སྦྲ་ཆེན་ས་ཡོམ་ཁུལ་དུ་སེམས་གསོར་ཕེབས་པ།

[ཟླ་ཚེས། 2026-11-03 21:40:20][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྦྲ་ཆེན་ས་ཡོམ་གྱིས་གནོད་འཚེ་ཐེབས་སར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་སེམས་གསོར་ཕེབས་པ།
   དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ༧དོན་གྱི་སླད་དུ་མཚན་ནས་བརྗོད་ན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་ཞལ་སྔ་ནས། ཁྱེད་ཚོ་བླ་མ་གྲྭ་བ་དང་བོན་གྱི་ལྷ་སྡེ་དེ་ཚོ་ཆུ་དང་ཉ་མོ་ལྟ་བུ་ཞིག་རེད། གཅིག་ལ་གཅིག་བརྟེན་བྱེད་དགོས་ཀི་རེད། ཕན་ཚུན་སོ་སོ་ལ་དཀའ་ངལ་འཕྲད་དུས་ཡོད་དགོས་པ་རེད། ཅེས་གསུངས་པ་བཞིན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་གཞོན་རྣམ་པ་དང་དྲུང་ཡིག་རྒན་གཞོན་སོགས་ཀྱི་གྲོས་མཐུན་ལྟར་བོད་ལྗོངས་ཕྱོགས་ལ་བཞུགས་པའི་ཚོགས་གཙོ་རྒན་གཞོན་གཙོས་པའི་རྒྱུན་ལས་ལས་འཛིན་གང་འཛོམས་ཤིག་ས་ཡོམ་གནོད་ཁུལ་དུ་ཕེབས་རྒྱུ་བྱས་ཏེ། ཚོགས་གཙོ་རིན་པོ་ཆེ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དང་། ཚོགས་གཞོན་དབྲ་ཁྱུང་མཁན་པོ་སྐལ་བཟང་ནོར་བུ་དང་ཚོགས་གཞོན་ཨ་གྲགས་སྤྲུལ་སྐུ་ཤེས་རབ་དཔལ་ཆེན་གཙོས་པའི་ཚོགས་མི་རྣམ་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་འཐུས་ཚབ་གནང་སྟེ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁོངས་སུ་ས་ཡོམ་གྱིས་གནོད་འཚེ་ཐེབས་སའི་དམར་རུ་ཤང་དང་། གངས་ཆེ་ཤང་སོགས་ལ་ཞབས་བསྐྱོད་དངོས་སུ་གནང་།
   སྤྱིར་མདོ་དབུས་ཁམས་གསུམ་གྱི་བོན་གྱི་དགོན་སྡེ་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ངང་། ཚེ་ལས་འདས་པ་དང་འདས་མ་ཡོངས་ལ་བསྔོ་སྨོན་དང་ཚེ་ལྡན་རྣམས་ལ་སྐྱབས་འཇུག་གནང་དང་གནང་མུས་རེད་འདུག་ལ། ཁྱད་པར་དུ་སྦྲ་ཆེན་ཕྱོགས་ཀྱི་དགོན་སྡེ་ཁག་གི་བླ་གྲྭ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུའི་སྒོ་ནས་མཛད་པ་བསྐྱངས་ཡོད་པ་སོགས་ཤེས་གསལ་རེད་ལ། དེ་བཞིན་ཚོགས་གཙོ་རིན་པོ་ཆེ་དང་ཁོང་རྣམ་པ་ཡུལ་དངོས་སུ་ཕེབས་ནས་ཚེ་ལྡན་ཡོངས་ལ་མི་མཐུན་འགལ་རྐྱེན་བཟློག་པའི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། ཚེ་་འདས་ཕོ་མོ་ཡོངས་ལ་གནས་འདྲེན་དང་བྱང་ཆོག །གསུར་དང་བསྔོ་སྨོན་སོགས་གསུངས། ང་ཚོ་སྐྱིད་སྡུག་ཀུན་ལ་མཉམ་དུ་ཡོད་པས་སེམས་གསོའི་སྐུལ་སློང་དང་རྟེན་གསུམ་མཇལ་ཁ་གནང་བ་མ་ཟད་ཤུལ་ལུས་བོན་འབངས་ཡོངས་ཀྱི་རེ་བ་བསྐངས།
   གཞན་ཚོགས་གཙོ་རིན་པོ་ཆེ་ནས་གནོད་འཚེ་ཕོག་པའི་ཁྱིམ་མི་རྣམས་ལ་དམངས་སྒོར་ཁྲི་ཕྲག་འགའ་དང་མཆོད་མར་སོགས་གནང་བ་དང་། ཚོགས་གཞོན་རྣམ་གཉིས་ནས་དམངས་སྒོར་སྟོང་ཕྲག་འགའ་ཡིས་ཐུགས་བརྩེ་བསྐྱངས།
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས་ཀྱང་ཉིན་དུ་མའི་རིང་ལ་ཚེ་འདས་༡༦གི་མཚན་བྱང་བཀོད་དེ་བསྔོ་སྨོན་གནངས་དང་གནང་བཞིན་པ་དང་། གཞན་ཁྲིན་ཏུའུ་ལ་ཡོད་པའི་སྦྲ་ཆེན་རྫོང་ཁོངས་ཀྱི་མི་སྣ་ཁག་ཅིག་གིས་གཞུང་ལས་ཁང་ནས་མར་མེ་ཕུལ་བ་བཅས་གདུང་སེམས་མཉམ་བསྐྱེད་ཞུས་དང་ཞུ་བཞིན་པ་ལགས།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།