བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་དེ་ཐོག་མར་འདོན་མཁན་གྱི་སྐོར་ལ་གསར་དུ་དཔྱད་པ།

[ཟླ་ཚེས། 2014-07-01 22:19:17][རྩོམ་པ་པོ། བསོད་ནམས་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་དེ་ཐོག་མར་འདོན་མཁན་གྱི་སྐོར་ལ་སྔ་རབས་མཁས་པའི་ཞིབ་འཇུག་ལ་སྤྱི་སྡོམ་བྱས་ཤིང་། དེ་དག་གི་ཞིབ་འཇུག་གི་རྨང་གཞིའི་སྟེང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆ་དང་ལྷན་ཐབས་ཀྱི་གསུངས་སོགས་ལ་དབྱེ་ཞིབ་བྱས་པ་བརྒྱུད་བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་དེ་ཐོག་མར་འདོན་མཁན་སྐྱོབ་པ་འཇིག་རྟེན་མགོན་པོ་མ་ཡིན་པར་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཡིན་པ་ལོ་རྒྱུས་ཡིག་ཚང་ལ་ཁུངས་གཏུག་ནས་གསལ་འགྲེལ་དང་དེ་དང་འབྲེལ་ཡོད་ཀྱི་ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད་དཔྱད་ཡིག་དཀོན་གྲས་རྩ་ཆེན་འདི་ཆེས་ཐོག་མར་རིག་གཞུང་ཞིབ་འཇུག་གི་ཁམས་སུ་མཁོ་འདོན་བྱེད་རྒྱུ་ནི་དཔྱད་རྩོམ་འདིའི་དམིགས་ཡུལ་དང་གསར་དུ་ཐོན་པའི་ཁྱད་ཆོས་ཤིག་ཏུ་སེམས་སོ། 
      གནད་ཚིག བོན་པོའི་ཤེས་རིག འཕེལ་རིམ་ཁག་གསུམ། ཐོག་མར་འདོན་མཁན།

གཅིག གནད་དོན་གྱི་འབྱུང་རྐྱེན་དང་ཞིབ་འཇུག་གི་གནས་བབ།

      བརྡོལ་བོན་དང་འཁྱར་བོན།བསྒྱུར་བོན་ཞེས་བོན་པོའི་ཤེས་རིག་གི་ལོ་རྒྱུས་ལ་དུས་རབས་ཁག་གསུམ་དུ་དབྱེ་མཁན་གྱི་ཐོག་མ་ནི་རིག་གཞུང་ཞིབ་འཇུག་པ་ཚོས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་(1143-1207)ཡིན་ ཞེས་ངོས་འཛིན་གྱི་ཡོད་ལ། ཁོའི་དགོངས་གཅིག་ཡིག་ཆའི་ནང་དུ་ཐོག་མར་གསུང་ཞེས་དཔྱད་བརྗོད་རེ་གཉིས་ཀྱང་སྤེལ་ཡོད་དེ། དེ་ལ་ཆེས་ཐོག་མར་ཞིབ་འཇུག་བྱེད་མཁན་ནི་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ་(1737-1802)ཡིན་ཏེ། ཁོས་སྤྱི་ལོ་1801ལོར་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ངམ་ཐུའུ་བཀན་གྲུབ་མཐའ་ ཞེས་པ་བརྩམས་གྲུབ་གནང་ལ། བསྟན་བཅོས་དེའི་ལེའུ་གཉིས་པའི་ཁྲོད་ཟུར་བཀོད་ཀྱི་ཚུལ་དུ་བོན་པོའི་ཆོས་ལུགས་ཀྱི་སྐོར་ངོ་སྤྲོད་མདོ་ཙམ་བྱས་ཡོད་དེ། ཁོས་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ཀྱི་དུས་རབས་དབྱེ་སྟངས་ཀྱི་ཐད་ནས་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ཞེས་དུས་རབས་གསུམ་དུ་དབྱེ་ཡོད་ལ། ཁོའི་ལྟ་བ་དེའི་ཁུངས་ཀྱང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆ་ཡིན་ཞེས་གསལ་བོར་གསུངས་ཡོད་དེ། བོན་ཇི་ལྟར་དར་བ་དང་འདོད་ཚུལ་རྣམས་ཞིབ་ཏུ་བཤད་པའི་གཞུང་མ་བརྙེད་པས། བོད་དུ་སྔ་ཕྱི་བར་གསུམ་དུ་འབྱུང་ཚུལ་རྣམས་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་དང་། ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ། ཡུལ་མང་མཁར་གསང་བའི་བོན་ཕུག་ཏུ། སྟག་གཟིག རྒྱ་དཀར་ནག བོད་ལ་སོགས་པའི་རིག་འཛིན་མཁས་པ་མཐའ་དག་འདུས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་བསྡུས་པའི་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་བྱ་བ་ལས་འབྱུང་བ་ལྟར་བྲིས་སོ་ ཞེས་བོན་པོའི་ཆོས་ལུགས་ཇི་ལྟར་དར་ཚུལ་དང་ལྟ་བའི་སྐོར་ཞིབ་མོར་བཤད་པའི་གཞུང་ཞིག་མ་རྙེད་ཚུལ་དང་། བོན་པོའི་ཆོས་ལུགས་སྔ་ཕྱི་བར་གསུམ་དུ་དར་ཚུལ་འབྲི་གུང་དགོངས་གཅིག་ལས་ལུང་འདྲེན་བྱས་ཚུལ་དང་། ལྟ་སྒོམ་དང་ཐེག་པ་སོགས་ཀྱི་འདོད་ཚུལ་གསང་སྔགས་རྫོང་འཕྲང་ཉི་འོད་རྒྱན་ལས་ལུངས་འདྲེན་བྱས་ཚུལ་གསལ་བོར་གསུངས་ཡོད། ཐུའུ་བཀན་ཆོས་ཀྱི་ཉི་མས་ལྟ་བ་དེ་ཁོའི་བརྩམས་པའི་གྲུབ་མཐའི་ཁྲོད་དུ་ལུངས་འདྲེན་བྱས་ནས་འགྲེམ་སྤེལ་བྱས་རྗེས་སུ་ཐུབ་བསྟན་པ་དག་གིས་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གསུམ་ནི་བོན་པོའི་ཆོས་ལུགས་ཀྱི་འཕེལ་རིམ་ཁག་གསུམ་དུ་མཐོང་བཞིན་ཡོད་ལ། ཐུབ་བསྟན་ཆོས་ལུགས་པས་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ལ་དུས་རབས་ཀྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་གཞི་བྱས་ནས་གཙིགས་སུ་འཛིན་གྱིན་ཡོད། རྒྱ་གར་གྱི་ཆེད་མཁས་Sarat Chandra Dasལགས་ཀྱིས་ཐུའུ་བཀན་གྲུབ་མཐའི་ཁྲོད་ཀྱི་བོན་པོའི་སྐོར་དབྱིན་ཇིའི་ཡི་གེར་བསྒྱུར་ནས་སྤྱི་ལོ་1881ལོར་ཡོབ་རོབ་ཏུ་འགྲེམ་སྤེལ་བྱས་རྗེས་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་དག་གིས་བོན་པོའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། དེ་ནས་ལོ་ངོ་བརྒྱ་ཕྲག་ལྷག་གི་རྗེས་ཏེ། སྤྱི་ལོ་1988ལོར་ཧྥ་རན་སིའི་ཆེད་མཁས་རོལ་ཧྥུ་སི་ཐན་(Rolf A.Stein)ལགས་ཀྱིས་(Tibetica Antiqua V.Lareligion indigene et les bon po dans les manuscrits de Touen houang,Bulletin de l Ecole Francaise d Extreme orient31)(敦煌写本中的吐蕃巫教和苯教) ཞེས་པ་བརྩམས་གནང་མཛད་ཡོད་པ་དང་། བརྩམས་ཆོས་དེའི་ཁྲོད་དུ་བོན་པོའི་ཆོས་ལུགས་ནི་ཐུབ་བསྟན་ཆོས་ལུགས་པའི་སྔོན་དུ་བྱུང་བའི་ཆོས་ལུགས་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་ཡིན་པས་ང་ཚོས་དུས་རབས་ཀྱི་དབྱེ་སྟངས་གསུམ་དེ་བདེན་དཔང་བྱས་ཚེ་ཆོག་ཅེས་གསུངས་ཡོད་ལ། Sarat Chandra Dasལགས་ཀྱིས་ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ཁྲོད་ཀྱི་བོན་པོའི་སྐོར་དབྱིན་ཇིའི་ཡི་གེར་བསྒྱུར་གནང་མཛད་རྗེས་དུས་རབས་ཀྱི་དབྱེ་སྟངས་དེ་དཔྱོད་ལྡན་ཀུན་ལ་རྒྱུས་ཡོད་དུ་གྱུར་བར་མ་ཟད། དུས་རྒྱུན་དུ་བསྐྱར་ཟློས་ཀྱི་ཚུལ་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། ཐུའུ་བཀན་གྲུབ་མཐའི་རྩོམ་པ་པོའི་དུས་རབས་ཧ་ཅང་འཕྱི་བས་དུས་རབས་ཀྱི་དབྱེ་སྟངས་དེ་ལ་ཡིད་མ་ཆེས་བར་ཐེ་ཚོམ་ཡང་ཟ་བཞིན་ཡོད། དོན་དངོས་སུ་ང་ཚོས་ད་ལྟ་ཤེས་གསལ་ལྟར་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མའི་བརྩམས་ཆོས་ཁྲོད་ཀྱི་བོན་པོའི་སྐོར་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆ་ལས་དྲངས་པ་ཡིན། དེ་བས་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ལ་འཕེལ་རིམ་ཁག་གསུམ་དུ་དབྱེ་བའི་ལྟ་ཚུལ་ཀྱི་མགོ་ཁུངས་ལ་རྩད་འཚོལ་བྱས་ཚེ་སྤྱི་ལོ་དུས་རབས་བཅུ་གཉིས་པའི་མི་སྣ་གལ་ཆེན་ཞིག་གི་བརྩམས་ཆོས་ལས་ཐོན་ ཞེས་ཟེར་ལ། ཁོས་འབྲི་གུང་བའི་མ་ཕྱིའང་ལུངས་འདྲེན་བྱས་ནས་བརྩམས་ཆོས་ཀྱི་ཁྲོད་དུ་བཀོད་ཡོད་པར་མ་ཟད། ད་དུང་ལྟ་ཚུལ་དེ་ལ་དབྱེ་ཞིབ་ཀྱང་བྱས་ཡོད།
      དེ་ནས་སྤྱི་ལོ་2008ལོར་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་ཀྲུང་གོ་བོད་རིག་པའི་དུས་དེབ་སྟེང་དུ་བོན་ཀྱི་དུས་རབས་ཁག་གསུམ་གྱི་འབྱུང་ཁུངས་དང་དེར་དབྱེ་ཞིབ་ ཅེས་པའི་དཔྱད་རྩོམ་ཞིག་འགྲེམ་སྤེལ་བྱས་ཡོད་ལ། དཔྱད་རྩོམ་དེའི་ཁྲོད་དུ་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ཀྱི་དུས་རབས་ཁག་གསུམ་ཞེས་པའི་ལྟ་བ་དེར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྔ་རབས་པའི་ཞིབ་འཇུག་བྱས་པའི་དཔྱད་འབྲས་སོགས་སྤྱི་སྡོམ་བྱས་ནས་བཀོད་ཡོད་པར་མ་ཟད། ལྟ་བ་དེའི་བྱུང་བ་དང་། དེ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། དུས་རབས་ཁག་གསུམ་གྱི་ནང་དོན་ལ་དབྱེ་ཞིབ་ཞིབ་མོ་བྱས་ཡོད་ལ། དུས་རབས་ཁག་གསུམ་གྱི་བགོ་སྟངས་ཀྱི་ཐད་ནས་རིག་པའི་གཞུང་ལུགས་ཀྱི་སྟེང་ནས་འགྲིག་མིན་ལ་བརྡར་ཤ་བཅད་ནས་ལུང་དང་རིག་པས་སྒྲུབ་ཡོད་དེ། ཁོས་སྤྱི་ངོས་ནས་བཤད་ན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བོན་པོའི་ཆོས་ལུགས་ཁས་ལེན་མ་བྱས་པའི་ཐད་ནས་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ལ་དུས་རབས་ཀྱི་དབྱེ་བ་བགར་བ་ཡིན་ཟེར་ལ། འབྲི་གུང་བའི་ལྟ་བ་དང་བོན་པོ་ཆོས་ལུགས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་འཕེལ་རིམ་བར་དུ་བར་ཁྱད་ཅུང་ཆེ་མོད། འོན་ཀྱང་ལོ་རྒྱུས་ཀྱི་དུས་རབས་དབྱེ་སྟངས་དེའི་ནང་དོན་ཐད་ནས་ཁུངས་ལུངས་ཀྱི་རྒྱབ་རྟེན་ཏོག་ཙམ་མེད་པ་མ་ཡིན་ཏེ། ཐོག་མར་བརྡོལ་བོན་ཞེས་པའི་བརྡོལ་ནི་བོད་སྐད་ཀྱི་ཁྲོད་དུ་རང་ས་ནས་སྐྱེས་པ་དང་། རང་ས་རང་མལ་ནས་སྐྱེས་པའི་དོན་དུ་འཇུག་པའི་བོན་པོའི་ཆོས་ལུགས་ནི་བོད་རང་ས་ནས་སྐྱེས་པའི་སྲོལ་རྒྱུན་གྱི་ཆོས་ལུགས་ཤིག་ཡིན་པ་བདེན་དཔང་བྱས་ཡོད་ཟེར་ལ། འཁྱར་བོན་ཞེས་པའི་འཁྱར་ཡང་ཚུར་དར་ཡོང་བའི་དོན་དུ་འཇུག་ལ། བོན་པོའི་ཆོས་ལུགས་ཀྱི་ཁྲོད་དུ་ཕྱི་ནས་འཁྱར་ཡོང་བའི་མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་ནས་གྲུབ་ཡོད་པའི་ལྟ་བ་ཞིག་ཀྱང་ཡོད་པར་འདོད་བཞིན་ཡོད་མོད། དོན་དངོས་སུ་ཤཀྱཱའི་རྗེས་འཇུག་པ་དག་གིས་བོན་པོའི་ཆོས་ལུགས་ལ་མུ་སྟེགས་ཀྱི་གྲུབ་མཐའ་ངན་པ་ཞེས་བརྩེ་དུང་གི་ཚོན་མདངས་སྟུག་པོས་ངན་སྨོས་བྱས་ཡོད་པ་མཚོན་བཞིན་ཡོད་པ་ལས་གཞན། བོན་པོའི་ཆོས་ལུགས་ཀྱི་ཁྲོད་དུ་ཕྱི་ནས་ཡོང་བའི་རིག་གནས་སྲོལ་རྒྱུན་གྱི་ནང་དོན་འདུས་པའང་མཚོན་བཞིན་ཡོད་ལ། བོན་པོ་རང་ཉིད་ཀྱི་ཡིག་ཆའི་ནང་དུའང་བོན་པོའི་ཆོས་ལུགས་ནི་ཏ་ཟིག་ནས་ཡོང་བའི་བཤད་རྒྱུན་ཡོད་པས་དེ་ཡང་ལོ་རྒྱུས་ཀྱི་དངོས་དོན་དང་མཚུངས་ཟེར། བསྒྱུར་བོན་ཞེས་པའི་བསྒྱུར་ཡང་བོད་ཡིག་གི་ཁྲོད་དུ་བསྒྱུར་བཅོས་དང་ལོ་ཙཱའི་དོན་དུ་འཇུག་ལ། འབྲི་གུང་བའི་བཤད་རྒྱུན་ལྟར་ན་བསྒྱུར་བཅོས་ཀྱི་དོན་དུ་འཇུག་སྟེ། བོན་པོའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དག་གིས་ཐུབ་བསྟན་ཆོས་གཞུང་ལ་བསྒྱུར་བཅོས་མཛད་པ་ཡིན་པར་འདོད་ཡོད། ལོ་རྒྱུས་ཀྱི་སྟེང་དུ་ཐུབ་པའི་བསྟན་པ་དང་གཤེན་བསྟན་གཉིས་བར་དུ་ཕྱོགས་གཉིས་ཀས་ཕན་ཚུན་དང་ལེན་དང་བསྒྱུར་བཅོས་བྱས་ཡོད་ལ། དང་ལེན་དང་བསྒྱུར་བཅོས་ཀྱི་ཚད་མི་འདྲ་བ་དང་། བརྩམས་ཆོས་འདིའི་རྩོམ་པ་པོ་ནི་ཐུབ་བསྟན་པ་ཞིག་ཡིན་པས་ཐུབ་བསྟན་རྗེས་འཇུག་པ་དག་གིས་གཤེན་བསྟན་གྱི་ནང་དོན་དང་ལེན་བྱས་ཡོད་ཚུལ་གསུང་མི་སྲིད། དེ་བས་བསྒྱུར་བོན་ཞེས་པའི་མིང་དེའི་མཚོན་པའི་ནང་དོན་ཡང་གནས་བས། ཕལ་ཆེར་ལོ་རྒྱུས་ཀྱི་དངོས་དོན་དང་མཚུངས་མོད། བོན་ཆོས་གྱི་ལོ་རྒྱུས་སྟེང་གི་ལོ་རྒྱུས་ཀྱི་སྣང་ཚུལ་གསུམ་ལ་ལོག་འགྲེལ་བྱས་ནས་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ཀྱི་དུས་རབས་ཁག་གསུམ་དུ་བགོས་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཏེ། བོན་པོའི་ཆོས་ལུགས་ནི་མཚོ་བོད་མཐོ་སྒང་གི་ནུབ་ཕྱོགས་ཀྱི་གནའ་བོའི་ཞང་ཞུང་ནས་འགོ་བརྩམས་ཏེ་བྱུང་ལ། ཁོ་རང་བྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་སྔ་ཕྱི་འབྲེལ་ཆགས་པས། དུས་རབས་ཁག་གསུམ་གྱི་ནང་དུ་བཤད་པ་ཇི་བཞིན་ཕན་ཚུན་བར་ལ་འབྲེལ་བ་ཅི་ཡང་མེད་པའི་ནང་དོན་གསུམ་ཆབས་ཅིག་ཏུ་ཕྱོགས་བསྡུས་བྱས་པ་ལྟར་མ་ཡིན་ལ། དུས་རབས་ཁག་གསུམ་གྱི་ནང་དོན་གསུམ་ནི་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་གསུམ་ཡིན། ལོ་རྒྱུས་ཀྱི་དོན་རྐྱེན་གསུམ་ལ་གླེང་བརྗོད་བྱས་པའང་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་མེད་ཟེར་པ་ལས་གཞན་ད་དུང་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གསུམ་གྱི་བྱུང་ཚུལ་ལ་ལོ་རྒྱུས་ཡིག་ཚང་ལ་ཁུངས་གཏུག་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཡོད། གཞན་ད་དུང་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་ཀྱང་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་སྤེལ་ཡོད་དེ། 2009ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སྟེང་གནའ་བོའི་ཡིག་ཆ་ཁ་ཤས་གོ་བསྡུར་ནས་བོན་གྱི་འཕེལ་རིམ་ཁག་གསུམ་ལ་ཡང་བསྐྱར་དབྱེ་ཞིབ་བྱས་པའི་དཔྱད་གཏམ་ཞེས་པ་ཞིག་འགྲེལ་སྤེལ་གནང་ཡོད་ལ། དཔྱད་རྩོམ་དེའི་ནང་དུ་བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ནི་སྤྱི་ལོ་དུས་རབས་བཅུ་གཉིས་པའི་སྟོད་རྒྱུད་དུ་བརྩམས་པར་འདོད་པའི་བླ་ཆེན་དྲན་པ་ནམ་མཁའི་མཛོད་སྒྲ་འགྲེལ་ཞེས་པ་ལས་བྱུང་ཟེར་ལ། བསྟན་བཅོས་དེའི་མཚན་བྱང་ཆ་ཚང་ལ་བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ཟེར་ཞིང་། བསྟན་བཅོས་དེ་ནི་བོན་གྱི་སྐད་གྲགས་ཆེ་བའི་དཔེ་རྙིང་ཞིག་ཡིན་ལ། བསྟན་བཅོས་དེ་དུས་ནམ་ཞིག་ལ་བརྩམས་པའི་སྐོར་ལ་ཆ་འཇོག་བྱེད་དཀའ་ནའང་བོན་གྱི་གཏེར་མའི་རིགས་ཤིག་ཡིན་ཞེས་བོན་པོའི་ཤེས་རིག་གི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་དེའི་ཁུངས་ནི་བོན་རང་ཉིད་ཀྱི་མཁས་པའི་ངག་ལས་བྱུང་ཞེས་ལྟ་བ་དེའི་ཁུངས་བསྟན་བཅོས་དེ་ཡིན་པའི་སྒྲུབ་བྱེད་མང་དུ་བཀོད་ཡོད་ལ། འབྲུ་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བོན་གྱི་དཔེ་རྙིང་དེ་ལས་ལུངས་འདྲེན་བྱས་ཚུལ་སོགས་བཀོད་ཡོད། གོང་གི་དེ་དག་ལས་གཞན་སྨྱུག་ཐོག་པས་བོན་པོའི་ཆོས་ལུགས་ཀྱི་དུས་རབས་ཁག་གསུམ་གྱི་ཞིབ་འཇུག་གི་དཔྱད་འབྲས་སྐོར་ད་ཕན་མཐོང་མ་སོང་ལ། རོལ་ཧྥུ་སི་ཏན་དང་དགེ་རྒན་ཆེན་མོ་ཚེ་རིང་ཐར་སོགས་ཀྱི་ཞིབ་འཇུག་ལས་གསར་གཏོད་རང་བཞིན་གྱི་ལྟ་བ་མང་པོ་བཏོན་ཡོད་ལ། ཁོ་ཚོའི་ཞིབ་འཇུག་གི་གནད་གཞོལ་ས་ནི་བོན་པོའི་ཆོས་ལུགས་ཀྱི་བྱུང་བ་དང་། དུས་རབས་ཁག་གསུམ་ཞེས་པའི་བཤད་རྒྱུན་དེ་བྱུང་བའི་རྒྱུ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ལྟ་བ་དེ་ཡང་དག་མིན་སོགས་ལ་ལུང་དང་རིག་པའི་བསྒྲུབ་ནས་གསལ་ཁ་བཏོད་ཡོད། ཁོ་བོའི་དཔྱད་རྩོམ་འདིའི་ནང་དུ་གོང་གི་མཁས་དབང་དག་གི་ཞིབ་འཇུག་གི་རྨང་གཞིའི་སྟེང་དུ་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་འདི་འདོན་མཁན་སྐོར་ལ་ལོ་རྒྱུས་ཡིག་ཚང་ལ་ཁུངས་འདེད་རྩད་འཚོལ་བྱས་ནས་བདེན་དཔང་བྱེད་རྒྱུ་དེ་ཡིན་ལ། ལྟ་བ་འདི་འདོན་མཁན་ཐོག་མ་འང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་མ་ཡིན་པར་སྤྱན་སྔ་པ་རྡོ་རྗེས་ཤེས་རབ་ཡིན་པ་བདེན་དཔང་དང་ར་སྤྲོད་བྱེད་རྒྱུ་ཡིན་པས། འདིའང་དཔྱད་རྩོམ་འདིའི་གསར་དུ་ཐོན་པའི་ཁྱད་ཆོས་ཤིག་དང་། དཔྱད་རྩོམ་འདིའི་ཁྲོད་དུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆར་དབྱེ་ཞིབ་བྱས་པ་བརྒྱུད་ནས་དགོངས་གཅིག་ཡིག་ཆའི་ནང་དུ་འདི་ལྟ་བུའི་ལྟ་བ་ཞིག་བཏོན་མེད་ལ། དགོངས་གཅིག་ཡིག་ཆའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་བའི་ནང་དུ་མུ་སྟེགས་དང་བོན་གཉིས་ཀྱི་སྒོར་ཞུགས་ཀྱང་བདེན་པ་མི་མཐོང་གསུངས་ཞེས་པའི་ཚིག་དེར་འཇིག་རྟེན་མགོན་པོའི་བུ་སློབ་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཀྱིས་འགྲེལ་བཀོད་དུས་བོན་ཇི་ལྟར་བྱུང་བའི་གཞུང་ལུགས་དང་དུས་རབས་ཁག་གསུམ་གྱི་ལྟ་བ་དེ་ཁ་སྣོན་བྱས་པ་ཡིན་པ་ལོ་རྒྱུས་ཡིག་ཚང་ལ་ཁུངས་གཏུག་ནས་གསལ་འགྲེལ་དང་དཔྱད་ཡིག་དེ་ཆེས་ཐོག་མར་རིག་གཞུང་ཞིབ་འཇུག་གི་ཁམས་སུ་མཁོ་སྤྲོད་བྱས་ནས་ཞིབ་འཇུག་པ་དག་གི་ཞིབ་འཇུག་ལ་དཔྱད་ཡིག་དཀོན་གྲས་རྩ་ཆེན་འདི་མཁོ་འདོན་བྱེད་རྒྱུ་ནི་དཔྱད་རྩོམ་འདིའི་དམིགས་ཡུལ་དུ་སེམས་སོ།།

གཉིས། འབྲི་གུང་དགོངས་གཅིག་གི་སྤྱི་ཁོག་དབྱེ་ཞིབ།

      འབྲི་གུང་དགོངས་གཅིག་ཅེས་པའི་བསྟན་བཅོས་དེའི་མིང་དངོས་ལ་དམ་ཆོས་དགོངས་པ་གཅིག་པ་ཟེར་ལ། སྐྱོབ་པ་འཇིག་རྟེན་མགོན་པོས་(1143-1207)བརྩམས་པ་ཡིན། ཁོས་དགོངས་གཅིག་ཡིག་ཆ་བརྩམས་རྗེས་སངས་རྒྱས་ཆོས་ལུགས་པའི་ཁྲོད་དུ་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ལ། དགོངས་གཅིག་ཡིག་ཆ་ནི་སྐབས་དེའི་མི་རྣམས་ཀྱིས་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་བརྩམས་ཆོས་ཤིག་ཏུ་གྲགས། སྤྱིར་དགོངས་གཅིག་ཡིག་ཆའི་རྩ་ཚིག་ལ་རྡོ་རྗེའི་གསུང་བརྒྱ་དང་ལྔ་བཅུ་པ་དང་། ལྷན་ཐབས་གསུང་བཞི་བཅུ་ཡོད་ལ། དེ་དག་རེ་རེའི་དབྱེ་ན་ཆིངས་རྣམ་པ་བཞི་དང་། ཚོམས་བདུན་དུ་དབྱེ་ཡོད། རྩ་ཚིག་རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ནི་སྐབས་དང་པོ་ཆོས་ཀྱི་འཁོར་ལོ་སྤྱིའི་གནད་བསྡུས་ཀྱི་ཚོམས་ཀྱི་ཁྲོད་དུ་རྡོ་རྗེའི་གསུང་སུམ་ཅུ་འདུས་ལ། སྐབས་གཉིས་པའི་ཁྲོད་དུ་རྡོ་རྗེའི་གསུང་བཅོ་ལྔ་འདུས། ཚོམས་སམ་སྐབས་གསུམ་པའི་ཁྲོད་དུ་རྡོ་རྗེའི་གསུང་ཚིག་ཉི་ཤུ་ཐམ་པ་འདུས་པ་དང་། སྐབས་བཞི་བ་བསླབ་པ་བྱང་ཆུབ་སེམས་དཔའི་གནད་བསྡུས་ཀྱི་ཚོམས་ཁྲོད་དུ་རྡོ་རྗེའི་གསུང་ཚིག་ཉེར་བཞི་འདུས་ལ། སྐབས་ལྔ་པ་གསང་སྔགས་རིག་འཛིན་སྡོམ་པའི་གནད་བསྡུས་ཀྱི་ཚོམས་ཁྲོད་དུ་རྡོ་རྗེའི་གསུང་ཉེར་བརྒྱད་འདུས། སྐབས་དྲུག་པ་ཁྱད་པར་ལྟ་སྤྱོད་སྒོམ་པའི་གནད་བསྡུས་ཀྱི་ཚོམས་ཁྲོད་དུ་རྡོ་རྗེའི་གསུང་ཉི་ཤུ་ཐམ་པ་དང་། སྐབས་བདུན་པ་འབྲས་བུ་སངས་རྒྱས་སའི་གནད་བསྡུས་ལས་རྡོ་རྗེའི་གསུང་བཅོ་ལྔ་སྟེ་ཁྱོན་སྡོམ་པའི་རྡོ་རྗེའི་གསུང་བརྒྱ་དང་ལྔ་བཅུ་ང་གཉིས་ཡོད་ལ། བསྟན་བཅོས་ཀྱི་མིང་ལ་དམ་ཆོས་དགོངས་པ་གཅིག་པའི་རྩ་ཚིག་རྡོ་རྗེའི་གསུང་བརྒྱ་དང་ལྔ་བཅུ་པ་ཞེས་གསོལ་ཡོད་ལ། བསྟན་བཅོས་འདིའི་མཇུག་ཏུ་སྐབས་བརྒྱད་པ་ཞལ་གདམས་ཀྱི་ཚོམས་ཀྱང་བཀོད་ཡོད། གཞན་དགོངས་གཅིག་ཡིག་ཆ་དེ་ཆིངས་རྣམ་པ་བཞི་རུ་དབྱེ་ཡོད་དེ། བསྟན་བཅོས་དེའི་ཁྲོད་དུ་ཆོས་རྗེ་རིན་པོ་ཆེ་རྒྱལ་བ་འབྲི་གུང་པའི་བཞེད་དགོངས། རྡོ་རྗེའི་གསུང་ཚིག་བརྒྱ་དང་ལྔ་བཅུ་པ། ལྷན་ཐབས་དང་བཅས་པ། རྒྱལ་བ་ཐབས་ཅད་ཀྱི་དགོངས་པ་གཅིག་པ་འདི། ཆིངས་རྣམ་པ་བཞིས་སྟོན་པ་ཡིན་གསུང་། དེ་ལ་དང་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་གཅིག་པ་ཡིན་ཚུལ་ཇི་ལྟར་སྟོན་པ་དང་གཅིག རྡོ་རྗེའི་གསུང་ཅི་ལྟར་ཡིན་ཚུལ་སྟོན་པ་དང་གཉིས། ཆོས་ཀྱི་ངོ་བོ་ཅི་ལྟར་ཡིན་བྱ་བ་སྟོན་པ་དང་གསུམ། ཉམས་སུ་ཇི་ལྟར་ལེན་ཚུལ་སྟོན་པ་དང་བཞི ་སོགས་ཀྱི་སྒོ་ནས་བསྟན་ཡོད་ལ། གཞན་ཡང་ཁོག་དབུབས་ས་དམིགས་སོགས་ཀྱང་བསྟན་ཡོད།

གསུམ། འཇིག་རྟེན་མགོན་པོའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་པའི་སྤྱི་ཁོག་དབྱེ་ཞིབ།

      ལྷན་ཐབས་ཀྱི་གསུང་བཞི་བཅུ་བར་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་པའང་ཟེར་ལ། དེའི་ནང་དུ་གསུང་ཚིག་རྡོ་རྗེ་བརྒྱ་དང་ལྔ་བཅུ་པར་ཁ་སྣོན་ནམ་ལྷན་ཐབས་ཀྱི་ཚུལ་དུ་གསུང་ཚིག་བཞི་བཅུ་ཞེ་བདུན་བཀོད་ཡོད། བསྟན་བཅོས་འདིའི་ཡོངས་གྲགས་ཀྱི་མཚན་ལ་ལྷན་ཐབས་ཀྱི་གསུང་བཞི་བཅུ་པའམ་ཡང་ན་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་པ་ཟེར། གསུང་ཚིག་བཞི་བཅུ་པའི་ནང་དོན་ནི། གཅིག ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བསྟན་པ་ནི་མི་འདྲ་བ་ཐ་དད་པ་སྣ་ཚོགས་སུ་འདོད་མོད་ཀྱི། འདིར་ནི་སངས་རྒྱས་ཀྱི་ཆོས་དང་བསྟན་པའི་བབས་ནི་གཅིག་པར་བཞེད་དོ། གཉིས། འགའ་ཞིག་ན་རེ་སངས་རྒྱས་ཀྱི་ཆོས་ཐ་དད་པ་དང་གྲུབ་མཐའ་ངེས་པ་ཅན་ཡིན་ཞེས་ཟེར། འདིར་ནི་ཐེག་པ་དང་གྲུབ་མཐའ་སངས་རྒྱས་ཀྱི་རྟེན་འབྲེལ་ཡིན་པར་བཞེད་དོ། གསུམ། སྤྱིར་ཆོས་ཀྱི་ཕུང་བོའི་ཚད་ནི་བལ་གླང་གི་རྒྱལ་ཁབ་ལ་སོགས་པ་ཡིན་པར་འདོད་ན་ཡང་། འདིར་ནི་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་པའི་གཉེན་པོར་བཞེད་དོ། བཞི། གསུང་རབ་ཡན་ལག་བཅུ་གཉིས་ནི་སོ་སོར་མ་འདྲེས་པར་ཐ་དད་དུ་འདོད་པ་ཡིན་མོད་ཀྱི། འདིར་ནི་གཅིག་གི་ནང་དུ་ཡང་བཅུ་གཉིས་པོ་ཐམས་ཅད་ཅི་རིགས་སུ་ཚང་བར་བཞེད་དོ། ལྔ། ཕུན་སུམ་ཚོགས་པ་ལྔས་ནི་བཀའ་མིན་པ་ལ་མ་ཁྱབ་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་འཁོར་འདས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ལྔས་བསྡུས་པར་བཞེད་དོ། དྲུག སྡེ་སྣོད་གསུམ་སོ་སོ་ཡིན་ཏེ་གཅིག་ལ་གཅིག་ཐུག་རེག་མེད་པར་འདོད་དེ། འདིར་ནི་ཕན་ཚུན་འབྲེལ་པ་ཅན་གྱི་ཚུལ་དུ་འདྲེས་ཅན་དུ་གསུངས་ཏེ་རེ་རེའི་ནང་དུ་ཡང་གསུམ་ཀ་ཚང་བར་བཞེད་དོ། བདུན། སྤྱིར་གསུང་རབ་ཐམས་ཅད་ཀྱི་གླེང་གཞི་ལ་ཆོས་ཕུན་སུམ་ཚོགས་པ་མ་ཚང་ཟེར་ཏེ། འདིར་ནི་བཀའ་ཐམས་ཅད་ལ་ཕུན་སུམ་ཚོགས་པ་ལྔ་ཤིན་ཏུ་ཡང་མ་ཚང་བར་བཞེད་དོ། བརྒྱད། འདུལ་བ་མདོ་སྡེ་མངོན་པ་གསུམ་ལ་འདོད་ལུགས་མང་ན་ཡང་། འདིར་ནི་ཐུན་མོང་གི་མདོ་དང་སེམས་ཙམ་བསྟན་པའི་བཀའ་ནི་མངོན་པའི་སྡེ་སྣོད་དུ་བཞེད་དོ། དགུ མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བར་འདོད་པ་ཡིན་མོད་ཀྱི། འདིར་ནི་མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་གནས་མེད་པར་བཞེད་དོ། བཅུ། མུ་སྟེགས་དང་བོན་ལ་ཐར་པ་ཆ་མཐུན་ཙམ་ཡང་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐར་པའི་ཆ་དང་མཐུན་པ་འགའ་ཞིག་ནི་ཡོད་པ་མི་འགལ་བར་བཞེད་དོ། བཅུ་གཅིག ཕྱི་རོལ་པ་ལ་སྡོམ་པ་དང་སྙིང་རྗེ་གང་ཡང་ཡོད་པ་མ་ཡིན་ཏེ་མུ་སྟེགས་ཀྱི་ཉམས་སུ་བླང་བྱ་ཐམས་ཅད་སྤངས་བྱ་ཡིན་ ཞེས་ཟེར། འདིར་ནི་སྡོམ་པ་བསྲུང་བ་དང་སྙིང་རྗེ་ཕྱི་རོལ་པ་ལ་ཡང་ཡོད་པར་བཞེད་དོ་ཞེས་པ་ལྟ་བུའི་གསུང་ཚིག་བཞི་བཅུ་ཞེ་བདུན་བཀོད་ཡོད་ལ། འདིར་ཡིག་ཚོགས་མང་དྲགས་ནས་གསུང་ཚིག་ཡོད་ཚད་མ་བཀོད་དོ། གོང་གི་གསུང་ཚིག་འདི་དག་གི་ཁྲོད་དུ་བོན་པོའི་ཆོས་ལུགས་དང་འབྲེལ་བ་ཡོད་པའི་གསུང་ཚིག་ནི་དགུ་པ་དང་བཅུ་པ་གཉིས་ཡིན་ལ། གསུང་ཚིག་དེ་གཉིས་ལས་ང་ཚོས་ཤེས་གསལ་ལྟར་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ཀྱི་དུས་རབས་ཁག་གསུམ་མམ་ཡང་ན་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གྱི་གཏམ་ཞིག་བཀོད་ཡོད་པ་མཐོང་མ་སོང་།

བཞི། བོན་པོའི་ཆོས་ལུགས་ཀྱི་འཕེལ་རིམ་ཁག་གསུམ་བཀོད་ཡོད་པའི་ཡིག་ཆ།

       དེ་ཡང་གོང་གི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དམ་ཆོས་དགོངས་གཅིག་དང་དེའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་བ་སོགས་ཀྱི་ནང་དུ་བོན་པོའི་ཆོས་ལུགས་ཀྱི་དུས་རབས་ཁག་གསུམ་གྱི་ནང་དོན་སྐོར་ཏོག་ཙམ་ཡང་བཀོད་མེད་མོད། འོན་ཀྱང་མུ་སྟེགས་དང་བོན་པོའི་ཆོས་སྒོ་ཞུགས་ན་བདེན་པ་མཐོང་བའི་གནས་མེད་པ་དང་། མུ་སྟེགས་དང་བོན་ལ་ཐར་བའི་ཆ་མཐུན་ཙམ་ཡང་མེད་པར་འདོད་པའི་གསུང་ཚིག་དེ་གཉིས་ལ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ཐུགས་སྲས་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཀྱིས་འགྲེལ་བཀོད་དུས་བོན་ཇི་ལྟར་བྱུང་བའི་གཞུང་ལུགས་ལ་གསུམ་ཞེས་ཁ་སྣོན་བྱས་ཡོད་དེ། སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ནི་སྐྱོབ་པ་འཇིག་རྟེན་མགོན་པོ་དང་སྤྱན་སྔ་འབྲི་གུང་གླིང་པའམ་སྤྱན་སྔ་པ་ཤེས་རབ་འབྱུང་གནས་གཉིས་ཀྱི་ཐུགས་སྲས་ཡིན་ལ། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་མོད། ཁོང་ནི་གསུང་རབས་ཀུན་ལ་འདྲིས་ཤིང་ཁོང་དུ་ཆུད་དེ་དགོངས་གཅིག་གི་འགྲེལ་བ་སྣང་མཛད་ཡེ་ཤེས་སྒྲོན་མ་དང་། འོད་གེ་མའི་འགྲེལ་བ་གཉིས་བརྩམས་གནང་མཛད་ལ། རྗེས་སུ་ཁོའི་མཚན་བསྟན་བཅོས་ལ་ཐོགས་ནས་ད་ལྟར་རྡོ་ཤེ་མར་གྲགས། འདི་ལ་རྣམ་ཐར་རྒྱས་པ་སྔོན་དུ་ཡོད་འདུག་ཀྱང་ད་ལྟ་ཁོ་བོའི་མ་མཇལ་བས་འདི་ཙམ་མོ་ཞེས་འབྲི་གུང་ཆོས་འབྱུང་གི་ནང་དུ་གསུངས་ཡོད་ལ། ཁོས་འཇིག་རྟེན་མགོན་པོའི་དམ་ཆོས་དགོངས་གཅིག་ལ་འགྲེལ་བརྩམས་གནང་མཛད་ནས་བསྟན་བཅོས་ཀྱི་མཚན་བྱང་ལ་དམ་པའི་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ཟེར་བ་དང་། འགྲེལ་ཆེན་འདིའི་ནང་དུ་དམ་པའི་ཆོས་དགོངས་པ་གཅིག་པའི་ཚོམས་བདུན་དང་ཚོམས་རེ་རེའི་ལོ་རྒྱུས་ལ་གསལ་བོར་འགྲེལ་ཡོད་དེ། ཆོས་ཀྱི་འཁོར་ལོའི་གནད་བསྡུས་ཀྱི་ཚོམས་དང་། ཆོས་ཀྱི་འཁོར་ལོའི་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད། ཀུན་ཕན་རྟེན་འབྲེལ་གནད་བསྡུས་ཀྱི་ཚོམས་དང་རྟེན་འབྲེལ་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད། འདུལ་བ་སོ་སོ་ཐར་བའི་གནད་བསྡུས་ཀྱི་ཚོམས་དང་སོ་ཐར་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད། བསླབ་པ་བྱང་སེམས་གནད་བསྡུས་ཀྱི་ཚོམས་དང་བྱང་སེམས་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད། གསང་སྔགས་རིག་འཛིན་སྡོམ་པའི་ཚོམས་དང་གསང་སྔགས་རིག་འཛིན་ཆོས་ཀྱི་ལོ་རྒྱུས་གསལ་བྱེད། ཁྱད་པར་ལྟ་སྒོམ་སྤྱོད་པའི་ཚོམས་དང་། ལྟ་སྒོམ་སྤྱོད་པའི་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད། འབྲས་བུ་སངས་རྒྱས་སའི་ཚོམས་དང་སངས་རྒྱས་སའི་ཚོམས་ཀྱི་ལོ་རྒྱུས་གསལ་བྱེད་སོགས་ལ་ཞིབ་མོར་འགྲེལ་བཀོད་ཡོད་པར་མ་ཟད། ད་དུང་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་བར་ཡང་འགྲེལ་ཡོད་ལ། འགྲེལ་དེའི་ཁྲོད་དུ་དམ་པའི་ཆོས་དགོངས་པ་གཅིག་པའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་བའི་ཁྲོད་ཀྱི་དགུ་པ་མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་གནས་མེད་ཞེས་པར་འགྲེལ་བཀོད་དུས་ཆེད་དུ་བོན་གྱི་སྒོར་ཞུགས་ཀྱང་བདེན་པ་མི་མཐོང་སྟེ། འདི་ལ་ཡང་གཉིས། ནང་པའི་གཞུང་ལུགས་ལ་མི་འཇུག་ཅིང་ལོག་པར་ལྟ་བ་དང་། དེའི་གནད་ཀྱིས་བོན་གྱི་གཞུང་ལུགས་ཇི་ལྟར་བྱུང་བའི་ཚུལ་གཉིས་ཞེས་འགྲེལ་ཞིབ་མོར་བཀོད་ཡོད་ལ། ལྷག་པར་དུ་བོན་ཇི་ལྟར་བྱུང་བའི་གཞུང་ལུགས་ལ་གསུམ་སྟེ་ཞེས་བཀོད་ཡོད་པས། འདིར་དེའི་སྐོར་གྱི་མ་ཕྱི་བཀོད་ན།
      སྤྱིར་དང་པོ་བོན་ལ་གཤེན་རབ་མི་བོའི་བརྡོལ་བོན་དང་། མུ་སྟེགས་ཀྱི་གྲུབ་མཐའ་ངན་པ་འཁྱར་བའི་བོན་དང་།བསྟན་པའི་ཕུང་འདྲེས་བསྒྱུར་བའི་བོན་དང་གསུམ། དེ་ལ་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་དུས་སུ་དབུས་ངམ་ཤོད་འོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཅིག འདྲེས་ལོ་བཅུ་གསུམ་གྱི་བར་དུ། བོད་ཁམས་ཐམས་ཅད་དུ་ཁྲིད་ནས། ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཚུད་པ་ལ། མི་མ་ཡིན་གྱི་ནུས་པས། ཡུལ་འདི་དང་འདི་ན་ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས། ཕན་གནོད་འདི་དང་འདི་ལྟ་བུ་བྱེད་པས། དེ་ལ་གསོལ་མཆོད་དང་ཡས་བཏགས་གཏོང་ལུགས་ཀྱི་ཆོ་ག་བྱེད་ལུགས་ཐམས་ཅད་ཤེས་པ་ཅིག་བྱུང་།དེས་ཀོང་རྗེ་དཀར་མོའི་བུ་མོ་ཁྲི་ལྕམ་ཞེས་བྱ་བ་ཆུང་མར་བླངས་པ། སློབ་མས་ཕྲོགས་པས་མ་བརྟགས་ལས་ཀྱི་དགྲ་གསུམ་ལངས་ཏེ། སློབ་མ་མ་བརྟགས་ལས་ཀྱི་དགྲ་ཆུང་མ་ཕྲོགས། ཆུང་མ་མ་བརྟགས་སྲིད་ཀྱི་དགྲ་ཁ་དུམ་ལ་སོང་། གྲོགས་པོ་མ་བརྟགས་ལས་ཀྱི་དགྲ་བཙན་ཡ་བ་ཀྱ་ཅིག་གིས་བོན་རྒན་བཏུབ། རྔ་རྒན་བཀྲལ། མཁར་བ་བཅག་པས། ཁོས་གཙང་བཙན་གྱི་སྲོག་སྙིང་ཤེས་པས་དེའི་མཐུ་བསྒྲུབས་པས་ནུས་པ་ཐོན་པ་དང་། གསས་མཁར་ཤམ་པོ་ལྷ་རྩེ་ཇི་ལྟར་བརྩིགས་པ་ལ་སོགས་པ་གཙང་བཙན་གྱི་སྒྲུབ་ཐབས་ཞིབ་པར་འདུག་གསུང་། དེའི་རྗེས་ལ་རྒྱལ་བོ་གྲི་གུམ་བཙན་པོ། འབངས་ལོང་ངམ་རྟ་རྫིས་བསད་པའི་གྲི་གཤིད་ལ་བོས་པས། ངའི་བོན་འདི་རྣམས་མང་དུ་བཤད་ཀྱང་གསུམ་དུ་འདུས་ཏེ། མར་འདྲེའི་སྲིན་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་གྱི་ཐབས་འདོན་པ་དང་གསུམ་ལས་མེད་པས་གྲི་འདུལ་ངས་མི་ཤེས་ཟེར་སྐད། དེ་ལ་རྒྱུའི་བོན་ཆབ་ནག་ཞེས་ཀྱང་གྲགས་ཏེ་དེ་ཐམས་ཅད་རྡོལ་བོན་ཡིན།
      གཉིས་པ་མུ་སྟེགས་ཀྱི་གྲུབ་མཐའ་ངན་པ་འཁྱར་བའི་འཁྱར་བོན་ནི། བོན་གྱི་གཞུང་ལས། དང་པོ་ཡེ་མེད་སྟོང་པ་ལས། ། དེ་ནས་ཡེ་ཡོད་ཅུང་ཙམ་སྲིད། ། དེ་ནས་བ་མོ་སྐྱ་ཙམ་སྲིད།། དེ་ནས་ཟིལ་པ་ཕྲ་ཙམ་སྲིད།། ཟེར་ནས། མཐར་སྒོ་ང་ལས་སྐྱེས་བར་འདོད་པ་དང་། ཕྱྭ་དང་དབང་ཕྱུག་ལ་སོགས་ཀྱིས་བྱས་པར་འདོད་པ་ནི། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་པ་ཡིན། རྒོད་འདུར་བ་ལ་སོགས་པ་བཤིད་ཀྱི་བྱེད་ལུགས་རྣམས་དང་། གཏར་བ་ལེན་པ་དང་། བྱ་སྒྲོས་ལྕགས་གཅོད་པ་དང་། ལྷ་བཀའ་དང་། ཇུ་ཏིག་དང་། སོག་དམར་དང་། རྟ་ལུག་གསོད་པ་རྣམས་རྟག་པར་ལྟ་བ་སྟེ། བཞི་ཀའི་གྲུབ་མཐའ་ངན་པ་འཁྱར་བ་ཡིན་ཏེ། རྒྱལ་བོ་གྲི་གུམ་བཙན་པོའི་གྲི་བཤིད། གཤེན་རབ་མི་བོས་མ་ཤེས་ནས་ཁ་ཆེ་དང་།བྲུ་ཤ ཞང་ཞུང་དང་གསུམ་ནས། བོན་པོ་གསུམ་གྲི་བཤིད་ལ་བོས་པ་ལ། གཅིག་གིས་གེ་གོད་ཁྱུང་དང་མེ་ལྷ་བསྒྲུབས་པ་ལ་བརྟེན་ནས། རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། གཏར་བ་ལེན་པ་དང་། བྱ་སྒྲོས་ལྕགས་གཅོད་པ་ལ་སོགས་ནུས་པ་ཅུང་ཟད་སྟོན་ནུས་པ་དང་། གཅིག་གིས་ཇུ་ཏིག་དང་ལྷ་བཀའ་དང་། སོག་དམར་ལ་སོགས་པ་ལས་ལེགས་ཉེས་ཀྱི་གཏང་གཅོད་པ་དང་། གཅིག་གིས་གཤིན་པོ་འདུར་བ་དང་། གྲི་འདུལ་བ་ལ་སོགས་པ་བཤིད་ཀྱི་བྱེ་བྲག་རྣམས་ཤེས་པ་ཅིག་དང་གསུམ་བྱུང་སྟེ། དེ་གསུམ་མ་བྱུང་ཕན་ཆད་དུ་བོན་ལ་ལྟ་བ་གྲུབ་མཐའ་མ་བསྒྱུར། དེ་ཕྱིན་ཅད་ལྷ་མཆོད་པ་དང་། སྲི་གནོན་པ་ལ་སོགས་པ་བོན་གྱི་ལྟ་བ་ཞིག་ཀྱང་བཟུང་བས། ལྷ་འདྲེ་སྲིན་མཆོད་པ་དང་། ལྟ་བ་ལོག་པའི་ལས་ཀྱིས་འབྲས་བུ་རྣམ་སྨིན་སྡུག་པ་འབྱུང་བ་རྒྱུ་མ་དག་པ་ལ་ཞུགས་པ་འདི་བྱུང་སྟེ། དེ་རྣམས་འཁྱར་བོན་ཡིན།
      གསུམ་པ་བསྒྱུར་བོན་ལ་གསུམ་སྟེ། དུས་དང་པོར་བསྒྱུར་བ་དང་། བར་དུ་བསྒྱུར་བ་དང་། ཐ་མར་བསྒྱུར་བ་དང་གསུམ་མོ། ། དང་པོ་ནི། པཎྡི་ཏ་ཤམ་སྔོན་ཅན་འདོད་ཆགས་ཀྱི་དབང་དུ་སོང་བ་ལ་བརྟེན་ཏེ། རྒྱལ་བོ་ཨིནྡྲ་བོ་དྷིའི་ཆད་པ་ཕོག་པས། ནང་པའི་བསྟན་པ་ལ་གནོད་པ་བྱ་བའི་ཆེད་དུ། ནང་པ་ལ་དགྲ་བྱེད་པའི་དྲུང་དུ་སོང་ནས། རྒྱལ་བོའི་བླ་མཆོད་བྱས། རབ་ཏུ་བྱུང་བའི་རྐེ་བཅད་ན། རྣམ་པར་གྲོལ་བའི་འབྲས་བུ་ཐོབ་བྱ་བ་དང་། ཆོས་མང་པོ་བོན་དུ་བསྒྱུར་ནས་རྒྱལ་པོ་དེ་ལ་རྟེན་ཅིག་ཡོད་པའི་དྲུང་དུ་སྦས་ནས་བཞག རྒྱལ་པོ་དེ་ལ་ངའི་རྨི་ལམ་ན། ཁྱོད་ཀྱི་ལྷ་རྟེན་གྱི་དྲུང་དུ་གཏེར་ཅིག་ཡོད་པ་ཐོན་ཟེར་བ་བྱུང་སྨྲས་པས། རྒྱལ་པོས་གཏེར་བཏོན་ནས། གཏེར་ཡིག་ན་ཇི་ལྟར་ཡོད་པའི་ལག་ལེན་ད་ལྟ་ཕན་ཆད་དུ་བྱེད་ཅིང་ཡོད་པ་ཡིན།
      གཉིས་པ་བར་དུ་བསྒྱུར་བ་ནི། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། སློབ་དཔོན་པད་མ་ལ་སོགས་པའི་ལོ་པཎ་རྣམས་དང་། བློན་པོ་མགོས་རྒན་ལ་སོགས་པའི་བན་ཆོས་ལ་དགའ་བ་རྣམས་གཡས་གྲལ་མཛད། གཤེན་དྲན་པ་ནམ་མཁའ་དང་། ཁྱུང་པོ་དུན་ཙེ་ལ་སོགས་པ་བོན་པོ་རྣམས་དང་། ངམ་སྟག་ར་གླུ་གོང་ལ་སོགས་པ་བོན་ལ་དགའ་བ་རྣམས་གཡོན་གྲལ་མཛད། རྒྱལ་པོས་གུང་བཀབ་ནས། རྩོད་པ་བྱེད་དུ་བཅུག་པས་ཆོས་པ་རྒྱལ། དེ་ནས་ཕྱིས་རྒྱལ་པོས་ཁྱེད་ནུས་པ་འགྲན་དང་གསུངས་པས། ངམ་སྟག་ར་གླུ་གོང་ཤི་བའི་བཤིད་ལ་ཐམས་ཅད་འཚོགས་གཤེན་དྲན་པ་ནམ་མཁས་བླ་བཀུག་པས། བློན་པོ་དངོས་སུ་ཁུགས་པ་ལ། བོན་པོ་ལ་ཡང་མཐུ་འདི་འདྲ་ཡོད་ཅེས། རྒྱལ་པོས་སློབ་དཔོན་ལ་ཟུར་ངོམ་བྱས་པས། སློབ་དཔོན་གྱིས་རྒྱལ་པོ་ལ་ཐུགས་ཆེས་སམ་ཞེས་གསུངས་པས། རྒྱལ་བོ་ན་རེ་བློན་པོ་དངོས་སུ་ཁུགས་ནས་གདའ་བ་ལ། ཤིན་ཏུ་ཡིད་ཆེས་ཞུས་པས། སློབ་དཔོན་གྱིས་ཕྱག་རྒྱས་བསྡམས་ནས་དྲི་བ་བྱེད་དུ་བཅུག་པས། ལན་ཐམས་ཅད་ཇི་བཞིན་དུ་བྱུང་ཡང་། གསང་མཚན་མ་ཤེས་པས། དེའི་དུས་སུ་རྡོ་རྗེའི་ཚ་ཚས་ང་བསྐྲད་པས་ཆ་མེད་ཟེར་བས། བོན་པོ་སྐྱེངས་པ་དང་། སློབ་དཔོན་གྱིས་བསྟན་པའི་ཞབས་ཏོག་ཏུ་བསྒྱུར།རྒྱལ་པོའི་ཞལ་ནས་རྩོད་པ་ཡང་ཁྱོད་རྒྱལ་ནུས་པ་ཡང་ཁོང་ཆེ། ཕྱི་མའི་བྱང་ཆུབ་ཀྱང་ཁྱེད་ལ་མི་འདུག་ཁོང་ལ་འདུག ད་ཐམས་ཅད་ཆོས་ལ་ཞུགས་གསུང་ནས། རྒྱལ་བའི་བྱང་ཆུབ་ལ། ཁྱོད་ཨ་ཙ་རྱ་རིན་ཆེན་མཆོག་ལ་ཆོས་ཉོན་གསུངས་པས། རིན་ཆེན་མཆོག་ལ་ཆོས་ཉན་པ་བས། རྒྱལ་བ་བྱང་ཆུབ་དཔེ་བལྟས་ན་དགའ་ཟེར་ནས་ཉན་དུ་མ་འདོད། རྒྱལ་པོས་ཆད་པ་བཅད་ནས་ཁོ་སྐྱིགས། ཁོ་ཁྲོས་ཏེ། བོན་དང་བསྡེབས་པས་དེ་བཞིན་གཤེགས་པའི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་གཤེན་རབ་མི་བོ་ཆེ། ཆོས་ལ་བོན། ཆོས་སྐུ་ལ་བོན་སྐུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཡུམ་ཆེན་མོ་ས་དྲི་ཨེ་སང་། ལོངས་སྐུ་ལ་ཀུན་ཏུ་བཟང་པོ། རྣམ་པར་སྣང་མཛད་ལ་གཤེན་ལྷ་འོད་དཀར། སྤྲུལ་སྐུ་ལ་སྲིད་པ་སངས་པོ་འབུམ་ཁྲི། སངས་རྒྱས་ལ་ཡེ་གཤེན་ཏེ་ཐལ། དགྲ་བཅོམ་ལ་གཤེན་སྲས། ཤཱ་རིས་བུ་ལ་ཏོའུ་འབུམ་སྲས། མོའུ་འགལ་གྱི་བུ་ལ་ཡིད་ཀྱི་ཁྱེའུ་ཆུང་། ཀུན་དགའ་བོ་ལ་རིག་པའི་ཁྱེའུ་ཆུང་། སྒྲ་གཅན་འཛིན་ལ་ཏོའུ་ཏོང་། རབ་འབྱོར་ལ་གསལ་བ་འོད་ལྡན། བྱང་ཆུབ་སེམས་དཔའ་ལ་གཡུང་དྲུང་སེམས་དཔའ། སེམས་དཔའ་ཅན་བརྒྱད་ལ་བྱ་རུ་ཅན་བརྒྱད། རྫོགས་པ་ཆེན་པོ་ལ། བོན་གབ་པ། རྡོ་རྗེ་ཕུར་པ་ལ་དབལ་གྱི་ཕུར་ནག སློབ་དཔོན་འཕགས་པ་ལ་གཙུག་གཤེན་རྒྱལ་བ། སློབ་དཔོན་པདྨ་ལ་དབལ་བོན་སྟག་ལ་མེ་འབར་ལ་སོགས་པ་ཅི་ཙམ་འགྱུར་དུ་བསྒྱུར་བས། རྒྱལ་པོས་གསན་ནས་དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུང་ནས། མང་རབ་ཀྱི་སྐེ་བཅད་པས། བོན་པོ་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པས། ཕྱིས་བོན་གཏེར་མ་ཡིན་ཟེར་བ་འདི་རྣམས་བྱུང་། 
      ཐ་མར་བསྒྱུར་བ་ནི། དུས་ཕྱིས་བསྟན་པའི་མེ་རོ་མདོ་སྨད་ནས་སླངས་ཁར། གཙང་ཉང་སྟོད་ན། གཤེན་སྒུར་ཀླུ་དགའ་བྱ་བས། གཙང་ཆུ་མིག་རིང་མོའི་དཀོན་གཉེར་དང་ཡུན་རིང་འདྲིས་པར་བྱས་ནས། བྱ་དགའ་ཆེ་ཐང་དུ་བསྩལ་བས། དར་ཡུལ་སྒྲོ་ལག་བྱ་བ་དབུས་ཀྱི་བོན་གནས་གཅིག་ཏུ་བསྒྱུར་ཏེ། རྒྱས་པ་ལ་ཁམས་ཆེན། ཉི་ཤུ་ལྔ་པ་ལ་ཁམས་ཆུང་། གཏན་ལ་ཕབ་པ་ལ་བོན་མདོ། གཟུངས་སྡེ་ལྔ་ལ་ཀླུ་འབུམ་དཀར་ནག་ལ་སོགས་པར་བསྒྱུར་ནས། མཚོ་ལྔ་དྲེའུ་ཆུང་གི་བྲག་དཀར་པོ་ལ་གཏེར་དུ་སྦས་ནས། ཕྱིས་ཀྱང་ཁོང་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། ཁོང་རང་ཡང་ལུས་དུམ་བུ་དང་ཚལ་པར་སོང་སྟེ། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ་ཤི། དེ་ནས་དུས་ད་ལྟ་ཕན་ཆད་དུ། ཁྱུང་བོ་བོན་ཞིག་ལ་སོགས་པ་བོན་པོ་རྣམས་ཀྱིས་བསྒྱུར་འཕྲོ་མ་བཅད་པ་རྣམས་ཡིན་ཏེ། དེ་རྣམས་བསྒྱུར་བོན་ཡིན། བསྒྱུར་བོན་སྔ་ཕྱི་བར་གསུམ་དེ་ལ་ཆབ་དཀར་བ་ཟེར་ཏེ། འབྲས་བུའི་བོན་དུ་མིང་བཏགས། ཞེས་བོན་པོའི་ཆོས་ལུགས་ཀྱི་དུས་རབས་ཁག་གསུམ་མམ་ཡང་ན་ལྟ་བ་གསུམ་དེ་ཐོག་མར་བསྟན་བཅོས་འདི་ལས་བྱུང་ལ། ཁོས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་ཚིག་ལ་འགྲེལ་རྒྱག་དུས་བོན་པོའི་ཆོས་ལུགས་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་སྐོར་ཁ་སྣོན་བྱས་ནས་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གསུམ་གྱི་བྱུང་ཚུལ་གསལ་བོ་ཞིག་ཁ་སྣོན་གྱི་ཚུལ་བཀོད་ཡོད། དེ་བས་ཕྱིས་སུ་བྱུང་བའི་ཐུའུ་བཀན་ཆོས་ཀྱི་ཉི་མ་སོགས་ཆོས་ལུགས་ལོ་རྒྱུས་སྨྲ་བ་དག་གིས་གོང་གི་སྤྱན་སྔ་པས་བཏོན་པའི་དུས་རབས་ཁག་གསུམ་གྱི་ལྟ་བ་དེ་ཆེས་ཐོག་མར་སྐྱོབ་པ་འཇིག་རྟེན་མགོན་པོའི་བཏོན་པར་འདོད་ནས་ཐུའུ་བཀན་གྲུབ་མཐའ་སོགས་ཀྱི་ནང་དུ་བཀོད་ཡོད་ལ། རོལ་ཧྥུ་སི་ཐན་གྱིས་ཀྱང་འཇིག་རྟེན་མགོན་པོས་ཐོག་མར་བཏོན་པར་འདོད་ནས་རིག་གཞུང་ཞིབ་འཇུག་གི་ཁམས་སུ་འགྲེམ་སྤེལ་བྱས་ཡོད།

ལྔ་བ། དུས་རབས་ཁག་གསུམ་གྱི་ནང་དོན་དབྱེ་ཞིབ།

      ཚང་མའི་མཁྱེན་གསལ་ལྟར། བོན་པོའི་ཆོས་ལུགས་ནི་བོད་ཀྱི་ཆེས་གནའ་བོའི་དུས་སྐབས་ནས་དར་འཕེལ་སུ་བྱུང་བའི་ཆོས་ལུགས་ཤིག་ཡིན་པ་ནི་གདོན་མི་ཟ་ལ། སྤྱི་ལོ་དུས་རབས་བཅུ་གཉིས་པའི་སྔ་གཞུག་ཏུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་(1143—1217)ཐུགས་སྲས་སྤྱན་སྔ་པ་རྡོ་རྗེས་ཤེས་རབ་ཀྱིས་བོན་པོའི་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་དུས་རབས་ཀྱི་དབྱེ་མཚམས་ཕྱེ་ལ། དུས་རབས་ཁག་གསུམ་དུ་དབྱེ་བའི་ལྟ་བ་བཏོན་པས་ང་ཚོས་བོན་པོའི་ཆོས་ལུགས་ལ་ལོ་རྒྱུས་ཀྱི་གཞུང་ངོས་དང་འཕྲེད་ངོས་གཉིས་ནས་གོ་བ་ཟབ་མོ་ཞིག་ལེན་པར་རོགས་རམ་ཆེན་པོ་བྱེད་ཐུབ་སྙམ་སྟེ། དུས་སྐབས་དང་པོ་ནི་བརྡོལ་བོན་གྱི་དུས་སྐབས་ཡིན་ལ། གོང་གསལ་གྱི་སྤྱན་སྔ་པས་འདོད་ཚུལ་དེར་ནང་དོན་འདི་དག་ལྡན་ཏེ། དུས་སྐབས་དང་པོ་ནི་བརྡོལ་བོན་ཏེ། དེ་ནི་བོད་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་པོའི་ཆོས་ལུགས་ལ་གོ་དགོས་ལ། དེ་ནི་མ་མཐའ་ཡང་རྗེ་གཉའ་ཁྲི་བཙན་པོའི(སྤྱི་ལོའི་སྔོན་གྱི་417—སྤྱི་ལོའི་སྔོན345)སྐབས་སུ་གྲུབ་ཡོད་པར་འདོད་ལ། རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་ལོ་བཅུ་གསུམ་གྱི་བར་དུ་བོད་ཁམས་ཐམས་ཅད་དུ་ཁྲིད་པ་དེས་སྣང་སྲིད་ཀྱི་ལྷ་འདྲེ་ཁོག་ཏུ་ཞུགས་པའི་གོ་རིམ་ཞིག་མཚོན་བཞིན་ཡོད་ལ། སྣང་སྲིད་ཀྱི་ལྷ་འདྲེ་ཁོག་ཏུ་ཞུགས་ནས་ལྷའི་རྟོག་པ་དང་ནུས་པ་ལྡན་པར་གྱུར་ནས་མི་དང་ལྷའི་བར་གྱི་ཕོ་ཉ་ལྟ་བུར་གྱུར་ཡོད་ལ། རྔ་རྒན་བཀྲལ། མཁར་བ་བཅག་པ་སོགས་ཀྱིས་སྣང་སྲིད་ཀྱི་ལྷ་འདྲེ་ལ་མཆོད་མཁས་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད་པ་ལས་གཞན། ད་དུང་ཁོ་རང་ནི་གསས་མཁར་ཤམ་པོ་ལྷ་རྩེ་བརྩིགས་པའི་བཟོ་བཀོད་མཁན་དང་བཟོ་བོ་ཤིག་ཡིན་པའང་བདེན་དཔང་བྱས་ཡོད། འདི་དག་གིས་ཚད་ངེས་ཅན་ཞིག་གི་སྟེང་དུ་བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་མཚོན་བཞིན་ཡོད། སྤྱན་སྔ་པས་བོད་ཀྱི་གདོད་མའི་ཆོས་ལུགས་དེ་ཡང་དག་པའི་སྒོ་ནས་སྤྱི་སྡོམ་བྱས་ནས་ཡར་རྒན་གྱི་ལྷ་མཆོད་དང་། བར་ཁྱིམ་གྱི་ཐབ་འདོན་པ། མར་འདྲ་སྲིན་གནོན་པ་སོགས་རིམ་པ་གསུམ་ཀྱི་སྒྲིག་གཞིའི་མ་ལག་ཏུ་བཅུག་ཡོད། དེ་ནི་བོད་ཀྱི་རང་ས་རང་ཡུལ་ནས་བྱུང་བའི་བོན་པོའི་ཆོས་ལུགས་ཀྱི་བསམ་བློའི་ནང་དོན་གཙོ་བོ་ཡིན་ལ། བོད་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཀྱི་བྱེད་ནུས་ལ་གཞུང་ལུགས་རང་བཞིན་གྱི་སྤྱི་སྡོམ་དང་སྒྲོམ་གཞིའི་རང་བཞིན་གྱི་མཚད་ཉིད་ཀྱིས་འགྲེལ་རྒྱབ་ཡོད།
       དུས་རབས་གཉིས་པ་ནི་འཁྱར་བོན་ཡིན་ལ། ཕྱི་ནས་འོང་བའི་དོན་དུ་འཇུག་ཅིང་། གཞུང་ལུགས་ཀྱི་མ་ལག་ཡོད་པའི་བོན་པོའི་ཆོས་ལུགས་ལ་གོ་དགོས་སྙམ་ལ། དེ་ནི་བོད་བཙན་པོའི་དུས་སྐབས་ཀྱི་རྗེ་གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་དུས་སྐབས་སུ་ཕྱི་ནས་དར་འོང་ལ། ཁོའི་ཁྱད་ཆོས་གཙོ་བོ་ནི་སྣང་སྲིད་ལྷ་འདྲེ་ལ་མཆོད་བཀུར་བྱེད་པའི་གདོད་མའི་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་དུ་རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ལྷའི་ནུས་པ་དང་རྫུ་འཕྲུལ་ལྡན་པ་ལས་གཞན། གཏར་ཁ་ལངས་ནས་ནད་གསོ་བཅོས་བྱེད་པའི་ལག་རྩལ་ཡོད་པའང་མཚོན་བཞིན་ཡོད་ལ། ད་དུང་གཤིན་པོ་འདུར་བ་དང་། གྲི་འདུལ་བ་ལ་སོགས་པ་བཤིད་ཀྱི་བྱེ་བྲག་རྣམས་ཤེས་པ་སོགས་གཤིན་པོའི་འདས་མཆོད་ཀྱི་ལས་ཀྱང་གཉེར་བཞིན་པའང་གསལ་བོར་ཤེས་ཐུབ། འཁྱར་བོན་འདི་དག་གིས་ཇུ་ཏིག་དང་ལྷ་བཀའ་དང་། སོག་དམར་ལ་སོགས་པ་མོ་བཏབ་ནས་ལེགས་ཉེས་གཏན་ལ་འབེབས་པའི་ཤེས་རིག་ཁྱེར་འོང་བས། སྐབས་དེར་འཁྱར་བོན་དེ་དག་གིས་སྣང་སྲིད་ཀྱི་ལྷ་འདྲེ་མཆོད་པའི་བདག་དབང་བཟུང་ཡོད་པར་མ་ཟད། ནད་ཡམས་གསོ་བཅོས་དང་མོ་བཏབ་ནས་ལེགས་ཉེས་བདེ་སྡུག་ལ་བརྟག་པའི་འགན་ནུས་ཡོད་པ་ཤེས་ཐུབ་པ་དང་། འདི་དག་གིས་གནའ་བོའི་བོད་མིའི་བསམ་བློ་དང་དད་མོས་ལ་བསྒྱུར་བཀོད་བྱས་ལ། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་གྱི་ཁྱིམ་ཐབ་འདོན་པ། མར་འདྲེ་སྲིན་གནོན་པའི་བརྡོལ་བོན་ལས་འཕེལ་རྒྱས་སུ་སོང་ནས་མོ་བཏབ་ནས་ལེགས་ཉེས་བདེ་སྡུག་ལ་བརྟག་པ་དང་། འདས་ཟིན་པའི་བྱ་བར་རྒྱུས་ལོན་དང་མ་འོང་བའི་བྱ་བར་སྔོན་དཔག་བྱེད་པའི་འཁྱར་བོན་དུ་འཕེལ་རྒྱས་སུ་སོང་། འཁྱར་བོན་གྱི་མ་ལག་ཁྲོད་དུ་གོང་གསལ་གྱི་རྒྱུ་རྐྱེན་འདི་དག་མང་པོ་ཞིག་འདུས་པས་འཁྱར་བོན་གྱིས་གྲུབ་པའི་ཆོས་ལུགས་ཀྱི་མ་ལག་དང་གཞུང་ལུགས་སོགས་ནི་བོད་ཀྱི་གདོད་མའི་བསམ་གཞིགས་ཀྱི་སྟེང་རྒྱུས་ལོན་བྱས་ཚེ་མི་འགྲིག་པར་དེ་ནི་བོད་མིར་མཚད་ཉིད་རིག་པའི་བསམ་བློ་དབུ་བརྙེས་པའི་ སྔ་ལྟས་སུ་གོ་དགོས་ལ། བོད་མི་ཚོར་གོང་གསལ་གྱི་བསམ་བློའི་རིག་གནས་་འདི་དག་གི་རྨང་གཞིའི་སྟེང་སྣོད་བཅུད་ཐམས་ཅད་སྒོ་ང་ལས་སྐྱེས་པ་དང་། དང་པོ་ཡེ་མེད་སྟོང་པ ཡིན་པའི་མཚན་ཉིད་རིག་པའི་འཇིག་རྟེན་ལྟ་ཚུལ་ཞིག་ཆགས་འདུག་པ་ཤེས་ཐུབ། 
      དུས་རབས་གསུམ་པ་ནི་བསྒྱུར་བོན་ཏེ། ཐུབ་པའི་བསྟན་པ་དང་མཉམ་བསྲེས་ལས་བྱུང་བའི་བོན་ཆོས་ལ་གོ་དགོས་སྟེ། དེ་ལ་དབྱེ་ན་དང་པོར་བསྒྱུར་བ་དང་བར་དུ་བསྒྱུར་བ་དང་ཐ་མར་བསྒྱུར་བའི་དུས་རབས་གསུམ་མོ།།

       དང་པོར་བསྒྱུར་བ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་(718—785)དུས་སྐབས་སུ་བན་བོན་རིག་གནས་བར་ལ་འབྲེལ་འདྲིས་དམ་ཟབ་བྱུང་ལ། བོན་པོའི་ཆོས་ལུགས་ལ་མནན་གྱིས་བཅོས་བསྒྱུར་བྱེད་དུ་བཅུག་ནས་བན་དེ་ཆོས་ལུགས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ། བན་དེ་ཆོས་ལུགས་ཀྱི་ཡིག་ཆ་སོགས་ལས་མཐོང་མི་ཐུབ་མོད། བོན་པོའི་ཡིག་ཆ་དག་ལས་དེ་དུས་བན་དེ་རྣམས་ཀྱིས་བོན་སྡེ་མང་པོ་ཆོས་སུབ་སྒྱུར། དེའང་བོན་གྱི་སེམས་ཕྱོགས་ཀྱི་སྡེ་རྣམས་ཆོས་ཀྱི་སེམས་ལུང་ཕྱོགས་སུ་བསྒྱུར། བོན་གཡུང་དྲུང་ཁམས་བརྒྱད་ནི་ཆོས་སྟོང་ཕྲག་བརྒྱ་པར་བསྒྱུར། བོན་གཡུང་དྲུང་གསེར་གྱི་ཡང་ཞུན་ནི་ཆོས་ཆོས་ལྟ་བ་གཅེར་མཐོང་བྱ་བར་བསྒྱུར། བོན་བྱང་སེམས་གབ་པ་ནི་ཆོས་སེམས་སྨད་ཕྱོགས་སུ་བསྒྱུར་ཞིང་བཅོས། བོན་བསྒྲགས་པ་རིན་པོ་ཆེ་ནི་ཆོས་མཛོད་གོང་མ་བྱ་བར་བསྒྱུར། དེ་བཞིན་བོན་སྡེ་མང་པོ་ཆོས་སུ་བསྒྱུར་ཏེ་མཚན་སྤོས། བོན་གྱི་གསས་མཁར་དང་མཆོད་རྟེན་ལ་ལ་བཤིག ལ་ལ་ཉིང་ཞལ་བྱས་ནས་ཆོས་ཀྱི་གཙུག་ལག་ཁང་དུ་མིང་བསྒྱུར་ ཞེས་བོན་ཆོས་ཀྱི་ནང་དོན་མང་པོ་ཞིག་བན་ཆོས་སུ་བསྒྱུར་བའི་སྐོར་སྐོར་བྲིས་མཛད་ཡོད་ལ། བོན་པོའི་ཆོས་ལུགས་ཀྱིས་ཀྱང་བན་དེ་ཆོས་ལུགས་ཀྱི་ནང་དོན་སྐོར་ཞིག་ལ་བསྒྱུར་བཅོས་བྱས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྔ་རོལ་དུ་བྱུང་ཡོད་དེ། པཎྡི་ཏ་ཤམ་ཐབ་སྔོན་པོ་ཅན་གྱིས་བན་དེ་ཆོས་ལུགས་བོན་ཆོས་སུ་བསྒྱུར་ལ། རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཆད་པ་ཕོག་པས། ནང་བའི་བསྟན་པ་ལ་གནོད་པ་བྱ་བའི་ཆེད་དུ་རབ་ཏུ་བྱུང་བའི་རྐེ་བཅད་ན། རྣམ་པར་གྲོལ་བའི་འབྲས་བུ་ཐོབ་བྱ་བ་དང། ཆོས་མང་པོ་བོན་དུ་བསྒྱུར་ནས་གཏེར་དུ་སྦས་ནས་བཞག་ཅེས་སྐབས་དེར་བན་བོན་གྱི་འཐབ་རྩོད་རྣོ་ངར་ཅན་དང་ཛ་དྲག་ཅན་ཡིན་པ་གསལ་བཤད་བྱས་ཡོད་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོན་པོའི་ཆོས་ལུགས་ལ་དྲག་གནོན་དང་གཏོར་བརླག་བྱེད་མ་འདོད་པར། གཞུང་ལུགས་ཀྱི་རྩོད་པ་དང་མཐུ་རྩལ་འགྲན་པ་སོགས་ཀྱི་རྒྱལ་ཕམ་ལ་བརྟེན་ནས་བོན་པོ་རྨེག་མེད་དུ་བཏང་བ་དེས་བན་བོན་བར་གྱི་འཐབ་རྩོད་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ་མཚོན་བཞིན་ཡོད་ལ། སྐབས་དེར་མཚོན་ན་བོན་པོས་བན་ཆོས་ཀྱི་ནང་དོན་ལ་བསྒྱུར་བཅོས་བྱེད་པའི་མཐོ་རླབས་ཤིག་འཕྱུར་བཞིན་པའི་དུས་ཤིག་ཏུ་སླེབས་ཡོད་ལ། བོན་པོས་བན་ཆོས་ཀྱི་ལྷ་ཚོགས་དང་། སངས་རྒྱས། དགྲ་བཅོམ་པ་སོགས་དང་ཆོས་ལུགས་ཀྱི་བརྡ་ཆད་མང་པོ་ཞིག་བོན་དུ་བསྒྱུར་བ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གསན་ནས་དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་བཅད་ནས་ཆད་པ་ལྗིད་མོ་བཅད་པས། བོན་ཆོས་ལ་སྔ་ན་མེད་པའི་གྱོང་གུད་ཆེནཔོ་བྱུང་མོད། འོན་ཀྱང་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་རྨེག་མེད་དུ་བཏང་བའི་བྱ་འགུལ་གྱིས་རྩ་བ་ནས་མེད་པར་གཏོང་མ་ཐུབ་སྟེ། བོན་རྣམས་ཡུལ་དབུས་ནས་ཡུལ་མཐའ་རུ་འཕེལ་རྒྱས་བྱུང་ལ། སྤྱི་ལོ་842ལོར་ཁྲི་དར་མ་འུ་དམ་བཙན་གྱིས་བསྟན་སྣུབས་དོན་རྐྱེན་སྤེལ་བས་བན་ཆོས་ལའང་བོན་ཆོས་དང་འདྲ་བར་གྱོང་གུད་ཆེན་པོ་བྱུང་། གཅིག་གྱུར་གྱི་བཙན་པོའི་རྒྱལ་ཁབ་ཐོར་ཞིག་ཏུ་སོང་ནས་བན་བོན་གཉིས་ཀྱི་བསྟན་པ་ཧ་ལམ་དུས་རབས་གཅིག་གི་རིང་ལ་དེ་འདྲའི་རྒྱ་ཆེན་པོ་དར་སྤེལ་བྱུང་མ་ཐུབ་ལ། སྤྱི་ལོ་དུས་རབས་བཅུ་བའི་ནང་ཐུབ་པའི་བསྟན་པའི་མེ་རོ་མདོ་ཁམས་སྨད་དང་སྟོད་ཕྱོགས་མངའ་རིས་ནས་དབུས་ཕྱོགས་སུ་གསོས་ལ། གཤེན་བསྟན་གྱི་མེ་རོ་དབུས་ནས་ཡུལམཐའ་རུ་གསོས་ནས་བན་བོན་གཉིས་བར་དུ་གནས་པའི་འགལ་འདུ་དང་རྣོ་ངར་གྱི་ཕོག་ཐུག་མང་པོ་དེ་ཕན་ཚུན་ཞི་འཇམ་གྱིས་དང་ལེན་དང་བརྗེ་རེས་ཀྱི་དུས་སྐབས་ཤིག་ཏུ་སླེབས་ཡོད་དེ། བྱེ་བྲག་གི་མཚོན་དཔེ་ནི་བོན་པོའི་མིང་དུ་གྲགས་པའི་མཁས་པ་ཆེན་པོ་གཤེན་ཆེན་ཀླུ་དགའི(995—1035)་དུས་སྐབས་སུ་བོན་པོའི་ཆོས་ལུགས་ཀྱིས་ཕྱོགས་ཡོངས་ནས་སྦ་གསང་མེད་པར་བན་ཆོས་ཀྱི་བསམ་བློ་དང་ཆོས་གཞུང་བསྟན་བཅོས། སྒྲིག་སྲོལ་ལམ་ལུགས་སོགས་ལ་བསྐྱར་བཅོས་དང་དང་ལེན་གྱི་དུས་སྐབས་ཤིག་ཏུ་སླེབས་ལ། བོན་པོའི་ཆོས་ལུགས་ཀྱི་རང་ལ་མེད་པའི་ཞན་ཆ་དེ་དག་མཐོང་ནས་བན་དེ་ཆོས་ལུགས་ལ་སློབ་སྦྱོང་བྱས་ནས་བན་དེ་ཆོས་ལུགས་ཀྱི་ཆོས་གཞུང་བསྟན་བཅོས་ལ་འགྲེལ་མཆན་བཀོད་པའི་སྒྲོམ་གཞིའི་མ་ལག་དང་ལེན་བྱས་ལ། བན་དེ་ཆོས་ལུགས་ཀྱི་མངོན་པ་མཛོད་དང་། ཕ་རོལ་དུ་ཕྱིན་པ། དབུ་མ། འདུལ་བ། ཚད་མ་རིག་པ་སོགས་རིག་པའི་གནས་ལྔར་འགྲེལ་མཆན་བཀོད་པའི་སྒྲོམ་གཞི་ལ་བསྒྱུར་བཅོས་བྱས་ནས་དང་ལེན་བྱས་ལ། བན་དེ་ཆོས་ལུགས་ཀྱི་བཀའ་བསྟན་རྩོམ་སྒྲིག་གི་སྒྲིག་སྟངས་ལའང་སློབ་སྦྱོང་བྱས་ནས་བོན་པོའི་བཀའ་བསྟན་ཡང་རྩོམ་སྒྲིག་བྱས་ཡོད། དེ་བས་བོན་པོའི་ཆོས་ལུགས་དེ་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་བན་དེ་ཆོས་ལུགས་དང་འོ་ཆུ་བཞིན་དུ་འདྲེས་ནས་གནའ་སྔ་མོའི་དམངས་ཁྲོད་ཀྱི་ཆོས་ལུགས་ནས་རིམ་གྱིས་འཐུས་སྒོ་ཚང་བ་དང་གཞུང་ལུགས་ཀྱི་མ་ལག་ལྡན་པའི་ཆོས་ལུགས་ཤིག་ཏུ་གྱུར་ལ། ཐུའུ་བཀན་ཆོས་ཀྱི་ཉི་མས་ཀྱང་བོན་པོའི་ཆོས་ལུགས་ཀྱི་སྐབས་སུ་བཤད་ཚུལ་སངས་རྒྱས་ཀྱི་ཆོས་དང་དབྱིབས་མཚུངས་དང་མི་མཐུན་པ་ཅི་རིགས་དང་།སངས་རྒྱས་ཡེ་གཤེན་ཏེ་གཤེནརག ཆོས་སྐུ་ལ་བོན་སྐུ། ཡུམ་ཆེན་མོ་ལ་ས་ཏྲི་ཨེ་སང་། ལོངས་སྐུ་ལ་ཀུན་ཏུ་བཟང་པོ། སྤྲུལ་སྐུ་ལ་སྲིད་པ་སང་པོ། དགྲ་བཅོམ་ལ་གཤེན་སྲས། བྱང་སེམས་ལ་གཡུང་དྲུང་སེམས་དཔའ། བླ་མ་ལ་དཔོན་གསས། སྟོང་ཉིད་ལ་འ་མེ་ཉིད། ས་བཅུ་ལ་དྲི་མེད་ཤེལ་གྱི་ས། འོད་ཟེར་འཕྲོ་བ་རིག་འཛིན་སྤྲིན་ཕུང་གི་ས། ཕྱག་རྒྱ་བསྒྱུར་བའི་ས་སོགས་ཀྱི་མིང་བཏགས་པ་པས་མཚོན་བརྡ་ཆད་དང་མིང་འདོགས་སྒྲ་འདོད་རྒྱལ་བ་མང་དུ་སྣང་ ཞེས་བཀོད་ཡོད་པ་འདིས་ཀྱང་བན་དང་བོན་གཉིས་རྩ་བའི་ཆ་ནས་མཐུན་ཡང་། མི་མཐུན་ས་ནི་མིང་བརྡ་ཐ་སྙད་ཁ་ཤས་ལས་མེད་པ་བདེན་དཔང་བྱས་ཡོད་ལ། མཐར་དེང་གི་དུས་ཀྱི་བན་བོན་གཉིས་ནི་ལས་རྒྱུ་འབྲས་དང་། ཚེ་ཕྱི་མ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྙེག་པའི་བསམ་བློ་དང་། མཐར་ཐུག་གི་དམིགས་ཡུལ་སོགས་ཀྱང་གཅིག་མཐུན་དུ་ཡོདཔ་མཁྱེན་ལྡན་དག་གིས་ཤེས་གསལ་ལྟར་ཡིན་པའོ།།

མཇུག་གི་གཏམ།

      བོན་པོའི་ཆོས་ལུགས་ལོ་རྒྱུས་ལ་དུས་རབས་ཁག་གསུམ་དུ་དབྱེ་མཁན་གྱི་ཐོག་མ་ནི་རིག་གཞུང་ཞིབ་འཇུག་གི་ཁམས་སུ་དུས་ད་རེག་གི་བར་དུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན་ཞེས་སྔ་རབས་ཀྱི་ཞིབ་འཇུག་པ་ཐུའུ་བཀན་ཆོས་ཀྱི་ཉི་མ་དང་རོལ་ཧྥུ་སི་ཐན་སོགས་ཀྱིས་གསུངས་ཡོད་ལ། མཁས་དབང་ནམ་མཁའ་ནོར་བུས་དེ་ནི་ཕལ་ཆེར་བོན་ལ་སྡང་བའི་བན་རྒན་འགའི་ངན་སྒྲོས་ཡི་གེར་བཀོད་པར་མཛད་པ་ཡིན་ཤས་ཆེ་ ཞེས་གསུངས་ཡོད་པ་དང་། ལྟ་བ་དེའི་འབྱུང་ཁུངས་གང་ཡིན་པའི་སྐོར་ལ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་སྤྱི་ལོ་དུས་རབས་བཅུ་གཉིས་པའི་སྟོད་ཙམ་ལ་གཏེར་ནས་བཞེས་པའི་བོན་གྱི་དཔེ་ཆ་ཞིག་གི་ནང་དོན་ལ་ཁུངས་བཅོལ་ནས་བསྒྱུར་བའི་ལྟ་ཚུལ་ཞིག་ ཀྱང་བཏོན་ཡོད། བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་ནི་སྤྱིར་སྤྱི་ལོ་དུས་རབས་བཅུ་གཉིས་པའི་སྔ་གཞུག་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་འཚོ་བཞུགས་ཀྱི་དུས་སྐབས་སུ་བཏོན་པའི་ལྟ་བ་ཞིག་ཡིན་མོད། འོན་ཀྱང་རིག་གཞུང་ཞིབ་འཇུག་གི་ཁམས་སུ་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ཐུའུ་བཀན་ཆོས་ཀྱི་ཉི་མའི་དུས་སྐབས་སུ་ཁྱབ་བརྡལ་དུ་སོང་བ་ཡིན་ལ། ཐུའུ་བཀན་ཆོས་ཀྱི་ཉི་མས་ཐུའུ་བཀན་གྲུབ་མཐའི་ཁྲོད་དུ་བོན་པོའི་ཆོས་ལུགས་ཀྱི་དུས་རབས་ཁག་གསུམ་ལུངས་འདྲེན་བྱས་རྗེས་ད་གཟོད་བོད་ཀྱི་ཆོས་འབྱུང་རྩོམ་པ་པོ་དག་གིས་མཐོང་ཆེན་བྱས་ལ། ལྷག་པར་དུ་བོན་པོའི་སྐོར་གྱི་ལེའུ་ཚན་དེ་རྒྱ་གར་གྱི་ཆེད་མཁས་ངྷ་སིས་དབྱིན་ཡིག་ཏུ་བསྒྱུར་ནས་སྤྱི་ལོ་1881ལོར་འགྲེམ་སྤེལ་བྱས་རྗེས་ད་གཟོད་ནུབ་ཕྱོགས་ཀྱི་ཆེད་མཁས་དག་གིས་བཀོལ་སྤྱོད་དང་ལུངས་འདྲེན་གང་མང་བྱས་སོང་ཞེས་ལྟ་བ་འདིའི་ཁུངས་ནི་ཐུའུ་བཀན་ཡིན་པར་འདོད་བཞིན་ཡོད། དེ་ནས་སྤྱི་ལོ་1988ལོར་ཧྥ་རན་སིའི་ཆེད་མཁས་རོལ་ཧྥུ་སི་ཐན་གྱིས་ལྟ་བ་དེའི་འབྱུང་ཁུངས་ནི་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ་མ་ཡིན་པར་སྤྱི་ལོ་དུས་རབས་བཅུ་གཉིས་པའི་དུས་སྐབས་ཀྱི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན་ཞེས་གསལ་བསྒྲགས་བྱས་ནས་དུས་ད་རེག་གི་བར་དུ་བོན་པོའི་ཆོས་ལུགས་ཀྱི་ཆེད་མཁས་པ་དག་ཀྱང་གོང་གསལ་གྱི་མཁས་དབང་དག་གི་རྗེས་སུ་འབྲངས་ནས་ལྟ་བ་འདིའི་འབྱུང་ཁུངས་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆ་ཡིན་པར་འདོད་བཞིན་ཡོད། འོན་ཀྱང་ད་རབས་སྟབས་ལེགས་པ་ཤིག་ལ་ཁོ་བོའི་ལག་ཏུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆ་དང་དེའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་པ། དགོངས་གཅིག་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ། འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་པའི་འགྲེལ་བ་སོགས་འབྱོར་སོན་བྱུང་ལ། བསྟན་བཅོས་དེ་དག་ལ་ནན་གྱིས་ཞིབ་བསྡུར་བྱས་པ་བརྒྱུད་པའི་མཇུག་འབྲས་སུ་བོན་པོའི་ཆོས་ལུགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་མམ་ཡང་ན་བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་དུས་རབས་ཀྱི་དབྱེ་བ་གསུམ་གྱི་ལྟ་བ་དེ་ཆེས་ཐོག་མར་འདོན་མཁན་ནི་སྐྱོབ་པ་འཇིག་རྟེན་མགོན་པོ་མ་ཡིན་པར་ཁོའི་བུ་སློབ་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཡིན་ཏེ། གོང་དུ་གླེང་པ་ཇི་བཞིན་དུ་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆའི་ནང་དུ་བོན་པོའི་ཆོས་ལུགས་ཀྱི་སྐོར་ཏོག་ཙམ་ཡང་གླེང་བརྗོད་མཛད་མེད་ལ། ཁོས་བརྩམས་པའི་དགོངས་གཅིག་ཡིག་ཆའི་ལྷན་ཐབས་ཀྱི་གསུང་བཞི་བཅུ་བ་ལས་ཨང་བརྒྱད་པ་ནི། མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བར་འདོད་མོད་ཀྱི། འདིར་ནི་མུ་སྟེགས་དང་བོན་གྱི་སྒོར་ཞུགས་པས་བདེན་པ་མཐོང་བའི་གནས་མེད་པར་བཞེད་དོ་ཞེས་དང་། ཨང་དགུ་པ་ལས། མུ་སྟེགས་དང་བོན་ལ་ཐར་པ་ཆ་མཐུན་ཙམ་ཡང་མེད་པར་འདོད་པ་ཡིན་མོད་ཀྱི། འདིར་ནི་ཐར་བའི་ཆ་དང་མཐུན་པ་འགའ་ཞིག་ནི་ཡོད་པར་མི་འགལ་བར་བཞེད་དོ་ ཞེས་པའི་གསུང་ཚིག་གཉིས་ལས་འཇིག་རྟེན་མགོན་པོ་ཁོ་རང་ཉིད་ཀྱིས་བརྩམས་པའི་བོན་པོའི་ཆོས་ལུགས་ལོ་རྒྱུས་སྐོར་གྱི་དཔྱད་གཏམ་མཐོང་མ་སོང་ལ། དེའི་སྐོར་གྱི་དཔྱད་གཏམ་ནི་སྤྱན་པ་རྡོ་རྗེ་ཤེས་རབ་ཀྱིས་བརྩམས་པའི་དམ་པའི་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་ཞེས་པའི་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་པའི་འགྲེལ་བ་ལས་བཀོད་ཡོད་ལ། དེ་ནི་འཇིག་རྟེན་མགོན་པོའི་བུ་སློབ་སྤྱན་སྔ་པ་རྡོ་རྗེས་ཤེས་རབ་ཀྱིས་འཇིག་རྟེན་མགོན་པོའི་དམ་པའི་ཆོས་དགོངས་པ་གཅིག་པར་འགྲེལ་རྩོམ་དུས་ཁ་སྣོན་བྱས་པ་འདྲ་ལ། གོང་གི་ལྷན་ཐབས་ཀྱི་གསུང་ཚིག་ཨང་བརྒྱད་པར་འགྲེལ་དུས་བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་མམ་ཡང་ན་དུས་རབས་ཁག་གསུམ་ཁ་སྣོན་གྱིས་ཚུལ་དུ་བཀོད་ཡོད། དེ་བས་ཁོ་བོས་བསམ་པར་གལ་ཏེ་འཇིག་རྟེན་མགོན་པོ་ཁོ་རང་ཉིད་ཀྱིས་བརྩམས་པའི་འགྲེལ་ཞིག་མེད་ཚེ་མིང་དུ་གྲགས་པའི་ལྟ་བ་དེའི་འབྱུངས་ཁུངས་ནི་སྤྱན་སྔ་པ་རྡོ་རྗེ་ཤེས་རབ་ཡིན་ལ། ཁོས་འཇིག་རྟེན་མགོན་པོའི་དགོངས་གཅིག་ཡིག་ཆར་འགྲེལ་དུས་གོང་གི་ལྟ་བ་དེ་ཁ་སྣོན་བྱས་ལ། ལྟ་བ་དེ་བཏོན་རྗེས་ཕྱི་རབས་ཀྱི་བོན་ཆོས་ཞིབ་འཇུག་པ་རྣམས་ཀྱིས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ལྟ་བ་འདི་ཐོག་མར་བཏོན་པར་འདོད་བཞིན་ཡོད། 
      བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བ་ནི་ཐུབ་བསྟན་ཆོས་ལུགས་པས་བོན་པོའི་ཆོས་ལུགས་ཀྱི་འཕེལ་རིམ་ལ་དུས་རབས་ཀྱི་དབྱེ་མཚམས་བགར་ནས་སྤྱི་སྡོམ་མཛད་པ་ཡིན་པ་ལས། བོན་པོ་རང་ཉིད་ཀྱིས་ཁོའི་ལོ་རྒྱུས་ལ་སྤྱི་སྡོམ་མཛད་པ་མ་ཡིན་ལ། བོན་པོའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དག་གིས་འཕེལ་རིམ་ཁག་གསུམ་གྱི་ལྟ་བ་དེར་ཁས་ལེན་ཐོབ་མེད། འོན་ཀྱང་ང་ཚོས་ཆོས་ལུགས་ལོ་རྒྱུས་སྤྱི་ངོས་ནས་བལྟས་ན། རྒན་ཚེ་རིང་ཐར་ལགས་ཀྱིས་བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་ནི་ལོ་རྒྱུས་ཀྱི་དངོས་དོན་དང་མཐུན་པའི་ཆ་ཅུང་ཙམ་མཆིས་ལ། ལྷག་པར་དུ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་གསུམ་གྱི་ནང་དོན་ནི་ལོ་རྒྱུས་ཀྱི་དངོས་དོན་ལ་ཁུངས་བཅོལ་བ་ཡིན་མོད། འོན་ཀྱང་སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་ལོ་རྒྱུས་ཞིག་བྱས་ནས་བཤད་ཚེ་དེ་ལ་འབྲེལ་མཐུད་རང་བཞིན་མེད་ལ། ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་མེད་ ཅེས་གསུངས་པ་ཇི་བཞིན་དུ་བོན་པོའི་ཆོས་ལུགས་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གསུམ་ཞེས་པའི་ལྟ་བའི་ལོ་རྒྱུས་ཀྱི་བདེན་པའི་ཆ་དེས་ང་ཚོར་བོན་པོའི་ཆོས་ལུགས་ཀྱི་སྤྱི་ངོས་ཀྱི་ཁྱད་ཆོས་དང་གཞུང་ངོས་ཀྱིས་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པར་རམ་འདེགས་ཆེན་པོ་བྱས་ཡོད་ལ། ད་ལྟའི་བན་བོན་གྱི་གནས་ཚུལ་སྟེང་བལྟས་ནའང་བན་བོན་ཁ་གཏད་དང་གཅིག་གྱུར་སུ་སོང་བའི་མཇུག་འབྲས་ཀྱིས་རྙོག་འཛིང་གི་རྣམ་པ་ཞིག་གྲུབ་ཡོད་དེ། ཕྱོགས་གཅིག་ནས་བོན་པོའི་ཆོས་ལུགས་བན་དེ་ཆོས་ལུགས་ཀྱི་གཙོ་ཁྲིད་འོག་དེའི་སྒྲོམ་གཞིའི་ནང་དུ་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་བོན་པོའི་ཆོས་ལུགས་ཀྱིས་ཡུལ་དུས་ཀྱི་སྒྲོམ་གཞི་ངེས་ཅན་ཞིག་གི་འོག་ཏུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བྱེད་ནུས་འདོན་བཞིན་ཡོད། ཐོག་མར་བན་ཆོས་བོན་ཆོས་སུ་འདྲེས་པ་དང་རྗེས་སུ་བོན་ཆོས་ཕལ་ཆེར་བན་ཆོས་ཀྱི་ནང་དུ་འདྲེས་ཡོད་ལ། བན་ཆོས་ཀྱིས་བོན་པོའི་ཆོས་ལུགས་དང་རིག་གནས་མངའ་འོག་ཏུ་བསྡུས་ནས་མཐར་བོན་པོའི་ཆོས་ལུགས་དེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་ཆ་ཞིག་གམ་ཡང་ན་གྲུབ་མཐའ་ཞིག་ཏུ་གྱུར་ལ། ཆོས་གཞུང་བསྟན་བཅོས་དང་གཞུང་ལུགས། མཉམ་ལེན། མཐར་ཐུག་གི་དམིགས་ཡུལ་སོགས་བན་བོན་གཉིས་འོ་ཆུ་བཞིན་གཅིག་ཏུ་འདྲེས་ནས་བན་དང་བོན་ཞེས་དགར་ཏུ་མི་རུང་བའི་རྣམ་པར་གྱུར་ཡོད། དེ་ལས་གཞན་ད་དུང་བོན་པོའི་ཆོས་ལུགས་ཀྱིས་བོད་མིའི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་ངེས་ཅན་ཞིག་ལ་ཚོད་འཛིན་དང་དབང་བསྒྱུར་བྱེད་བཞིན་ཡོད་དེ། 黄淑娉ལགས་ཀྱིས་མི་རིགས་མི་འདྲ་བའི་རིག་གནས་ཕན་ཚུན་འབྲེལ་འདྲིས་བྱེད་པ་ནི་ལྟོས་བཅོས་ཀྱི་འབྲེལ་བར་གྲུབ་ཡོད་ལ། ཁོ་ཚོས་གདམ་ཀ་ཡོད་པའི་སྒོ་ནས་ཕ་རོལ་བའི་རིག་གནས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་སྤྱི་ཁོག་དང་ལེན་བྱས་པ་ཡིན་ ཞེས་གསུངས་པ་ཇི་བཞིན་དུ་བན་དེ་ཆོས་ལུགས་ནི་ཕྱི་ཡོང་གི་རིག་གནས་ཞིག་བྱས་ནས་བོད་ཁུལ་དུ་རྐང་འཛུགས་དགོས་ན་ངེས་པར་དུ་དེ་དང་ལེན་བྱེད་སྤྱད་ཀྱི་བོད་ཀྱི་རིག་གནས་ཀྱི་གཟུགས་ཕུང་དེ་མེད་དུ་མི་རུང་བ་ཞིག་ཡིན་ལ། སྐབས་དེར་མཚོན་ན་བོད་ཀྱི་རིག་གནས་ཀྱི་གཟུགས་ཕུང་དེ་བོན་ཆོས་རིག་གནས་ཡིན། བསྟན་པ་ཕྱི་དར་ཀྱི་སྐབས་སུ་བོན་པོའི་ཆོས་ལུགས་དེའི་གཙོ་ཕྱོགས་ནས་ཕལ་བའི་ཕྱོགས་དང་། ཡུལ་དབུས་ནས་ཡུལ་མཐའ་རུ་འཕེལ་ནས། ནུས་ཤུགས་ཅུང་ཉམས་དམས་སུ་སོང་མོད། བོན་པོའི་ཆོས་ལུགས་རིག་གནས་དེ་ནི་བོད་མི་རིགས་ཀྱིས་གནའ་བོའི་ལོ་རྒྱུས་རིང་མོའི་ཁྲོད་དུ་བསགས་པའི་བསམ་བློའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མི་རྣམས་ཀྱི་བློ་ངོར་མངོན་ལྐོག་ཅི་རིགས་ཀྱིས་མཚོན་བཞིན་ཡོད་ལ། ཐུའུ་བཀན་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།། ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ།། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར།། བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས།། བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི།། བོན་ལྟར་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས།། བོན་གྱི་བཅོས་ཀས་ཕན་པར་ཀུན་གྱིས་རེ་ ཞེས་མི་རྣམས་བན་ཆོས་ལ་དད་མོད། བོན་ཆོས་ལའང་དགའ་ཞིང་དེ་ལ་དད་པ་བྱེད་པའི་རྣམ་པ་ཞིག་མཚོན་བཞིན་ཡོད་པར་མ་ཟད། བོད་ཁམས་ཡོངས་སུ་བོན་པོའི་ཆོས་ལུགས་ལ་དད་པ་བྱེད་པའི་སྣང་ཚུལ་རྒྱུན་འབྱམས་སུ་གནས་པ་དེ་བདེན་དཔང་བྱས་ཡོད།

      བསོད་ནམས་དོན་གྲུབ། བོད་རིགས། ཕ་ཡུལ་མཚོ་སྔོན་ཁྲི་ཀ འབུམ་རམས་པའི་མཚན་གནས། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་བསྟན་བཅོས་རྙིང་མའི་བརྡ་སྐད་དང་ཆོས་ལུགས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མུས་སུ་མཆིས།

Abstract: 
       The present paper deals with the Bonpo’s idea of “tripartite periodization of cultural development” (shes rig gi 'phel rim khag gsum). Although previous research suggested that it was first advocated by Skyob pa 'jig rten mgon po, close reading of the Dgong gcig yig cha and its related literature reveals that Spyan snga pa rdo rje shes rab was the first to put forward the idea. After briefly looking at the main points brought out by previous research, the paper offers a thorough analysis of passages from historical texts, and provides compelling evidence that the idea of “tripartite periodization of cultural development” was conceived by Spyan snga pa rdo rje shes rab, and not by Skyob pa 'jig rten mgon po.

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།