ཏུང་ཧོན་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད།

[ཟླ་ཚེས། 2014-04-21 10:27:42][རྩོམ་པ་པོ། ངག་དབང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

imagejjj.jpg

      ནང་དོན་གནད་བསྡུས། ཏུང་ཧོན་ཡིག་རྙིང་ལས་བོན་ཞེས་པའི་ཐ་སྙད་མང་དུ་བྱུང་སྟེ། དེ་དག་ཆོས་ལུགས་ཆོ་གའམ་རིམ་གྲོ་ལ་འཇུག་པར་མ་ཟད། ཆོ་ག་དེ་སྤེལ་བའི་གང་ཟག་བོན་པོ་ལའང་འཇུག གཞན་ཡང་ཏུང་ཧོང་ཡིག་རྙིང་དུ་བོན་དང་བོད་གཉིས་བརྗེ་སྤོར་བྱེད་པའི་སྲོལ་ཡོད་པ་དང༌། བཤད་པའམ་འདོན་པའི་དོན་སྟོན་པས་མིང་གཅིག་དོན་དུ་མ་ལ་འཇུག ཏུང་ཧོན་ཡིག་ཆ་ལས་སྲིད་པའི་རྒྱུད་ཀྱི་བོན་ལ་གཏོགས་པའི་བོན་སྒོ་ཆེན་པོ་ཞིག་བསྟན་ཡོད། བོན་གྱི་རིག་གནས་འདི་བོད་ཀྱི་དམངས་སྲོལ་དང་ཆོས་ལུགས། གཏམ་རྒྱུད་དང་འབྲེལ་བ་དམ་པས་བོད་ཀྱི་གཞི་རྩའི་རིག་གནས་དང༌། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
      བརྡ་ཆད་གཙོ་བོ། བོན་དང་བོན་པོ། ཏུང་ཧོན་ཡིག་རྙིང༌། གོ་དོན་མཐའ་དཔྱོད།

      བཙན་པོ་རྒྱལ་རབས་སྐབས་ཀྱི་བོན་ལ་ཞིབ་འཇུག་བྱ་དགོས་ན། ཡོངས་གྲགས་བོན་གྱི་ཡིག་ཚང་དག་ལ་ལྟ་དགོས་པ་གཞིར་བྱས་ཏེ། ངེས་པར་ཏུང་ཧོན་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་སོགས་ལས་བོན་དང་འབྲེལ་བའི་ཡིག་ཆ་དག་ལ་དཔྱད་པ་གཏོང་དགོས་པ་གལ་ཆེ། དེ་ཡང་ཏུང་ཧོན་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་བྱུང་བའི་ཡིག་ཆ་མང་པོ་ཡོད་རུང༌། ཧྥ་རན་སུར་ཉར་བའི་ཏུང་ཧོན་ཡིག་ཆ་ཁྲོད་དུ་བོན་དང་ཐད་ཀར་འབྲེལ་བའི་ཡིག་ཆ་བཅུ་གསུམ་ཙམ་མཆིས། དེ་དག་ནི་p.t.0126(0001-0168)、p.t.0239(0101-3703)、p.t.0733(1901-1904)、p.t.1039(0001-0035)、p.t.1040(0001-0137)、p.t.1042(0001-0148)、p.t.1060(0001-0100)、p.t.1068(0001-0131)、p.t.1134(0001-0297)p.t.1136(0001-0060)、p.t.1194(0001-0077)、p.t.1285(1001-2149)、p.t.1289(0101-0613)བཅས་ཡིན། དེ་ནི་ནུབ་གླིང་གི་ཤེས་ལྡན་མི་སྣ་རྣམས་ཀྱིས་བསྡུ་བསྒྲིགས་བྱས་པ་ཡིན་ཏེ། སྐུ་ཞབས་དབང་རྒྱལ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་ཧྥ་རན་སིར་ཉར་བའི་ཏུང་ཧོན་བོད་ཡིག་ཤོག་དྲིལ་གྱི་ཞིབ་གསལ་དཀར་ཆག་ཞེས་པ་ལས་བོན་དང་འབྲེལ་བའི་ཡིག་ཆ་བཅུ་གཅིག་གི་དཀར་ཆག་བཀོད་ཡོད། དེ་དག་ནི་p.t.0239、p.t.1038、p.t.1039、p.t.1040、p.t.1134、p.t.1136、p.t.1194、p.t.1285、p.t.1285(1-5)、p.t.1289、p.t.1640བཅས་ཡིན། དབང་རྒྱལ་གྱིས་བརྩམས་པའི་ཏུང་ཧོན་བཙན་པོ་རྒྱལ་རབས་སྐབས་ཀྱི་ཡིག་ཆར་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། བོན་དང་འབྲེལ་བའི་མོ་ཡིག་ཁག་གཉིས་ཏེp.t.1047、Tol tib j 738བཀོད་ཡོད་རུང་། p.t.1047ལས་བོན་གྱི་ཐ་སྙད་བཅུ་ཙམ་བྱུང་ཡོད་པས་དེ་ནི་བོན་གྱི་ཡིག་ཆའི་ཁོངས་སུ་གཏོགས། དབྱིན་ཇིར་ཉར་བའི་ཡིག་ཆ་Tol tib j 738དེ་བོན་གྱི་ཡིག་ཆར་མི་གཏོགས་སྙམ། ཡིག་ཆ་དེ་ལས་བོན་གཤེན་དག་ལ་ངན་སྨྲས་ཅི་རིགས་བྱས་ཡོད་པས་སོ། །གཞན་ཡང་Ch.9.ll.19དང་Tol tib j 734གཉིས་ཀྱང་བོན་གྱི་ཡིག་ཆར་གཏོགས། Tol tib j 731ལས་གཤེན་རབ་མི་བོའི་མིང་བྱུང་བ་དང་། དེ་ལས་བོན་གྱི་ཐ་སྙད་ཉེར་བརྒྱད་དང་། གཤེན་གྱི་ཐ་སྙད་སོ་བཞི་ཙམ་བྱུང་ཡོད། རྡོ་རིང་དང་ཡིག་རྙིང་གཞན་དུ་བོན་དང་འབྲེལ་བའི་ཐར་ཐོར་ཙམ་རེ་ཡོད། གཞན་ཡང་བོན་ཞེས་པའི་ཐ་སྙད་ཀྱང་ཏུང་ཧོན་ཡིག་རྙིང་ལས་མང་དུ་བྱུང་ཡོད་པ་དང༌། དེ་དག་གི་གོ་དོན་ཅི་ཡིན་པ་དང༌། དེ་དང་བོན་གྱི་གྲུབ་མཐའ་བར་གྱི་འབྲེལ་བ་ཅི་ཡོད། བོན་པོ་དག་གིས་བྱེད་ལས་གཙོ་བོ་ཅི་ཞིག་གཉེར་བཞིན་ཡོད་པ་སོགས་ཀྱི་དྲི་བ་འདི་དག་ལ་ལན་འདེབས་ཆེད། ཏུང་ཧོན་ཡིག་རྙིང་ལས་བྱུང་བའི་བོན་དང་བོན་པོ་ཞེས་པའི་ཐ་སྙད་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་དེ་དག་གི་གོ་དོན་དང༌། བོན་པོ་དག་གི་བྱེད་ལས་སོགས་ལ་དཔྱད་པ་ཅུང་ཟད་གཏོང་བར་བྱེད་དོ། །

དང་པོ། ཏུང་ཧོན་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་འདི་ཆོས་ལུགས་ཆོ་ག་སྤེལ་བའི་
གང་ཟག་ལ་འཇུག་པའི་སྐོར་བཤད་པ།

      ཏུང་ཧོན་ཡིག་རྙིང་ལས་བོན་ཞེས་པའི་ཐ་སྙད་མང་དུ་བྱུང་སྟེ། དེ་དག་ཆོས་ལུགས་ཆོ་གའམ་རིམ་གྲོ་ལ་འཇུག་པར་མ་ཟད། ཆོ་ག་དེ་སྤེལ་བའི་གང་ཟག་བོན་པོ་ལའང་འཇུག ཏུང་ཧོན་ཡིག་རྙིང་ལས་མོ་ཕྱཱ་གཏོ་དཔྱད་དང༌། ལྷ་གསོལ་འདྲེ་གནོན་སོགས་ཀྱི་ལས་ལ་གཉེར་བའི་བོན་པོའི་རིགས་མང་དུ་བྱུང་ཡོད་པ་རེད།

༡ ཏུང་ཧོན་ཡིག་རྙིང་p.t.1039ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་རགས་བཤད།

      དེ་ཡང་ཏུང་ཧོན་ཡིག་རྙིང་p.t.1039ལས་བོན་པོ་འབོ་བུ་ལག་ངན་གྱྀས་བྱད་ཁྱིམ་སྲེ་ནྀ་ཕུབ། དཀུ་ཟངས་ནི་བཙུགས་པ་ལུག་དཀུ་ལུག། བྱད་ལུག། སྡང་ལུག་ནི་བསད། ཞེས་པ་ལས་བྱད་ནི་མཐུ་གཏད་སོགས་གནོད་བྱེད་ཀྱི་ནུས་པ། བན་བྱད་བོན་བྱད་ལྟ་བུ། བོན་པོ་འབོ་བུ་ལག་ངན་ཞེས་པ་གཏད་རྒྱག་མཁན་ནམ་དམོད་པ་བྱེད་པོ་ཡིན། ཡང་ན་ཕ་རོལ་གྱི་མཐུ་གཏད་ལས་བྱུང་བའི་བྱད་ཁའི་ཟློག་པ་དང༌། དུས་སུ་ལྡང་བའི་སྲིའི་བཟློག་པའི་ལས་ལ་གཉེར་བའི་བོན་པོ་ཡིན། དཀུ་ཟངས་ནི་གེ་ཁོད་ཀྱི་ཆོ་གའི་སྐབས་སུ་བཤད་པའི་དབལ་ཟངས་དང་འདྲ། པ་ལུག་དཀུ་ལུག་བྱད་ལུག་སྡང་ལུག་སོགས་བསད་དེ་བྱད་ཁ་ཟློག་པའི་ཆོ་ག་སྤེལ། སྐབས་འདིར་བོན་པོ་ནི་བོན་གྱི་ཆོས་ལུགས་ཆོ་ག་སྤེལ་བའི་གང་ཟག་ལ་གོ་དགོས།

༢ ཏུང་ཧོན་ཡིག་རྙིང་p.t.1042ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་བཤད་པ།

      ༡༽p.t.1042(0028-0029)ལས་མཇལ་བའྀ་ཆོ་ག་རིམ་པ་ལ། ཐུགས་ཀྱི་གཡས། གཡོས་སུ་ཕྱག་ཆ་དྲངས། ཐུགས་ཀྱི་སྣ་ལ་དུར་བོན་པོ་དང༌། ཕངས་བོན་པོ་ཆེན་པོས་དྲངས། ཞེས་པའི་དུར་བོན་པོ་ནི་གཤིན་པོ་དུར་དུ་འཇུག་མཁན་ཏེ་དེ་ནི་གཤིན་ཆོག་སྤེལ་བའི་བོན་པོ་ཡིན། རྒྱལ་རབས་གསལ་བའི་མེ་ལོང་ལས། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལྟ། སའི་འདྲེ་བཏུལ་བ་ཡིན་ནོ། ཞེས་པ་ལས་དུར་གཤེན་གྱི་བྱེད་ལས་ནི་བགེགས་སེལ་སྲི་གནོན་འདྲེ་བཏུལ་གྱི་ལས་གཉེར་ཏེ། དེ་ཉིད་ཐེག་དགུའི་དབང་དུ་བཏང་ན། སྲིད་གཤེན་ཐེག་པའི་ཁོངས་སུ་འདུས་ཤིང༌། དེ་ལ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད་དེ། ཤི་ཐབས་བརྒྱད་ཅུ་རྩ་གཅིག་དང་འདུར་ཐབས་སུམ་བརྒྱ་དྲུག་ཅུ་ཡོད། འདུར་སྒོ་བཞི་ནི། རྒན་པ་རྣམས་ལ་བཀྲ་འདུར། གཞོན་པ་རྣམས་ལ་སྟག་འདུར། ཆུང་བ་ལ་སྲིད་འདུར། གྲི་རྒོད་གྲི་འདུར་བཅས་ཡིན་ནོ། དུར་གཤེན་དང་དུར་བོན་པོ་ནི་དོན་གཅིག་ཡིན། སྐུ་གཤེན་ལ་སྐུ་བོན་ཞེས་པ་ལྟ་བུ། ཕངས་བོན་པོ་ཞེས་པ་འདི་བོན་གྱི་ཡིག་ཆ་ལས་མ་མཐོང་བས་དོན་གང་ལ་འཇུག་གསལ་བོ་ཤེས་དཀའ་རུང༌། ཏུང་ཧོན་ཡིག་རྙིང་ལས་ཕངས་བོན་པོས་མ་པང་གསོལ། ཕརུ་སྩང་གསོལ། སྐྱེམས་གསུམ་གསོལ། ཞེས་པ་ལས་ཕངས་བོན་པོས་མཚོ་མ་པང་ལ་གསོལ་མཆོད་འབུལ་བའི་ཚུལ་དེ་ཀླུ་མཆོད་པའི་ལས་དང་ཆ་འདྲ་བ་ཞིག་ཡིན། ཀླུ་བསང་གཏོང་བ་དང་གསེར་སྐྱེམས་འབུལ་བའི་ལས་ལ་བརྟགས་ན། ཕངས་བོན་པོ་ནི་ཀླུ་གཉན་གསོལ་མཆོད་ཀྱི་ལས་ལ་གཉེར་བའི་བོན་པོ་ཡིན་གཤིས། བོན་གྱི་ཡིག་ཆ་ལས་ཀླུ་བོན་གྱི་བྱེད་ལས་དང་ཆ་འདྲ། ཀླུ་གསོལ་སྐོར་གྱི་ཡིག་ཆ་དམངས་ཁྲོད་དུ་མང༌།
       ༢༽ ཏུང་ཧོན་ཡིག་རྙིང་p.t.1042(0047-0049)ལས་སྐུ་གཤེམ་མཇོལ་བོན་པོ་རྣམས། ཀྱིས། དོ་མ་ལ་སྩོགས་ཏེ་རྐང་འགྲོས་ཀྱྀ་རྣམས་གཤོག་ཡུགས་ཀྱིས་གདབ། དེ་ནས་རིང་སེར་གཤེགས། པའི་རིམ་པའ་ལ། སྐུ་གཤེན་རིགས་གཤེན་དང༌། ཕངས་བོན་པོ་གཉིས་ཏེ་གསུམ་གྱིས་སྣ་དྲང། ཞེས་པའི་སྐུ་གཤེན་ནི་བོན་པོ་སྤྱིའི་འབོད་སྟངས་ཤིག་ཡིན། དེ་དང་སྐུ་བོན་ཏེ་རྒྱལ་པོ་སྐུའི་རིམ་གྲོ་བྱེད་པའི་གཤེན་པོ་སོགས་དང་བྱེད་ལས་འདྲ། ཏུང་ཧོན་ཡིག་རྙིང་p.t.1038གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ། འགྲེང་མགོ་ནག་གྀ་རྗེ་མྱེད་གྀ་རྗེ། དུད་རྔོག་ཆག་བླ་མྱེད་ཀྱི་བླར། བློན་པོ་ལྷོ་རྔེགས། བོན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག་མྱྀ་རྗེ་ལྷ་དང་བདུད་དུ་བརྒྱྀས་ནས། ཡུལ་བོད་ཀ་གཡག་དྲུག་ཏུ་བྱོན་ཞེས་མཆི། ཞེས་པ་ལས་བོན་པོ་མཚེ་གཅོ་ནི་གཤེན་གྱི་སྔ་བ་ཡིན། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཆོས་གྲྭའི་སློབ་དཔོན་སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན་མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ་བྱིན་ཚུལ་བཤད་པའི་སྐུ་འཚོ་བའི་བོན་པོ་ནི་སྐུ་བོན་ཏེ་སྐུ་གཤེན་དང་དོན་གཅིག་ཡིན། རིགས་གཤེན་ཞེས་པའང་དེ་དག་དང་ཆ་འདྲ། རྒྱལ་གཤེན་གྱི་གདུང་རབས་ལས་རྒྱལ་ལ་སྔ་བ་གཉའ་ཁྲི་བཙན་པོ། གཤེན་ལ་སྔ་བ་ཡ་ངལ་མཚེ་བཅོ་གསུམ། དེ་བཞིན་མུ་ཁྲི་བཙན་པོར་བཅོ་བུ་ཕྱག་དཀར་གྱིས་མཛད། ལྷ་རི་གྱང་མཐོའི་ཁ་ལ་གསས་མཁར་ཁོ་མ་ནེ་ཆུང་བཞེངས། དིང་ཁྲི་བཙན་པོ་ལ་སྐུ་གཤེན་བཅོ་བུ་སྨིན་དཀར་མཛད། སོ་ཁྲི་བཙན་པོ་སྐུ་གཤེན་བཅོ་བུ་འོད་དཀར་མཛད། གདགས་ཁྲི་བཙན་པོ་ལ་སྐུ་གཤེན་བཅོ་བུ་ཤེལ་དཀར་མཛད། ཞེས་པ་ལྟར་བཙན་པོ་རྒྱལ་རབས་སྐབས་སུ་རྒྱལ་པོ་རེ་ལ་སྐུ་གཤེན་ཏེ་སྐུ་འཚོ་བའི་བོན་པོ་ཞིག་ཡོད། དེ་ལས་དུར་བོན་པོ་དང༌། ཕངས་བོན་པོ། མཇོལ་བོན་པོ་དག་ནི་གཤེན་པོ་སྟེ། བོན་བྱེ་བྲག་པའི་ཆོ་ག་སྤེལ་བའི་བོན་པོ་ཡིན་ནོ། །
       ༣༽p.t.1042(0058-0060)ལས་དེ་ནས་ནམ་ཚབ་ཚུབ་ན། སྙུན་བོན་པོ། སྨག་བོན་པོ། འཇོལ་བོན་པོ་རྣམས་ཀྱང། ས་སར། གྱེར་ལ་མཆི། ཆི་ག་ནར་མ་ལ་ཐོ་རམ་དང་པོ་དུང་བུས་པ་དང། སྐུ་གཤེན་ཕངས་བོན་པོ་དང། རླད་བོན་པོ་དང། རིང་མཁན་དང། བཞེས་པའྀ་ཕྱག་གཙང་གཉིས། ཞེས་སྙུན་བོན་པོ་དང༌། སྨག་བོན་པོ། འཇོལ་བོན་པོ། སྐུ་གཤེན་ཕངས་བོན་པོ། རླད་བོན་པོ། རིང་མཁན། ཕྱག་གཙང་བཅས་བོན་པོའི་རིགས་མང་དུ་བྱུང་ཡོད་ལ། སྤྱིར་མོ་འདེབས་པའི་བོན་པོ་ལ་ཕྱཱ་བོན་དང༌། གཏོ་འཕེན་པའི་བོན་པོ་ལ་གཏོ་བོན། དཔྱད་འདེབས་པའི་བོན་པོ་ལ་སྨན་བོན་ལྟ་བུ། བོན་རིགས་མི་གཅིག་པའི་ཆོ་ག་གཉེར་བའི་བོན་པོ་ལ་ཟེར་ཞིང༌། གཉའ་ཁྲིའི་སྐབས་སུ་བྱུང་བའི་བོན་ཤེས་པ་ཅན་བཅུ་གཉིས་དང་འདྲ། མཇོལ་བོན་འདི་ཡིག་རྙིང་གཞན་ལས་མང་དུ་འབྱུང་སྟེ། མཇོལ་བོན་ཞེས་པའི་འབྲི་ཚུལ་ཡང་ཡོད། ཐུའུ་བཀྭན་གྲུབ་མཐའ་ལས་བོན་གྱི་གྲུབ་མཐའི་འཕེལ་རིམ་གསུམ་ལ་མཇོལ་བོན། འཁྱར་བོན། བསྒྱུར་བོན་གསུམ་དུ་བགར་ཡོད། མཇོལ་ཞེས་པའི་ཐ་སྙད་དེ་གལ་ཆེན་ཞིག་ཡིན་རུང་དོན་གང་ཡིན་མི་ཤེས།
       ༤༽ p.t.1042(0077-0078)ལས་དེ་ནས་སྨན་བོན་པོས་སྨན་དྲངས་ལགས་ནས། ཕངས་བོན་པོས་མ་པང་གསོལ། ཕྲུ་སྩང་གསོལ། སྐྱེམས་ཡམས་གསུམ་གསོལ། ཞེས་པའི་སྨན་བོན་པོ་ནི་འཆི་བསླུའི་དཔྱད་སྤེལ་བའི་བོན་པོ་ཡིན། བོན་ཤེས་པ་ཅན་བཅུ་གཉིས་ལས་བཤད་པའི་ཕན་ཤེས་སྨན་དཔྱད་དེ། བོན་གྱི་སྨན་འབུམ་བཞི་ཕྱག་ལེན་གནང་བའི་བོན་པོ་ཡིན།

༣ p.t.1134 དང་p.t.1285ལས་བོན་དང་འབྲེལ་བའི་ཐ་སྙད་ཀྱི་གོ་དོན་བཤད་པ།

      ༡༽ p.t.1134(0119-0120)ལས་བུ་ནི་ལྷའི་བུ་ཚ་ནི་སྲིན་གྱི་ཚའ། མྱི་བོན། ལྷའི་བོན། རྒྱ་བོན་བྲིམ་ཏང་གིས། རྒྱལ་ཏག་བརྒྱད། ནི། གནམ་ལས། བྲེ་སེ་གྲུ་བཞི་ནི། ས་ལ། བཆས། བས་ལ་ནི། རྒྱལ། བསྒོས། ཞེས་པའི་ལྷའི་བོན་ནི་སྲིད་པའི་ཕྱྭ་གཡང་དཀར་ལས། ལྷ་བོན་གྱིས་རལ་གྲི་བཟུང་བ་ཡིན། །དར་སྲི་རྩེ་ནས་གཅོད་པའི་དོན། །ཟོར་བོན་གྱིས་ཟོར་མདའ་བཟུང་བ་ཡི། །སྲིན་པོ་སྙིང་ལ་ཟོར་མདའ་རྒྱབ་བོ། །ཞེས་པ་འདི་ལས་ལྷ་བོན་གྱི་བྱེད་ལས་གཙོ་བོ་ནི་དར་སྲི་གཅོད་རྒྱུ་ཡིན་པ་ཤེས། བོན་ཤེས་པ་ཅན་བཅུ་གཉིས་ལས་མགོན་ཤེས་ལྷ་བོན་ཞེས་པ་ལྷ་ཡར་གསོལ་བས་མགོན་བྱས་པའི་བོན་པོ་ཡོད། དེ་ཡང་ནམ་མཁའ་ནོར་བུའི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། ལྷ་བོན་ནི་འགོ་བའི་ལྷ་རིགས་གཙང་སེལ་གྱིས་མཐུ་དཔུང་བསྐྱེད་པར་མཁས་པའི་བོན་པོ་ཡིན་ཞེས་པ་དང༌། རྒྱ་བོན་བྲིམ་ཏང་དང༌། རྒྱ་བོན་ལེག་ཏང་རྨང་བ་ཞེས་པ་བྱུང་བ་ལ་བལྟས་ན། ཕྱིས་སུ་བྱུང་བའི་རྒྱ་ནག་གི་བོན་པོ་ལེགས་ཏང་རྨང་པོ་ཨེ་ཡིན་སྙམ། དེ་ཡང་སྟོན་པ་གཤེན་རབ་ཀྱི་རྒྱལ་ཚབ་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་མཆོག་གྱུར་དྲུག་སྟེ། སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེ། ཞང་ཞུང་གི་ལོ་ཙཱ་བ་ཁྲི་ཐོག་སྤར་ཙ། སུམ་པའི་ལོ་ཙཱ་བ་གུ་ཧུ་ལུ་སྤར་ལེགས། རྒྱ་གར་གྱི་ལོ་ཙཱ་བ་ལྷ་བདག་སྔགས་གྲོལ། རྒྱ་ནག་གི་ལོ་ཙཱ་བ་ལེགས་ཏང་རྨང་པོ། ཁྲོམ་གྱི་ལོ་ཙཱ་བ་གསེར་ཐོག་ལྕེ་འབྱམས་བཅས་ཀྱིས་གཡུང་དྲུང་གི་བོན་སོ་སོའི་ཡུལ་དུ་དར་བར་མཛད། དེ་ལས་རྒྱ་ནག་གི་ལོ་ཙཱ་བ་ལེགས་ཏང་རྨང་པོ་ཞེས་པ་དང་ཏུང་ཧོན་ཡིག་ཆ་ལས་བྱུང་བའི་རྒྱ་བོན་བྲིམ་དང༌། རྒྱ་བོན་ལེགས་རྟང་སོགས་ཕལ་ཆེར་མི་གཅིག་ཡིན་ཡང་སྲིད། འདིར་རྒྱ་ཞེས་པའི་ཐ་སྙད་བྱུང་བ་ཙམ་གྱིས་དེ་རྒྱ་ནག་ལ་གོ་མི་དགོས་ཏེ། རྒྱ་ཆེ་བའི་རྒྱ་ལ་གོ་ནའང་ཆོག་ལ། རུས་ཤིག་ལ་ངོས་བཟུང་ནའང་ཆོག་གོ །
      ༢༽ p.t.1134(0138-0139)ལས་སྙན་དྲུང་ནི་སིལ། བོན་དོ། སྤུ་དྲུང་དུ་ནི། ཏམས་བཞ་གོ། ཞེས་པའི་སིལ་བོན་ནི་སེལ་བོན་ཏེ། དམེ་དམོད་བཙོག་གསུམ་གྱི་གྲིབ་སེལ་བའི་བོན་པོ་ཡིན། སིལ་བོན་དང་དམུ་བོན་ནི་དམངས་ཁྲོད་ཀྱི་ལེའུ་ཡིག་ལས་ཀྱང་མང་དུ་བྱུང༌། ཆང་ཕུད་བདུད་རྩི་ཆུ་རྒྱུན་འཕྲིན་ལས་ཀུན་བསྒྲུབས་དགོས་འདོད་ཀུན་འབྱུང་ལས། འཕྲགས་ལྷའི་ལྷ་ཚོགས་སུམ་རྒྱ་དྲུག་ཅུ། །ཨཱ་བོན་གྱི་འཕྲག་ལྷ། །ཡེ་བོན་གྱི་འཕྲག་ལྷ། །ཕྱྭ་བོན་གྱིས་འཕྲག་ལྷ། །དམུ་བོན་གྱི་འཕྲག་ལྷ། །སེལ་བོན་གྱི་འཕྲག་ལྷ། །རྡོར་བོན་གྱི་འཕྲག་ལྷ། །ལེ་ཀུ་ཕྱི་གྱེར་གྱི་འཕྲག་ལྷ། །ཞེས་པའི་དམུ་བོན། སེལ་བོན་དེ་དག་ཏུང་ཧོན་ཡིག་རྙིང་དང་ཡོངས་སུ་མཐུན། སེལ་ཞེས་པ་ནི་མི་གཙང་བའི་དམེ་དམོད་བཙོག་གྲིབ་སོགས་སེལ་བར་བྱེད་པ་དང༌། དག་པར་བྱེད་པའི་དོན་དུ་འཇུག ཁ་སྐད་དུ་སིལ་ཞེས་བརྗོད། དེ་ཡང་མདོ་དྲི་མེད་གཟི་བརྗིད་ལས། ཆབ་ནག་སྲིད་པ་རྒྱུད་ཁོག་ལ། སེལ་སྒོ་ཤིང་ལོ་འདབ་རྒྱས་བྱུང༌། དཀར་ནག་བསལ་བས་སེལ་ཞེས་བྱ། གཙང་སྨེ་བསལ་བར་སེལ་ཞེས་བྱ། སྨེ་མནོལ་བསལ་བས་སེལ་ཞེས་བྱ། དམེ་མུག་བསལ་བས་སེལ་ཞེས་བྱ། དབུ་འཕོང་བསལ་བས་སེལ་ཞེས་བྱ། འགག་པ་བསལ་བས་སེལ་ཞེས་བྱ། ཀག་ཉེས་བསལ་བས་སེལ་ཞེས་བྱ། ཞེས་བྱུང་བ་དེས་སེལ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཞིབ་པར་འཆད། བསལ་ནི་སེལ་གྱི་མ་འོངས་པ་དང་དུས་འདས་པ་ཡིན། སེལ་ནི་ད་ལྟ་བ། སོལ་ནི་སྐུལ་ཚིག་ཡིན་པའི་ཁྱད་པར་ཡོད། དེ་ཡང་མདོ་དྲི་མེད་གཟི་བརྗིད་ལས། (ལྷ་སའི་པར་414)སྣང་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་རྣམ་པ་བཞི་ཡིན་ཏེ། ཆབ་ནག་ཆུ་བོ་སེལ་གྱི་སྒོ་ཞེས་སོ། །ཆབ་ནག་ཆུ་བོ་སེལ་གྱི་སྒོ་ལའང་རྣམ་པ་བཞི་རུ་དབྱེ་ཆོག་སྟེ། དེ་ལས། ཐོག་མར་ཆབ་ནག་སེལ་གྱི་སྒོ། དེ་ལ་རྣམ་པ་བཞི་ཡིན་ཏེ། ཆབ་ནག་ཆུ་བོ་གཞུང་ཆེན་ལས། སྨྲང་རྒྱུད་ཆུ་བཞི་གྱེས་པ་དེ། ཟག་པ་མེད་པའི་རྒྱ་མཚོ་འདྲ། གར་བསྒྱུར་བདེ་བ་ཆུ་ཕྲན་འདྲ། སྐྱེ་འགྲོ་གསོ་བ་ལུ་མ་འདྲ། འཕེན་ལ་ཆུ་བོ་འབྲུག་པ་འདྲ། ཡགས་པའི་ལོ་ཏོག་ལེགས་པ་འདྲ། སྲིད་པའི་སྨྲང་ཆེན་སེལ་གྱི་གཞུང༌། ཐུགས་ཁར་གཉན་པོ་ལྷ་ཡི་གཞུང༌། སྒྲ་བླ་ཝེར་མ་དཔའ་ཁྲོམ་གཞུང༌། དེ་ཆབ་ནག་ཆུ་བོ་གཞུང་བཞི་ཡིན། ཞེས་པ་འདི་ལས་སེལ་སྒོ་རྣམ་པ་བཞི་རུ་དབྱེ་ཡོད། ཡང་སེལ་ལ་རྣམ་པ་བཅུ་གཉིས་སུ་དབྱེ་ཡོད། དེ་ལ་རྩ་དཀར་འཕེལ་བའི་ཡར་སེལ་བཞི་དང༌། རྩ་ནག་འགྲིམ་པའི་མར་སེལ་བཞི། མཉམ་ཉིད་གསལ་བའི་བར་སེལ་བཞི་སྟེ་བཅུ་གཉིས་ཡོད།
      ༣༽ p.t.1134(0015-0017)ལས་གནམ་གྱི་པ་མཐ་དགུང་གི་པ་འབྲུམ་ནས། བུ་ནི་ལྷ་འི། བུ། ཚ་ནི་སྲིན་གྱི་ཚ་སྟེའ། བོན། གཤིན་གཤེན་དྲག་གི། པ་ངག་ནི་རྒར་ཉནད། དཔྱིད་ཉི་ནི་ནུབ་ཏུ་འཇུགས། ཞེས་པའི་གཤེན་དང་སྐུ་གཤེན། གཤེན་དྲག གཤེན་པོ། བོན་གཤེན། གསས་དྲག གསས་དྲག་ཕོ། གསས་དྲག་མོ་སོགས་ཀྱི་ཐ་སྙད་ཏུང་ཧོན་ཡིག་རྙིང་ལས་མང་དུ་བྱུང་ཡོད། གཤེན་ཞེས་པ་གཤིན་གྱི་དོན་དུ་འཇུག་པ་དང༌། གཤིན་ཆོག་སྤེལ་བའི་བོན་པོ་ཡིན། ཡང་རུས་གཤེན་ལའང་འཇུག གཤེན་གྱི་རྣམ་གྲངས་ལ་གཤེན་དང་སྐུ་གཤེན། གཤེན་དྲག གཤེན་པོ། བོན་གཤེན་སོགས་ཡོད། གསས་ཞེས་པ་ལྷ་དང༌། གསས་དྲག་ནི་ལྷ་དྲག་པོར་གོ་དགོས། བོན་གྱི་ལྷ་ཁང་ལ་གསས་ཁང་དང༌། བླ་མ་ལ་དཔོན་གསས་ཞེས་པ་ལྟ་བུའོ། །
     ༤༽ p.t.1285(1113-1114)ལས་འོལ་བོན་མཆིད་ན་རེ་མངད་དུ་དོ་ཡང་ཆོག། དབུ་རུ་དོ་ཡང་ཆོག། ཅེས་པའི་འོལ་བོན་ནི་ཡར་གཡེན་བཅུ་གསུམ་འདུལ་བའི་བོན་པོ་སྟེ། མདོ་གཟེར་མིག་ལས་དབལ་བོན་རུམ་པོ་དང༌། ཡོགས་བོན་གཏོ་རྒྱལ་དང༌། ཁྲིན་བོན་ཕྱཱ་སངས་དང༌། གཉེར་བོན་གཏོ་ཆེན་དང༌། འོལ་བོན་འབྲང་ཟུ་དང༌། མཚམས་བོན་ཡོ་འཁྲུགས་རྣམས། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་འབྱུང་བས་འོལ་ཞེས་པ་དོན་ཅི་ཡིན་རྟོགས་མི་ཐུབ་ཅིང༌། བོན་དང་འབྲེལ་བའི་བརྡ་ཆད་གལ་ཆེན་ཞིག་ཡིན། བོན་སྟོན་གཤེན་རབ་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་ཡང་འོལ་ཡིག་གིས་འགོ་དྲངས་ཡོད། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་འོལ་ཞེས་པ་སྐྱེ་བ་མེད་པའི་དོན་དུ་འཇུག་པར་གསུངས། 
      གོང་སྨྲས་ལྟར་ཏུང་ཧོན་ནས་ཐོན་པའི་བོན་གྱི་ཡིག་རྙིང་ལས་བོན་པོའི་རྣམ་གྲངས་ལ་བོན་པོ་འབོ་བུ་ལག་ངན། དུར་བོན་པོ་དང༌། ཕངས་བོན་པོ། མཇོལ་བོན་པོ། སྙུན་བོན་པོ། སྨག་བོན། རླད་བོན་པོ། སྨན་བོན་པོ། བོན་གཤིན། གསས་དྲག། བོན་གཤེན། མྱི་བོན། ལྷའི་བོན། རྒྱ་བོན། སིལ་བོན། དམུ་བོན། འོལ་བོན། སྨྲ་བོན། རྒྱ་བོན་ལེག་ཏང་རྨང་བ། ལྟམ་བོན་དམུས་ལོང༌། ཕ་གཤེན་རབ་མྱི་བོ་དང༌། དུར་གཤེན་གྱི་རྨ་ད། གཤེན་ཚ་ལུང་སྒྲ། སྐར་གཤེན། སྨྲ་བོན་ཟིང་སྐྱེས། བྱ་གཤེན་འཇོན་མོ། བྱ་བོན་བང་པ། སྒམ་གཤེན་སོགས་ཡོད་པས། དེ་དག་ནི་བོན་སྒོ་བྱེ་བྲག་པའི་ལས་གཉེར་བའི་བོན་པོ་ཤ་སྟག་ཡིན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དུ་བྱམས་མའི་ལུང་དྲངས་ཏེ་རྒྱལ་པོ་གཉའ་ཁྲི་སྐབས་ནས་དར་བའི་བོན་ཤེས་པ་ཅན་བཅུ་གཉིས་རྩིས་ཡོད་པ་འདི་ལྟར། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱ་བོན། འགྲོ་ཤེས་གླུད་གཏོང༌། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྟ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་བཅས་བཅུ་གཉིས་ཡོད། ཞེས་པ་དེ་ལས་འདུར་ཤེས་སྲིད་གཤེན་ནི་དུར་བོན་དང༌། གཙང་ཤེས་སེལ་འདེབས་ནི་སེལ་བོན། ཕན་ཤེས་སྨན་དཔྱད་ནི་སྨན་བོན་ཡིན་ནོ། །དེ་ཡང་མདོ་དྲི་མེད་གཟི་བརྗིད་ལས། གཞན་ཡང་ཡར་གཡེན་གཉན་པོ་བཅུ་གསུམ་འདུལ་བའི་བོན་པོ། དབལ་བོན་རོམ་པོ་དང༌། ཡོག་བོན་གཏོ་རྒྱལ་དང༌། ཁྲིན་བོན་ཕྱཱ་སངས་དང༌། གཉེར་བོན་གཏོ་ཆེན་དང༌། འོལ་བོན་འབྲང་ཟུང་དང༌། འཚམས་བོན་ཡོ་འཁྲུགས་དང༌། དམུ་བོན་ཡེའུ་ཏན་དང༌། བདུད་བོན་ཚབ་ལྕགས་དང༌། བཙན་བོན་མཚལ་ལྕགས་དང༌། སྲིད་བོན་མུ་ཅོ་དང༌། བསྐོས་བོན་གཙུག་སྲས་དང༌། ཕྱཱ་བོན་ཐེའུ་ལེགས་དང༌། ལྷ་བོན་ཐོད་དཀར་དང་ཐབས་གཅིག་ཏུ་བཞུགས་སོ། །གཞན་ཡང་བར་གཡེན་གཏོད་པོ་དགུ་འདུལ་བའི་བོན་པོ། ཟླ་བོན་ཚེས་པ་དང༌། ཉི་བོན་དྲང་མ་དང༌། སྐར་བོན་ཚིག་གུ་དང༌། སྤྲིན་བོན་བ་ཐུལ་དང༌། གཞའ་བོན་གུག་ཏང་དང༌། དལ་བོན་དབུ་དཀར་དང༌། ཟེར་བོན་གདངས་བསྙེན་དང༌། ལོ་བོན་གཏོ་ཆེན་དང༌། རྫི་བོན་དང་དྲུག་ཐབས་གཅིག་ཏུ་བཞུགས་སོ། །གཞན་ཡང་ས་གཡེན་ཆེ་བ་བཅུ་གཅིག་འདུལ་བའི་བོན་པོ། ཀླུ་བོན་དབྱར་སྙ་དང༌། གཉན་བོན་ཐང་ཐང་དང༌། རྒྱལ་བོན་བོན་པོ་དང༌། སྨན་བོན་འབྲང་ཐང་དང༌། གཟེད་བོན་ལ་ཙ་དང༌། སྲིན་བོན་ཡང་ངལ་དང༌། འདྲེ་བོན་གྱེར་མཁས་དང༌། སྲིན་བོན་མུ་འཕར་ཐེའུ་རང་དང༌། བྱུར་བོན་སྣ་བོན་ལི་བྱིན་དང༌། གཤིན་རྗེའི་བོན་པོ་གཏོ་བོན་བྱོན་ཁྲི་དང༌། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་གསུངས་པའི་བོན་རྣམས་ཏུང་ཧོན་ཡིག་རྙིང་དང་ཡོངས་སུ་མཐུན་པ་ནི་ལྷ་བོན་དང༌། རྒྱལ་བོན། སྨན་བོན། སིལ་བོན་བཅས་ཡིན།

གཉིས་པ། བོན་ཞེས་པའི་ཐ་སྙད་འདི་བོན་ཆོས་སམ་བོན་གྱི་ཆོ་ག་གང་རུང་ལ་འཇུག་པའི་སྐོར་བཤད་པ།
༡ ཏུང་ཧོན་ཡིག་རྙིང་p.t.1047ལས་བོན་ཞེས་པའི་ཐ་སྙད་དེ་ཆོ་གའམ་ཡང་ན་རིམ་གྲོ་ལ་འཇུག་སྟེ།
ལྷག་པར་མོ་ཡིག་ནང་དུ་མང་ཙམ་བྱུང་ཡོད།

      ༡༽p.t.1047(ཐིག་ཕྲེང་81པར)སྲི་དང་གདོན་པུར་པ་བཏབ་སྟེ་པུགས་སུ་ཞུགས་ནས་བོན་གྱྀས། ཤིང་མྱི་པྱིན་པ་ངོ། ཞེས་པའི་དོན་ནི་སྲི་དང་གདོན་སོགས་ཀྱིས་གནོད་པར་བོན་གྱི་ཆོ་ག་སྤེལ་ན་ཕན་ཐོགས་མི་འབྱུང་ཅེས་པ་ཡིན་ལ། སྐབས་འདིར་བོན་ཞེས་པའི་ཐ་སྙད་འདི་ཆོ་ག་གང་རུང་ལ་འཇུག
      ༢༽p.t.1047(ཐིག་ཕྲེང་144བར)བོན་བྱས་ཏེ་ཕན་ནམ་མྱི་ཕན་ཞེས་ན་མྱི་ཕན་ནད་གཞི་ཆེ། ཞེས་པའི་དོན་ནི་བོན་གྱི་ཆོ་ག་སྤེལ་ན་ཕན་ནམ་མི་ཕན་ཞེ་ན་མི་ཕན་ཏེ། ནད་པའི་ནད་གཞི་ལྕི་ཞེས་པའོ། །སྐབས་འདིར་བོན་ནི་བོན་གྱི་ཆོ་ག་གང་རུང་ལ་གོ་དགོས།
      ༣༽p.t.1047(ཐིག་ཕྲེང་211པར)ནད་ཕ་ལ་བཏབ་ན་ཕྱ་ཉམས་པའྀ་ངོ། བོན་བྱས་ནའ་གདོན་ལན་པྱིར་ལྟས་ཏེ་ཕན་ནོ། ཞེས་པའི་དོན་ནི་ནད་པ་དྲག་མིན་ལ་བཏབ་ན་མིའི་ཕྱྭ་ཉམས་པས། བོན་གྱི་ཆོ་ག་སྤེལ་ན་གདོན་གྱི་གནོད་པ་ཕྱིར་བཟློག་ཐུབ་པས་ཕན་ནོ་ཞེས་པ་སྟེ། སྐབས་འདིར་བོན་ཞེས་པའི་གོ་དོན་ནི་བོན་གྱི་ཆོ་ག་གང་རུང་ལ་འཇུག
      ༤༽p.t.1047 (ཐིག་ཕྲེང་214བར)བག་ལྒྱོག་རྒྱབས་བབ་ནའ་ག་ཤེད་སོང་སྟེ་པྱིར་མྱི་འཁོར། བོན་བྱ་ཞེས་བཐབ་ནའ་བཟང༌། ཞེས་པའི་དོན་ནི་མོ་ཆས་བག་ལྒྱོག་རྒྱབས་བབ་ན་ག་ཤེད་སོང་སྟེ་ཕྱིར་མི་འཁོར། བོན་གྱི་ཆོ་ག་སྤེལ་ན་བཟང་མིན་ལ་བཏབ་ན་མོ་བཟང༌། ཞེས་པ་སྟེ་སྐབས་འདིར་བོན་ཞེས་པའི་གོ་དོན་ནི་བོན་གྱི་ཆོ་ག་གང་རུང་ལ་གོ་དགོས། (ཐིག་ཕྲེང་391པར)དེ་ལ་བག་སྣི་ཅི་བབ་ན་གཞོན་བྱང་བའི་ངོ། བོན་ཕན་བའྀ་ངོ། ཞེས་པའི་དོན་ནི་མོ་ལ་བག་སྣི་ཅི་ལ་བབ་ན་གཞོན་བྱང་བའི་ངོ། བོན་གྱི་ཆོ་ག་སྤེལ་ན་ཕན་པའི་ངོ། ཞེས་པའོ། །
      ༥༽p.t.1047 (ཐིག་ཕྲེང་248བར)རུ་སོད་ལ་ཙོལ་རྱགས་བབ་ནའ། ཡ་བདུན་མྱི་ལས་གདོན་ལས་བོན་བྱས་ཏེ་ཡ་སྟགས་གྱིས་མགུབའྀ་ངོ། ཞེས་པའི་དོན་ནི་མོ་ཆས་རུ་སོད་ལ་ཙོལ་རྱགས་བབ་ན། ཡ་བདུད་དང་གདོན་གྱི་གནོད་པ་ལ་བོན་བྱས་ཏེ་ཆོ་ག་སོགས་སུ་འགྲོ་བའི་རྫས་ཏེ་ཡས་སྟགས་ཀྱིས་མགུ་བའི་ངོ། ཞེས་པ་སྟེ། སྐབས་འདིར་བོན་ནི་བོན་གྱི་ཆོ་ག་གང་རུང་ལ་གོ་དགོས། ཡས་སྟགས་ཞེས་པ་ཡས་སྟགས་ཏེ། གཏོ་མདོས་སོགས་འཕེན་སྐབས་བསགས་པའི་རྫས་ལ་ཟེར། མི་གཙང་བ་ཡི་ཡས་སྟགས་སྤང་ལྟ་བུ། ཡ་བདུད་སོགས་མི་ལ་གནོད་པའི་རིགས་ལ་ཡས་སྟགས་ཀྱིས་ཚིམ་ནས་མགུ་བའོ། །སྐབས་འདིའི་བོན་ནི་བོན་གྱི་ཆོ་ག་སྤེལ་སྐབས་གཙང་བའི་ཡས་སྟགས་ཀྱིས་སྒྲུབ་པའི་མདོས་རིགས་དང་གླུད་སོགས་ལ་གོ་དགོས།
      ༦༽p.t.1047(ཐིག་ཕྲེང་295བར)བུད་མེད་གསས་དྲག་མ་གཉིས་གྱིས་བཚན། དྲི་དང་ཡ་བདུད་ལ་བོན་བྱས་ཏེ་ཕན་བའི་ངོ། ཞེས་པའི་དོན་ནི་བུད་མེད་གསས་དྲག་མ་སྟེ་བོན་གྱི་ཆོ་ག་སྤེལ་བའི་བོན་མོ་གཉིས་ཀྱིས་བཙན་དྲི་དང་ཡ་བདུད་ཀྱི་གནོད་པ་ལ་བོན་གྱི་ཆོ་ག་སྤེལ་ཏེ་ཟློག་པས་ཕན་ཐོགས། གཞན་ཡང་ཡིག་ཆ་དེའི་(ཐིག་ཕྲེང་313)ནང་དུ་ཡ་བདུད་དང་བཙན་དྲི་ཞིག་གདོན་དུ་ཆས་ཕ་ལས་བོན་ཕོ་གསས་དྲག་ཕ་ཞིག་གྱིས་ཐུབ་ཕའི་ངོ། (ཐིག་ཕྲེང་316བར)བོན་པོ་གསས་དྲག་ཕོ་གཉིས་གྱིས་ཡ་བདུད་དང་བཚན་དྲི་ཐུབ་པ་ངོ། འདི་དག་ལས་བྱུང་བའི་བོན་ཕོ་དང་བོན་པོ། གསས་དྲག་ཕོ་ནི་བོན་གྱི་ཆོ་ག་སྤེལ་བའི་བོན་པོའམ་གཤེན་པོ་བྱེ་བྲག་པར་གོ དམངས་ཁྲོད་ནས་རྙེད་པའི་བོན་གྱི་ཡིག་ཆ་ལས་བཙན་དྲི་ཟློག་པའི་ཆོ་ག་བཙན་མདོས་དང༌། དྲི་ཟློག་པའི་གྲིབ་སེལ་སོགས་དང༌། བདུད་ཀྱི་བར་ཆད་ཟློག་པའི་བདུད་མདོས་ཞེས་པ་ཡོད། གསས་དྲག་མ་དང་གསས་དྲག་ཕོ་ནི་བོན་པོ་བྱེ་བྲག་ཅིག་ཏེ། གསས་ཞེས་པ་ལྷའི་དོན་དུ་འཇུག བོན་པོ་ལ་དཔོན་གསས་ཞེས་པའི་སྐབས་ཀྱང་ཡོད། དེས་བདུད་སོགས་ཀྱི་གནོད་པ་ཟློག་ཐུབ།
      ཏུང་ཧོན་ནས་ཐོན་པའི་མོ་ཡིག་p.t.1047ནི་ཡོངས་གྲགས་སོག་མོ་ཡིན། ཡིག་ཆ་གཅིག་པུ་དེ་ལས་བོན་ཞེས་པའི་ཐ་སྙད་བཅུ་ཙམ་བྱུང༌། ནུབ་གླིང་གི་མཁས་པ་མེ་ཁ་ཐང་ནག་གིས་བོན་ཞེས་པའི་ཐ་སྙད་ལ་དཔྱད་པ་ཡང་དག་ཞིག་བཏང་སྟེ། ཁོ་མོས་ཡིག་ཆ་འདི་ལས་བྱུང་བའི་བོན་གྱི་ཐ་སྙད་བཅུ་ལ་དཔྱད་པ་བཏང་རྗེས་ཐ་སྙད་བདུན་བོན་གྱི་ཆོ་ག་གང་རུང་ལ་འཇུག་པ་དང༌། གསུམ་ནི་ཆོ་ག་སྤེལ་བའི་གང་ཟག་ལ་འཇུག་ཟེར་བ་དེ་དོན་ལ་གནས། ཁོ་མོས་མུ་མཐུད་དུ་བཤད་རྒྱུར་ཡིག་ཆ་འདིའི་ནང་དུ་བྱུང་བའི་བོན་ཞེས་པ་ནི་ཆོས་ལུགས་ཞིག་གི་དོན་ལ་འཇུག་གི་མེད། མ་ལག་ཚང་བའི་དད་པ་ཞིག་ཀྱང་སྟོན་གྱིན་མེད། དེ་ནི་རྫུ་འཕྲུལ་དགོས་ནས་ཆོས་ལུགས་ཆོ་ག་སྒྲུབ་པའམ་ཆོ་ག་དེ་སྤེལ་བའི་གང་ཟག་ལ་འཇུག་ཟེར། དེ་ཡང་མཁས་དབང་ཧོ་ཧྥུན་མན་གྱིས་ཏུང་ཧོན་ཡིག་ཆ་ནང་གི་བོན་ཞེས་པ་དེ་ལྷ་གསོལ་འདྲེ་གནོན་གྱི་ཆོ་ག་ལ་འཇུག་ཟེར་བ་དང༌། ཁེ་ནེ་ཝ་ཨེར་གྱི་ལྟ་བའང་དེ་དང་ཆ་འདྲ་བས། མདོར་ན་ནུབ་གླིང་གི་མཁས་པ་ཕལ་ཆེ་བས་བོན་ནི་བཙན་པོ་སྐབས་ཀྱི་ཆོས་ལུགས་ཞིག་ཏུ་ཁས་མི་ལེན།

༢ ཏུང་ཧོན་ཡིག་ཆ་གཞན་ལས་བོན་ཞེས་པའི་ཐ་སྙད་འདི་ཆོ་གའམ་སྐུའི་རིམ་གྲོ་ལ་འཇུག་པའི་སྐོར་བཤད་པ།

       ༼༡༽Ch.9.ll.19(4/2/2 53)ཡ་བདུད་གཡོས་མ་སྲི་ལངས་ཇི་དགུར་མྱི་རུང་གིས་ཕོན་མཁས་པས་བོན་མ་བྱས་ན་མྱི་རུང་ཏེ་མོ་ངན་ནོ། ཞེས་པ་འདིའི་ཕོན་མཁས་པ་ནི་བོན་མཁས་པ་སྟེ། བདུད་དང་སྲིའི་གནོད་པ་ཟློག་པའི་ཆོ་ག་ལ་བདུད་མདོས་དང་སྲི་མདོས་སོགས་ཡོད་པ་དང༌། ལྷག་པར་སྲིའི་སྐོར་ལ་སྲི་བཅུའི་གནོད་པ་ཟློག་པའི་མདོས་རིགས་སྣ་ཚོགས་ཡོད། དམངས་ཁྲོད་ནས་རྙེད་པའི་བོན་གྱི་ཡིག་ཆ་ལས་སྲི་ཟློག་དང་སྲི་མནན་སྐོར་གྱི་ཆོ་ག་མང་ཙམ་ཡོད༌། སྐབས་འདིར་བྱུང་བའི་བོན་ནི་སྔ་མ་གང་ཟག་ལ་འཇུག་པ་དང༌། རྗེས་མ་ཆོས་ལུགས་ཆོ་ག་ལ་གོ་དགོས་སོ། །
      ༼༢༽Tol tib j 739ཀྱེ་རེ་ཞིག་ནི་དཔལ་པོ་ཆེ། འདྲེ་དང་བགེགས་གཡོ་མང༌། དེ་འིས་ནི་ཕོད་མྱི་ཚུགས། ལྷ་གཉན་ནི་མཆོད་ལེགས་ཀྱང༌། བོན་གཤེན་ནི་བསྟེན་ལེགས་པས། བདུད་གྱི་ནི་སྤུ་གྱུར་དང༌། སྲི་འི་ནི་གོང་ཐར་རོ། ཚེ་རིང་སྲོག་སྲ་བཟང་རབ་བོ། ཞེས་པའི་དོན་ནི་འདྲེ་འདུལ་བགེགས་སེལ། ལྷ་གཉན་མཆོད་པར་བོན་གཤེན་ལེགས་པར་བསྟེན་ན་ད་གཟོད་སྲི་ལས་ཐར་བ་དང༌། ཚེ་རིང་སྲོག་སྲ་སྟེ་མོ་ཤིན་ཏུ་བཟང་ངོ། ཞེས་པ་ཡིན་ལ་འདི་ལས་བོན་གྱི་ཆོ་ག་སྤེལ་མཁན་ནི་བུད་མེད་གསས་དྲག་མ་དང༌། བཙན་དྲི་དང་ཡ་བདུད་དང་སྲིའི་གནོད་པ་ཟློག་པར་བྱེད་པའོ། །དམངས་ཁྲོད་བོན་གྱི་བདུད་མདོས་དང་བཙན་མདོས། སྲི་ཟློག་སོགས་ཀྱི་ཆོ་ག་དང་ཆ་འདྲའོ། །
      ༼༣༽p.t.1134 མྱི་མྱི་ཤི་འི་ཡུལ། ན་མྱི་ཤིས་མྱེད། བ་མྱི་རླག་གི་ཡུལ་ན་བ་རླག་གིས་མྱེད། འཔན་གྱི་བུ་གྲོངས་ན། གསོ་རུ། བོན་མ་མཅིས། འཕན་གྱི་བུ་གྲོངས་ན་གསོ་རུ་བོན་མ་མཆིས་ཞེས་པ་ལས་སྐབས་འདིའི་བོན་ནི་ཆོས་ལུགས་ཀྱི་ཆོ་ག་ཞིག་གམ། ཆོ་ག་དེ་སྤེལ་བའི་བོན་པོ། ཡང་ན་བོན་ཆོས་གང་རུང་དུ་གོ་ན་ཆོག
      ༼༤༽p.t.0239མྱི་ནག་པོ་འི་གཞུང༌། ཤིད་ནག་པོ་འི་ལུགས། བོན་ཡས་འདོད་སྨྲང༌། འདྲེ་གསུར་འདོད་གྱི་རབས་ལས། འདིའི་ནང་དུ་བོན་དང་འབྲེལ་བའི་ཐ་སྙད་མང་ཙམ་བྱུང༌། ཤིད་དང༌། བོན། སྨྲང༌། འདྲེ། གསུར་སོགས་དང༌། དེ་ལས་བོན་ནི་ཆོ་ག་དང༌། ཡས་ནི་ཡས་སྟགས་ཏེ་ཆོ་ག་དེ་འཇུག་པའི་རྫས། སྨྲང་ནི་སྲིད་པའི་གྲོལ་ཕུག་གི་སྐོར་ཏེ། མདོ་དྲི་མེད་གཟི་བརྗིད་ལས། སྨྲང་ནི་ཞིབ་ལ་རྒྱས་པར་བྱ། ཆབ་ནག་ནུས་པ་སྨྲང་ལས་བྱུང༌། ཆབ་དཀར་ནུས་པ་སྔགས་ལས་བྱུང༌། དཔོན་གསས་ནུས་པ་རིན་ཆེན་ཡིན། དེ་ཕྱིར་ཆབ་ནག་སྨྲང་གིས་གཙོ། ཞེས་དང༌། བདེན་པ་སྨྲང་གིས་གྲོལ་བ། ཆབ་ནག་ཆུ་བོ་སེལ་གྱི་སྒོ་ལས་སྨྲང་རྒྱུད་ཆུ་བོ་གཞུང་བཞི་ནི། སྲིད་པའི་སྨྲང་ཆེན་སེལ་གྱི་གཞུང༌། ཐུགས་དཀར་གཉན་པོ་ལྷ་ཡི་གཞུང༌། སྒྲ་བླ་ཝེར་མ་དཔའ་ཁྲོམ་གཞུང༌། སྲིད་པ་མིའུ་རྒྱུད་ཀྱི་གཞུང་ངོ༌། །འདིར་སྨྲང་ནི་སྲིད་པའི་བྱུང་རབས་འཆད་པའི་བོན་ཡིན། གཞན་ཡང་p.t.1040ལས་བོན་འདི་གསང་བའི་བོན་གིས་སུལ་ཡང་བསླག་པ་ལོ་ཏུས་གི་བྲོ་ལ་གཐོགསོ། བོན་འདི་གསང་བའི་བོན་ཞེས་པའི་བོན་འདི་བོན་ཆོས་སམ། གསང་བ་སྔགས་ཀྱི་སྐོར་གྱི་ཆོ་ག་ལ་གོ་སྙམ།

གསུམ་པ། བོད་དང་བོན་གཉིས་བརྗེ་སྤོར་བྱེད་པའི་སྐོར་བཤད་པ།

      p.t.1038ལས་ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་བཞི་ལས། སྤུ་རྒྱལ་པོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ཞེས་པ་འདི་ལས་སྤུ་རྒྱལ་པོན་གྀ་བཙན་པོ་ཞེས་བོན་དང་བོད་གཉིས་བརྗེ་སྤོར་བྱས་ཡོད་པ་གསལ། དེབ་ཐེར་དཀར་པོ་ལས། གཡུང་དྲུང་བོན་རྣམས་ཀྱི་ལྟར་ན་ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། །བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཞེས་པའི་སྒྲ་དང་ཉེ་བས་སོ། །དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ། །སོག་ཡུལ་འགར་ཡང་བོན་ལུགས་བྱེད་པ་དག་ལ་བོད་དམ་པོ་ཞེས་ཐ་སྙད་ཆགས་པར་འདུག བོན་དང་བོད་གཉིས་བརྗེ་སྤོར་གྱི་སྲོལ་དེ་ཏུང་ཧོན་ཡིག་རྙིང་དུ་བྱུང་ཡོད་དེ། དེ་གཉིས་དོན་གཅིག་པ་དང༌། ཡང་ན་གྲུབ་མཐའི་མིང་དེ་མི་རིགས་ཀྱི་མིང་དུའང་ཆགས་སྲིད་དོ། །

བཞི་བ། བོན་ནི་བཤད་པའམ་འདོན་པའི་དོན་ལ་འཇུག་པའི་སྐོར།

      ཏུང་ཧོན་ཡིག་རྙིང་p.t.1287ནང་གི་(ཐིག་ཕྲེང་158བར)སྤུ་རྒྱལ་སྟག་གུའི་སྙན་དུ་བོན། ཞེས་པའི་བོན་དེ་རྣ་བའི་སྒོར་ཐོས་པ་དང་གསན་པ་ལ་ཟེར་འདུག དེ་ཡང་མདོ་གཟེར་མིག་ལས། དེ་སུའི་ཐུགས་སུ་གསོལ་ཅིང་སྙན་དུ་བོན་ན་ཞེས་དང༌། དར་རྒྱས་གསལ་བའི་སྒྲོན་མེ་ལས། བོན་ནི་སྙན་དུ་བོན་པས་བོན་ཞེས་གསུངས་པ་ལྟར་གོང་གི་ཏུང་ཧོན་ཡིག་རྙིང་དང་བོན་དཔེ་གཉིས་ནང་དོན་མཐུན་ནོ། །གཞན་ཡང་p.t.1387ནང་གི་(ཐིག་ཕྲེང་300བར)ཡབ་གནམ་རི་སློན་བཙན་དུས་བོན་ཏེ་བཀྲོངས་ཞེས་པ་འདིར་ལུས་ཀྱི་བྱེད་ལས་སྤྲོད་པ་ལྟ་བུ་ལ་གོ་དགོས་འདུག ཀུན་འབྱུང་དབྱིངས་དག་རྒྱུད་ལས། དུས་གསུམ་གཤེན་རབ་ཀུན་ལ་བོན་ཞེས་སྟོན་པ་ལ་འཇུག་པ་སོགས་ཡོད། མདོར་ན་བོན་ཞེས་པའི་ཐ་སྙད་འདི་དོན་མང་པོ་ལ་འཇུག་སྟེ། གཙོ་བོ་ཆོས་ལུགས་ཆོ་ག་སྤེལ་བའི་བོན་པོ་དང༌། ཆོ་ག་གང་རུང་ལ་འཇུག་གོ །

ལྔ་བ། དཔྱད་འབྲས།

      ཏུང་ཧོན་ནས་ཐོན་པའི་བོན་དང་འབྲེལ་བའི་ཡིག་རྙིང་དེ་དག་གཞིར་བཟུང་སྟེ་དཔྱད་ན། གདོད་མའི་བོན་གྱི་ཆོས་ལུགས་ནི་ཅི་ལྟ་བུ་ཡིན་པ་དང༌། དེའི་བྱེད་ལས་དང་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ཅི་ཡིན་པ་སོགས་ཤེས་ཐུབ། བཙན་པོ་རྒྱལ་རབས་སྐབས་སུ་བོན་ཆོས་སྐོར་གྱི་གནད་དོན་མང་པོ་ཐག་གཅོད་བྱེད་ཐུབ། ཏུང་ཧོན་ཡིག་ཆ་ནི་བཙན་པོ་སྐབས་སུ་གཏེར་དུ་བཏབ་པའི་ཡིག་ཆ་ཡིན་པས། དེ་བཙན་པོ་སྐབས་ཀྱི་བོན་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གཙོ་བོ་ཡིན། དེར་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ།
       ༡ བོན་ཞེས་པའི་ཐ་སྙད་འདི་ཤེས་བྱ་ཀུན་ལ་འཇུག་པ་དང༌། འདོན་པ་དང་བཟླས་པའི་དོན་དུ་འཇུག ཡང་ན་ས་བོན་གྱི་བོན་ལ་འཇུག་སྟེ། གངས་ཅན་ལྗོངས་ཀྱི་གྲུབ་མཐའ་ཀུན་གྱི་ཐོག་མ་དང༌། གྲུབ་མཐའ་སྣ་ཚོགས་འབྱུང་བའི་ས་བོན་ལྟ་བུ་ཡིན་པས་དེ་ལྟར་ཐོབ། གཞན་ཡང་ཞང་ཡིག་ཏུ་གྱེར་ཞེས་བརྗོད། མཁས་པ་ལ་ལས་སྟག་གཟིག་སྐད་ནས་བོན་གྱི་གོ་དོན་བཙལ་བའང་ཡོད། གཡུང་དྲུང་བོན་ཞེས་པའི་བོན་ནི་ཆོས་ཞེས་པའི་དོན་དང་ཡོངས་སུ་མཐུན། ཏུང་ཧོན་ཡིག་རྙིང་ལས་བོན་ནི་བོན་ཆོས་སམ། ཆོ་གའམ་སྐུའི་རིམ་གྲོ་ལ་འཇུག་པ་དང༌། ཡང་ན་ཆོ་ག་སྤེལ་བའི་གང་ཟག་ལ་འཇུག གཞན་ཡང་ཏུང་ཧོང་ཡིག་རྙིང་དུ་བོན་དང་བོད་གཉིས་བརྗེ་སྤོར་བྱེད་པའི་སྲོལ་ཡོད་པ་དང༌། བཤད་པའམ་འདོན་པའི་དོན་ལའང་འཇུག
       ༢ ཏུང་ཧོན་ཡིག་རྙིང་ལས་བོན་པོའི་རིགས་མང་དུ་བྱུང་སྟེ། བོན་པོ་འབོ་བུ་ལག་ངན། དུར་བོན་པོ་དང༌། ཕངས་བོན་པོ། མཇོལ་བོན་པོ། སྙུན་བོན་པོ། སྨག་བོན། རླད་བོན་པོ། སྨན་བོན་པོ། བོན་གཤིན་གསས། དྲག བོན་གཤེན། མྱི་བོན། ལྷའི་བོན། རྒྱ་བོན། སིལ་བོན། དམུ་བོན། འོལ་བོན། རྒྱ་བོན་ལེག་ཏང་རྨང་བ། ལྟམ་བོན་དམུས་ལོང་སོགས་བྱུང༌། བོན་པོའི་རྣམ་གྲངས་སྐོར་ལ་བོན་ཤེས་པ་ཅན་བཅུ་གཉིས་དང༌། གཡེན་པོ་སོ་གཉིས་འདུལ་བའི་བོན་པོ་སོ་གཉིས་སོགས་དང་འདྲ་ས་མང་ངོ་། །བོན་གྱི་ཆོས་ལུགས་འདི་ཡང་སྲོལ་རྒྱུན་དང་བར་མ་ཆད་པར་བསྲིངས་པར་འདི་ལས་ཤེས་ཐུབ།
      ༣ ནང་དོན་གྱི་ཆ་ནས་བཤད་ན་བོན་འདི་རིགས་ཕལ་ཆེར་སྲིད་པའི་རྒྱུད་བོན་གྱི་ཁོངས་སུ་འདུས་ཏེ། ཐེག་དགུའི་དབང་དུ་བཏང་ན་ཕྱྭ་སྣང་འཕྲུལ་སྲིད་རྒྱུའི་ཐེག་པ་ཡིན། སྒོ་བཞི་མཛོད་ལྔའི་དབང་དུ་བཏང་ན་ཆབ་ནག་སྲིད་པའི་རྒྱུད་ཀྱི་བོན་ཡིན། ནང་དོན་ལ་མོ་བཏབ་ཕྱྭ་ཀླགས། གཏོ་འཕེན་དཔྱད་བགྱིས། བདུད་དང་སྲིའི་གནོད་པ་ཟློག་པ། སྲིད་པ་རྒྱུད་བོན་གྱི་ཁོངས་སུ་གཏོགས་པ་མ་གཏོགས། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཉེར་བའི་བོན་ཅི་ཡང་བསྟན་མེད་དོ། །
      ༤ བོད་བཙན་པོ་སྐབས་སུ་བོད་ལ་ཆོས་ལུགས་ཡོད་མོད། དེ་བོན་ཆོས་ཡིན་མིན་ཐད་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པར་ཞིབ་འཇུག་གནང་བའི་མཁས་པ་ཚོའི་རྩོད་གཞི་རུ་གྱུར་པས། ཏུང་ཧོན་ཡིག་རྙིང་ལས་བྱུང་བའི་འབྲེལ་ཡོད་ཡིག་ཆ་ལ་བལྟས་ན། གདོད་མའི་ཆོས་ལུགས་ཀྱི་ཐོག་མའི་རྣམ་པ་ཙམ་ལས་ཆོས་ལུགས་གྱི་རྒྱུ་རྐྱེན་བཞི་བོ་ཚང་ཡོད་མེད་ལ་ད་རུང་དཔྱད་པར་བྱ་དགོས།
      གོང་སྨྲས་ལྟར་ཏུང་ཧོན་ཡིག་ཆ་ལས་མོ་ཕྱྭ་གཏོ་དཔྱད་ཀྱི་སྐོར་བྱུང་ཡོད་པ་ལ་བལྟས་ན། སྲིད་པའི་རྒྱུད་ཀྱི་བོན་ལ་གཏོགས་པའི་བོན་སྒོ་ཆེན་པོ་ཞིག་བསྟན་ཡོད། བོན་གྱི་རིག་གནས་འདི་བོད་ཀྱི་དམངས་སྲོལ་དང་ཆོས་ལུགས། གཏམ་རྒྱུད་དང་འབྲེལ་བ་དམ་པས་བོད་ཀྱི་རྩ་བའི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདི་ལས་ཀྱང་བོད་ཀྱི་རིག་གནས་ཀྱི་ཁུངས་བོན་ལ་ཐུག་པ་དང༌། བོན་གྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་ཡིན་པ་ར་སྤྲོད་ཐུབ་སྟེ། དེས་བན་ཆོས་བོད་དུ་དར་བར་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་ནས་ཕན་ཚུན་གཅིག་ལ་གཅིག་ལེན་བྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འདི་གྲུབ་པ་ཡིན་ནོ། །

    དཔྱད་གཞིའི་ཡིག་ཆ།
(1) «གཏམ་ཤུལ་དགའ་ཐང་བུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།» པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གིས་བསྒྲིགས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌། 2007ལོའི་ཟླ9བར་པར་གཞི་དང་པོ་བསྒྲིགས།
(2) «རྒྱལ་རབས་གསལ་བའི་མེ་ལོང༌།» ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ5བར་པར་གཞི་དང་པོ་བསྒྲིགས། ཤོག་གྲངས་58པ།
(3) «མདོ་དྲི་མེད་གཟི་བརྗིད།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 2000ལོའི་ཟླ9བར་པར་གཞི་དང་པོ་བསྒྲིགས། དེབ་དང་པོ། (ཤོག་གྲངས་250 –251) དེབ་གཉིས་པ། (ཤོག་གྲངས་ 86 –395) (ཤོག་གྲངས་411–495) དེབ་གསུམ་པ། (ཤོག་གྲངས་1–80)
(4) «ནམ་མཁའ་ནོར་བུའི་དཔྱད་རྩོམ་ཕྱོགས་བསྒྲིགས།» ནམ་མཁའ་ནོར་བུས་བརྩམས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོའི་ཟླ་12པར་པར་གཞི་དང་པོ་བསྒྲིགས། (ཤོག་གྲངས་479)
(5) «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1987ལོའིཟླ9པར་པར་གཞི་དང་པོ་བསྒྲིགས། (ཤོག་གྲངས་161)
(6) «ཆོས་འབྱུང་མཁས་པའི་དགའ་སྟོན།» དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1986ལོའིཟླ6པར་པར་གཞི་དང་པོ་བསྒྲིགས། (ཤོག་གྲངས་375)
(7) «སྲིད་པའི་ཕྱའུ་གཡང་དཀར།» དབུ་མེད་ལག་བྲིས་མ། ཐེ་བོ་ཀུན་གཙང་ལེའུ་ཚང་གིས་ཉར་བའི་ལེའུ་ཡིག
(8) «ཆུ་གཏོ།» དབུ་མེད་ལག་བྲིས་མ། ཐེ་བོ་རྒྱ་ཉག་ནས་རྙེད་པའི་ལེའུ་ཡིག
(9) «གཉན་འབུམ།» དབུ་མེད་ལག་བྲིས་མ། མཛོད་དགེ་ཞིང་འཁྱིལ་སྔགས་པ་ཚང་གིས་ཉར་བའི་ལེའུ་ཡིག
(10) «ཀླུ་འབུམ།» དབུ་མེད་ལག་བྲིས་མ། བབ་བཟོ་ལེའུ་ཚང་གིས་ཉར་བའི་ལེའུ་ཡིག

2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་དྲངས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།