སྐྱང་སྤྲུལ་རིན་པོ་ཆེའི་གྱ་སྟོན་སྐབས་ཀྱི་འདྲ་པར། དང་པོ།
[ཟླ་ཚེས། 2014-07-29 20:10:19][ཡོང་ཁུངས། ][ཀློག་གྲངས། ]
|
༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་མཆོག་སྙིགས་དུས་ཀྱི་བསྟན་འགྲོའི་དོན་དུ་སྐྱེ་བ་བཞེས་ཏེ་མི་ལོ་བརྒྱད་ཅུར་སོན་པའི་དུས་ཆེན་གྱི་མཛད་སྒོའི་སྐོར་གྱི་འདྲ་པར་ཁག་གཅིག
༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་མཛད་རྣམ་གནས་བསྡུས།
མདོ་སྔགས་བསྟན་པའི་མངའ་བདག་ཆེན་པོ་༧མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནི། སྤྱི་ལོ་༡༩༣༥ལོར་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་སྟེང་ཀ་ཡུལ་ཚོ་ནས་སྐུ་འཁྲུངས། སྤྱི་ལོ་༡༩༤༥ལོར་གསང་རྒྱུད་བསྟན་པའི་བདག་པོ་རིག་འཛིན་ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གླིང་བ་དང་། གསང་ཆེན་གྲུབ་པའི་དབང་ཕྱུག་གཏེར་སྟོན་གསང་སྔགས་གླིང་བ། མཚན་ལྡན་མཁས་གྲུབ་གཡུང་དྲུང་ཉི་མ་སོགས་མཁྱེན་ལྡན་སྐྱེས་ཆེན་དུ་མས་དམ་པ་ཁོང་ནི་སྐྱང་དབོན་ཚང་གི་ཡང་སྲིད་དུ་ཐུགས་ཐག་བཅད། སྔ་གཟུག་ཏུ་ཐེ་བོ་བྲག་གི་ཚེ་མཚམས་པ་དང་དྲུང་མུ་རཏྣ་ཡོངས་འཛིན་དུ་བསྟེན་ནས་སྒྲ་སྙན་སྨན་རྩིས་དང་། ཐུན་མིན་སེམས་ཁྲིད་སོགས་ལ་སྦྱངས་པ་མཛད། རྣམ་འབྱོར་བ་ཚུལ་ཁྲིམས་རྣམ་དག་གི་དྲུང་དུ་མན་ངག་ཟབ་མོ་ཨ་རྫོགས་སྙན་གསུམ་གྱི་ཁྲིད་ཐོབ། སྔོན་འགྲོའི་ཁྲིད་རིམ་དང་། དངོས་གཞིའི་སེམས་ཁྲིད་ཉམས་ལེན། རྩ་རླུང་། བཅུད་ལེན་མུན་མཚམས་སོགས་ལ་ཉམས་ལེན་མཛད། བླ་མ་གཡུང་དྲུང་བསྟན་པ་རིན་པོ་ཆེའི་མདུན་ནས་དབང་ལུང་ཁྲིད་གདམས་དང་སོ་ཐར་བསྙེན་རྫོགས་སོགས་ཞུས། རིག་གནས་གསར་བརྗེ་ཆེན་པོའི་ཁྲོད་དུ་དཀའ་ཁག་ཅི་རིགས་མྱོང་། སླར་༡༩༧༩ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཕྲོད་བསྟེན་སློབ་གྲྭའི་དགེ་རྒན་དུ་གདན་དྲངས། ༡༩༨༠ལོར་མཛོད་དགེའི་རྫོང་བོད་སྨན་ཁང་དུ་ལས་སྤོར་བྱས། ༡༩༨༧ལོར་སྨན་པ་རབ་འབྱམས་གཞོན་པའི་ཐོབ་ཐང་གནང་། ༡༩༩༦ལོ་ནས་ལོ་རེར་ཁྲེན་ཏུའུ་ལ་ཕེབས་ནས་བོད་སྨན་འཛིན་གྲྭར་སློབ་ཁྲིད་གནང་བ་དང་། སླར་སྨན་པ་རབ་འབྱམས་པ་ཆེན་པོའི་ཐོབ་ཐང་གནང་། སྐུ་ཉིད་ད་དུང་མཛོད་དགེ་རྫོང་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྫོང་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཚོགས་གཙོ་གཞོན་པ་དང་། རྫོང་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས། གསུང་རྩོམ་སྐོར་ལ། བྱིས་པ་ཉེར་སྤྱོད་དང་བྱིས་ནད་བརྟག་ཐབས་སོགས་རྒྱལ་ཡོངས་ཀྱི་དུས་རབས་༢༡པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ཏུ་བདམས་ནས་པེ་ཅིང་མི་རིགས་ཁང་ནས་པར་བསྐྲུན་བྱས་པ་དང་། ད་དུང་བོན་ལུགས་ཀྱི་གྲུབ་མཐའི་རྣམ་བཞག་ཉུང་བསྡུས་གློག་གི་སྒྲོན་མེ་དེ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བོན་གྱི་བླ་སྤྲུལ་རྣམས་ཀྱི་སློབ་དེབ་ཏུ་བྱས་པ་དང་། གཞན་རྒྱུད་བཞིའི་ཟིན་བྲིས་དང་། སྐྱང་དགོན་ཁག་གི་ལོ་རྒྱུས། སྐྱེས་ཆེན་བླ་མ་དུ་མའི་རྣམ་ཐར་སོགས་པོད་ལྔ་ལྷག་ཡོད་ཅིང་ད་ལྟ་གསུང་འབུམ་དག་ཀྲུང་གོའི་བོད་རིག་པའི་དཔེ་བསྐྲུན་ཁང་ནས་པར་བསྐྲུན་གྱི་ལས་གཞི་གཉེར་བཞིན་ཡོད། ཉེ་བའི་ལོ་འགའི་མཛད་རྣམ་རགས་བསྡུས་ཀྱང་ཡུལ་སོགས་ཀྱིས་རྐྱེན་པས་འབྲི་ཐབས་མ་བྱུང་།