ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་དང་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་འཚོགས་པ།

[ཟླ་ཚེས། 2026-10-15 09:52:37][རྩོམ་པ་པོ། མུ་ཁྲི་བཙན་པོའི་རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །རིན་སྤུངས་དགོན་དུ་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་དང་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་འཚོགས་པ།
 
   དེ་ཡང་སྤྱི་ལོ་༢༠༢༦ལོའི་ཟླ་བ་༩པའི་ཚེས་༡༧ཉིན་མདོ་སྨད་ཤར་ཁོག་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་། ཟུང་ཆུ་རྫོང་བོན་གྱི་རིག་གནས་ཡར་སྐུལ་ཚོགས་པ་དང་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》རྩོམ་སྒྲིག་ཁང་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གིས་གཙོ་སྒྲུབ་དང་། གཙོ་ཚང་དགོན་སྨིན་གྲོལ་བསྟན་རྒྱས་གླིང་གིས་རོགས་སྒྲུབ་གནང་སྟེ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་དང་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་འཚོགས་པ་སྟེ།
ཚོགས་ཐོག་ཏུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་གཙོས་པའི་ཤར་ཁོག་གི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་དགོན་སྡེ་ཁག་གི་བསྟན་བདག་བླ་མ་རྣམ་པ་དང་དཔོན་སློབ་རྣམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། དགོན་སྡེ་ཁག་གི་ཀྲུའུ་རེན་དང་ཨུ་ཡོན་རྣམ་པ། དེ་བཞིན་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་བླ་གྲྭ་འདུས་པ་ཡོངས་བཅས་ཚོགས་ཞུགས་མི་སྣ་༡༠༠ཡས་མས་འཚོགས་པ་དང་།
   སྤྱི་ཟླ་༩པའི་ཚེས་༡༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༣༠སྟེང་ཚོགས་ཞུགས་པ་རྣམས་ཀྱི་མཚན་ཐོ་འགོད་པ་དང་། དེ་ནས་ཆུ་ཚོད་༩དང་སྐར་མ་༥༠སྟེང་ཚོགས་འདུ་དངོས་སུ་འགོ་ཚུགས་པ་དང་། སྔ་དྲོའི་ཚོགས་འདུ་གཙོ་བོར་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་གྱི་མཛད་སྒོ་འཚོགས་པ་སྟེ།
   ཐོག་མར་རྩོམ་སྒྲིག་པ་ཨ་དཔལ་བཟང་ལགས་ནས་མདོ་འཛིན་གནང་སྟེ། ཁོང་གིས་སྤྱིར་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་གྱི་མཛད་སྒོ་འཚོགས་དགོས་པའི་དམིགས་ཡུལ་དང་དགོས་དོན་སྐོར་ལ་གསལ་བཤད་དང་འབྲེལ་ཏེ་མདོ་འཛིན་གནང་བ་དང་།
   དེ་ནས་རྩོམ་སྒྲིག་པ་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་ལགས་ཀྱིས་སྤྱིར་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》སྒྲིག་དགོས་པའི་དམིགས་ཡུལ་དང་དགོས་དོན། ལྷག་པར་དུ་ལོ་དེབ་འདིའི་དགེ་མཚན་དང་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་གནའ་བོའི་ཞང་ཞུང་ཤེས་རིག་དང་བོད་བཙན་པོའི་སྐབས་ཀྱི་ཤེས་རིག །ཁྱད་པར་དུ་བོད་རང་སའི་ཆོས་ལུགས་རིག་གནས་བོན་བསྟན་གྱི་རིག་གཞུང་ལ་ཞོགས་འདེགས་གནང་ཚུལ་སོགས་ཀྱི་ངོ་སྤྲོད་ཀྱི་གསུང་བཤད་གནང་།
   དེ་ནས་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཤེས་རབ་མཐར་ཕྱིན་མཆོག །རིན་སྤུངས་དགོན་པའི་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ། རྩོམ་སྒྲིག་པ་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་རིན་པོ་ཆེ་བཅས་ཁོང་རྣམ་བཞི་ཡིས། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》དེབ་དང་པོ་ནས་དེབ་ཉི་ཤུའི་བར་གྱི་དེབ་ཕྲེང་རྣམས་རྟེན་འབྲེལ་གྱི་དབུ་འབྱེད་གནང་བ་དང་། ཚོགས་ཞུགས་པ་ཡོངས་ཀྱིས། སྟོན་པའི་ཐུགས་རྗེ་ཆེ་བ་ཤོག༴ སོགས་གསུངས་ནས་དབུ་འབྱེད་གནང་།
   དེ་ནས་༢༠༢༥ལོའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་དང་། ༢༠༢༦ལོའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་དེབ་གཉིས་ཚོགས་ཞུགས་པ་ཡོངས་གཟིགས་འབུལ་གནང་།
   དེ་ནས་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན་ནས། ༡་ གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》འདི་ཉིད་ཐོག་མར་བསྒྲིག་རྒྱུའི་གཞི་སློང་ཚུལ་དང་བསྒྲིག་རྒྱུའི་དམིགས་ཡུལ། ༢་ ལོ་དེབ་འདི་ཉིད་ལ་མུ་ཁྲི་བཙན་པོ་ཞེས་མཚན་འདོགས་དགོས་པའི་རྒྱུ་མཚན། ༣་ ལོ་དེབ་འདི་བསྒྲིགས་ཏེ་ད་བར་དུ་ཀྲུང་ཧྭའི་རིག་གནས་ཀྱི་ཁྲོད་ནས་བོད་ཀྱི་རིག་གནས་ཐད་ལ་གང་ནུས་ཀྱི་ནུས་པ་ཅུང་ཐོན་ཚུལ་སྐོར། ༤་ ལོ་དེབ་འདི་ཉིད་༢༠༠༧ལོ་ནས་དབུ་བཟུང་སྟེ་༢༠༢༦ལོའི་བར་གྱི་དེབ་༢༠བར་དུ་ལས་ཀའི་བརྒྱུད་རིམ་དང་དེབ་ཉི་ཤུ་ནང་ལ་དཔྱད་རྩོམ་སོགས་ཁྱོན་རྩོམ་ཡིག་མི་འདྲ་བ་༦༠༠ལྷག་སྤེལ་ཚུལ་སོགས་སྐོར། ༥་  ལོ་དེབ་ཀྱི་མ་འོངས་པའི་ཁ་ཕྱོགས་དང་དེ་སྔར་རྩོམ་སྒྲིག་ཁང་གིས་ཞང་ཞུང་སྨར་ཡིག་ཆེ་ཆུང་གློག་ཀླད་ཡིག་གཏགས་མཉེན་ཆས་བཟོ་ཚུལ། དེ་བཞིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༥ལོ། ལོ་དེབ་མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་འགྲེམ་སྤེལ་གནང་ཚུལ་སོགས་སྐོར་མཚམས་སྦྱོར་གནང་། ༦་ ལོ་དེབ་འདི་ཉིད་ལ་མཛུབ་སྟོན་གནང་མཁན་གྱི་དཔལ་ལྡན་རྩ་བའི་བླ་མ་དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ། དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། རིན་སྤུངས་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རིན་པོ་ཆེ་གཙོས་པའི་ལོ་དེབ་མུ་ཁྲི་བཙན་པོ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ཆེ་གསོལ་ཞུ་བ། ༧་ ད་ཐེངས་ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་ལོ་༢༠དུས་སྟོན་དང་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་འཚོགས་དགོས་པའི་དམིགས་ཡུལ་སོགས་གསལ་བཤད་དང་། དེ་ནས་ད་ཐེངས་ཀྱི་མཛད་སྒོ་དང་བགྲོ་གླེང་ལ་རྒྱབ་སྐྱོར་གནང་མཁན་གྱི་རིན་སྤུངས་དགོན་པ་དང་གཙོ་ཚང་དགོན་པ། དེ་བཞིན་མི་སྒེར་སོགས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་སོགས་ཀྱི་གཏམ་བཤད་ཞུས།
   དེ་ནས་རིན་སྤུངས་དགོན་པའི་ཀྲུའུ་རེན་རྣམ་རྒྱལ་ཚེ་རིང་ལགས་ནས། ད་ཐེངས་ཀྱི་མཛད་སྒོ་དང་བགྲོ་གླེང་བཅས་ལ་རིན་སྤུངས་དགོན་ངོས་ནས་རྒྱབ་སྐྱོར་གནང་ཚུལ་དང་མཛད་སྒོ་བགྲོ་གླེང་འདི་ཉིད་ལེགས་གྲུབ་ཡོང་བ་དང་། མ་འོངས་པར་མུ་མཐུད་ནས་དགོན་པ་ངོས་ནས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་བ་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་ནས་གཙོ་ཚང་དགོན་པའི་ཀྲུའུ་རེན་བསོད་ནམས་ཚེ་རིང་ལགས་ནས། ད་ཐེངས་ཀྱི་མཛད་སྒོ་དང་བགྲོ་གླེང་བཅས་ལ་གཙོ་ཚང་དགོན་ངོས་ནས་རྒྱབ་སྐྱོར་གནང་ཚུལ་དང་མཛད་སྒོ་བགྲོ་གླེང་འདི་ཉིད་ལེགས་གྲུབ་ཡོང་བ་དང་། མ་འོངས་པར་མུ་མཐུད་ནས་དགོན་པ་ངོས་ནས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་བ་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནས་ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་ལོ་༢༠འཁོར་བར་རྟེན་འབྲེལ་གསུངས་པ་དང་དེ་ནས་ཚང་མས་དངོས་ཤུགས་བརྒྱུད་གསུམ་ལོ་དེབ་མུ་ཁྲི་བཙན་པོ་ལ་རྒྱབ་སྐྱོར་གནང་དགོས་ཚུལ་དང་རྒྱལ་སྤྱིའི་དུས་དེབ་དང་ལོ་དེབ་ཀྱི་བསྒྲིགས་སྟངས་སོགས་སྐོར་གསུང་བཤད་གནང་།
   དེ་ནས་རིན་སྤུངས་དགོན་པའི་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ་ནས་ལོ་དེབ་མུ་ཁྲི་བཙན་པོའི་དགེ་མཚན་དང་དུས་དང་བསྟུན་པའི་ལས་དོན་སྒྲུབ་དགོས་ཚུལ་སོགས་སྐོར་གསུང་བཤད་གནང་།
   དེ་ནས་དམུ་དགེ་བླ་རི་དགོན་པའི་བླ་མ་བཟོད་པ་རྒྱལ་མཚན་རིན་པོ་ཆེ་ནས་ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་ལོ་༢༠འཁོར་བ་དང་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་འདི་གཉིས་འཚོགས་པ་ལ་རྟེན་འབྲེལ་ཞུས་ཤིང་། མ་འོངས་པར་མུ་མཐུད་ནས་འདི་འདྲ་འཚོག་ཐུབ་རྒྱུའི་རེ་བ་དང་། ལྷག་པར་དུ་དམུ་དགེ་བླ་རི་དགོན་པའི་སྔར་སོང་གི་ལོ་རྒྱུས་དང་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
   དེ་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》དེབ་དང་པོ་ནས་དེབ་ཉི་ཤུའི་བར་ལ་དཔྱད་རྩོམ་སྤེལ་མཁན་གྱི་ཤར་ཁོག་གི་བླ་གྲྭ་རྣམ་པ་དང་ལོ་དེབ་མུ་ཁྲི་བཙན་པོ་དེབ་༡༨ཀྱི་སྒྲིག་རོགས་གནང་མཁན་གྱི་གཡང་གི་ཕྱུག་མོ་ཚང་བཅས་ལ་དམིགས་བསལ་གྱི་གཟེངས་བསྟོད་ཕྱག་ཁྱེར་གནང་།
   དེ་ནས་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་འདི་ཉིད་བཏོན་ནས་ད་བར་དུ་རང་ཅག་གི་ཤེས་རིག་དང་རིག་གཞུང་ཐད་ལ་མཛད་རྗེས་བླ་མེད་འཇོག་ཡོད་ཚུལ་དང་། དེ་བཞིན་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་ཚུལ་དང་རྒྱབ་སྐྱོར་གནང་དགོས་པའི་དགེ་མཚན། ལྷག་པར་དུ་བོན་པོ་སྤྱིའི་ངོས་ནས་མཚོན་ན་དཔྱད་གླེང་ལོ་དེབ་འདིས་ཞབས་ཕྱི་གང་ལེགས་སྒྲུབ་ཚུལ། རང་ཅག་ཤར་ཁོག་ལ་མཚོན་ན་ལོ་དེབ་འདིས་རིག་གཞུང་ཞོགས་འདེགས་གང་ལེགས་སྒྲུབ་ཚུལ་སོགས་ཀྱི་གསུང་བཤད་གལ་ཆེན་གནང་།
   དེ་ནས་མདོ་འཛིན་པ་ཨ་དཔལ་བཟང་ལགས་ནས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》བཏོན་ནས་ལོ་༢༠འཁོར་བའི་དུས་སྟོན་གྱི་མཛད་སྒོ་གཙོ་བོ་སྔ་དྲོའི་མཛད་རིམ་མཇུག་བསྡོམས་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་སྒོ་མཇུག་རྫོགས།  དེ་ནས་ཉིན་གུང་ཆུ་ཚོད་༡༢དང་སྐར་༣༠སྟེང་གུང་ཟས་གསོལ་ཏེ་བར་སྐབས་ཀྱི་ངལ་གསོ་གནང་།   
   དེ་ནས་ཉིན་གུང་ཆུ་ཚོད་༡༣དང་སྐར་མ་༣༠སྟེང་ཕྱི་དྲོའི་ཚོགས་འདུ་སྟེ། ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུའི་དབུ་ཚུགས་གནང་། རྒྱལ་མོ་དགེ་བཤེས་ཤེས་རབ་འོད་ཟེར་ལགས་ནས་མདོ་འཛིན་གནང་སྟེ། སྤྱིར་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་ལོ་༢༠འཁོར་བར་རྟེན་འབྲེལ་ཞུས་ཤིང་ལྷག་པར་དུ་ལོ་དེབ་འདིས་བོན་གྱི་རིག་གཞུང་ལ་ཞོགས་འདེགས་གང་ལེགས་བསྒྲུབས་ཡོད་ཚུལ་དང་། དེ་ནས་ད་ཐེངས་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་སྟ་གོན་གྱི་ཚོགས་འདུ་འདི་དེ་རིང་ནས་དབུ་ཚུགས་ཏེ་མ་འོངས་པར་ང་ཚོ་ཚང་ནས་ནུས་ཤུགས་བཏོན་ནས་ལོ་རེའམ་ཡང་ན་ལོ་གཉིས་རེའི་མཚམས་ནས་བགྲོ་གླེང་ཚོགས་འདུ་རེ་འཚོག་ཐུབ་རྒྱུའི་རེ་བ་དང་། ལྷག་པར་དུ་ཚོགས་ཞུགས་པ་རྣམས་ནས་དུས་རབས་དང་མཐུན་པའི་སྒོ་ནས་དཔྱད་རྩོམ་རེ་འབྲི་ཐུབ་རྒྱུ་དང་དེ་འབྲེལ་གྱི་བགྲོ་གླེང་གནང་རྒྱུ་སོགས་སྐོར་གསལ་བཤད་གནང་། ལྷག་པར་དུ་དམིགས་བསལ་དེ་སྔར་མཚོན་ན་ཤར་ཁོག་གི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཕལ་ཆེ་བས་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་འདི་ལྟ་བུ་རེ་འཚོག་རྒྱུའི་འཆར་གཞི་དང་རེ་བ་སོགས་བཏོན་མྱོང་ཡོད་པ་དང་། འོན་ཀྱང་ཕྱི་ནང་གི་རྐྱེན་དབང་གིས་ད་བར་དམིགས་བསལ་འཚོགས་མ་ཐུབ་པ་དང་། ད་ཐེངས་སྟ་གོན་ལྟ་བུ་འཚོགས་ཐུབ་པ་འདི་ནི་དགེ་མཚན་ཆེ་བ་སོགས་སྐོར་གསལ་གནང་།
དེ་ནས་ཐོག་མར་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ནས་ཟུང་ཆུ་རྫོང་སྲིད་གཞུང་ནས་ཆོག་མཆན་དངོས་སུ་ཐོབ་པའི། ཟུང་ཆུ་རྫོང་བོན་གྱི་རིག་གནས་ཡར་སྐུལ་ཚོགས་པ་འདིའི་ངོ་སྤྲོད་དང་བརྒྱུད་རིམ། ཚོགས་པ་དེས་དེ་སྔར་བསྒྲུབས་ཟིན་པའི་ལས་དོན་སྐོར་དང་། མ་འོངས་པར་མུ་མཐུད་ནས་ལས་དོན་སྒྲུབ་ཕྱོགས་ཀྱི་གནད་དོན་སྐོར། ལྷག་པར་དུ་ད་ཐེངས་ཚོགས་པ་དང་འདི་ཁོང་རིན་པོ་ཆེ་སྒེར་ནས་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་གཙོ་གཉེར་བྱེད་དགོས་དོན། མ་འོངས་པར་རང་གཞན་ཚང་མས་འདིའི་ཐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ལས་དོན་བསྒྲུབ་དགོས་ཚུལ་སོགས་ནས་བཀའ་སློབ་གསུང་བཤད་གནད་དུ་འདུས་པ་གནང་།
དེ་ནས་་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་ནས། མདོ་སྨད་ཤར་ཁོག་ཏུ་དུས་རབས་སྔ་ཕྱི་དང་འབྲེལ་ཏེ་མཁས་གྲུབ་རིམ་བྱོན་དང་བསྟན་པ་བྱུང་འཕེལ་སྐོར་ནས་གསུང་བཤད་གནང་།
དེ་ནས་མཁའ་ཡགས་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ནས་རང་ཡུལ་ཤར་ཁོག་ཏུ་ཆོས་ལུགས་རིག་གཞུང་དང་སྤྱི་ཚོགས་རིག་གཞུང་དར་སྤེལ་སྐོར་ནས་གསུང་བཤད་གནང་།
དེ་ནས་རབ་དབེན་དགོན་པའི་དཔོན་སློབ་སྨན་རིའི་དགེ་བཤེས་ཐབས་མཁས་རྒྱ་མཚོ་ནས་རང་ཅག་ཤར་ཁོག་གི་སྐྱ་སེར་རིས་མེད་སྒོ་ནས་རང་ཡུལ་གྱི་ཐུན་མིན་དམངས་སྲོལ་རིག་གནས་དར་སྤེལ་དགོས་ཚུལ་སྐོར་ནས་གསུང་བཤད་གནང་།
དེ་ནས་སྣང་ཞིག་དགོན་པའི་མཁན་ཟུར་དགེ་བཤེས་བདེ་ལེགས་ཀུན་འབྱུང་ནས་ཤར་ཁོག་གི་རིག་གཞུང་དར་སྤེལ་དང་འབྲེལ་བའི་ལོ་དེབ་དང་བགྲོ་གླེང་སོགས་གང་དང་གང་ཡིན་ཡང་རྒྱུན་འཛིན་ཡག་པོ་དགོས་ཚུལ་དང་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
དེ་ནས་དགེ་བཤེས་ཀརྨ་བློ་གྲོས་ནས་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་བཏོན་ནས་༢༠འཁོར་བ་དང་འབྲེལ་བའི་སྐོར་ནས་གསུང་བཤད་གནང་།
དེ་ནས་ཁེ་ལོ་དགེ་བཤེས་བསོད་ནམས་དར་རྒྱས་ནས་ཤར་ཁོག་གི་རིག་གཞུང་དར་སྤེལ་འདི་ཉིད་གནས་སྐབས་ཙམ་མ་ཡིན་པར་ཡུན་ནས་ཡུན་དུ་རྒྱུན་འཛིན་དགོས་ཚུལ་སྐོར་ནས་གསུང་བཤད་གནང་།
དེ་ནས་མཁར་ཡག་དགོན་པའི་དགེ་བཤེས་བཀྲ་ཤིས་གཡུང་དྲུང་ནས་རང་ཡུལ་ཕྱོགས་ཀྱི་ལོ་དེབ་སོགས་རིག་གཞུང་དར་སྤེལ་རིགས་རྣམས་མུ་ནས་མུ་མཐུད་དེ་རྒྱུན་མཐུད་དགོས་ཚུལ་སྐོར་ནས་གསུང་བཤད་གནང་།
དེ་ནས་དགེ་བཤེས་མ་གདུགས་དཀར་ལྷ་མོ་ནས་ཤར་ཁོག་གི་དགེ་བཤེས་རྣམ་པ་གཙོས་པའི་ཤེས་ཡོན་པའི་སྡེ་ཁག་རྣམས་ཕྱོགས་ཀྱི་རིག་གཞུང་བགྲོ་གླེང་ལ་ཞུགས་རྒྱུ་དང་ཤར་ཁོག་ལ་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་དགོས་གལ་ཆེ་བའི་སྐོར་ནས་གསུང་བཤད་གནང་།
དེ་ནས་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་ནས་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་འདི་ཉིད་དགོས་གལ་ཆེ་ཚུལ་དང་མ་འོངས་པར་རྒྱུན་མཐུད་དགོས་པ། ཁོང་རང་ཉིད་ནས་བགྲོ་གླེང་འདི་ཉིད་མ་འོངས་པར་འཚོག་ན་དཔལ་འབྱོར་ཐད་ནས་རྒྱབ་སྐྱོར་ཞལ་བཞེས་གནང་བ་སྐོར་ནས་གསུང་བཤད་གནང་།
དེ་ནས་རིན་སྤུངས་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་ནས་མ་འོངས་པར་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་འདི་ཉིད་དགོས་གལ་ཆེ་ཚུལ་དང་ལྷག་པར་དུ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་དར་སྤེལ་སྐོར་ནས་གསུང་བཤད་གནང་།
དེ་ནས་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་པ་གསུམ་གྱིས། ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་གཙོ་གཉེར་མཁན། ཟུང་ཆུ་རྫོང་བོན་གྱི་རིག་གནས་ཡར་སྐུལ་ཚོགས་པ་དང་། གཙོ་སྒྲུབ་མཁན་རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་། རོགས་སྒྲུབ་མཁན་གཙོ་ཚང་དགོན་སྨིན་གྲོལ་བསྟན་རྒྱས་གླིང་བཅས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུའི་དཔང་ཡིག་ཕུལ་བ་དང་། དེ་བཞིན་དུ་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་བློ་འདྲི་མི་སྣ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་། དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་གདན་ཞུས་རྩོམ་སྒྲིག་པ་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་མཆོག་དང་། རིན་སྤུངས་དགོན་པའི་གྲྭ་ལྷ་བཟོ་བཀྲ་ཤིས་ཡོན་ཏན་གསུམ་ལ་ད་ཐེངས་ཚོགས་འདུ་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་གྱི་དཔང་ཡིག་ཕུལ།
དེ་ནས་རྩོམ་སྒྲིག་པ་རིན་སྤུངས་ཚུལ་བསྟན་ནས་དེ་རིང་གི་ཚོགས་འདུ་ལ་ཕེབས་པའི་རྣམ་པ་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་དང་མ་འོངས་པར་མུ་ནས་མུ་མཐུད་དེ་བགྲོ་གླེང་འདི་དང་འདི་ལྟ་བུ་འཚོག་ཐུབ་པའི་རེ་བ་ཞུས་ཤིང་། ལྷག་པར་དུ་ཚོགས་ཞུགས་པ་ཡོངས་ནས། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》འདི་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་བའི་འབོད་སྐུལ་དང་དཔྱད་གླེང་ལོ་དེབ་འདི་ཉིད་བསྐལ་པའི་བར་དུ་གནས་པའི་སྨོན་ལམ་དང་བཅས་ཞུས།
དེ་ནས་མདོ་འཛིན་པ་རྒྱལ་མོ་དགེ་བཤེས་ཤེས་རབ་འོད་ཟེར་ལགས་ནས་ཕྱི་དྲོའི་ཟིང་ཆུའི་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་གནང་བ་སྟེ། གོང་གསལ་གྱི་གསུང་བཤད་རྣམས་ཕྱོགས་བསྡོམས་ཀྱི་ཚན་པ་དབྱེ་ནས་གསུང་བཤད་གནང་།
གཞན་ཨ་སྔགས་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་དང་ཡར་ཤོར་དགེ་བཤེས་སྐལ་བཟང་ཚུ་མུ་རྣམ་གཉིས་འབྲེལ་ཡོད་ཀྱི་མི་སྣ་ཁག་གཅིག་ད་ཐེངས་ཀྱི་དུས་སྟོན་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུ།༼བཅར་འདྲིའི་བརྙན་རྣམས་ཟུར་ནས་སྤེལ་འཆར་ཡོད།༽
དེ་ནས་ཚོགས་ཞུགས་པ་ཡོངས་ཡར་བཞེངས་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་དུས་སྟོན་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་མཇུག་བསྡུས་གནང་།
ཞེས་བཀོད་སྒྲིག་ཚན་ཆུང་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།