དཔྱིད་ཟླ་ར་བའི་སྐོར་ཀྱི་དཔྱད་གླེང་།

[ཟླ་ཚེས། 2014-09-02 11:37:39][རྩོམ་པ་པོ། མཁས་དབང་གངས་སེང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   འདིར་བཤད་པར་བྱ་བ་ནི་དཔྱིད་ཟླ་ར་བ་ཡིན་ལ་དེ་ཚུལ་ནི། ནམ་ཟླ་དུས་བཞི་སྟེ་དཔྱིད་དབྱར་སྟོན་དགུན་བཞི་ཡོད་པ་དང་། དེ་རེ་རེ་ལ་ཟླ་བ་གསུམ་རེ་ཡོད་ཅིང་སྡོམ་ན་ལོ་གཅིག་ནང་ཟླ་བཅུ་གཉིས་ཡོད། དེའི་དང་པོ་དཔྱིད་ཟླ་རབ་འབྲིང་ཐ་གསུམ་གྱི་དང་པོ་དེ་ལ་དཔྱིད་ཟླ་ར་བ་ཞེས་བརྗོད། དེ་ནི་ལོ་གསར་པའི་འགོ་དེ་ནས་བཟུང་དགོས་པས་ལོ་སར་ཡང་དེའི་ཚེས་གཅིག་ལ་གཏོང་བ་རྒྱུ་མཚན་དེ་ཡིན། དེ་ལ་ཟླ་འགོ་ཡང་ཟེར། དོན་གྱི་དབང་དུ་བྱས་ན་ཟླ་བ་དེ་ག་དུས་ཚེས་ན་དགུན་གྱི་གྲང་ངར་ཞི་མགོ་རྩོམ་དགོས་པ་ཡིན། དེར་བརྟེན་ལུང་པ་རེའི་གནམ་གཤིས་དྲོ་གྲང་གི་ཁྱད་པར་མི་འདྲ་བའི་དབང་གིས་དཔྱིད་ཟླ་ར་བའང་ངོས་བཟུང་ཚུལ་མང་དུ་འབྱུང་བ་དོན་ལ་གནས། འོན་ཀྱང་མཁས་པ་རྣམས་ཀྱིས་རང་རང་གི་འདོད་ཚུལ་དེ་ཚད་མ་བྱེད་དགོས་སྟབས་དེ་དང་མི་མཐུན་པ་དེ་ལ་དགག་པ་ཕྲན་ཙམ་གནང་བ་མཁས་པ་ཚང་མའི་རང་གཤིས་ལྟ་བུ་ཡིན་པས་དཔྱིད་ཟླ་ར་བའི་སྐོར་ལ་འཐད་དང་མི་འཐད་ཀྱི་རྣམ་བཞག་མང་དུ་ཡོད་པ་དང་། དེ་ལ་བརྟེན་ནས་ལོ་སར་དེ་ཡང་སྙིང་ཟླ་བ་གང་ལ་ཡིན་པ་དེང་སང་སྤྱི་ཚོགས་ནང་ལ་མགོ་རྨོངས་ནས་བསྡད་ཡོད། ཁོ་བོས་འདིར་དཔྱིད་ཟླ་ར་བའི་སྐོར་གྱི་དཔྱད་གླེང་ཞེས་པ་འདི་ལུང་པ་གང་སར་འཁྱམས་ནས་ཡུལ་མིའི་ལུག་སྲོལ་བསྡུ་རུབ་བྱས་པ་དེ་འདྲ་མིན་ལ། ཡང་ན་རང་གི་རྣམ་དཔྱོད་གསར་པ་ལས་ཐོན་པ་དེ་བས་ཀྱང་མིན། འོ་ན་གང་ཡིན་ཞེ་ན། ང་ཚོའི་གནའ་རབས་ཞང་བོད་ཀྱི་རིག་གནས་ལ་རྒྱ་ཆེ་ཞིང་གྲངས་མང་བ་དེ་དག་བླུན་པོའི་ལུགས་སྲོལ་ཁུངས་མེད་ལུང་མེད་དང་རྒྱུ་མཚན་མེད་པ་དེ་འདྲ་མ་ཡིན་པར་མཁས་པའི་རྣམ་དཔྱོད་ལས་ཐོན་པའི་རྒྱུ་མཚན་ཁུངས་ལྡན་་ཅན་ཤ་སྟག་ཡིན་པར་བརྟེན་དཔྱིད་ར་འདི་ལ་ངོས་བཟུང་ཚུལ་མང་བ་དང་དེ་དག་ཕན་ཚུན་དགག་བཞག་ཕྲན་བུ་རེ་ཡོད་པ་ལ་མ་ལྟོས་པའི་ཀུན་ལ་ཁུངས་ལུང་རེ་ངེས་ཅན་ཡོད་འགྲོ་སྙམ་ནས་དཔེ་སྙིང་དག་ལ་བལྟ་ཀློག་ཅུང་ཟད་བྱས་པའི་ལག་རྗེས་ཕྱོགས་སྡོམ་ཞིག་འདིར་འཆད་རྒྱུ་ཡིན། དེ་ཡང་ཁོ་བོས་འདིར་ཁུངས་གཏུག་སའི་དཔེ་ཆ་དེའི་མཚན་དང་སྦྱར་ནས་དཔྱིད་ཟླ་ར་བའི་འདོད་ཚུལ་མི་འདྲ་བ་དེ་དག་རིམ་པས་བཤད་ན་སྙམ། དཔྱིད་ར་ངོས་བཟུང་ཚུལ་ལ་མཛོད་ལུགས་དང་། མདོ་ལུགས། འབུམ་ལུགས་ཏེ་མི་འདྲ་བ་གསུམ་ཡོད་པར་སྣང་། དེའི་དང་པོ་ད་ལྟ་ཡོངས་གྲགས་ལྷ་སའི་ལོ་ཐོའི་ནང་དུ་འགོད་རྒྱུའི་གཏན་ལེའི་དེའི་ཟླ་འགོ་བོད་ཟླ་བཅུ་གཅིག་པ་ལ་ངོས་བཟུང་ཡོད། དེའི་ཁུངས་བཻ་ཌཱུར་དཀར་པོ་ལ་ཐུག་ཡོད། འགའ་ཞིག་གིས་རྒྱ་ནག་གི་ལུགས་ཀྱང་ཟེར། གཤེན་གྱི་རྩིས་གསར་རྣམ་དག་ནང་དུ་བོད་ཟླ་བཅུ་གཅིག་པ་ཟླ་འགོ་བྱེད་པ་བཅོས་མ་དང་། རྒྱུད་ལུང་ཕལ་ཆེར་གྱིས་ལོ་ཟད་ཟླ་ཟད་བཞེད་པར་བཤད་ཡོད། འོན་ཀྱང་ལེགས་པར་བརྟག་ན་འདིའི་ཁུངས་མཛོད་སྒྲ་འགྲེལ་དང་། རྗེ་ཡི་མཛོད་འགྲེལ་སོགས་ལ་ཐུག་ཡོད་པས་ཁོ་བོས་འདིར་མཛོད་ལུགས་དཔྱིད་ཟླ་ར་བ་ཞེས་སྨོས་ཡོད། དེའི་ཚུལ་ནི། མཛོད་སྒྲ་འགྲེལ་ལས། རྒུན་གྱི་སླུངས་སུ་ཆུད་པ་ནི་ཞེས་པ། དགུང་ཟླ་གསུམ་གྱི་ཉི་མ་སླུངས་སུ་བསྐྱལ་ནས། དཔྱིད་ཟླ་ར་བ་ལ་ལྡོག་པའོ། དེའི་མཚན་རྟགས་གང་ལ་འཛིན་ཞེ་ན། གེ་ཕག་ཡོར་ལྡེ་ཙེ་ཟེ་འཚོ་ཞེས་པས་སྟོན་ཏེ། ཞེས་དང་། ཙེ་ཟེ་ཞེས་པ་རྣ་བ་ཕོ་ཁྱུ་མོ་ཁྱུ་འདྲེས་ཏེ་སྦྱོར་ཅིང་འཁྲིག་པའོ། ཞེས་པས་དཔྱིད་ཟླ་ར་བ་དེ་ནི་མགོ་ཟླ་སྟེ་བོད་ཟླ་བཅུ་གཅིག་པ་ཡིན་དགོས་ཏེ། དགུན་ཉི་ལྡོག་དེར་འབྱུང་བས་ཤེས་སོ། རྗེ་རིན་པོ་ཆེའི་མཛོད་འགྲེལ་ལས། དེ་བཞིན་དུ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ཉིན་མོ་ལ་ཡུད་བཅུ་གཉིས་མཚན་མོ་ལ་ཡུད་བཅོ་བརྒྱད་དོ། ཚེས་དགུ་ལ་ཉིན་མོར་ཐང་གཅིག་གིས་ལྷག་མཚན་མོ་ལ་ཐང་གཅིག་གིས་མ་ཚང་ངོ་། ཞེས་དང་། མཁས་མཆོག་སྒ་སྟོན་མཛོད་འགྲེལ་ལས། འདི་ལྟར་དཔྱིད་ར་བའི་ཚེས་དགུར་ནི། མཚན་མོ་ཤིན་ཏུ་རིང་བ་ལས་མཉམ་པར་ལྡོག་ལ། དབྱར་ཟླ་ར་བའི་ཚེས་དགུར་ནི། ཉིན་མཚན་མཉམ་པ་ལས་ཉིན་རིང་བར་ལྡོག་སྟེ། གཡུང་དྲུང་ལས་དག་ལས། ར་བ་བཞི་ལ་འཇུག་ལྡོག་ལས། ནམ་དང་ཉི་མ་རིང་ཐུང་འབྱུང་། ཞེས་སོ། ཞེས་གསུངས་སོ། ཁོ་ན་རེ། སྒྲ་འགྲེལ་གྱིས་མགོ་ཟླ་དཔྱད་ཟླ་ར་བ་བཞེད་པ་མི་འཐད་པར་ཐལ། དེས་རྒྱལ་ཟླ་དཔྱད་ཟླ་ར་བ་གསུངས་པའི་ཕྱིར་ཏེ། དེ་བཞིན་དཔྱད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། སྐར་མ་རྒྱལ་ལ་ཚེས་སོ། ནམ་ཟླ་དཔྱིད་ཟླ་ར་བའོ། ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། འདོད་ཚུལ་མི་འདྲ་བ་གཉིས་བཤད་པའང་ཡིན་སྲིད་པའི་ཕྱིར། དེ་ལྟར་མ་ཡིན་པ་དེར་བཤད་པའི་དཔྱིད་ཟླ་ར་བ་ཡོད་ཚད་རྒྱལ་ཟླ་ལ་གོ་དགོས་ན་དགུང་ཉི་དཔྱིད་ཟླ་ར་བ་ལ་ལྡོག་པར་གསུང་པ་གང་ཞིག དེ་རྒྱལ་ཟླ་ཡིན་ན་རྒྱལ་ཟླ་ནི་བོད་ཟླ་བཅུ་གཉིས་པ་ཡིན་པས་དེར་དགུན་ཉི་ལྡོག་འབྱུང་བ་རྩིས་མཁན་སུས་ཀྱང་མ་བཤད་པའི་ཕྱིར་རོ། དེ་ལྟར་མཛོད་འགྲེལ་རྣམས་སུ་དཔྱིད་ཟླ་ར་བ་ལ་ཉི་མ་ཐུང་བ་ལས་རིང་བར་ལྡོག་པར་གསུངས་པར་བརྟེན། དགུན་ཉི་ལྡོག་པའི་ཟླ་བ་འགོ་ཟླར་ཡིན་པའི་རྒྱུ་མཚན་ནི་མང་དུ་བཤད་མི་དགོས་པར་ནམ་རྒྱུན་ལོ་ཐོ་ལ་གཟིགས་མྱོང་ཡོད་ན་ཤེས་སླ། འོན་ཀྱང་ངེས་ཤེས་འདྲེན་སླ་བའི་ཆེད་དུ་ལུང་ཚིག་གཅིག་གཉིས་ཞིག་དཔེ་མཚོན་འགོད་ན། འདི་ལྟར་གཤེན་གྱི་རྩིས་གསར་རྣམ་དག་ལས། གནམ་རྟགས་སུ་མགོས་ནམ་སྐྱེལ། ཞེས་དང་། ༡༩་༡༢ འདི་ཤར་ཚེ་བཅུ་གཅིག་པའི་སྒང་། དགུན་ཉི་འདི་ལྡོག་རགས་ཞིབ་མུ་བཞིན་ཚུ་ཚོད་བསྟུན་ལ་འགོད། ཞེས་དང་། ཕུགས་ལུགས་བཻ་ཌཱུར་དཀར་པོ་ལས། ༡༡་༣༦ བཅུ་གཅིག་པའི་སྒང་། དགུན་ཉི་ལྡོག་པ་རགས་ཞིབ་སྔ་ཕྱི་དུས་ཚོད་བལྟས་ནས་འགོད། ཞེས་དང་། དགུན་ཉི་དཔྱིད་ར་སྟག་ཟླ་བའི། བརྒྱད་གསུམ་ལ་ལྡོག་མགོས་ཉ་ཞིང་། ཞེས་གསུངས་པས་སྐར་རྩིས་དང་འབྱུང་རྩིས་སམ་རྩིས་རགས་ཞིབ་གང་གི་ལུགས་ལ་དགུན་ཉི་ལྡོག་ནམ་རྒྱུན་བོད་ཟླ་བཅུ་གཅིག་པའི་་ནང་ལ་འབྱུང་བ་དང་། སྐབས་འགར་ཟླ་ལྷག་ཡོད་ཚེ་བོད་ཟླ་བཅུ་པའི་ནང་འབྱུང་སྲིད་པ་ལས་ཧོར་ཟླ་བཅུ་གཉིས་ནང་ཉི་ལྡོག་འབྱུང་བ་མི་སྲིད་པ་ལྟ་བུ་ཡིན། དེས་ན་མཛོད་ལས་གསུངས་པའི་ཉི་ལྡོག་འབྱུང་སའི་དཔྱིད་ཟླ་ར་བ་དེ་ནི་མགོ་ཟླ་ལས་འོས་མེད་པའི་ཕྱིར་རོ། གཉིས་པ་མདོ་ལུགས་ལ་དཔྱིད་ཟླ་ར་བ་རྒྱལ་ཟླའམ་བོད་ཟླ་བཅུ་གཉིས་པ་ཡིན་པས་དེའི་ཚུལ་ནི། མདོ་གཟེར་མིག་ལས། མུ་ཁྱུད་བདལ་པའི་མཚོ་འགྲམ་དུ། གཞི་བཙལ་གནས་ཀྱི་ཕོ་བྲང་ནི། དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབང་བསྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། དེ་ལ་ཀོང་ཙེས་ལན་གསོལ་པ། གཏོ་བུ་འབུམ་སངས་མཁས་པའི་མཆོག ཤིན་ཏུ་རྩུབ་པའི་བཤའ་ལག་ལ། ཞི་རྒྱས་མཆོད་པ་ཅང་རུང་ངམ། དྲག་པོས་སྲིན་པོ་བསྒྲལ་བའི་དུས་ལགས་ན། གཏོ་བུའི་ཐུགས་ལ་འཁྲུལ་བ་ཅང་སྲིད་དམ། དེ་སྐད་ཅེས་ཀོང་ཙེས་གསོལ་པས། དེ་ལ་ཡང་གཏོ་བུས་གསུངས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། དབང་སྒྱུར་ལག་འདི་བསྔགས་པ་ཡིན། བཟང་ཡང་དབང་སྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོ་བཤའ་བ་ཡིན་ཏེ་ཟློས། ངན་ཀྱང་དབང་བསྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོར་བཤའ་བ་ཡིན་ཏེ་ཟློས། དེ་ཕྱིར་ལག་འདི་བཟང་ལ་ཡང་ཡང་ཟློས་ཏེ་འོང་བས་བསྔགས་པ་ཡིན། དེ་སྐད་ཅེས་གཏོ་བུས་གསུངས་པས་ཀུན་ཀྱང་རྟོག་པ་ཚིམ། དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད། ཅེས་དང་། མཛོད་སྒྲ་འགྲེལ་ལས། དེ་བཞིན་དཔྱད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། སྐར་མ་རྒྱལ་ལ་ཚེས་སོ། ནམ་ཟླ་དཔྱིད་ཟླ་ར་བའོ། ཞེས་གསུངས་པའི་ཕྱིར། འདི་ནི་ཞང་ཞུང་དང་རྒྱ་ནག་གི་ལུགས་ཡིན་པར་བཞེད་དེ། གཤེན་གྱི་རྩིས་གསར་རྣམ་དག་ལས། ཞང་ཞུང་པ་དང་རྒྱ་ནག་པའི་ལུགས་དང་། ནག་རྩིས་ཕལ་ཆེར་དང་། མདོ་གཟེར་མིག་སོགས་ཀྱི་ཟླ་འགོ་དཔྱིད་ར་སྟག་གི་ཟླ་བ་འཁྲུལ་མེད། ཅེས་དང་། བཻ་ཌཱུར་དཀར་པོ་ལས། རྒྱུད་སྡེ་མཁའ་འགྲོ་རྒྱ་མཚོ་དང་ནག་རྩིས་པ་ཐོར་བུ་སོགས་ཁ་ཅིག་ལོ་འགོར་འཛིན། ཧོར་ཟླ་བཅུ་གཉིས་པ་རྒྱ་རྩིས་དཔྱིད་འབྲིང་། ཞེས་གསུངས་པའི་ཕྱིར། གསུམ་པ་འབུམ་ལུགས་ལ་བོད་ཟླ་དང་པོ་དཔྱིད་ཟླ་ར་བ་བཞེད་དེ། གཤེན་གྱི་རྩིས་གསར་རྣམ་དག་ལས། ཀླུ་འབུམ་དང་ནག་རྩིས་ཁ་གཅིག་དང་གསོ་དཔྱད་པའི་ལོ་འགོ་བྱེད་དེ་དཔྱིད་ར་ཟེར། ཞེས་དང་། མཁས་མཆོག་སྒ་སྟོན་མཛོད་འགྲེལ་ལས། རྒྱལ་ཉ་ར་བར་འདོད་པ་ནི་མདོ་ལ་སོགས་ཀྱིས་བཞེད་དོ། མཆུ་ཉ་ར་བར་འདོད་པ་ནི་ཀླུ་འབུམ་གྱིས་བཞེད་དོ། ཞེས་དང་། གཤེན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ནག་རྩིས་ལས། དཔྱིད་ར་ཧོར་ཟླ་དང་པོ་འདི། སྟག་གི་ཟླ་བ་རྩོད་བྲལ་ལོ། ཞེས་དང་། བཻ་ཌཱུར་དཀར་པོ་ལས། ཧོར་ལུགས་དང་ནག་རྩིས་ཁ་ཅིག་གསོ་དཔྱད་ཀྱི་ལོ་འགོ། ཞེས་གསུངས་པའི་ཕྱིར། གཤེན་རྩིས་མཛད་པ་པོ་གཤེན་གྱི་མཁས་གྲུབ་ཤྲི་ལ་དྷ་ཛ་དང་མཁས་མཆོག་སྒ་སྟོན་རྣམ་པ་གཉིས་ཀྱིས་ཀླུ་འབུམ་གྱིས་རྟ་ཟླ་དཔྱིད་ར་བཞེད་པར་གསུང་པས་དེའི་ཚུལ་ནི། ཀླུ་འབུམ་དཀར་པོ་ལས། དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ། སྐར་མ་གནམ་མཐོང་ཉི་མ་ཕྱེད་ཡོལ་ལ་ཀླུ་ལྡང་བའི་དུས་སུ། དེ་ཡི་དུས་སུ་ཕྱོགས་འཚམས་ཁྱབ་པར་གནས་ཤིང་རྒྱུའོ། དེ་ཡི་དུས་སུ་རིག་ལྔ་ཀླུའི་དཀྱིལ་འཁོར་ཞལ་དབྱེ་ལ། གཉེན་པོ་སྒོམ་པར་བྱའོ། མཆོད་ཅིང་བརྟན་པར་བྱའོ། གཙང་མའི་ལས་སྤྱོད་རྣམས་དང་དུ་བླང་པས་རབ་ཏུ་བསྲིད་དོ། རྒུན་ཟླ་ར་བའི་ཚེས་བཅོ་ལྔ་ལས། སྐར་མ་སྨིན་དྲུག་ཉའི་ཉིན་ཕྱེད་མགོ་ཡོལ་ལ་ཀླུ་ཉལ་བའི་དུས་སུ། དེ་ཡའི་དུས་སུ་ཕྱོགས་འཚམས་སུ་ཁྱབ་པར་ཉལ་ལོ། དེའི་དུས་སུ་དྲག་པོའི་ལས་བྱས་གཏེར་བཞུགས་ཡོངས་སུ་རྒྱས་པའི་མཆོད་པ་བཏང་། རིགས་ལྔ་ཀླུ་ཡི་དཀྱིར་འཁོར་དབྱིངས་སུ་བསྐྱེད་དོ། སྟོན་ཟླ་ར་བ་དང་དཔྱིད་ཟླ་ར་བའི་ཉ་ལ། སྐར་མ་ཏ་དང་བྱ་བོ་ལ། ཀླུ་དར་བའི་དུས་སུ། དེ་ཡི་དུས་སུ་ཕྱོགས་འཚམས་ཁྱབ་པར་དར་རོ། དེའི་དུས་སུ་རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་ཞལ་ཕྱེས་ལ། གཉན་པོ་སྒོམས་པ་དང་། སྒྲུབ་པར་བྱའོ། གཙང་མ་ཀླུ་འབུམ་དཀར་པོ་བདུད་རྩིའི་ཆུ་རྒྱུན་དང་འདྲ་བ་གསུང་བསྒྲགས་པར་བྱའོ། ཞེས་གསུང་པས་འདིས་ར་བ་བཞི་གང་དང་གང་ཡིན་པ་ཉ་སྐར་དང་སྦྱར་ནས་ཞིབ་ཕྲར་བཤད་དོ། དེ་ཡང་གནམ་མཐོང་ཞེས་པ་སྐར་མ་ས་ག་ལ་ཟེར་བས་བོད་ཟླ་བཞི་པ་ས་ག་ཟླ་བ་ནི་དབྱར་ཟླ་ར་བ་དང་། དེ་བཞིན་སྨིན་དྲུག་ཟླ་བ་བོད་ཟླ་བཅུ་པ་ཡིན་པས་དེ་དགུན་ཟླ་ར་བ་དང་། བྱ་བོ་ཞེས་པ་བྱ་སྦོ་སྟེ་བོད་ཟླ་བདུན་པ་གྲོ་བཞིན་ཟླ་བ་ནི་སྟོན་ཟླ་ར་བ་དང་། ཏ་ཞེས་པ་རྟ་པ་སྟེ་བོད་ཟླ་དང་པོ་རྟ་པ་ཟླ་བའམ་མཆུ་ཟླ་ནི་དཔྱིད་ཟླ་ར་བ་རུ་ངོས་འཛིན་གསལ་པོར་གནང་བས་ལུགས་འདི་ནི་ཀླུ་འབུམ་ལས་བྱུང་བས་འབུམ་ལུགས་ཞེས་བྱའོ། དཔལ་ལྡན་རྒྱུད་བཞིས་ཀྱང་འདི་ཁོ་ན་ལྟར་བཞེད་དེ། ཕྱི་མ་རྒྱུད་ལས། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། བྱིའུ་ཅོ་གས་རང་སྐད་འབྱིན་པའི་དུས། ཞེས་གསུངས་སོ། དཔྱིད་ཟླ་ར་བ་ངོས་འཛིན་ཚུལ་འདི་ནི་དེང་སང་བོད་ལུང་པ་དང་བསྟུན་ན་དུས་གཟེར་གལ་ཆེན་ཞིག་ཡིན་ཏེ། དབྱར་དགུན་གོ་ལོག་པའི་སྐྱོན་མེད་པ་དང་། བོད་ཟླ་བཅུ་གཅིག་པ་ལྟ་བུ་གྲང་ངར་ཤིན་ཏུ་ཆེ་བའི་སྒང་ལ་ནམ་ཟླ་དཔྱིད་ཟེར་བ་ལྟ་བུ་མ་ཡིན་པར་ས་ཆུ་ལྷོད་ཅིང་ནམ་ཟླ་དྲོད་འབེབ་པའི་དུས་ཚིགས་ཡིན་པས་དབྱར་དགུན་སྟོན་དཔྱིད་ངོས་འཛིན་སྟངས་ཤིན་ཏུ་འཚམས་པ་ཞིག་ཡིན་ཏེ། ཀླུ་འབུམ་ནག་པོ་ལས། ནམ་ཟླ་དུས་བཞི་ལ་ཀླུའི་དབང་བྱེད་དེ། དུས་དེ་ཙམ་ན་དཔྱིད་ཟླ་ར་བ་དང་འབྲིང་པོ་དང་ཐ་མ་གསུམ་ལ་ཀླུའི་རྒྱལ་མོ་དྲོད་འབེབ་ཀྱིས། དཔྱིད་ཟླ་ར་བ་ལ་དྲོད་པ་ལྕགས་ཅག་ཙམ་ཡང་འབེབས་སོ། དཔྱིད་ཟླ་འབྲིང་པོ་ལ་དྲོད་ལུག་མགོ་ཙམ་ཅིག་འབེབས་སོ། དཔྱིད་ཟླ་ཐ་མ་དྲོད་གཡག་ཤད་ཙམ་ཅིག་འབེབས་སོ། དེ་ནས་འཁྱགས་པ་ཡང་གཞུད་གྲོལ་ནས། དྲོད་ཀྱང་ལྡེམ་གྱིས་བཏང་ངོ་། དེས་རང་ལ་རང་མིང་བཏགས་པས་ཀླུ་ཡི་རྒྱལ་མོ་དྲོད་འབེབས་མ་ཞེས་བྱའོ། ཞེས་དང་། ཀླུ་འབུམ་ཁྲ་བོ་ལས། དཔྱིད་ཞེས་བྱ་སྟེ། དྲོད་རྟ་བླ་ཙམ། དཔྱིད་ཟླ་འབྲིང་ཞེས་བྱ་སྟེ་དྲོད་སྦ་ལྕག་ཙམ། དཔྱིད་ཟླ་ཐ་མ་ཞེས་བྱ་སྟེ་དྲོད་རྟ་མགོ་ཙམ། དབྱར་ཟླར་ར་བ་ཞེས་བྱ་སྟེ་ཐ་བ་འགྲུམ། དབྱར་ཟླ་འབྲིང་པོ་ཞེས་བྱ་སྟེ། ས་བཟང་བ་བཏབ། དབྱར་ཟླ་ཐ་ཆུང་ཞེས་བྱ་སྟེ་བྲ་ཉུང་གཏབ། སྟོན་ཟླ་ར་བ་ལ་ཡང་མི་སྐྱེ་བར་ཆར་བས་བྲ། སྟོན་ཟླ་ར་བ་ལ་སྙི་མ་དང་ཞེ་ལུ་འབྱུང་། སྟོན་ཟླ་འབྲིང་པོ་ལ་སྐྱེད་རྫོགས། སྟོན་ཟླ་ཐ་ཆུང་ལ་རིག་ངན་བྲ་བོ་རྔ། དེ་ལ་ཕྱིས་ན་ལྷག་པ་འོང་། ཐ་ཆུང་ཟླ་བ་མར་ངོ་ལ་འབྲས་རྩ། དེ་ལ་ཕྱིས་ནས་སྐམས། དགུན་ཟླ་ར་བ་ལ་ཁྱག་བྲེ་མོ་ཙམ་འོང་སྟེ། རིག་ངན་ཉུང་མ་བཏུལ་ལ་བཏང་། དེ་ལས་ཕྱིས་ན་ཁ་འཁོར་ལས་འཁྱག། འབྲིང་པོ་ལ་དབང་ཐེབས་ཀྱིས་བྱ་སྟེ། ལྕག་གཟེར་བས་དམ། དགུན་ཟླ་ཐ་མ་ཁྱག་པས་རྒྱ་མཚོ་ཁ་ལ་མཁར་རྩིག་ཏུ་འདོད། ཅེས་གསུངས་སོ། ཀླུ་འབུམ་གྱི་ལུང་ཚིག་འདི་དག་དཔེ་རྙིང་ལ་ཇི་ལྟར་ཡོད་པ་ལྟར་བཅོས་བསྒྱུར་མེད་པ་ཡིན་པས་ཁོ་བོས་བྲིས་ནོར་ཤོར་བར་བསམ་མི་ཉན། ནམ་རྒྱུན་ང་ཚོ་བོད་པས་བོད་ཟླ་བཅུ་གཉིས་པ་རྒྱལ་ཟླ་བ་ལ་སོ་ནམས་ལོ་སར་རམ་བིའུ་ལུག་ལོ་སར་ཟེར་བ་དང་བོད་ཟླ་དང་པོ་རྟ་པ་ཟླ་བ་ལ་རྒྱལ་པོའི་ལོ་སར་རམ་ལོ་ཆེན་ཟེར་ནས་ལོ་སར་འདི་གཉིས་ཀའམ་གང་རུང་ལ་གཏོང་སྲོལ་ཡོད་འདུག འོན་ཀྱང་འདི་ལ་འཐད་དང་མི་འཐད་སོགས་ཀྱི་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། གང་ལྟར་ཡང་འདི་གཉིས་ནི་ཁུངས་ལུང་ལྡན་པའི་ལོ་གསར་པ་ཞིག་ཡིན་པ་མདོ་འབུམ་གཉིས་ལ་གཞིགས་ན་ཤེས་ནུས་སོ། བོད་ཟླ་བཅུ་གཅིག་པ་ལོ་འགོ་འཛིན་སྲོལ་ཡོད་པ་གོང་དུ་བཤད་པ་ལྟར་ཡིན་ནའང་འདིར་ལོ་སར་གཏོང་སྲོལ་ཡོད་པའི་ལུང་པ་ཡོད་མེད་མ་ཤེས་སོ། མདོར་ན་མགོ་ཟླ་དཔྱད་རར་འདོད་པ་མཛོད་ལུགས། རྒྱལ་ཟླ་དཔྱིད་རར་འདོད་པ་མདོ་ལུགས། རྟ་ཟླ་དཔྱིད་རར་འདོད་པ་འབུམ་ལུགས་ཡིན་ནོ། ། 27/8/2014 ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།