མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་གྱི་སྒྲུབ་ཆེན་ཐེངས་གསུམ་པའི་སྐོར་གྱི་གནས་བསྡུས།

[ཟླ་ཚེས། 2026-10-12 11:09:35][རྩོམ་པ་པོ། དྲི་མེད་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སྒྱུ་འཕྲུལ་རོལ་པའི་གར་གྱི་དཔལ་མཛེས་བླ་མ་གྱེར་སྤུངས་དྲན་པ་ཆེ། །གསང་ཆེན་རྒྱུད་ཀྱི་དགོངས་པ་རབ་འཆང་ཡབ་ཅིག་དམ་པ་ནམ་མཁའ་རྗེ། །ཕུན་ཚོགས་འཁོར་དུ་རིག་འཛིན་མཁའ་འགྲོ་དཔའ་བོ་དཔའ་མོ་ཚོགས་སུ་འདུ། །ལྔ་བརྒྱའི་དཔལ་ཤར་ཐུགས་ཀྱི་གཉེར་དཔོན་དྲན་པ་ནམ་མཁའི་ཞབས་ལ་གཏུགས། །མི་ནུབ་བོན་གྱི་རྒྱལ་མཚན་གནམ་འཕང་སྲིད་པ་གངས་རིའི་ཡན་ལ་སྤྱོད། །ལུང་རིགས་རྔ་ཆེན་རོལ་དབྱངས་རིང་མོ་ཕྱོགས་བཞིའི་རྣ་བའི་སྐྱིད་དུ་འཆད། །འཕྲུལ་སྒྲོན་ཁྱུང་ཆེན་མཁའ་ལ་འཕྱོས་བྱུང་རྨད་བྱུང་ལེགས་བཤད་ཆར་རྒྱུན་ཕབ། །འཁྲུལ་བྲལ་མཁྱེན་པ་རྣམ་པར་སྣང་བྱེད་མ་ལུས་འགྲོ་བའི་མགོན་གྱུར་པ། །སྐྱབས་མགོན་ཆེན་པོ་སངས་རྒྱས་གཉིས་པ་མཉམ་མེད་བླ་མའི་ཞབས་ལ་མཆོད། །ཐོགས་མེད་ཀུན་གཟིགས་རྒྱལ་བའི་སྲས་པོ་སྐྱབས་གཅིག་དྲན་པ་ནམ་མཁའ་དང་། །དགོངས་རྟོགས་ཆུ་རྒྱུན་གཅིག་ཏུ་དྲིལ་བའི་ཟབ་གཏེར་མཛོད་ཀྱི་བདག་པོ་ཆེ། །ཕྱི་ནང་གསང་བའི་མཚན་གྱི་ཅོད་པ་གངས་རིའི་ལྗོངས་ལ་མངོན་མཐོ་བའི། །བཀའ་གཏེར་སྙན་རྒྱུད་འཁོར་ལོ་བསྒྱུར་བའི་བདེ་ཆེན་གླིང་པ་ཕྱག་བགྱིའོ། །བོན་བསྟན་དབུ་འཕང་དགུང་དུ་འདེགས་མཛད་དགོངས་རྟོགས་གླང་པོའི་ཐེག་སྟོབས་ཀྱིས། །བཀའ་བབས་རྒྱུད་འཛིན་ཆུ་ཀླུང་རིང་མོ་བསྟན་པའི་གསལ་བྱེད་ཉེར་དྲངས་ཏེ། །སྨིན་གྲོལ་ཆུ་སྐྱེས་འདབ་མའི་དྲི་བཟང་བྲག་དམར་རི་བོའི་མགུལ་ནས་འཐུལ། །ཨེ་མ་རྨད་བྱུང་སྲིད་པའི་དཀའ་ཐུབ་ཉི་མ་རྒྱལ་མཚན་ཕྱག་འཚལ་ལོ། །བོན་སྒོ་མ་ལུས་ཐུགས་སུ་ཆུད་པའི་དཔལ་ལྡན་གསང་ཆེན་ཤ་རི་བ། །ལྷ་ལྕམ་འོད་འཕྲོ་གྲོགས་དུ་བསྙེས་པའི་ལོ་ཙཱའི་མཆོག་གྱུར་སེ་ཡི་བོན། །གསང་སྔགས་མ་རྒྱུད་ཐུགས་རྩིས་ཟབ་པའི་ཞང་བོད་མཁས་པ་བཞི་ཡི་གྲས། །གང་དེའི་རྣམ་སྤྲུལ་རྨད་བྱུང་རྒྱལ་བ་སྨོན་ལམ་ཡིད་བཞིན་འབྱུང་གནས་བསྟོད། །ཐུགས་བསྐྱེད་སྤྱན་ནི་ཉིན་བྱེད་སྙིང་པོ་བསྟན་དང་འགྲོ་བའི་དོན་དུ་འཛུམ། །རྗེས་ཆགས་ཐུགས་བརྩེ་འཛིན་མའི་ཁྱོན་ལ་རྣམ་པར་འཕྲོ་བའི་རྨད་བྱུང་སྲས། །མཐོང་གྲོལ་ཁྲོད་དུ་བཤད་སྒྲུབ་བསྟན་པའི་མི་ནུབ་རྒྱལ་མཚན་དགུང་དུ་བསྒྲེངས། །མི་འཇིགས་སྐུ་མཆོག་མཚན་དཔེ་ཆེན་པོ་དཔལ་ལྡན་མཐོང་གྲོལ་བླ་མ་བསྟོད། །ཐུགས་བརྩེའི་སྟོབས་ཀྱིས་མ་ལུས་འགྲོ་འདྲེན་སྤྱན་གཟིགས་ཁྱབ་བདལ་ཉིན་བྱེད་འོད། །རིག་གཞུང་རྒྱ་མཚོའི་པད་མོའི་དྲི་བཟང་མཁའ་ཁྱབ་ལྷ་ལམ་རིང་མོའི་ཞིང་། །ཡོངས་སུ་བདལ་དང་ཁྱབ་པར་མཛད་པའི་རྨད་བྱུང་རྒྱལ་སྲས་ཐམས་ཅད་མཁྱེན། །དཀོན་པའི་མཆོག་གྱུར་མཁན་སློབ་གཤེན་གསུམ་མི་ཕྱེད་དད་པས་སྤྱི་བོར་ལེན།། ཞེས་མཆོད་པར་བརྗོད་ནས་ལོ་རྒྱུས་ཀྱིས་གླེང་བསླངས་ཏེ་སྒྲུབ་ཆེན་ཐེངས་གསུམ་པའི་མཛད་རིམ་ཞུ་གསོལ།
   མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་ནི། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གྲོང་གི་ནུབ་ངོས། འདུ་གནས་རིན་ཆེན་འབར་བའི་མདུན་དུ་ཆགས་ཡོད། དེ་ཡང་ཆེས་ཐོག་མ་འདུ་གནས་རིན་ཆེན་འབར་བའམ་རྒྱལ་རི་འདི་ཡི་ཆེ་བ་བརྗོད་པ་དང་འབྲེལ་སྨན་གྱི་སྒྲུབ་པ་ཆེན་མོའི་སྐོར་གྱི་གནས་ཚུལ་ཞུ་བ་ལ། རྒྱལ་རི་འདིའི་མཚན་མང་དུ་གྲགས་པ་ལས་ཡོངས་སུ་གྲགས་པ་བྲག་དམར་རི་འདུས་སམ་འབྱག་རྒྱལ་རིན་ཆེན་འབར་བ་ཞེས་སུ་གྲགས་སོ།། བོན་བསྟན་སྔ་བར་ཕྱི་གསུམ་གང་གི་སྐབས་སུ་ཡང་བོན་གཤེན་རིག་འཛིན་རྣམས་ཀྱི་སྒྲུབ་གནས་ཁྱད་འཕགས་ཤིག་ཏུ་གྱུར་བ་མངོན་ཏེ།《གསང་གླིང་གིས་མཛད་པའི་གནས་ཀྱི་དཀར་ཆག་》ལས། “ཁྱད་པར་སྟེང་པོ་ཆེ་འདི་ན། མདོ་སྔགས་པོ་ཏི་སྟོང་ཕྱེད་གཉིས། བསྟན་པའི་རིན་ཆེན་ཀུན་དུ་བཞག། འདུས་གནས་ཀུན་གྱི་སྨད་ཕྱོགས་འདིར། འདི་ལས་མར་ལ་མཛད་པ་ཡི། བྲག་དམར་རི་འདུས་རྣམ་གཉིས་ཏེ། རི་བོ་ལྗོན་ཕྱུགས་ཞེས་ཀྱང་བྱ། བདུད་རི་ཧ་ཤང་ཞེས་ཀྱང་བྱ། གཙུག་རི་དགུ་འདུས་ཞེས་ཀྱང་བྱ། མེ་རི་འབར་བ་ཞེས་ཀྱང་བྱ། མཆོང་རི་རྩེ་དགུ་ཞེས་ཀྱང་བྱ། འབྱག་རྒྱལ་རིན་ཆེན་འབར་བ་ཞེས། བྲག་དམར་རི་འདུས་ཡན་ཆད་ཀྱི། མཚན་ཉིད་ཚིག་གི་མདོ་རྩའོ།།”ཞེས་དང་། 《བདེ་གླིང་གིས་མཛད་པའི་དཀར་ཆག་》ལས། “དེ་ནས་འཆི་མེད་ཡབ་སྲས་དང་། སེམས་དཔའ་རྗེ་བློན་སྟོང་གསུམ་དང་། སེ་ལྡེ་མེ་གསུམ་རིག་འཛིན་དགུ། མཐུ་ཆེན་མི་དགུ་གྲུབ་ཆེན་ཚོགས། ཕྱི་ནང་གསང་བའི་བོན་མ་ལུས། བྲག་དམར་རི་འདུས་འདི་རུ་བསྒྲུབས། བྱིན་རླབས་ངོ་མཚར་ཁྱད་པར་འཕགས། ཟབ་མོའི་བཀའ་གཏེར་མང་དུ་སྦས།”ཞེས་གསུངས།   བར་དུ་ཐུན་མིན་གྱི་རྣལ་འབྱོར་པ་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ། མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གིས་འདུ་གནས་རིན་ཆེན་འབར་བའི་མདུན་དུ་ཀུན་གྲགས་མཐོང་གྲོལ་རི་ཁྲོད་༡༨༤༤ལོར་ཕྱག་བཏབ་པ་དང་། དེ་ནས་རིམ་པར་གྲུབ་དབང་སྨོན་ལམ་བསྟན་པའི་རྒྱལ་མཚན་མཆོག་གིས་བསྟན་རྒྱུན་བསྐྱངས་ཏེ། བསྟན་སྲིད་དབུ་འཕང་དགུང་དང་མཉམ། བཤད་སྒྲུབ་བོན་འཁོར་ཕྱོགས་བཅུར་བསྐོར་སའི་རི་ཁྲོད་ཆེ་མཆོག་ཅིག་ཏུ་གྱུར། ཁྱད་པར་དུ་གྲུབ་དབང་སྨོན་ལམ་རིན་པོ་ཆེའི་ཞལ་སློབ་མང་པོས་གནས་རི་འདི་དང་སྒྲུབ་གནས་འདི་ཡི་མགུལ་ནས་ཐུན་མིན་བོན་གྱི་གདམས་པ་ལེན་པའི་སྐལ་བཟང་ཤར་བ་སྟེ།《དཔལ་ཚུལ་བསྟན་འབྱུང་》ལས། “ཞལ་སློབ་མང་བྱོན་ཀུན་དགའ་རྒྱལ་མཚན་དང་། གཡུང་དྲུང་ཡེ་ཤེས་བཟོད་པ་རྒྱལ་མཚན་དང་། སྦྱིན་པ་རྒྱལ་མཚན་ཤེལ་ཞིག་གཡུང་དྲུང་རྒྱལ། ཉི་མ་བསྟན་རྒྱལ་འགྲུ་སྒོམ་ཚུལ་དབང་དང་། རྟོགས་ལྡན་ཐེག་མཆོག་ལ་སོགས་སྐྱེས་ཆེན་མང་། ”ཞེས་གསུངས་པ་དང་། དེ་བཞིན་སྒང་རི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་སོགས་མཁས་གྲུབ་སྐྱེས་ཆེན་ཁྱུ་ཚོགས་ཆེན་པོས་གནས་འདི་རུ་སྒོམ་སྒྲུབ་ཉམས་ལེན་སོགས་མཛད་ཡོད།
   གཞན་ཡང་དམ་པ་གོང་མའི་ཁྲི་འཛིན་མེ་སྟོན་མཆོག་སྤྲུལ་ཀུན་དགའ་རིན་པོ་ཆེས་ཉག་གཏེར་གསང་སྔགས་གླིང་པ་སོགས་གདན་དུ་དྲངས་ཏེ་རྒྱལ་བའི་བཀའ་ལུང་གི་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་གནང་བ་དང་འབྲེལ། ཁོང་གིས་སྒྲུབ་ཆེན་ཐེངས་དང་པོ་དེ་རིག་འཛིན་གསང་སྒྲུབ་འཚོགས་གནང་བའི་ལོ་རྒྱུས་ཀྱི་ཉིང་དགོས་ཞུས་ན།《མེ་སྟོན་རང་རྣམ》ལས།“རྐོང་ཡུལ་གནས་ཆེན་བོན་རི་ཆེན་པོ་ཡི། །དབུས་ཕུག་གསང་བ་ཡངས་རྫོང་གཏེར་ཕུག་ནས། །ཐོན་པའི་གྱེར་སྤུངས་རིག་འཛིན་གསང་སྒྲུབ་ཀྱི། །དབང་ལུང་མན་ངག་ཡོངས་རྫོགས་ཞུས་ནས་སུ། །”ཞེས་དང་། ཡང་དེ་ཉིད་ལས“དེ་དག་མ་འོངས་བསྟན་འགྲོའི་དོན་ཆེན་དུ། །གཏེར་ཆེན་མཆོག་གིས་དྲངས་པ་གནང་ནས་སུ། །རིག་འཛིན་གསང་སྒྲུབ་ལ་སོགས་བཀའ་གཏེར་རྣམས། །འཛིན་སྐྱོང་སྤེལ་བའི་བཀའ་གཏད་རྗེས་གནང་མཛད། །”ཅེས་ཐུགས་སྤྲུལ་བོན་རི་ཆེན་པོའི་ཕྱོགས་བཞི་དང་དབུས་བཅས་ལྔ་ལ་ཡོད་པའི་ཁྱད་འཕགས་སྒྲུབ་ཕུག་གི་ནང་གསེས། དབུས་ཕུག་གསང་བ་ཡངས་རྫོང་གི་གཏེར་ཕུག་ནས། གཏེར་ཆེན་བདེ་ཆེན་གླིང་པ་མཆོག་གིས་དྲངས་པའི་《རིག་འཛིན་གསང་སྒྲུབ་》འདི་ཉིད་སྲིད་པའི་དཀའ་ཐུབ་པ་གྲུབ་དབང་༧མེ་སྟོན་ཉི་མ་རྒྱལ་མཚན་མཆོག་ལ་དབང་ལུང་མན་ངག་གི་བཀའ་དྲིན་བསྐྱངས་ནས། དབང་དང་དངོས་གྲུབ་ཀྱི་གཏེར་ཤོག་ཕུལ་གནང་བའི་ལོ་རྒྱུས་དང་། ཁྱད་པར་རིག་འཛིན་གསང་སྒྲུབ་སོགས་བཀའ་གཏེར་རྣམས་ཀྱི་བཀའ་གཏད་རྗེས་གནང་མཛད་པའི་ལོ་རྒྱུས་ཁུངས་བཙུན་གྱི་དོན་སྙིང་ལ་བརྟེན། རིག་འཛིན་གསང་སྒྲུབ་འཚོགས་གནང་བ་སྟེ།《མཁའ་འགྲོ་དབང་མོའི་རྣམ་ཐར་》ལས།“དེ་ནས་རི་ཁྲོད་མཆོག་གིས་གཞི་མཛད་ཅིང་། །སྨན་སྒྲུབ་ཆེན་མོ་འཛུགས་པའི་མཐུན་ཚོགས་སྒྲུབ། །”ཞེས་དང་། ཡང་དེ་ཉིད་ལས“གཙོ་འཛིན་སྨན་རི་མཁན་ཆེན་རིན་པོ་ཆེ། །ཉག་གཏེར་ཡབ་ཡུམ་མཆོག་སྤྲུལ་མཚམས་སྒོམ་གྲྭ། །སྟོང་ཕྲག་གྲངས་ལྡན་མཐོང་གྲོལ་ཁྲོད་དུ་འདུ། །བདེ་གླིང་རིག་འཛིན་ཡབ་སྲས་གསང་སྒྲུབ་ཀྱི། །བདུད་རྩི་སྨན་སྒྲུབ་ཟབ་མོའི་སྒོར་འཇུག་ཅིང་། །”ཞེས་གསལ་བ་ལྟར། གཡུང་དྲུང་རྣམ་བཀོད་གསང་བའི་སྒྲུབ་གནས་འདི་རུ་དམ་པ་གོང་མ་རྣམས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ཟབ་མོ་ལྷུར་བླངས་ནས། སྒྲུབ་ཆེན་ཐེངས་དང་པོ་དེ་སྤྱི་ལོ་(༡༩༢༥)ལོར་འཚོགས་མཛད་ཡོད།
   སྒྲུབ་ཆེན་ཐེངས་གཉིས་པ་འཚོགས་གནང་བའི་སྐོར། དེ་ཡང་《མེ་སྟོན་རང་རྣམ》ལས། “ཕྱིས་འབྱུང་ཡར་འབྲོག་མེ་སྟོན་ཆེན་པོ་དང་། །དབལ་ཕུར་བརྒྱུད་པའི་མེ་སྟོན་དགུ་ལ་སོགས། །”ཞེས་མེ་ཉག་གི་གདུང་ལས་འཁྲུངས་པའི་སྐྱེས་བུ་མང་པོས་ཡི་དམ་དབལ་ཕུར་ལ་བསྙེན་སྒྲུབ་གནང་བའི་ལོ་རྒྱུས་ཡོད་པ་གཞིར་བཅས། མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གིས་ཕུར་པའི་དབང་ལུང་ཐེངས་འགའ་ལ་ཞུས་མཛད་པ་དང་། ཕྱིས་མེ་སྟོན་ཀུན་དགའ་རིན་པོ་ཆེར་གསེར་གདུང་ཆེ་བའི་ནང་ཕུར་པ་བཞེང་རྒྱུའི་དགོངས་པ་འཁྲུངས་ཀྱང་སྒྲུབ་ཆེན་སྐབས་བཞེང་ཐུབ་མེད། སྨན་རིའི་མཁན་ཆེན་དང་གསང་སྔགས་གླིང་པ་རྣམ་གཉིས་རི་ཁྲོད་དུ་ཕེབས་སྐབས་ཕུར་པ་བཞེངས་ཡོད་པའི་མཇལ་སྣང་གི་རྟེན་འབྲེལ་འགྲིགས་ནས། རྗེས་སུ་མཁན་ཆེན་མཆོག་གིས་ཕུར་པ་བཞེང་དགོས་པའི་བཀའ་གནང་བ་དང་། གསང་གླིང་མཆོག་གིས་ཀྱང་ཕུར་པའི་སྐུ་རྟེན་བཞེང་དགོས་པའི་བཀའ་ཤོག་གནང་། རྗེས་སུ་ཕུར་པ་རྨད་དུ་བྱུང་བ་ཞིག་བཞེངས་གྲུབ་པའི་ལོ་རྒྱུས་དང་བཅས་གསེར་གདུང་ཁང་དུ་རྟོགས་ལྡན་ཞིག་ཕུར་མཚམས་བཞུགས་རྒྱུའི་སྲོལ་བྱུང་། དེ་ནས་སྤྱི་ལོ་(༡༩༩༨)ལོར་རྩ་བའི་བླ་མ་༧མེ་སྟོན་ལྷུན་གྲུབ་རྒྱལ་མཚན་མཆོག་གཙོས་པའི་རི་ཁྲོད་དགོན་གྱི་བླ་གྲྭ་ལྷན་འཛོམས་ཀྱིས་མཐུ་དཔུང་གཅིག་སྒྲིལ་ཐོག་སྒྲུབ་ཆེན་ཐེངས་གཉིས་པ་དེ་ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་འཚོགས་གནང་ཡོད། རིམ་པར་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་བཞིན་གསེར་གདུང་ཁང་དུ་ད་ལྟའི་བར་དུ་ཡི་དམ་དབལ་ཕུར་ནག་པོའི་བསྙེན་མཚམས་ཀྱི་རྒྱུན་བསྐྱངས་དང་སྐྱོང་མུས་སུ་མཆིས།
   དེ་ནས་བླ་རྒན་དམ་པ་ལྷུན་གྲུབ་རྒྱལ་མཚན་དང་གོང་མའི་ཁྲི་འཛིན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ། དཔོན་སློབ་དམ་པ་གཡུང་དྲུང་བློ་གྲོས་རབ་གསལ་རྣམ་གསུམ་གྱི་ཐུགས་དགོངས་གཅིག་ཏུ་དྲིལ་ཏེ། སྤྱི་ལོ་(༢༠༠༨)ལོར་རིང་ལུགས་འཁྲུལ་བ་མེད་པ་གྲྭ་ས་སྨན་རིའི་སྲོལ་བཟང་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གནས་རིའི་འདིའི་མདུན་དུ་བསྐྱངས་ཡོད། དེང་གི་ཆར་བླ་རྒན་དམ་པའི་རྗེས་འཛིན་ནམ་ཁྲི་འཛིན་བླ་མ་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་དཔོན་སློབ་ཀུན་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་སྐུ་བསོད་ཐུགས་རྗེའི་འོད་ཟེར་གྱིས་ཞུ་ཚང་བླ་མ་བསྟན་འཛིན་རྒྱལ་མཚན་གདན་དྲངས་ཏེ་རྒྱལ་བའི་བཀའ་ལུང་གི་བོན་གྱི་འཁོར་ལོ་བསྐོར་བ་དང་། དགོན་འདིའི་ཕྱི་ནང་གི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པ། ལྷག་པར་དུ་བཤད་སྒྲུབ་བསྟན་པ་ཆེས་ཆེར་སྐྱོང་མུས་སུ་མཆིས།
ཁྱད་པར་དུ་ཉིན་འདི་དག་གི་རིང་ལ་གཤེན་རབ་ཐུགས་ཀྱི་གཉེར་དཔོན་དྲན་པ་ནམ་མཁའ་དང་། ལོ་ཙཱའི་མཆོག་གྱུར་བཱཻ་རོ་ཙ་ན། ཟབ་གཏེར་སྙན་རྒྱུད་བདག་པོ་ཀུན་གྲོལ་གསང་བ་རྩལ་བཅས་ཀྱི་ཐུགས་དགོངས་གཅིག་ཏུ་དྲིལ་བའི་རིག་འཛིན་གསང་སྒྲུབ་ཀྱི་དཀྱིལ་འཁོར་སླར་ཡང་ཞལ་མངོན་པར་ཕྱེས་ཏེ། རི་ཁྲོད་དགོན་གྱི་སྒྲུབ་ཆེན་ཐེངས་གསུམ་པ་དང་། དགེ་བཤེས་མཛད་སྒོ་སྐབས་བཞི་པ། གསས་ཁང་སྒོ་འབྱེད་བཅས་ མཛད་སྒོ་སུམ་འཚོགས་གནང་བ་སྟེ།
   ༢༠༢༦ལོའི་ཟླ་༩ཚེས་༡༤ཉིན་སྨན་གྱི་སྒྲུབ་པ་ཆེན་མོའི་གཏོར་མ་བཅའ་བཀོད་སོགས་འགོ་བརྩམས། ཚེས་བཅུ་བདུན་ཉིན་ཕྱོགས་ཁག་གི་དགོན་སྡེ་ནས་གདན་དྲངས་པའི་དགེ་འདུན་པ་རྣམས་རང་དགོན་དུ་ཕེབས་འབྱོར་བྱུང་། ཚེས་བཅོ་བརྒྱད་ཉིན་ས་སློང་དང་རྒྱལ་ཐོ་འཛུགས་པ་སོགས་ཀྱི་མཛད་རིམ་གནང་། ཚེས་བཅུ་དགུ་དང་ཉི་ཤུ་གཉིས་ལ་སྨན་གྱི་སྒྲུབ་པ་ཆེན་མོའི་གཞུང་གསུང་།
ཚེས་ཉེར་གཅིག་ཉིན་ཕྱི་ནང་གི་རྟེན་བཞེངས་སོགས་ལེགས་པར་གྲུབ་པའི་གསས་མཁར་ལྷུན་གྲུབ་རབ་གསལ་ཁང་གི་སྒོ་འབྱེད་མཛད་སྒོ་གནང་། ཚེས་ཉེར་གཉིས་ནས་ཉེར་ལྔ་བར་སྨན་གྱི་སྒྲུབ་པ་ཆེན་མོའི་གཞུང་གསུང་།
ཚེས་ཉེར་དྲུག་ཉིན་ཁྲི་འཛིན་བླ་མ་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་མཎྜལ་ཕུལ།
ཚེས་ཉེར་བརྒྱད་ཉིན་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་པ་ཕེབས་བསུ་ཞུས་ཏེ་མེ་སྟོན་སྐུ་ང་འདྲ་མ་ལ་རབ་གནས་ཞུས་པ་དང་། རྒྱལ་བ་མཉམ་མེད་པའི་བསྟན་པ་ཡུན་ཏུ་བརྟན་པའི་རྟེན་འབྲེལ་གྱི་བརྡ་རུ་རྩོད་པ་གནང་།
ཚེས་ཉེར་དགུ་དང་སུམ་ཅུ་སྤྱི་ཟླ་༡༠ཚེས་གཅིག་བཅས་ལ་དགེ་བཤེས་མཛད་སྒོ་སྐབས་བཞི་པའི་བཀའ་རམས་པ་འགོ་ལ་དྲང་སྲོང་གཡུང་དྲུང་འགྱུར་མེད་དང་། གཤག་དྲང་སྲོང་ལྷག་པ་ཚུལ་ཁྲིམས་འོད་ཟེར། ཨ་ཤག་དྲང་སྲོང་བསྟན་འཛིན་ཚུལ་ཁྲིམས་རྣམ་དག་བཅས་ནས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་སོགས་གསོལ། ཚེས་གཉིས་ཉིན་བཀའ་རམས་པ་རྣམ་པ་གསུམ་དངོས་གཞི་དམ་བཅའ་ཆེན་མོར་བཞུགས་པ་དང་། ཕྱོགས་ཁག་ནས་ཕེབས་པའི་དགེ་བའི་བཤེས་གཉེན་རྣམས་དང་མཚན་ཉིད་བཤད་གྲྭ་བ། རང་དགོན་གྱི་དགེ་སློབ་རྣམས་ཀྱིས་རྩོད་པ་གནང་། ཚེས་གསུམ་ཉིན་དགེ་བཤེས་ཁྲི་བཞེངས་སོགས་ཀྱི་མཛད་སྒོ་དང་།
ཚེས་བཞི་དང་ལྔ་ཉིན་གཤེན་གྱི་གར་འཆམ་ཆེན་མོ།
ཚེས་དྲུག་ཉིན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འགྲོའི་ཁུར་འདེགས་པའི་སྐྱབས་མཆོག་བླ་མ་དམ་པ་རྣམས་ཕེབས་བསུ་ཞུས།
ཚེས་བདུན་ཉིན་སྨན་གྱི་སྒྲུབ་པ་ཆེན་མོའི་བཀའ་དབང་བསྩལ།
ཚེས་བརྒྱད་ཉིན་བཀྲ་ཤིས་ཚིག་བཀྲ་སོགས་གསུངས་ཏེ་ཐེངས་འདིའི་སྒྲུབ་ཆེན་བཀྲ་ཤིས་པའི་ངང་ནས་མཇུག་གྲོལ་བ་བཅས་ཀྱི་གནས་བསྡུས་སུ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།