒྱལ་བརྒྱད་པ་གྲི་གུམ་དང་བོན་གཤེན་བར་མི་མཐུན་པའི་རྒྱུ་མཚན་གཙོ་བོ་ནི། བོན་གཤེན་ལ་དབང་ཐང་བསམ་ལས་འདས་པ་དང་། རྒྱལ་པོ་ཉིད་ལ་དབང་ཆ་སོགས་དེ་ཙམ་མེད་པས་རྒོལ་དགོས་པའི་གནད་དོན་ཡང་གཙོ་བོ་དེ་ལ་ཐུག་པར་སེམས། གྲི་གུམ་དཀྲོངས་ཚུལ་ལ་ཡང་། ཕྱི་ནང་གཉིས་ཀ་ཁ་འཐབ་པ་ལས་དེ་མིན་ལས་སླ་པོར་རྒྱལ་པོ་དཀྲོངས་མི་ཐུབ་པས། ལྷོ་བྲག་ལོ་ངམ་དང་བོན་གཤེན་བར་ལྐོག་འགྱུར་གྱི་ཚུལ་དུ་འབྲེལ་ལམ་ཞིག་ཆགས་ཡོད་ཚོད་རེད རྒྱལ་པོ་གྲི་གུམ་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་རྒྱབ་བརྟེན་བྱས་ནས་དཀྲོངས་ཡོད་པ་ནི་ཝ་རོ་དང་ཁྱི་རོ་འཕྲག་པ་ལ་བཀལ་ཚུལ་གྱི་བཅོས་སྒྲུང་དེའི་མགོ་འཇུག་བར་གསུམ་གང་ལ་བལྟས་ནས་ཀྱང་ཤེས་ཐུབ། ཁ་ཆེའི་ཡུལ་དུ་དཔུང་འཇུག་བྱས་ཏེ་གཡུལ་ལས་རྒྱལ་ནས་ཕྱིར་བོད་དུ་ལོག་པའི་ལམ་དུ་རྒྱལ་ཕྲན་ལོ་ངམ་གྱིས་གཡོ་ཐབས་ཀྱིས་བསུ་བའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་ཏེ་རྒྱལ་པོ་དཀྲོངས་པ་སོགས་ཀྱང་ཆོས་འབྱུང་ཁག་ནང་གསལ་གྱི་ཡོད། རྒྱལ་པོ་འདི་ཉིད་ཀྱིས་རྒྱ་ནག་གི་གོ་འཁྲབ་མཚོན་ཆ་རིགས་རྣམས་སྨར་ཁམས་བརྒྱུད་ནས་བོད་ལ་དྲངས་ཡོད་པ་དང་། ཁ་ཆེའི་ཡུལ་ནས་དམག་རྒྱལ་བ་སོགས་ཀྱི་བྱས་རྗེས་བཞག་ཡོད་པའི་ལོ་རྒྱུས་ཉང་ཆོས་འབྱུང་དང་བཀའ་ཆེམས་བཀའ་འཁོལ་མ་ལས་གསལ། རྒྱལ་གཤེན་བར་རྒྱལ་སྲིད་དང་བོན་སྲིད་གཉིས་མ་འཆམ་པར་བརྟེན་བོན་གཤེན་རྣམས་བོད་ཡུལ་རུ་བཞི་ལས་སྤྱུགས་པའི་སྐབས་སུ་བོན་གཤེན་རྣམས་བོན་བསྟན་དར་བའི་ཞང་ཞུང་གི་ཡུལ་སོགས་ལ་སྐྱབས་མ་བཅོལ་བར་གཡའ་རི་དང་གངས་བྲག་སོགས་ལ་ཕེབས་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་སྲིད་པ་ལ་འཕྱང་མོ་ཉུག

མཐའ་མའི་མཆན་འགྲེལ།
དྲན་པ་ནམ་མཁའ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འདྲེལ་འཕྲུལ་གྱི་ལྡེ་མིག དེབ་གཟུགས། ཤོག་གྲངས། ༢༢ ལས་གསལ།
ཡོངས་འཛིན་བསྟན་འཛིན་རྣམ་དག སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། དེབ་གཟུགས། ཤོག་གྲངས།༦༦ ནང་གསལ།
མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། དེབ་གཟུགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་གྲངས་༢༣༦་ལས་གསལ།
དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས་༡༣༠-༣༤ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ཀྲུང་སྒོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཀང། ཤོག་གྲངས། ༡༤༥་ལས་གསལ།
བོན་རྒྱལ་རིན་པོ་ཆེ། བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། དེབ་གཟུགས། ཤོག་གྲངས། ༢༤ ཕྲེང་༡༡ལས་གསལ།
ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཤོག་གྲངས། ༡༦༠ ལས་གསལ།
བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས།༣༩༨ ལས་གསལ།
ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས། ༢༥ ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ཤོག་གྲངས།༡༥༢-༥༣ལས་གསལ།
སྒྲགས་པ་གླིང་གྲགས། ཤོག་གྲངས།
དྲན་པ་ནམ་མཁའ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག དེབ་གཟུགས། ཤོག་གྲངས།༢༣-༢༤ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ཤོག་གྲངས། ༡༤༢-༤༣ལས་གསལ།
སྒྲགས་པ་གླིང་གྲགས། ཤོག་གྲངས། ༥༤-༥༥ ལས་གསལ།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། ཤོག་གྲངས། ༣༤༣-༤༤ལས་གསལ།
སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་པོ་ལས་རིན་ཕྲེང་གཞུང་གི་ལེའུ་བཞུགས་སྷོ། དཔེ་གཟུགས། ཤོག་གྲངས། ༡༡-༡༢ལས་གསལ།
བཀའ་འཆེམས་ཀ་འཁོལ་མ། རིགས་རྒྱུད་རྒྱལ་པོ་གདུང་རྒྱུད་ཀྱི་ལོ་རྒྱུས། དེབ་གཟུགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས།༨༥-༨༨ལས་གསལ།
ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག སྟོད་ཆ། དེབ་གཟུགས། ཤོག་གྲངས། ༡༥༥-༥༦ལས་གསལ།
ཉང་རལ་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། དེབ་གཟུགས། ཤོག་གྲངས། ༡༦༡-༦༢ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། ཤོག་གྲངས།༡༥༠-༥༣ལས་གསལ།
ཡོངས་འཛིན་བསྟན་འཛིན་རྣམ་དག འབེལ་གཏམ་ལུང་གི་སྙིང་པོ།་དེབ་གཟུགས། ཤོག་གྲངས།༦༧ལས་གསལ།
བོད་ལྗོངས་རིག་གནས་དྲ་བ། རྒྱལ་ཕྲན་རིམ་བྱུང་གི་མིང། ཏུན་ཧོང་ནས་བཏོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བཏུས།
སྒྲགས་པ་གླིང་གྲགས། ཤོག་གྲངས། ༥༤-༥༥ ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ཤོག་གྲངས། ༡༥༤ལས་གསལ།
རྒྱལ་རབས་བོན་གྱི་འབྱུང་གནས། དཔེ་གཟུགས། ཤོག་གྲངས། ༧༩-༨༡ལས་གསལ།
ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས།༡༣༡ལས་གསལ། སྒྲགས་པ་གླིང་གྲགས། ཤོག་གྲངས།༣༧ལས་གསལ།
དྲན་པ་ནམ་མཁའ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག དེབ་གཟུགས། ཤོག་གྲངས་༢༣ལས་གསལ།
བཀའ་འཆེམས་ཀ་འཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས།༨༥-༨༨ལས་གསལ།
དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། ཝྭ་ན་བཛྲ་བིདྱྭ་དཔེ་མཛོད་ཁང། ཤོག་གྲངས།༡༦༢ལས། ཁྱེའུ་མཛེས་ཅིང་ལྟ་ན་སྡུག་པ་བྱུང། རུ་ལས་སྐྱེས་དང་ངར་སོས་པོ་ཅེས་བཏགས།
གོ་ཤུལ་གྲགས་པ་འབྱུང་གནས། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། མི་རིགས་དཔེ་སྐྲུན་ཁང། ཤོག་གྲངས།༢༢-༢༣ལས་གསལ།
ཕུར་བུ་རྡོ་རྗེ། སྤོ་བོའི་ལོ་རྒྱུས། དེབ་གཟུགས། ཤོག་གྲངས།༡༠ ལས་གསལ།
གོ་ཤུལ་གྲགས་པ་འབྱུང་གནས། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། ཤོག་གྲངས། ༩༩ལས་གསལ།
སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ཤོག་གྲངས། ༡༥༥ལས་གསལ།
དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། ཤོག་གྲངས། ༡༣༠-༣༤ལས་གསལ།

ཁུངས་བཅོལ་དཔེ་ཆའི་མཚན་ཐོ།

༡༽ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང། མི་རིགས་དཔེ་སྐྲུན་ཁང།
༢༽གོ་ཤུལ་གྲགས་པ་འབྱུང་གནས། བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང།
༣༽རྒྱལ་རབས་བོན་གྱི་འབྱུང་གནས།
༤༽སྒྲགས་པ་གླིང་གྲགས།
༥༽ཆབ་མདོ་ཤེས་རབ། ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ། འཕགས་ཡུལ་ཆབ་མདོ་ལོ་རྒྱུས་རྩོམ་སྒྲིག་ཁང། ༢༠༠༦
༦༽ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོད་སྙིང་པོ་སྦྲང་རྩིའི་བཅུད། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གྲ་སྒྲིག་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
༧༽ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག སྟོད་ཆ། དེབ་གཟུགས།
༨༽དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། ཝྭ་ན་བཛྲ་བིདྱྭ་དཔེ་མཛོད་ཁང། ༢༠༠༢
༩༽དཔལ་དོན་གྲུབ་རྒྱལ་། གསུང་འབུམ། པོད་དྲུག་པ། ཐར་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང།
༡༠༽དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང།
༡༡༽དུང་དཀར་བློ་བཟང་ཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང།
༡༢༽དྲན་པ་ནམ་མཁའ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ལྷན་ཁང་ནས། ༡༩༩༣
༡༣༽ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད།
༡༤༽ནེའུ་པནྜི་ཏ། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།
༡༥༽སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང།
༡༦༽ཕུར་བུ་རྡོ་རྗེ། སྤོ་བོའི་ལོ་རྒྱུས།
༡༧༽བཀའ་འཆེམས་ཀ་ཁོལ་མ། རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ལོ་རྒྱུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།
༡༨༽བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང།
༡༩༽བོན་རྒྱལ་རིན་པོ་ཆེ། བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།
༡༩༽མུ་ཆོའི་ཁྲོམ་འདུར།
༢༠༽སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ཞེས་བྱ་བ་བཞུགས། དཔལ་འབྱོར་དཔེ་སྐྲུན་ཁང།
༢༡༽སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག གསུང་འབུམ། པོད་གསུམ་པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང།
༢༢༽ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང།
༢༣༽སྲིད་པ་རྒྱུད་ཀྱི་ཁ་བྱང་བཞུགས་པ་དགེ་ལེགས་འཕེལ་བའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།