བླ་མུ་ཐུར་དགོངས་པ་རབ་གསལ་གྱི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།

[ཟླ་ཚེས། 2014-02-26 14:46:43][རྩོམ་པ་པོ། གངས་སེང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཕུགས་ཐག་རིང་པོའི་ལོ་རྒྱུས་ལ་དཔྱད་པ་བཏང་ན་ཡིག་རྙིང་རྣམས་ལ་གཞི་བཅོལ་དགོས། ལོ་རྒྱུས་རྙིང་པ་དག་ལ་གཞི་བཅོལ་ས་མེད་ན་རང་ཁར་བཤད་ཚད་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་རྩ་བ་ནས་མེད། སྔར་བྱུང་ང་ཚོའི་བོད་ཀྱི་ལོ་རྒྱུས་ཕལ་ཆེར་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ངོས་འཛིན་བྱས་ན་འགྲིག་པ་ལས། དེ་དག་གི་ནང་བཤད་ཚད་ཐམས་ཅད་དོན་དངོས་དང་མཐུན་པའི་ལོ་རྒྱུས་སྤུས་དག་ཅིག་ཡིན་པའི་ངེས་པ་རྩ་བ་ནས་མེད། གང་ཡིན་ཞེ་ན། ལོ་རྒྱུས་འགའ་ཞིག་ནི་ཕུལ་བྱུང་གི་བརྒྱན་ལྟ་བུ་བསྟོད་རས་ཁེངས་དྲག་པ་དང་། འགའ་ཞིག་ནི་རབ་གཏགས་ཀྱི་བརྒྱན་ལྟ་བུ་འུད་བརྗོད་མང་ཐལ་བའི་སྐྱོན་ཆ་ཞིག་བན་བོན་གཉིས་ཀའི་ཕྱོགས་ལ་ཡོད། དཔེར་ན་བོན་ཕྱོགས་ནས་བཤད་ན་མཁན་སློབ་ཆོས་གསུམ་བདུད་ཅེས་བཤད་པ་དང་། བན་ཕྱོགས་ནས་དེ་ལས་ལྡོག་ཏེ་ཁོང་རྣམ་པ་ལྷ་ཞེས་བཤད། དོན་དངོས་ཐོག་ཁོང་རྣམ་པ་ཡོན་ཏན་ཅན་གྱི་མི་ཡིན་པ་ལས་ལྷ་ཡང་མིན་ལ་བདུད་ཀྱང་དེ་བས་མིན། དེར་མ་ཟད་བན་བོན་གཉིས་ཕྱོགས་ནས་སྔར་བྱུང་ལོ་རྒྱུས་ཐོག་གི་མི་སྣ་དང་གལ་ཆེའི་བྱུང་རབས་རྣམས་ལོ་ཚིགས་ཤིན་ཏུ་གསལ་ཁ་མེད་པ་དེ་རེད། དཔེར་ན་སངས་རྒྱས་གཤེན་རབ་མི་བོ་དང་། སངས་རྒྱས་ཤཀྱའི་དབང་པོ་རྣམ་གཉིས་ནམ་འཁྲུངས་ནམ་འདས་ཀྱི་དུས་ཚིགས་ད་དུང་སུས་ཀྱང་གཏན་འཁེལ་བཟོ་མ་ཤེས་པ་ལྟ་བུ་རེད། ཞེན་ཆ་གཞན་ཞིག་ནི། ལོ་རྒྱུས་མང་དག་གཅིག་གི་བཤད་སྟངས་འགྲོ་བ་མིའི་བསམ་ཡུལ་ལས་བརྒལ་བའི་འུད་བརྗོད་དང་ལྷ་སྒྲུང་ལྟ་བུ་བཞེངས་བཀོད་བྱས་པ་དེ་རེད། དེ་ནི་དོན་དངོས་ཀྱི་ལོ་རྒྱུས་དག་ཅུང་ཟད་བག་ལ་ཞ་བྱེད་ཅིག་རེད་སྙམ། གཅིག་བྱས་ན་དེ་དག་ནི་འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཡོངས་རྫོགས་ཀྱི་བཤད་སྟངས་ཞིག་ཡིན་སྲིད་པས་དེ་ཙམ་ཧ་ལས་དགོས་དོན་མེད་པར་སེམས། དེ་ལས་ཞེན་ཆ་ཆེ་བ་ཞིག་ནི། ཐུབ་བསྟན་བོད་ལ་འབྱོར་བའི་དུས་མཚམས་དེ་ནས་བཟུང་བོད་ཆེན་པོ་ཞེས་ཆེ་བསྟོད་གནམ་སར་ཁེངས་པར་བྱས་ནས་དེ་ཡན་གྱི་ང་ཚོའི་ཞང་བོད་ཀྱི་ལོ་རྒྱུས་ཚང་མ་ནག་སུབ་གཏོང་ཅི་ཐུབ་བྱས་པ་དེ་རེད། དྲང་བདེན་གྱི་ལམ་ཐོག་ནས་ཕྱིན་ཏེ་ཕྱི་མིག་ཞིག་བལྟས་པ་ཡིན་ན་མ་མཐའ་མི་ལོ་སུམ་སྟོང་དགུ་བརྒྱའི་གོང་དུ་རིག་པའི་གནས་ཆེན་པོ་ལྔ་དང་དེ་འབྲེལ་གྱི་ཤེས་རིག་དང་ཡི་གེའི་སྒྲ་སྦྱོར་ཕུན་སུམ་ཚོགས་པ་ཁྱིམ་མཚེས་རྒྱབ་ཁབ་སུས་ཀྱང་འགྲན་ཟླ་མི་ཐུབ་པའི་ཞང་བོད་ཆེན་པོའི་རྒྱལ་ཁབ་རང་རྐྱ་ཕེལ་བ་ཞིག་ཡོད་པ་མཁྱེན་ཐུབ། ཁ་སང་རང་ལ་ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་༼ཁྲབ་ཀྱི་སྐོར་བཤད་པ།༽ཞེས་པའི་དཔྱད་རྩོམ་ཞིག་སེང་རྡོར་དྲ་བའི་ནང་དུ་སྤེལ་འདུག དེ་ལ་གཟིགས་དང་ང་ཚོའི་ཞང་བོད་རྙིང་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་དེ་ག་འདྲའི་འདུག གོ་ཁྲབ་གཅིག་པུའི་ཐོག་ནས་བཤད་ན་གནའ་སྔ་མོ་ནས་ང་ཚོའི་ཞང་བོད་ཀྱི་ལག་རྩལ་ཆུ་ཚད་ཧ་ཅང་མཐོ་ཞིང་དེ་ནི་གློ་བུར་དུ་བྱུང་བ་ལྟ་བུ་མ་ཡིན་པ་དུས་ཡུན་རིང་པོ་ནས་བཟོ་རིག་གི་ཉམས་མྱོང་བསགས་པ་ལས་བྱུང་བ་ཞིག་ཡིན་པ་སྨོས་མེད་རེད། བོད་མིས་ལྕགས་ཆས་བེད་སྤྱོད་བྱས་ན་མ་མཐའ་ལོ་བཞི་སྟོང་ལྔ་སྟོང་འགོར་ཡོད་པ་ལོ་རྒྱུས་རྙིང་པ་རྣམས་དང་གནའ་ཤུལ་ནས་ཐོན་པའི་ལི་ལྕགས་ཀྱིས་དཔོག་ཐུབ། རིག་གནས་ཕུན་ཚོགས་དེ་དག་ཐོག་མར་ཞང་བོད་མི་རིགས་རང་གི་རྣམ་རིག་ལས་བསྐྲུན་ཞིང་འཛིན་སྐྱོང་བྱས་པའི་ལག་རྗེས་ལས་སུས་ཀྱང་ཞང་བོད་མི་རིགས་ལ་རོགས་སྐྱོར་དང་སྐྱོབ་གསོ་གནང་བ་ཞིག་གཏན་ནས་མིན། ཁོ་བོས་འདིར་བན་བོན་གཉིས་ཕྱོགས་ཀྱི་འདུལ་བའི་དཔེ་རྙིང་དག་ལ་ཅུང་ཟད་བལྟས་པའི་གྲུབ་འབྲས་ཕྱོགས་སྡོམ་ཞིག་དང་། ལྷག་པར་བསྟན་པ་ཕྱི་དར་གྱི་སྐབས་སུ་བན་བོན་གཉིས་ཀའི་འདུལ་བའི་མངའ་བདག་ཆེན་པོ་བླ་ཆེན་དགོངས་པ་རབ་གསལ་གྱི་ལོ་རྒྱུས་དང་དུས་ཚིགས་སྐོར་རང་བློས་གང་ཐུབ་ཅིག་བཤད་འདོད་བྱུང་། ཐོག་མར་ཞང་བོད་ལྗོངས་སུ་སངས་རྒྱས་བསྟན་པའི་ཞབས་ནས་བཏེགས་པའི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱུང་། དེའི་དང་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་འབོད་པའི་ཞང་རྒྱལ་དེ་གངས་རི་ཆེན་པོའི་མདུན། སྤོས་རི་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་ཉེ་འགྲམ། ག་ལྗང་གཡུ་ལོ་རྫོང་མཁར་དུ་གྲགས་པ་དེར་བཞུགས། རྒྱལ་པོ་འདི་སངས་རྒྱས་གཤེན་རབ་མི་བོའི་དངོས་སློབ་ཡིན་ཞིང་། ཁོང་གིས་གངས་ཏི་སེའི་མདུན་ཞོལ་དུ་གསས་ཁང་ནོར་བུ་སྤུངས་རྩེགས་ཞེས་པའི་ལྷ་ཁང་ཞིག་བཞེངས། དེ་ནི་གངས་རིའི་ལྗོངས་ཀྱི་དགོན་སྡེ་ཐོག་མ་དེ་མིན་ནམ་སྙམ། སངས་རྒྱས་གཤེན་རབ་མི་བོའི་སྐུ་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་རབ་དུ་བྱུང་ཞིང་འདུལ་བརྒྱུད་བཟུང་། འདུལ་བ་རྒྱུད་དྲུག་དང་མངོན་པ་སྡེ་བཞི་སོགས་འདུལ་བའི་སྡེ་སྣོད་མང་དུ་བརྩམས། ཁོང་གི་བརྒྱུད་འཛིན་པའི་སློབ་མ་འཛམ་གླིང་མཁས་པའི་བརྒྱན་དྲུག་ཕེབས། དེ་རྣམས་ཀྱི་སློབ་མ་སྟག་གཟིག་གི་མཁན་བརྒྱུད་བརྒྱད་དང་། ཞང་ཞུང་མཁན་བརྒྱུད་བཞི་རིམ་བཞིན་བྱུང་། དེ་རྗེས་སུ་གོང་གི་མཁན་བརྒྱུད་འཛིན་པའི་ཡ་གོང་ཡེ་ཤེས་རྒྱལ་བ་དང་ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་བྱུང་། ཁོང་གཉིས་བོད་པ་ཡིན། དེ་ནས་བཟུང་འདུལ་བའི་སྡེ་པ་གཉིས་སུ་གྱེས། དེ་གཉིས་ལ་ཡ་གོང་གི་བརྒྱུད་པ་དང་ཕམ་ཤིའི་བརྒྱུད་པ་ཟེར། འདུལ་བརྒྱུད་འཛིན་པའི་བླ་མ་དེ་དག་གིས་མཛད་པའི་འདུལ་བའི་ཡིག་སྣ་མང་དུ་འཕེལ། སྐབས་དེར་ཞང་བོད་ལྗོངས་སུ་དགོན་སྡེ་ཆེ་བ་བདུན་ཅུ་མ་ཟིན་ཙམ་ཡོད་པ་དང་། དགོན་སྡེ་དེ་དག་གི་ནང་དུ་བཞུགས་པའི་དགེ་འདུན་པ་བརྒྱ་ཕྲག་མང་པོ་དང་། འགས་ཤས་ལ་སྟོང་ཕྲག་ཡོད་པར་བཤད། དགོན་ཕྲན་ལྷ་ཁང་བཞི་བརྒྱ་ལྷག་ཡོད་ཀྱང་། ད་ལམ་དེ་དག་མང་ཆེ་བ་བཞག་རྗེས་ཙམ་ཡང་མེད་པར་ས་ཕུང་ཆེན་པོའི་ཕག་ཏུ་ཡིབ་པས་ལོ་རྒྱུས་བཤད་ན་ཡིད་ཆེས་འབྱུང་བ་ཤིན་ཏུ་དཀའ་ཞིང་མི་རྟག་སྟོང་པ་ཆེན་པོའི་རང་རྣམ་ཞིག་ཏུ་འཁུམས། འོན་ཀྱང་སྲིད་ནས་རྙེད་པར་དཀའ་བའི་ཡིག་རྙིང་དག་ལས་གསལ་བས་ཁོ་བོས་འདིར་བསྐྱར་འབྲི་བྱེད་དུ་ཤོར་བས་དགོངས་འགལ་མེད་པར་མཁྱེན། དེ་ནས་རིམ་བཞིན་ཡ་གོང་གི་བརྒྱུད་པ་ཉེར་ལྔ་དང་། ཕམ་ཤིའི་བརྒྱུད་པ་སུམ་ཅུ་བྱུང་། འདུལ་བརྒྱུད་འཛིན་པའི་བླ་མ་དེ་དག་ནི་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་མངའ་དབང་བསྒྱུར་བའི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་དང་། བོད་རྒྱལ་གནམ་གྱི་ཁྲི་བདུན་རིང་ཡིན། བོད་རྒྱལ་གྲི་གུམ་བཙན་པོ་དང་ཞང་ཞུང་རྒྱལ་པོ་མུ་ལ་མུ་སངས་ཀྱི་སྐབས་སུ་ཞང་ཞུང་དུ་དགེ་འདུན་པ་ནང་འཁྲུགས་ཚབ་ཆེན་བྱུང་བ་དང་། བོད་དུ་གྲི་གུམ་གྱིས་བསྟན་པ་བསྣུབས་པ་དུས་མཉམ་དུ་ཁེལ་བས་ཞང་བོད་གཉིས་ཀའི་ལྗོངས་སུ་འདུལ་བསྟན་ཡོངས་སུ་རྫོགས་པ་གློ་བུར་དུ་མི་མངོན་སྟོང་པ་ཆེན་པོའི་དབྱིངས་སུ་གར་སོང་ཆ་མེད་དུ་གྱུར། སྟབས་ལེགས་པ་ཞིག་ལ་ཡ་གོང་གི་བརྒྱུད་པ་འཛིན་པའི་དྲང་སྲོང་མུ་ཟི་གསལ་བཟང་ནི། འགོག་པའི་སྙོམ་འཇུག་ཐོབ་པའི་སྐྱེས་བུ་ཞིག་ཡིན་པས་མ་འོངས་འདུལ་བསྟན་གྱི་ས་བོན་འཛིན་པར་དགོངས་ནས་མདོ་སྨད་རྨ་རི་དེའུ་གསུམ་གྱི་བྲག་ཕུག་ཏུ་སྤྱི་ལོ་༨༨༨བར་འགོག་པ་ལ་སྙོམས་པར་བཞུགས་སོ། ས་གནས་དེ་ནི་ད་ལྟའི་ཁྲི་ཀ་རྫོང་ཁོངས་ནང་མཇལ་རྒྱུ་ཡོད། ཉིན་ཞིག་ལ་སོག་པོ་སྤྲེལ་ལག་ཅན་ཟེར་བའི་མེ་ཉག་འགའི་རྒྱལ་པོ་རབ་རྩེ་འདུས་བྱ་བའི་གཡོག་པོ་རྟ་རྫི་ཞིག་ཡོད་པས། ཁོང་རྟ་འཚོ་རུ་ཕྱིན་སྐབས་བྲག་ཕུག་ཞིག་གི་ནང་དུ་རབ་བྱུང་གི་ཆས་ཅན་དབུ་སྐྲ་རིང་པོ་ཡོད་པ་ཞིག་འཕྲད། ངོ་མཚར་སྐྱེས་ནས་རབ་ཏུ་མོས། སྐྱེས་བུ་ཆེན་པོ་དགོངས་པ་སློད་པར་ཞུ་ཞུས་པས་སྤྱན་འགུལ་ཙམ་ལས་ཡ་ལན་གང་ཡང་མ་གནང་། དེ་རྗེས་ཐེངས་འགའ་ཤས་དེར་ཕྱིན་ནས་ཞུ་བ་ཕུལ། ཁོང་སྙོམས་འཇུག་ལས་བཞེངས་ནས་ཕན་ཚུན་བགྲོ་གླེང་བགྱིས་པས་སོག་པོ་སྤྲེལ་ལག་ཅན་ལ་དད་པས་རབ་ཏུ་བྱུང་རྒྱུའི་འདུན་པ་མི་བཟོད་པར་སྐྱེས་པས། མུ་ཟིས་རྗེས་སུ་བཟུང་ནས་དྲང་སྲོང་གི་སྡོམ་པ་གཅིག་རྫོགས་སུ་གནང་། རབ་བྱུང་གི་མཚན་ལ་ཁྲི་འབར་ཚུལ་ཁྲིམས་གསོལ། ད་ལྟའི་བཀའ་འགྱུར་ཁྲོད་དུ་ཡོད་པའི་འདུལ་བ་རྒྱུད་དྲུག་འདི་གནང་། གཡུང་དྲུང་བོན་ལུགས་སུ་འདུལ་བ་ཕྱི་དར་དེ་ནས་མགོ་བཙུགས། ཁོང་གི་སློབ་མ་འདན་མ་གཡག་སླག་ཅན་ཡིན། རབ་བྱུང་མཚན་རྒྱལ་བ་གཙུག་ཕུད་ཟེར། དེའི་སློབ་མ་དྲུམ་ཤིང་སླག་ཅན། རབ་བྱུང་མཚན་གཙུག་ཕུད་ཚུལ་ཁྲིམས་འབོད། དེའི་སློབ་མ་བླ་མུ་ཐུར་དགོངས་པ་རབ་གསལ་ཡིན། ཁོང་གི་ལོ་རྒྱུས་ཅུང་ཟད་གསལ་བར་འོག་ཏུ་འབྱུང་། དམ་པ་ཆོས་ཀྱི་ལུགས་ལ་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་མཁས་པ་ཤནྟཱ་རཀྵི་ཏའམ་མཁན་པོ་ཞི་བ་མཚོ་བོད་ལ་ཕེབས་ནས་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་སོགས་ཀྱི་ཆོས་བཤད་བྱས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ལ་མོས་པའི་སྟོབས་ཀྱིས་ཁོང་ལ་རྒྱབ་སྐྱོར་བསམ་ཡུལ་ལས་འདས་པར་གནང་ནས་བོད་འབངས་དུ་མ་ཆོས་འོག་ཏུ་བཅུགས། དེའི་རྗེས་སུ་ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་ཕྱུགས་ནད་སྣ་ཚོགས་ལངས། ལོ་ཉེས་བཙའ་སད་སོགས་མ་རུང་བ་དུ་མ་བྱུང་བས། མི་དམངས་རྣམས་ཀྱིས་རྒྱ་གར་ཨ་ཙ་ར་ལ་བརྟེན་ནས་ཆོས་བྱས་པས་ལན་ཟེར་ནས་འཁྲུག་ཟིང་རྒྱ་ཆེར་ལངས། དེ་ལྟར་སྙོག་ཟིང་སྣ་ཚོགས་ལ་བརྟེན་ནས་མཁན་པོ་བོ་དྷི་སྭ་ཏྭ་བོད་ལ་བཞུགས་མ་བདེ་ནས་བལ་ཡུལ་ལ་ཕྱིར་ལོག དེ་རྗེས་ཡང་བསྐྱར་ཁོང་ཚུར་བོད་ལ་ཕེབས། དུས་དེར་བོན་པོ་དང་བོན་བློན་རྣམས་ཀྱིས་ངོ་ལོག་ནས་ཆོས་མི་བྱེད་བོན་བྱ་དགོས་ཟེར། མཁན་པོས་རྒྱལ་ཁམས་གཅིག་ལ་ཆོས་ལུགས་གཉིས་བྱས་ན་ཤིན་ཏུ་སྡིག་ཆེ་གསུངས། དེ་ལ་བོད་བཙན་པོས་སྔར་བཞིན་རྒྱབ་སྐྱོར་གཏིང་ཟབ་གནང་། བོན་བསྣུབ་མགོ་བཙུགས། བོན་གྱི་དཔེ་ཆ་དུ་མ་མེ་ཆུ་ལ་ཕུལ། མང་དག་ཅིག་མཆོད་རྟེན་ནག་པོའི་འོག་ཏུ་མནན། བསམ་ཡས་དགོན་པ་བཞེངས། ཁ་ཅིག་གིས་བསམ་ཡས་ལྷ་ཁང་མི་མ་ཡིན་གྱིས་བྱས་པར་བཤད། དེ་ནི་དོན་མེད་པའི་འུད་བརྗོད་ཙམ་ལས་སྙིང་པོས་རབ་ཏུ་དབེན། རྒྱུ་མཚན་ནི། བོད་མི་དམངས་གྱིས་ཤ་ཁྲག་རྡོ་ལ་བསྐུས། རུས་པའི་བྲེང་ཐག་ཆད་ཆད་བར་དུ་སྡུག་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཞིག་ཡིན་པར་སེམས། སྐབས་དེར་སད་མི་བདུན་རབ་ཏུ་བྱུང་། དེ་ནི་བོད་ནང་དུ་ཤཀྱའི་རབ་བྱུང་པ་ཐོག་མ་དེ་ཆགས་ཡོད། དེ་ནས་བཟུང་གྲྭ་པ་མང་དུ་འཕེལ། དེ་དག་འཚོ་རྟེན་རྒྱལ་པོའི་བླ་མཛོད་ནས་གནང་དགོས་པར་བཤད། ལྷག་པར་མངའ་བདག་ཁྲི་རལ་དུས་སུ་རབ་བྱུང་པ་ལ་བསམ་ཡུལ་ལས་བརྒལ་བའི་གཙིགས་ཆེན་བྱིན། རབ་བྱུང་པ་རེ་ལ་སྦྱིན་བདག་ཁྱིམ་ཚང་བདུན་བདུན་ཕུལ་བ་དང་། བཙན་པོ་གོང་མ་རྣམས་ལ་ཆབ་སྲིད་ཀྱི་གཙོ་འགན་བཞེས་མཁན་བློན་ཆེན་རེ་རེ་མ་གཏོགས་མེད་ཀྱང་། ཁྲི་རལ་ལ་བྲན་ཀ་དཔལ་ཡོན་དང་འབྲོ་ཁྲི་གསུམ་རྗེ་ཟེར་བ་གཉིས་ཡོད། བྲན་ཀ་དཔལ་ཡོན་ཟེར་བ་དེ་གྲྭ་པ་བྱས་པས། ཁོང་འབྲོ་ཁྲི་གསུམ་རྗེ་ལས་ཆབ་སྲིད་ཀྱི་དབང་ཆ་ཆེ་བར་སོང་བ་མ་ཟད། ཆོས་ལུགས་ཀྱི་མི་སྣ་ཉང་ཏིང་ངེ་འཛིན་ཟེར་བ་དེས་ཆབ་སྲིད་ལ་ཇུས་གཏོགས་རྒྱ་ཆེར་བྱས། དེ་སྔོན་ལྷ་སྲས་གཙང་མ་ཟེར་བའི་བོད་བཙན་པོའི་གདུང་བརྒྱུད་དུ་གཏོགས་པ་ཞིག་རབ་ཏུ་བྱུང་། གྲྭ་པ་ཡིན་ཕྱིན་ཆད་དེའི་སྦྱིན་བདག་དང་བཅས་པ་སུས་ཀྱང་དཔྱ་ཁྲལ་དང་དམག་ཁྲལ་སོགས་གང་ཡང་འཇལ་མི་དགོས། དེ་ལྟར་རབ་བྱུང་པ་ལ་མངའ་ཐང་རབ་ཏུ་ཆེ་བར་བརྟེན་གྲྭ་པ་སྔར་ལས་ལྡབ་ལོག་འཕར། དེ་ནས་རིམ་བཞིན་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། དམག་དོན། མི་འབོར་ཚུད་ཆད་ལ་དཀའ་ངལ་ཆེན་པོ་ཞིག་འཁྲི་ཡོད། དེར་མ་ཟད་སྐུ་དྲག་སྐྱ་སེར་གཉིས་ཕན་ཚུན་མི་དགའ་བའི་ཞེ་འཁོན་ཞིག་ཀྱང་བྱུང་། དེ་ལྟར་འགལ་རྐྱེན་དེ་དག་ལོ་རེ་བཞིན་ཇེ་སྡུག་ཏུ་ཕྱིན། དེའི་རྒྱུ་རྐྱེན་གྲྭ་པས་བྱས་པར་བརྟེན་དུས་ཡུན་མི་རིང་པར་བོད་སྤྱི་བའི་ཆེད་དུ་ལྷག་བསམ་གྱིས་མ་བཟོད་ནས་བློན་པོ་འགའ་ཤས་གཙོས་གྲྭ་པ་རྣམས་གཙིགས་འཛིན་མཁན་ཁྲི་རལ་དམར་བསོད་དུ་བཏང་། ལྷ་སྲས་དར་མ་རྒྱལ་པོའི་གསེར་ཁྲིར་བཀོད། ཆབ་སྲིད་ཀྱི་གཙོ་འགན་བཞེས་མཁན་བློན་ཆེན་དབའ་རྒྱལ་ཏོ་རེ་སྟག་གཉའ་རུ་འབོད་པ་ཁོང་གིས་མཛད། ལྷ་སྲས་དར་མས་གྲྭ་པ་རྣམས་རང་ཁ་རང་གསོ་དགོས་པ་དང་། གྲྭ་པའི་སྦྱིན་བདག་རྣམས་ཀྱིས་དཔྱ་ཁྲལ་དང་དམག་ཁྲལ་རྒྱུགས་དགོས་པའི་བཀའ་ཕབས། གྲྭ་པ་རྣམས་ཀྱིས་རྒྱལ་པོ་ལ་ངོ་ལོག་བྱས། རྒྱལ་པོའི་བཀའ་བཙན་དུ་སོང་། གྲྭ་པ་ལ་ལ་ཁྱི་ར་ལ་བཏང་། ལ་ལ་རྒྱལ་པོའི་ཆིབས་ཞོན་པའི་ཁྲི་རུ་གྱུར། དེ་ནས་གྲྭ་པ་དང་རྒྱལ་པོའི་བར་གྱི་སྙོག་ཟིང་ཇེ་ངན་ལ་སོང་སྟབས། བསམ་ཡས་མཁན་རབས་དགུ་པ་ཤཀྱའི་དགེ་སློང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་ལ་ཞེ་འཁོན་མ་བཟོད་ནས་ལྷ་སྲས་དར་མ་ལྐོག་མདའ་བསྣུན་དེ་སྐུ་བཀྲོངས་པ་དང་ཆབས་ཅིག་སྔར་མཁན་ཆེན་ཞི་བ་མཚོ་ནས་བརྒྱུད་པའི་འདུལ་བའི་བརྒྱུད་པ་དེ་མི་མངོན་དབྱིངས་སུ་རྒྱས་གདབ་མཛད། མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་དང་ལྡན་པའི་བོད་བཙན་པོ་ཞེས་ཤར་ཕྱོགས་ས་ཡི་ལྟེ་བར་གཡུ་འབྲུག་ལྟར་གྲགས་པའི་མཇུག་བསྡུ་བྱས། བོད་ཁམས་སྤྱི་ལ་དབང་བའི་རྒྱལ་པོ་སྟོངས། བོད་ཁམས་ཡོངས་རྫོགས་འཐོར་ཞིག་ཏུ་སོང་བས་ཤིན་ཏུ་ཕངས། སྔར་ལོ་ངམ་རྟ་རྫིས་གྲི་གུམ་བཀྲོངས་པའི་ལོ་རྒྱུས་ཡོད་ཀྱང་བོད་འབངས་འཐོར་ཞིག་མ་སོང་བ་མ་ཟད་ལོ་ངོ་བཅུ་གསུམ་བར་རྒྱལ་སྲིད་སྲ་ཐག་ཐག་བཟུང་ཡོད། ལྷ་ལུང་དཔལ་རྡོར་ལ་རྒྱལ་པོ་བཀྲོངས་པའི་སྤོབས་པ་ཡོད་ལ་རྒྱལ་སྲིད་ཟིན་པའི་ནུབ་པ་མེད་པ་ཅི་འདྲའི་ཡ་མཚན་ཞིག་ཨང་། དེ་ནས་དབུས་གཙང་ཁུལ་དུ་ལོ་དགུ་བཅུ་གོ་བརྒྱད་ཀྱི་བར་ཆོས་ཀྱི་མིང་ཙམ་ཡང་མེད་དོ་ཞེས་རྒྱལ་རབས་གསལ་མེ་བཞེད། སླར་ཡང་འདུལ་བརྒྱུད་སྨད་ནས་ཡར་དར་བ་ཡིན་པས་དེའི་ཁུངས་བླ་ཆེན་དགོངས་པ་རབ་གསལ་ཡིན། ཁོང་གི་ལོ་རྒྱུས་གཡུང་དྲུང་བོན་གྱི་བཞེད་ཚུལ་དང་། དམ་པའི་ཆོས་ཀྱི་གསུང་ཚུལ་གཉིས་ཡོད། གཡུང་དྲུང་བོན་ལུགས་ལ་ཁོང་སྤྱི་ལོ་༩༥༢ལ་སྐུ་འཁྲུངས། ཁོང་གི་ཡབ་ཀྱི་མཚན་ལ་ཡ་ཟི་ཁྲོམ་འབར་ཞུ། ཁོང་གི་འཁྲུངས་ཡུལ་གང་ཡིན་ཁ་གསལ་མ་འཐོང་། ཁོང་ཚེ་སྟོད་ལ་སྔགས་པ་ཞིག་ཡིན། མཚན་ལ་ཡ་ཟི་མུ་ཐུར་ཟེར། རྗེས་སུ་ཡ་ཟི་བོན་སྟོན་ཡང་འབོད། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་དང་། སྔགས་ཀྱི་རྒྱུད་སྡེ་ལ་ཐོས་བསམ་དང་སྦྱངས་བརྩོན་ཚུལ་བཞིན་མཛད། ཚེ་སྨད་ལ་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། མཚན་ལ་ཤེས་རབ་ཚུལ་ཁྲིམས་གསོལ། ཁོང་གི་སློབ་མ་བོན་པོའི་འདུལ་བའི་བརྒྱུད་འཛིན་མཁན་པོ་གཉོས་ཨ་རིན་ཡིན། ཚུལ་མིང་རིན་ཆེན་རྒྱལ་མཚན་གསོལ། དེ་ནས་བོན་ཕྱོགས་སུ་འདུལ་བའི་བསྟན་པ་མེ་འབར་བ་ལྟར་གྱུར་ཏེ་ཁམས་དང་དབུ་གཙང་མངའ་རིས་སོགས་ལ་ཁྱབ་ནས་ད་ལྟའི་བར་གྲ་མ་ཉམས་གྲུ་མ་ཞིག་པར་གནས་ཡོད། གཞན་ཡང་ཁོང་གི་སློབ་མ་གཙང་ནས་ཡིན་པའི་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་གི་ཤེས་རབ་སེང་གེ། འ་ཞ་རྒྱལ་བ་བློ་གྲོས། འབྲི་ཡེ་ཤེས་སྙིང་པོ་དང་། དབུས་ནས་ཡིན་པའི་སྣུབས་མེས་ཚུལ་ཁྲིམས་ཤེས་རབ། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཡེ་ཤེས་བློ་གྲོས་བཅས་སོ། དེ་རྣམས་བན་དྷེ་ཡིན། ཁོང་གིས་སློབ་མ་དེ་རྣམས་ལ་ང་དྲན་རྟེན་ཡིན་གསུངས་ནས། ཤམ་ཐབས་ཀ་བ་སྔོན་པོ། ཐང་བའི་སྣམ་བུ་སྔོན་པོ། ཞྭ་མོ་སྔོན་པོ། གཏོར་བུ་སྔོན་པོ་དགོས་པ་བཅས་ལུང་ཕོག དེ་འདྲའི་བཤད་ཚུལ་དེ་བན་ཕྱོགས་ལའང་ཡོད་དེ། མདོ་སྨད་ཕྱོགས་ཀྱི་མཁས་པ་ཚེ་ཏན་པས་བླ་ཆེན་པོ་དང་པོ་བོན་པོའི་རྒྱུད་ཡིན་པའི་ཐུགས་ཞེན་བརྡ་མཚོན་དུ། ཞྭ་ཐེབ་ཀྱི་མུ་འཐུམ་དང་། བླ་གོས་ཀྱི་མཐའ་བཙེམས་པ། གཏོར་བུ་དང་། ཤོ་ཀ་ལིའི་ནང་རྣམས་སྔོན་པོར་བྱས་པ་ཡང་སློབ་མ་དེ་དག་ལ་བསྟན་པར་མཛད་ཅེས་ཚུལ་ཤེའི་སྨད་འདུལ་བརྒྱུད་རིམ་དུ་བཤད་དོ། ཞེས་གསུང་ངོ་། དེར་མ་ཟད་དེང་སང་བན་ཕྱོགས་ལ་སྤྱོད་བཞིན་པའི་ཞྭ་མོ་སེར་པོ་དང་དམར་པོ་སྣ་རིང་དང་སྣ་ཐུང་ཅི་རིགས་ཡོད་པ་དེ་དག་གི་ཁུངས་བོན་པོའི་འོབ་ཞུ་ཞེས་པ་དེ་རེད་འདུག་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན། ༼ཤོག་ངོས། 246༽ “ཕྱི་ལོ་ཀླུ་མེས་ཀྱིས་མཁན་པོ་ལ་ཁོ་བོ་དབུས་གཙང་དུ་འགྲོ་བས་མཆོད་གནས་ཞིག་ཞུ་བྱས་པས་བོན་པོའི་ཞྭ་འོབས་ཞུ་ཕོག་ནས་ས་སེར་བཏབ་པ་གསོལ་འཕྲོ་ཞིག་གནང་ནས་འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་ཏེ་གསོལ་ནས་ཕྱིས་དབུས་སུ་ཚད་པ་ཚ་བས་རྒྱབ་བལྟབ་སྟེ་གསོལ་བས་ཞྭ་སྣ་རིངས་སུ་གྲགས་པ་བྱུང་ལ་དབུས་གཙང་མི་བཅུ་ལས་མཆེད་པ་ཕར་ཆེར་གྱི་ཞྭ་འདི་ཡིན། ཕྱིས་བཀའ་གདམས་ཀྱི་གཞུང་མན་ངག་པ་གཉིས་ལའང་འདི་ལས་གྱེས་པའི་ཞྭ་ཅུང་ཟད་མི་འདྲ་བ་རེ་ཡོད་ཅིང་དྭགས་པོ་སྒོམ་ཚུལ་གྱིས་འདིའི་རྒྱབ་བལྟབ་སྟེ་གསོལ་བས་སློབ་དཔོན་སྒོམ་ཚུལ་གྱི་ཞྭ་ཞེས་སྒོམ་ཞྭར་ཡང་གྲགས་སོ།” ཞེས་གསུངས། མཁན་བུ་དེ་དག་གིས་དབུས་གཙང་ཁུལ་དུ་བན་ལུགས་ཀྱི་འདུལ་བ་ཁྱབ་སྤེལ་གནང་ཡོད། མདོར་ན་བླ་ཆེན་དགོངས་པ་རབ་གསལ་ནི། བན་བོན་གཉིས་ཀའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་རེད་འདུག་སྟེ། སྔ་དྲོར་བོན་པོའི་གྲྭ་པ་རྣམས་ལ་བོན་གྱི་འདུལ་བ་འཆད། ཉིན་གུང་སྔགས་པ་རྣམས་ལ་སྔགས་རྫོགས་ཀྱི་བོན་འཆད། ཕྱི་དྲོ་བན་དྷེའི་གྲྭ་པ་རྣམས་ལ་བན་དྷེའི་འདུལ་བ་འཆད་ཅེས་གཡུང་དྲུང་བོན་གྱི་ལོ་རྒྱུས་དུ་མའི་ནང་དུ་འཁོད་ཡོད་དོ། བན་དྷེའི་མཁས་པ་ཚོས་དངོས་སུ་ཁོང་བོན་པོའི་འདུལ་བའི་བརྒྱུད་འཛིན་བླ་མ་ཞིག་ཡིན་པར་བཤད་མེད་ཀྱང་བོན་པོ་དང་འབྲེལ་བ་ཡོད་ཚུལ་ཡང་ཡང་གསུང་། ལྡེའུ་ཇོ་སྲས་ཀྱིས་བླ་ཆེན་གྱི་རིགས་རྒྱུད་ལ་བསྔགས་བསྟོད་རྒྱ་ཆེར་གནང་ཡོད། དམ་པ་ཆོས་ཀྱི་ལུགས་ལ་མཁས་པ་ཀུན་ཞལ་གཅིག་གྲགས་བླ་ཆེན་དགོངས་པ་རབ་གསལ་ནི་འདུལ་བའི་བསྟན་པདར་སྤེལ་གཏོང་མཁན་དང་ཕྱི་དར་གྱི་སྐབས་སུ་བསྟན་པའི་མེ་རོ་སློང་མཁན་ཡིན་པར་བཞེད། འོན་ཀྱང་ཁོང་གི་འཁྲུངས་ཡུལ་དང་། མཁན་སློབ། བསྟན་པའི་མེ་རོ་སློང་ཡུལ། མཁན་བུ། སྐུ་འཁྲུངས་པའི་དུས་ཚོད་བཅས་གཅིག་མཐུན་ཞིག་ད་དུང་བྱུང་མེད། དེའི་ཚུལ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་༼རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། རྩོམ་ལོ། 1545 མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 243༽ལས། “དེའི་ཚེ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲི་གསུམ་རྗེས་བསྟན་པ་གསལ་ནུས་པར་སྨོན་ལམ་བཏབ་ནས་ལོ་སོ་ལྔ་པ་ལྕགས་ཕག་ལ་ཚེ་འཕོས་ཏེ་ཙོང་ཁ་བདེ་ཁམས་སུ་ཆུ་བྱི་ལ་འཁྲུངས།” ཞེས་དང་། ཆོས་འབྱུང་དཔག་གསམ་ལྗོན་བཟང་༼ རྩོམ་པ་པོ། སུམ་པ་ཡེ་ཤེས་དཔལ་འབྱོར། འཁྲུངས་ལོ། 1704 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 348༽ལས། “བསྟན་པ་སྣུབས་པ་ལས་ལོ་དགུས་སྔ་བའི་ཆུ་བྱིར་ཙོང་ཁ་བདེ་ཁམས་སུ་བོན་པོ་ཞིག་གི་བུར་བལྟམས་ཏེ་མིང་མུ་ཟི་གསལ་འབར་དུ་བཏགས།” ཞེས་དང་། གུ་བཀྲའི་ཆོས་འབྱུང་༼རྩོམ་པ་པོ། གུ་རུ་བཀྲ་ཤིས། རྩོམ་ལོ། 1807-1873 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས། 354༽ལས། “དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་བཏགས།” ཞེས་སོ། ཆོས་འབྱུང་དེ་དག་གི་བཤད་པ་ལྟར་ན་ཁོང་སྐུ་འཁྲུངས་ཡུལ་ཙོང་ཁ་བདེ་ཁམས་ཡིན་པར་གསལ། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་༼རྩོམ་པ་པོ། ལྡེའུ་ཇོ་སྲས། དུས་རབས། 12 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས། 154༽ལས། “དེ་ནས་དམ་པ་ཆོས་ཀྱི་མེ་རོ་ནི། ཁྲི་ཆུང་ཁྲི་ལྡེ་མགོན་བཙན་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གསུམ་གྱི་སྐུ་དྲིན་ལ་ཁམས་པ་མུ་ཟུ་ཀ་ར་འཕན་གྱིས་བླངས་ཞེས་པ་དང་།” ཞེས་དང་། “དན་ཏིང་པད་མའི་ཡང་དགོན། རྩེ་དྲུག་ལྷུན་གྱི་སྒང་། གཡུང་༼དྲུང་༽རུང་ཤེལ་གྱི་བྲག་ཕུག མདངས་དགའ་ལ་བྱིན་ཆེ་བའི་གནས་དེར། བླ་ཆེན་དགོངས་པ་རབ་གསལ་སྐུ་འཁྲུངས་ཏེ། བླ་ཆེན་དེ་ཡང་རིགས་སུ་བཟང་བ། ལས་སུ་དག་པ། སྡོམ་རྒྱུད་ཀྱི་ཟུངས་ཐུབ་པ། བདེ་བར་གཤེགས་པའི་སྤྲུལ་པ་གཅིག་བཞུགས་སྐད།” ཅེས་དང་། ལྡེའུ་ཆོས་འབྱུང་༼ཤོག་ངོས། 373༽ བླ་ཆེན་ཁམས་(221བ)པ་ཡིན་པས། ད་ལྟ་ཁམས་པ་ལ་ཨ་མིར་འབོད་པ་དེ་ལྟར་རོ། ཞེས་པས་དེ་ལྟར་ལོ་རྒྱུས་རྙིང་གྲལ་ལྡེའུ་ཆོས་འབྱུང་རྒྱས་བསྡུས་འདི་གཉིས་ཀྱིས་བླ་ཆེན་སྐུ་འཁྲུངས་ཡུལ་ཁམས་ཡིན་པར་བཞེད་པ་འདི་ནི་ལྡོག་ཏུ་མེད་པའི་གཏན་ཚིགས་ཞིག་ཡིན་འདུག་ཀྱང་ཕྱིས་འབྱུང་མཁས་པས་དེ་ལ་ངོས་འཛིན་མེད་པ་ཡ་མཚན་རེད། དེར་མ་ཟད་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས་ནང་དུ་བླ་ཆེན་ཁམས་སུ་འཁྲུངས་པ་དང་། ཁོང་གིས་ར་ལུག་འཚོ་བའི་སྐབས་སུ་དམར་གཡོ་གཙང་གསུམ་མཇལ་བའི་ཚུལ་ཁོ་བོས་ཐོས་མྱོང་ཡོད། ད་ལན་དཔེ་ཆ་དེ་མ་འབྱོར། རྒྱལ་རབས་གསལ་བའི་མེ་ལོང་༼རྩོམ་པ་པོ། ས་སྐྱ་བསོད་ནམས་རྒྱལ་མཚན། འཁྲུངས་ལོ། 1312 མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 241༽ལས། “དེའི་ཚེ་རྒྱལ་པོ་སྡིག་ཅན་གྱིས་ཆོས་སྣུབས་ནས་ལོ་དྲུག་ཅུ་ལོན་པ་ན། འཕན་ཡུལ་ཞོག་ན་རྨུ་གསལ་གཤེན་འབར་བྱ་བའི་བོན་པོའི་བུ། རྨུ་ཟ་འཕན་བྱ་བའི་བྱིས་པ་ཅིག་གིས། སྣང་གསལ་ལྷ་ཁང་བྱ་བའི་ནང་དུ་ཕྱིན་པས། རབ་ཏུ་བྱུང་བ་ཆོས་ཉན་བཤད་བྱེད་པ་འདྲ་བའི་གཟུགས་གྱང་རིས་ལ་འདུག་པས་ཅི་ཡིན་དྲིས་པས། དེ་ན་འདུག་པའི་རྒན་མོ་ཅིག་ན་རེ། རབ་ཏུ་བྱུང་བ་བྱ་བའི་གཟུགས་ཡིན་བྱས་པས། བྱིས་པ་དེ་སྔོན་གྱི་ལས་འཕྲོའི་དབང་གིས་དད་པ་སྐྱེས་ནས་མཆི་མ་ཕྱུང་སྟེ། རབ་ཏུ་བྱུང་བ་ད་ལྟ་ཨེ་ཡོད་དྲིས་པས། རྒན་མོ་ན་རེ། ང་བུ་མོའི་དུས་ན་ཡིན་ཏེ། རྒྱལ་པོ་གླང་དར་མས་ཆོས་སྣུབས་པའི་དུས། རབ་ཏུ་བྱུང་བ་རྣམས་ཕབ་པས། རྟགས་དང་ཕྲལ། ལ་ལ་བསད། ལ་ལ་ཤི། ད་ལྟ་དབུས་གཙང་ལ་རབ་ཏུ་བྱུང་བ་མེད་དོ། ཆུ་བོ་(ར)རི་དང་ཡེར་པ་ལ་སོགས་པ་ནས་ཁམས་སུ་བྲོས་པའི་རབ་བྱུང་པ་ད་ལྟ་ཁམས་ན་ཡོད་ཐག་ཆོད་འདུག་ཟེར་བས། རབ་ཏུ་དགའ་སྟེ། ལུས་དང་སྲོག་ལ་མ་བལྟས་པར་བྱིས་པ་དེས་ཁམས་སུ་ཕྱིན་པས། ལྷ་ལུང་དཔལ་གྱི་རྡོ་རྗེ་དང་མཇལ་ནས། དད་པ་སྐྱེས་ནས་རབ་ཏུ་བྱུང་བར་ཞུས་པས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཞལ་ནས། བདག་གིས་རྒྱལ་པོ་སྡིག་ཅན་བསད་པས་ང་ལ་སྡོམ་པ་མེད། ངས་གྲོགས་བྱ་ཡིས་གསུངས་ནས། མཁན་བཙུན་དེ་རྣམས་དང་མཇལ་རབ་ཏུ་བྱུང་བས། མིང་ཡང་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས་སོ།” ཞེས་པས་བླ་ཆེན་དབུས་པ་ཞིག་ཡིན་པ་དང་། ཁོང་གི་འཁྲུངས་ཡུལ་འཕན་ཡུལ་ཞོག་པ་ཡིན་པར་གསལ་པོར་གསུངས། དེ་ལྟར་བླ་ཆེན་འཁྲུངས་ཡུལ་ཙང་ཁ་བདེ་ཁམས་དང་། ཁམས། འཕན་ཡུལ་ཞོག་པ་བཅས་གསུང་ཚུལ་མི་འདྲ་བ་གསུམ་བྱུང་། བླ་ཆེན་པོས་དམར་གཡོ་གཙང་གསུམ་ལས་རབ་ཏུ་བྱུང་བའི་ས་གནས་སྐོར་ལ་གསུང་ཚུལ་མི་འདྲ་བ་སྣང་། ལྡེའུ་ཆོས་འབྱུང་༼རྩོམ་པ་པོ། མཁས་པ་ལྡེའུ། དུས་རབས། 12 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 369༽ལས། “ཆུ་བོ་རི་ཡི་དགོན་གྲྭ་ན། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཡོད་པས། ཧོར་གྱི་ཡུལ་(219བ)དུ་ཕྱིན་ཙ་ན། དེར་ཡང་ཆོས་ལུགས་ལ་འགོད་པར་མ་ནུས་ནས། ཧོར་གྱི་ཤཱཀྱ་པྲ་པ་དང་འགྲོགས་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་པོས་ཞལ་ལྟར་ཕྱིན་ཏེ། མཇལ་བས་ཆོས་གཅིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང་། དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་ན་ཕར་ལྟ་བཞིན་ཕྱིན་པས། དད་ནས་མཆི་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང་།” ཞེས་དང་། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། ༼ཤོག་ངོས། 154༽ ལས། “མདོ་སྨད་ཡན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་དེས་ཞལ་ཏ་བྱོན་པས་འབྲལ་ནས་ཆོས་གཅིག་བསླབ་པར་ཞུས་པས།” ཞེས་དང་། བུ་སྟོན་ཆོས་འབྱུང་༼རྩོམ་པ་པོ། བུ་སྟོན་རིན་ཆེན་གྲུབ། འཁྲུངས་ལོ། 1290 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས། 193༽ལས། “དར་མས་བསྟན་པ་བསྣུབས་པའི་དུས་སུ། འཇད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་དང་གསུམ་”ཞེས་དང་། “མདོ་སྨད་ལྷོ་ངོས་ཀྱི་བེ་རོ་ཚྭ་མཚོ་ན་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེ་བྲག་ར། ཨ་ལུང་གནམ་རྫོང་ཏན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་ཞིང་ཡོད་པ་ལས། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ་དགོངས་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་པར་ལྡན་པ་མོས་པས་སྤྱོད་པའི་ས་པ་མུ་གཟུ་གསལ་འབར་བྱ་བས་བལྟར་ཕྱིན་པས་དད་ནས་རབ་ཏུ་འབྱུང་བར་ཞུས་པས། འདུལ་བའི་པོ་ཏི་གཏད་ནས་འདི་ལྟོས་དད་ན་རབ་ཏུ་དབྱུང་གསུངས། བལྟས་པས་དད་དེ་མཆི་མ་བྱུང་ངོ་། དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་སོ། མཁན་སློབ་ལས་མིང་སྦྱར་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་བཏགས།” ཞེས་གསུངས། ཀློང་ཆེན་ཆོས་འབྱུང་༼རྩོམ་པ་པོ། རྒྱལ་སྲས་ཐུགས་མཆོག་རྩལ། དུས་རབས། 14 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 389༽ལས། “འཇད་པ་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་” ཞེས་དང་། “ཁམས་སུ་བྲོས་ནས་དན་ཏིག་ཤེལ་གྱི་དགོན་པར་སླེབས་པ་དང་།” ཞེས་དང་། “རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ།” ཞེས་དང་། “དེར་གཙང་གི་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བྱུང་ངོ་། མཚན་ཡང་མཁན་སློབ་དང་སྦྱར་ཏེ་དགེ་བ་རབ་གསལ་དུ་གྲགས་སོ།” ཞེས་གསུངས། དེ་དག་གིས་ཁོང་གི་འཁྲུངས་ཡུལ་སྐོར་གསལ་ཁ་གང་ཡང་མ་བཤད་ཀྱང་རབ་ཏུ་བྱུང་ས་མདོ་སྨད་ན་ཡིན་པར་གསལ་བར་བཤད་པ་མ་ཟད། བུ་སྟོན་ཆོས་འབྱུང་དང་ཀློང་ཆེན་ཆོས་འབྱུང་གཉིས་ཀྱི་བཤད་ཚུལ་ཕལ་ཆེར་གཅིག་མཚུངས་སུ་འདུག་པས་ཀློང་ཆེན་ཆོས་འབྱུང་རྩོམ་པ་པོས་བུ་སྟོན་ཆོས་འབྱུང་ལས་འདྲ་བཤུས་བྱས་པར་གསལ། འོན་ཀྱང་ཁོང་གིས་ “ཁམས་སུ་བྲོས་”ཞེས་པ་དེ་མནན་ཁ་བརྒྱབ་པ་འདྲ། གང་ལྟར་མདོ་སྨད་དན་ཏིག་ཟེར་བ་དེར་བླ་ཆེན་གྱིས་སྨར་གཡོ་གཙང་གསུམ་དང་མཇལ་ནས་རབ་ཏུ་བྱུང་ཚུལ་ངོས་འཛིན་གནང་། ཆོས་འབྱུང་མེ་ཏོག་སྙིང་པོ་༼རྩོམ་པ་པོ། ཉང་ཉི་མ་འོད་ཟེར། དུས་རབས། 12 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 415༽ལས། “བཙན་པོ་དེ་ཉིད་ཀྱིས་དབུས་གཙང་གི་མི་རྣམས་ལ་ཐར་པའི་དོན་འབྱུང་བར་བཞེད་པས། སྡོམ་པ་མཚན་ཉིད་པ་བླངས་ས་ག་ན་ཡོད་རྩད་བཅད་པས། དང་པོ་རྗེ་དར་མས་བསྟན་པ་བསྣུབས་ནས་དམར་གཙང་གཡོ་གསུམ་མར་བྲོས་པ་ལས་མཆེད་པ་མདོ་ཁམས་སྨད་ན་འདུག་ཅེས་གསན་ནོ། ཁོང་གཉིས་ཀྱིས་དབུས་གཙང་ནས་དད་པ་ཅན་བསྐུལ་ལོ། དེར་བོད་དད་པ་ཅན་འགའ་ཞིག་ཕྱིན། དགེ་བསྙེན་རེ་ཙམ་བྱས་ནས་ཕྱིན་པས་ནི་སྡེ་པ་འཕེལ་མ་ནུས་སོ། དེ་ནས་དབུས་གཙང་གི་མི་ཁམས་ནས་སྡོམ་པ་བླངས་པ་ལ་ལོ་རྒྱུས་ཆོས་འབྱུང་འགའ་ཡོད་དོ། མི་བཅུ་གཉིས་ལམ་ནས་ལོག་པ་གཅིག་དང་བཅུ་གསུམ་འོངས། བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད།” ཅེས་ཉང་གིས་དབུས་གཙང་གི་མི་རྣམས་ཀྱིས་བླ་ཆེན་མཇལ་ས་དང་རབ་ཏུ་བྱུང་ས་མདོ་ཁམས་སྨད་ལ་མ་ཡིན་པར་ཁམས་ལ་ཡིན་པར་བཤད་པ་དང་། དེ་དང་ཚུལ་མཐུན་པར་མཁས་པའི་དགའ་སྟོན་བཤད་དེ། དེ་ཉིད་༼ཤོག་ངོས། 245༽ལས། “དབུས་གཙང་གི་མི་བཅུས་ཁམས་སུ་བྱོན། བསམ་ཡས་ཀྱི་མངའ་བདག་ཚན་ཡེ་ཤེས་རྒྱལ་མཚན་གྱིས་ཁམས་སུ་བརྫངས་ཞེས་ཀྱང་གྲགས།” ཞེས་གསལ། གོང་དུ་ཀློང་ཆེན་ཆོས་འབྱུང་རྩོམ་པ་པོས་“ཁམས་སུ་བྲོས་ཏེ་དན་ཏིག་ཤེལ་གྱི་དགོན་པར་སླེབས་པ་དང་།” ཞེས་དང་། “རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ།” ཞེས་ཁམས་ཞེས་པ་དེ་དང་རྨ་ཆུའི་ཕྱོགས་གཉིས་གཅིག་ཏུ་བྱས། དེར་མ་ཟད་ད་དུང་ཁམས་དང་མདོ་སྨད་གཉིས་གཅིག་ཏུ་བྱས་པའི་དཔེ་ཆ་གཞན་ཡང་མཐོང་རྒྱུ་ཡོད་དེ། ཤེས་བྱ་ཀུན་ཁྱབ་༼རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རྩོམ་ལོ། 1863 ཁྲ་འགུ་དྷརྨ་ཀ་ར་རྩོམ་བསྒྱུར་ཁང་། ཤོག་ངོས། 438༽ལས། “ཤཱཀྱ་མུ་ནི། གཡོ་དགེ་འབྱུང་། གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས། གར་ལོག་དང་ཧོར་ཡུལ་དུ་ཕྱིན་ཀྱང་བསྟན་པ་སྤེལ་མ་བཏུབ་སྟེ་ཁམས་སུ་བྱོན། རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་ངམ། དན་ཏིག་ཤེལ་གྱི་ཡང་དགོན་དུ་བསྒོམ་ཞིང་བཞུགས་པའི་ཚེ། དམུ་གཟུགས་ལ་འབར་གྱིས་བལྟར་ཕྱིན་པས་དད་དེ་རབ་ཏུ་བྱུང་བར་ཞུས་པ་ལ། སྨར་གྱིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་།” ཞེས་བཤད། དེ་ལྟར་ཀློང་ཆེན་ཆོས་འབྱུང་རྩོམ་པ་པོ་དང་ཀོང་སྤྲུལ་རྣམ་གཉིས་ཀྱིས་ཁམས་དེ་མདོ་སྨད་རྨ་ཆུའི་ཕྱོགས་ལ་ངོས་འཛིན་ཡོད་པ་གསལ་པོ་རེད་འདུག འོན་ཀྱང་ཉང་གི་གསུང་ཚུལ་ལ་གཞིགས་ན་དེ་གཉིས་ཁ་ཁ་ཡིན་པ་དང་། རྒྱལ་རབས་གསལ་མེས་ཀྱང་ཁམས་ལ་ངོས་འཛིན་གནང་བ་མ་ཟད། ཆོས་འབྱུང་འདིའི་དཀར་ཆག་ནང་དུ་“སླར་ཁམས་ནས་སངས་རྒྱས་ཀྱི་བསྟན་པ་དར་བའི་སྐོར་”ཞེས་བཤད་ཡོད། དེ་ལྟར་བླ་ཆེན་དམར་གཡོ་གཙང་གསུམ་ལས་རབ་ཏུ་བྱུང་བའི་ལུང་པ་ཁམས་དང་མདོ་སྨད་ཅེས་བཤད་ཚུལ་གཉིས་བྱུང་། བླ་ཆེན་དགོངས་རབ་གསལ་གྱིས་དམར་གཡོ་གཙང་གསུམ་ལས་རབ་ཏུ་བྱུང་བའི་བཤད་ཚུལ་དེ་གཅིག་མཐུན་ཞིག་བྱུང་མེད། དེའི་ཚུལ་མཁས་པའི་དགའ་སྟོན་ནང་དུ་ལོ་རྒྱུས་ཆེན་མོ་ཟེར་བ་ཞིག་གི་གསུང་ཚུལ་བཀོད་ཡོད་དེ། ༼ཤོས་ངོས། 243༽ “བསྟན་པ་བསྣུབས་པའི་དུས་དབུས་ནས་ཞང་མངའ་འཇམ་དཔལ་དང་ཡང་གོང་ཤེས་རབ་འབྱུང་གནས་གཉིས་ཁམས་སུ་བྱོན། དེའི་ཚེ་ཡང་གོང་གིས་ཁུངས་བསྟན་ནས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས།” ཞེས་བླ་ཆེན་ཞང་མངའ་འཇམ་དཔལ་ནས་བསྙེན་རྫོགས་བཞེས་པར་བཤད། དེར་མ་ཟད་དམར་གཡོ་གཙང་གསུམ་ལས་རབ་ཏུ་བྱུང་བའི་ཤཱཀྱ་དགེ་བ་གསལ་ཟེར་བ་དེ་བླ་ཆེན་དགོངས་པ་རབ་གསལ་ཡིན་པའི་ངོས་འཛིན་གཅིག་མཐུན་དུ་བྱུང་མེད་དེ། རྒྱལ་རབས་གསལ་མེ། ༼ཤོག་ངོས། 240༽ “ཆུ་བོ་རི་ནས་བྲོས་པའི་གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཁམས་སུ་བྲོས། དེའི་རྗེས་ལ་ཀ་འོད་མཆོག་གྲགས་པ་དང་། རོང་སྟོན་སེང་གེ་རྒྱལ་མཚན། ལྷ་ལུང་དཔལ་གྱི་རྡོ་རྗེ་དང་གསུམ་སྔ་རྟིང་དུ་བྲོས་སོ། དེའང་ཐོག་མར་ཁམས་སུ་སློབ་མ་བྱུང་བ་ནི། བོན་པོའི་བུ་སྨ་ཟ་གསལ་གྱིས་ཕྱུགས་འཚོར་ཕྱིན་པས། ཆུ་བོ་རི་ནས་བྱོན་པའི་དགེ་སློང་གསུམ་པོ་དང་མཇལ་ཏེ། ལས་འཕྲོའི་དབང་གིས་དད་པ་སྐྱེས་ནས་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ། མཁན་སློབ་སོང་སྟེ་གསུམ་ཀའི་མཚན་ནས་དྲས་ཏེ། ཤཱཀྱ་དགེ་བ་གསལ་དུ་བཏགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏོ། དེ་ལ་བརྟེན་ནས་ཁམས་པའི་མི་བལ་རྡོ་རྗེ་དབང་ཕྱུག སྣུབས་དཔལ་གྱི་བྱང་ཆུབ། ཡང་གོང་ཡེ་ཤེས་གཡུ་རུ། སྦར་རིན་ཆེན། ལྕང་ཡེ་ཤེས་སེང་གེ ཅོ་རོ་ཤེས་རབ་བྱང་ཆུབ། གཞན་ཡང་ཤོད་ཆུང་བ་ཤེས་རབ་གྲགས། ཨན་འབར་བ་བྱང་ཆུབ། གྲུམ་ཡེ་ཤེས་རྒྱལ་མཚན། གནུབས་དཔལ་གྱི་བྱང་ཆུབ། སྒྲོ་མཉྫུ་ཤཱི་ལ་སོགས་པའི་མཁས་བཙུན་མང་པོ་བྱོན་ནོ། དེའི་ཚེ་རྒྱལ་པོ་སྡིག་ཅན་གྱིས་ཆོས་སྣུབས་ནས་ལོ་དྲུག་ཅུ་ལོན་པ་ན།” ཞེས་དང་། ༼ཤོག་ངོས། 242༽ “མཁས་བཙུན་དེ་རྣམས་དང་མཇལ་རབ་ཏུ་བྱུང་བས། མིང་ཡང་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས་སོ།” ཞེས་པས་ལྷ་སྲས་དར་མས་འདུལ་ཆོས་བསྣུབས་ནས་ལོ་དྲུག་ཅུ་ལོན་པའི་སྐབས་སུ་གཞི་ནས་བླ་ཆེན་གྱིས་ཤཱཀྱ་དགེ་བ་གསལ་དང་ཁོང་གི་སློབ་མ་ཁམས་པའི་མི་དེ་ཚོ་ལས་རབ་ཏུ་བྱུང་ཚུལ་གསུང་པ་ལས་བླ་ཆེན་གྱི་མཁན་པོ་དམར་གཡོ་གཙང་གསུམ་ཡིན་པ་བཤད་མེད། འདི་གཙུག་ལག་ཕྲེང་བས་བཀག་པ་ལྟར་སྣང་ཡང་རྒྱུ་མཚན་ཡང་དག་ཅིག་བཀོད་མི་འདུག བླ་ཆེན་གྱི་མཁན་བུའི་ཕྱོགས་ལ་ངོས་འཛིན་གཅིག་མཐུན་མེད་པའི་ཚུལ་ནི། ཡོངས་གྲགས་ལྟ་བུ་ཆགས་པ་ཀླུ་མེས་སོགས་དབུས་གཙང་གི་མི་བཅུ་བླ་ཆེན་ལས་རབ་ཏུ་བྱུང་བའི་ཚུལ་བཤད་དེ། བུ་སྟོན་ཆོས་འབྱུང་། ༼ཤོག་ངོས། 194༽ “དེ་ནས་ལོ་ལྔ་ལོན་པ་དང་། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡོན་ཏན་ཡེ་ཤེས།” ཞེས་དང་། “བླ་ཆེན་པོས་མཁས་པོ་བྱས་གཙང་དང་། གཡོས་ལས་སློབ་དང་གསང་སྟོན་བྱས།” ཞེས་པ་དེ་རེད། འོན་ཀྱང་མཁས་པའི་དགའ་སྟོན་ནང་དུ་ལོ་རྒྱུས་ཆེན་མོ་ཞེས་པ་ཞིག་གི་གསུང་ཚུལ་བཀོད་ཡོད་པ་ནི། ༼ཤོས་ངོས། 243༽ “དེའི་མཁན་བུ་ཅོག་རོ་དཔལ་གྱི་དབང་ཕྱུག་དང་གྲུམ་ཕྱིང་སླག་ཅན་གཉིས་ཡིན། དེ་ཚེ་གཙང་པ་ལོ་ཚང་གཉིས་དབུས་ཀླུ་མེས་དང་འབྲིང་སྟེ་བཞིས་ཅོག་གྲུམ་ལ་མཁན་སློབ་ཞུས་ཏེ་བླངས།” ཞེས་དང་། ཡང་དེ་ཉིད་ལས་ས་སྐྱ་བླ་མའི་འདོད་ཚུལ་ཞིག་བཀོད་པ། ༼ཤོས་ངོས། 245༽ “དབུས་གཙང་གི་མི་བདུན་ཞེས་ཀླུ་འབྲིང་ལོ་ཚང་གི་སྟེང་དུ་སུམ་པ་ཡེ་བློ་རྒྱ་བན་བློ་ཤེ་གཞོན་བན་ཆོས་མཆོག་སྟེ་བདུན་ཕྱིན་པ་གྲུམ་དང་ཅོག་རོ་ལས་སྡོམ་པ་མནོས་ནས་ལོག” ཅེས་བཤད་པས་དེ་དག་གིས་དབུས་གཙང་གི་མི་བདུན་པོས་སྡོམ་པ་ལེན་ས་བླ་ཆེན་མ་ཡིན་པར་ཅོག་རོ་དང་གྲུམ་གཉིས་ཡིན་པར་བཞེད་དོ། ཆོས་འབྱུང་མེ་ཏོག་སྙིང་པོ། ༼ཤོག་ངོས། 420༽ “དེ་དག་གིས་བླ་དགོངས་པ་རབ་གསལ་ལ། དེས་སྒྲོན་མནྫུ་ཤྲཱི་ལ། དེས་གྲུམ་ཡེ་ཤེས་རྒྱལ་མཚན་ལ། དེས་དབུས་གཙང་གི་མི་ལྔའམ་བཅུ་ལ་བརྒྱུད་ནས། ཀླུ་མེས།” ཞེས་པའི་གསུང་ཚུལ་ཞིག་བྲིས་ཡོད་པས། དེ་ནི་ལོ་རྒྱུས་ཆེན་མོ་དང་ས་སྐྱ་བླ་མའི་བཞེད་དང་མཐུན། ལྡེའུ་ཆོས་འབྱུང་། ༼ཤོག་ངོས། 371༽ “ཤ་ཚ་ན་ཀླུ་མེས་ཤེས་རབ་ཚུལ་ཁྲིམས།” ཞེས་དང་། “སུམ་པ་ཡེ་ཤེས་བློ་གྲོས་རྣམས་ཀྱིས། བླ་ཆེན་པོ་ལས་སྡོམ་པ་བླངས་སྐད་དོ།” ཞེས་མི་འདོད་པའི་ཚིག་ཐོན་པ་མ་ཟད། ༼ཤོག་ངོས། 372༽ ཀླུ་མེས་ཀྱིས་ཁམས་སུ་དགེ་ཚུལ་གྱི་སྡོམ་པ་ལས་(221ན)མ་ཐོབ་ཀྱང་དྲའི་ཀྱི་རུ་བཟུང་སྟེ་སློབ་མ་བསྐྱངས་མང་ངོ་། ཞེས་ཀླུ་མེས་བསྙེན་རྫོགས་མིན་པར་བཤད་དོ། དེབ་ཐེར་སྔོན་པོ་༼རྩོམ་པ་པོ། འགོས་ལོ་གཞོན་ནུ་དཔལ། རྩོམ་ལོ། 1476 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 92༽ ལས། “འཚུར་གྱི་མཁན་བུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་སོགས་པ་དབུས་གཙང་པ་རྣམས་ཡིན་ནོ།” ཞེས་ཀླུ་མེས་ལ་སོགས་པ་འཚུར་གྱི་མཁན་བུར་བཤད། དེ་ལྟར་ཀླུ་མེས་བླ་ཆེན་གྱི་མཁན་བུ་ཡིན་ཟེར་བ་དང་། ཅོག་གྲུམ་གྱི་ཡིན། འཚུར་གྱི་ཡིན་ཟེར་བ་སོགས་མང་དུ་བྱུང་ངོ་། ཀླུ་མེས་བླ་ཆེན་གྱི་མཁན་བུ་ཡིན་པའི་དབང་དུ་བཏང་ནའང་དུས་ནམ་ཞིག་ལ་རབ་ཏུ་བྱུང་ཚུལ་བཞེད་ཚུལ་མི་འདྲ་བ་དུ་མ་འདུག་ཀྱང་བཤད་པ་སྐྱོ་བས་ལན་ཅིག་བཞག གལ་ཆེ་ཤོས་བླ་ཆེན་ནམ་འཁྲུངས་ཀྱི་དུས་ཚིགས་སྐོར་ཡིན་པས་དེའི་ཚུལ་ནི། ཁོང་གི་འཁྲུངས་ལོ་བཞེད་ཚུལ་མི་འདྲ་གཙོ་ཆེ་བ་གསུམ་ཡོད། སྤྱི་ལོ་༨༣༢དང་༨༩༢དང་༩༥༢བཅས་རེད། ཁོང་གི་འཁྲུངས་ལོ་དེ་དང་པོ་གཉིས་གང་རུང་ཡིན་པའི་དབང་ཏུ་བཏང་ནས་དཔྱད་པ་བྱས་པ་ཡིན་ན། འདུལ་བསྟན་ནུབ་ནས་ཕྱི་དར་དབུ་བཙུགས་པའི་བར་གྱི་ལོ་གྲངས་ལ་གསུང་ཚུལ་མི་འདྲ་བ་དུ་མ་ཞིག་འདུག་སྟེ། དབུས་གཙང་ཁུལ་དུ་བསྟན་པ་མེད་པ་ལོ་༧༠དང་༧༦དང་༨༠དང་ ༩༦དང་༡༠༨སོང་ཟེར་བས་དེ་ཡང་ངེས་བརྟན་ཞིག་མི་འདུག ཁ་ཅིག་གིས་ཁོང་༨༩༢ལ་འཁྲུངས། དགུང་ལོ་ཞེ་དགུ་སོན་པ་ན་དམར་གཡོ་གཙང་གསུམ་ལས་རབ་བྱུང་ཞུས། སྤྱི་ལོ་༩༥༣ལ་ཁོང་གི་མཁན་བུས་དབུས་གཙང་དུ་བསྟན་པ་ཕྱི་དར་དབུ་འཛུགས་ཟེར། བཤད་སྟངས་འདིས། འདུལ་བསྟན་བསྣུབས་ནས་ཕྱི་དར་བར་ལོ་གྲངས་དུ་སོང་ལ་སྣང་མེད་དུ་གཡུགས་ཡོད། བསྟན་བསྣུབས་ལོ་ནི་ལྷ་སྲས་དར་མ་བཀྲོངས་ལོ་ལ་འདོད་དགོས། དེ་ཡང་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་། ལྡེའུ་ཆོས་འབྱུང་དང་རྒྱ་ནག་ལོ་རྒྱུས་ཐང་དེབ་རྙིང་མ་གཉིས་མཐུན་པར་སྤྱི་ལོ་༨༤༢ཡིན་པར་ བོད་བཙན་པོའི་རྒྱལ་རབས་༼སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། 526༽ལས་གསུངས་ཡོད། དེ་ལྟར་ན་བསྟན་པ་བསྣུབས་ནས་ཕྱི་དར་བར་ལོ་༡༡༡སོང་ཡོད། སྐབས་དེར་དམར་གཡོ་གཙང་གསུམ་ད་དུང་ཡོད་པས་ཁོང་གསུམ་མ་མཐའ་ལོ་༡༣༠རེ་རེད་ཡོད་པ་ཐེ་ཚོམ་ཅི་ཞིག་དགོས། གང་ཞེ་ན། བསྟན་བསྣུབས་སྐབས་ཁོང་གསུམ་རབ་ཏུ་བྱུང་ནས་ལོ་གྲངས་དུ་མར་སོང་ཟིན་པ་རིགས་པས་བརྟགས་ན་ཤེས་ནུས། ཁོ་ན་རེ་དེ་འདྲའི་སྐྱོན་མེད་དེ། བསྟན་བསྣུབས་ལོ་སྤྱི་ལོ་༩༠༢ལ་འདོད་ཟེར་ན། དེ་ལྟར་ན་སྔ་ཕྱི་དར་བར་ལོ་༥༡མ་གཏོགས་མེད། ལྷ་སྲས་དར་མའི་རྗེས་སུ་མི་རབས་བཞི་ཙམ་སོང་ཡོད་དེ། ཆོས་འབྱུང་མེ་ཏོག་སྙིང་པོ་༼ཤོག་ངོས། 415༽ ལྟར། ཡུམ་བརྟན་ཁྲི་བརྟན་པོ། དེའི་སྲས་ཉི་འོད་དཔལ་མགོན། དེའི་སྲས་མགོན་སྤྱོད། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་ཡིན། ཚ་ལའི་རོགས་རམ་ལ་བརྟེན་ནས་ཀླུ་མེས་སོགས་དབུས་གཙང་གི་མི་རྣམས་ཀྱིས་བླ་ཆེན་ལས་རབ་ཏུ་བྱུང་། ལོ་དེ་རང་ལ་ཚ་ལ་འདས་ཟེར་ནས་ལོ་རྒྱུས་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། དེ་ལྟར་ལོ་༥༡རིང་མི་རབས་བཞི་འགྲོ་ཚུལ་ཞིག་ཨེ་ཡོད། དེར་མ་ཟད་དབུས་གཙང་མི་བཅུའི་ནང་གཅིག་དེ་སུམ་པ་ཡེ་ཤེས་བློ་གྲོས་ཡིན། ཁོང་ཇོ་བོ་རྗེ་ཨ་ཏི་ཤ་གདན་འདྲེན་ཞུས་མཁན་མངའ་རིས་ལ་ཕེབས་ཡོད། ཇོ་བོ་རྗེ་བོད་ལ་སྤྱི་ལོ་༡༠༤༢ལ་བོད་དུ་འབྱོར། དེ་ལྟར་ན་དེ་དུས་སུམ་པ་ཡེ་བློ་མ་མཐའ་ལོ་བརྒྱ་ཁ་ལྷག་རེད་ཡོད་པས་དེ་ལ་ག་རེ་ཟེར་གྱི་ཡིན། དེར་མ་ཟད་སྔ་དར་ཕྱི་དར་བར་ལོ་༧༠ལྷག་སོང་ཟེར་བ་དེ་དག་དོན་མེད་དུ་འགྱུར་བ་མ་ཡིན་ནམ། མཁས་པ་ཚེ་ཏན་པས་བླ་ཆེན་སྤྱི་ལོ་༩༥༢ལ་འཁྲུངས་པར་བཞེད། འདི་ནི་བླ་ཆེན་འཁྲུངས་ལོ་མ་ནོར་མ་འཆུགས་པ་ཞིག་ཡིན་ཀྱང་བན་དྷེ་ཚོས་དམར་གཡོ་གཙང་གསུམ་གྱི་ལོ་ཚོད་ལ་བསམ་གཞིགས་བྱེད་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི། དམར་གཡོ་གཙང་གསུམ་ནི། སྦ་ཡེ་ཤེས་དབང་པོའི་མཁན་བུར་བཤད་དེ། ཆོས་འབྱུང་མེ་ཏོག་སྙིང་པོ། ༼ཤོག་ངོས། 420༽ “བོད་ཀྱི་དགེ་སློང་ལ་སྔ་བ་སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བ་དང་། དེ་ལ་མིང་རིན་ཆེན་ནམ་མཁའི་མཛོད་སྐྱོང་། དེས་དམར་ཤཱཀྱ་མུ་ནེ། དེས་གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་ལ།” ཞེས་གསུངས། སྦ་ཡེ་ཤེས་དབང་པོ་སད་མི་བདུན་གྲལ་ནས་ཡིན། ཆོས་འབྱུང་དཔག་བསམ་ལྗོན་པ། ༼ཤོག་ངོས། 380༽ “མཁན་པོ་ཞི་བ་མཚོ་དང་། དེ་ལས་སྭ་རདྣ་དམར་ཤཱཀྱ་མུ་ནེ་གཡོ་དགེ་འབྱུང་གསུམ་དང་།” ཞེས་དེ་དག་མཁན་ཆེན་ཞི་མཚོའི་མཁན་བུ་ཡིན་པར་བཤད། གང་ལྟར་དེ་དུས་ཁྲི་སྲོང་ལྡེའུ་བཙན་སྐབས་ཡིན། ཁྲི་སྲོང་འཁྲུངས་འདས་ལོ་སྤྱི་ལོ་༧༤༢-༧༩༧ཡིན་པར་ཏུན་ཧོང་ཡིག་རྙིང་དང་རྒྱ་ནག་ལོ་རྒྱུས་ཐང་དེབ་རྙིང་མ་གཉིས་མཐུན་པའི་འཁྲུལ་མེད་ལོ་ཚིགས་ཞིག་ཡིན་པར་༼བོད་བཙན་པོའི་རྒྱལ་རབས། ཤོག་ངོས། 403༽གསལ། དེས་ན་དམར་གཡོ་གཙང་གསུམ་མ་མཐའ་དུས་རབས་དགུ་པའི་དཀྱིལ་ན་མེད་ཐབས་མེད་པ་ཞིག་རེད། དབུས་གཙང་མི་རྣམས་ཀྱིས་བླ་ཆེན་ལས་རབ་ཏུ་བྱུང་དུས་དམར་གཡོ་གཙང་གསུམ་ད་དུང་བཞུགས་ཡོད་པས། ཁོང་རྣམས་ལོ་༡༢༠ལྷག་སླེབས་ཡོད། དེ་ནི་ཆོས་ལུགས་ཀྱི་བཤད་ཚུལ་ལ་གཞིགས་ན་མི་སྲིད་པ་མིན་ཡང་ཆོས་འབྱུང་རྣམས་སུ་ཁོང་རྣམས་དེ་འདྲའི་དགུང་ལོ་མཐོ་པོ་ཡིན་པར་བྲིས་པ་མ་མཐོང་བར་མ་ཟད། མཁས་པ་ཚེ་ཏན་པས་དེ་ལ་དགག་པ་ཚ་ནན་གནང་ཡོད་དོ། མདོར་ན་ལྷ་སྲས་དར་མ་བཀྲོངས་ལོ་དང་བླ་ཆེན་འཁྲུངས་ལོའི་བར་ལོ་༡༡༠སོང་ཡོད། དེ་ལ་གཞིགས་ན་བླ་ཆེན་པོས་དམར་གཡོ་གཙང་གསུམ་མཇལ་བའི་གོ་སྐབས་རྩ་བ་ནས་མེད་པར་ཤེས་ནུས། ཁོ་ན་རེ། བསྟན་བསྣུབས་ལོ་༩༠༢ཡིན་པར་འདོད་ཟེར། དེ་ནི་རྒྱུ་མཚན་དོན་རྙིང་ལྡན་པ་ཞིག་མིན་ཚུལ་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡི་ལོ་རྒྱུས་ལ་གཞིགས་ན་དཔོག་ནུས། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་སྐབས་དེར་དམར་གཡོ་གཙང་གསུམ་ལོ་ཚོད་ཉི་ཤུ་རྩ་ལྔ་དྲུག་ལས་ཆུང་ཐབས་མེད། དེ་ལྟར་ན་ཁོང་རྣམས་ཀྱིས་སྦ་ཡེ་ཤེས་དབང་པོ་མཇལ་ཡོད་མེད་ལ་ཐེ་ཚོམ་ཞིག་ངང་གིས་འབྱུང་། གང་ཞེ་ན། སྦ་ཡེ་ཤེས་དབང་པོ་བོ་དྷི་སྭ་ཏྭ་བོད་དུ་གདན་འདྲེན་ཞུ་མཁན་ཡིན་པ་དང་ཁོང་ཁྲི་སྲོང་ལྡེའུ་བཙན་མ་གྲོངས་གོང་དུ་མྱ་ངན་ལས་འདས་པར་བཤད། དེ་ལྟར་ན་སྦ་ཡེ་དབང་དམར་གཡོ་གཙང་གསུམ་གྱི་མཁན་པོ་ཡིན་པར་ཅིའི་ཕྱིར་འགྱུར། མ་གཞི་ཁོང་གསུམ་དབུས་ནས་བྲོས་དུས་དེ་འདྲ་ན་ཆུང་ཞིག་ཡིན་ཚུལ་མི་འདུག་སྟེ། ཁོང་གིས་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པའི་དུས་སུ་གྲྭ་པས་ཁྱི་ར་བ་བྱེད་པར་མཐོང་དུས་“བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གཟིགས་པས་བྲོས་སོ།” ཞེས་༼ཀློང་ཆེན་ཆོས་འབྱུང་། 389༽ལས་བཤད་ཡོད། བན་རྒན་ཞེས་པའི་བཤད་ཚུལ་དེ་ལ་བསམས་ན་ཁོ་དག་ལོ་ཆུང་ཞིག་ཡིན་པའི་ཚུལ་མི་འདུག དེ་ལྟར་ལོ་རྒྱུས་འཁྲུག་པོ་འདི་དག་འཆད་ཚུལ་ལ་ཅུང་ཟད་བསམ་དགོས་པར་འདུག 2012/11ནང་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།