ཧོར་སྦྲ་ཆེན་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་དཔྱད་གླེང་ཐེངས་དང་པོ་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2026-10-09 16:24:55][རྩོམ་པ་པོ། དྲུང་ཡིག་ཚན་ཁག །][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཧོར་སྦྲ་ཆེན་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་དཔྱད་གླེང་ཐེངས་དང་པོ་འཚོགས་པའི་གནས་བསྡུས།
སྟོན་མཆོག་དམུ་རྒྱལ་ལྷ་ཡི་བསྟན་པའི་རྩ་བ་ནས་བྱུང་ཞིང་སྲིད་པའི་གངས་རྒན་ལྟར་ལོ་རྒྱུས་ཀྱི་བང་རིམ་བརྩེགས་པའི་མེས་པོ་གོང་མའི་ཕྱག་ལས་གངྒའི་བཞུར་རྒྱུན་རིང་བའི་རིག་པའི་གནས་ཆེན་ལྔ་དང་། མདོ་སྔགས་རྫོགས་གསུམ་གྱི་བརྗོད་དོན་རང་རྒྱུད་བརླན་པའི་དགེ་བཤེས་རྣམས་ཀྱིས་གངས་དཀར་ཏི་སེའི་འོད་མདངས་འཚེར་བའི་ལོ་རྒྱུས་ཀྱི་སྐོར་དང་། མ་ཕམ་གཡུ་མཚོའི་གཏིང་མཐར་འགྲན་པའི་གཞུང་ལུགས་སྐོར། ཁ་འབབ་རྣམ་བཞིའི་ཆུ་རྒྱུན་རིང་བའི་རིག་གནས་ཀྱི་སྐོར། དུས་ཐོག་ཆར་པའི་བདུད་རྩིའི་བྱིན་རླབས་རང་རྒྱུད་བརླན་པའི་སློབ་གསོའི་སྐོར་སོགས་བགྲོ་གླེང་སྟ་གོན་གནང་སྟེ་སྤྱི་ལོ་༢༠༢༦ལོའི་ཟླ་བ༡༠པའི་ཚེས༥ཉིན་དཔལ་གཤེན་བསྟན་བྲུ་ཡི་གདན་ས་མདའ་རྒྱང་རྩེ་རྫོང་རི་ཁྲོད་བཤད་སྒྲུབ་སྨིན་གྲོལ་གླིང་དུ་དགེ་བཤེས་རྣམ་པ་ཕེབས་ནས་འབྱོར་ཐོ་བཀོད་པ།
ཚེས༦ཉིན་གྱི་ཞོགས་པའི་ཉི་ཤར་མཚམས་སུ་བགྲོ་གླེང་དངོས་སུ་དབུ་འཛུགས་གནང་སྟེ་ཚོགས་གཞོན་དགེ་བཤེས་མི་འགྱུར་གཙུག་ཕུད་ཀྱིས་གཙོ་སྐྱོང་གནང་། ཚོགས་གཙོ་དགེ་བཤེས་གཡུང་དྲུང་ཡེ་ཤེས་མཆོག་ནས་དབུ་འབྱེད་ཀྱི་གསུང་བཤད་གནང་བར་མ་ཟད་སྨན་རིའི་དགེ་བཤེས་མཁས་པའི་དབང་པོ་བསྟན་འཛིན་འབྲུག་གྲགས་མཆོག་གིས་གསུང་བཤད་ལེགས་པར་གནང་།
 
དེ་ནས་དགེ་བཤེས་རྣམ་པ་མདའ་རྒྱང་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུ་ཁང་བཅས་ལ་གཟིགས་སྐོར་ཕེབས་ཏེ་མཉམ་པར་སྒྲོན།
དེ་མཚམས་དྲུང་ཡིག་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས་ཀྱིས་གཙོ་སྐྱོང་གནང་སྟེ། ཀླུ་ཕུག་དགོན་གྱི་དགེ་བཤེས་མི་འགྱུར་གཙུག་ཕུད་ཀྱིས་ཧོར་སྤྱི་ཁྱབ་བསོད་ནམས་རྒྱལ་མཚན་གྱི་ལོ་རྒྱུས་སྐོར་དང་། སྤུ་ལ་དགོན་གྱི་དགེ་བཤེས་ཁྲི་འབར་བློ་གྲོས་ཀྱིས་དབུ་མ་བའི་ལྟ་བ་དང་བྱ་བ་གཙང་སྤྱོད་ཡེ་བོན་གྱི་ལྟ་བའི་ཁྱད་པར་སྐོར།   
མདའ་རྒྱང་རི་ཁྲོད་ཀྱི་དགེ་བཤེས་ཚུལ་ཁྲིམས་ལྷ་མོས་བོད་མི་རིགས་ཀྱི་བླ་སྲོག་ཅེས་པའི་སྐོར། མདའ་རྒྱང་རི་ཁྲོད་ཀྱི་དགེ་བཤེས་མཐའ་གྲོལ་བཟང་མོས་ཕུགས་བསམ་དང་སློབ་གསོའི་སྐོར།
   ཀླུ་ཕུག་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་དབང་གི་སྐོར་རགས་དཔྱད་ཅེས་པའི་སྐོར། མདང་རྒྱང་རི་ཁྲོད་ཀྱི་བླ་མ་སྨན་རིའི་དགེ་བཤེས་གཡུང་དྲུང་ཡེ་ཤེས་ཀྱིས་ཁམས་ཆེན་སྲིད་པའི་ཁམས་ལས་འཕྲོས་པའི་གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་དང་མཐུན་སྒྲིལ་དམ་ཟབ་སྐོར་བཅས་བགྲོ་གླེང་ཟབ་ཅིང་རྒྱས་པར་གནང་སྟེ་ཚོགས་ཞུགས་དགེ་བཤེས་རྣམ་པས་དྲི་བ་གནང་།
དེ་རྗེས་ཕྱི་དྲོ་དྲུང་ཡིག་དགེ་བཤེས་བསྟན་འཛིན་གཙུག་ཕུད་ཀྱིས་གཙོ་སྐྱོང་གནང་ནས་ལུང་དཀར་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་དགའ་བས་རྣམ་རྩོད་ཀྱི་ལྟ་གྲུབ་སྐོར་ལ་ཅུང་ཙམ་དཔྱད་པ་ཞེས་པའི་སྐོར་དང་། ཁྱུང་མོ་དགོན་གྱི་དགེ་བཤེས་འདབ་མའི་སྦྲང་ཆུང་གིས་བར་དོའི་སྐོར། མདའ་རྒྱང་རི་ཁྲོད་ཀྱི་དགེ་བཤེས་ནམ་མཁའ་བཟང་མོས་ཐེག་ཆེན་ལུགས་ཀྱི་སེམས་བསྐྱེད་དང་ཐེག་ཆེན་སེམས་བསྐྱེད་གཉིས་ཀྱི་ཁྱད་པར་སྐོར།  ཕུར་ནག་དགོན་གྱི་དགེ་བཤེས་བསམ་གཏན་གཙུག་ཕུད་ཀྱིས་དབེན་གསུམ་སོགས་ཀྱི་སྐོར་གླེང་བ་སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་པའི་སྐོར། མདའ་རྒྱང་རི་ཁྲོད་ཀྱི་མཁན་མོ་དགེ་བཤེས་གཡུང་དྲུང་དབང་མོས་གཡུང་དྲུང་བོན་ལུགས་ཀྱི་ཐུགས་རྗེ་སེམས་དཔའི་གྲུབ་མཐའ་ལས་ཤེས་པའི་སྐྱེ་མཆེད་ཡང་དག་པའི་འདོད་ལུགས་ལ་དཔྱད་པ་ཞེས་པའི་སྐོར་སོགས་བགྲོ་གླེང་དང་དྲི་བ་དྲི་ལན་གནང་།
  
ཕྱི་དྲོ་རྒྱུན་ལས་དགེ་བཤེས་ཚུལ་ཁྲིམས་དགའ་བས་གཙོ་སྐྱོང་གནང་སྟེ།
 
ཀླུ་ཕུག་དགོན་པའི་དགེ་བཤེས་ཚུལ་ཁྲིམས་དྲི་མེད་ཀྱིས་བརྡ་སྤྲོད་སྲིད་པའི་སྒྲོན་མེ་ནང་ཚན་བྱེད་འབྲེལ་ལས་ཚིག་སྐོར་ཅུང་ཟད་གླེང་བ་ཞེས་པའི་སྐོར་དང་། ཀླུ་ཕུག་དགོན་པའི་དགེ་བཤེས་བརྩོན་འགྲུས་རྒྱལ་མཚན་གྱིས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་གཞི་ལམ་འབྲས་བུར་དཔྱད་པ་ཞེས་པའི་སྐོར།
  
 མེ་མོ་རི་ཁྲོད་ཀྱི་དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་གནས་མཆོག་མེ་མོ་ཁྱུང་ཁྲའི་དཀར་ཆག་བཞིན་བཟང་ལུས་ཀྱི་ལང་ཚོ་ཞེས་པའི་སྐོར། ཁྲོམ་ཚང་དགོན་གྱི་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས་ཀྱིས་ཀུན་མཁྱེན་རོང་སྟོན་གྱི་སྐུ་ཚེའི་མཛད་རིམ་ལ་དཔྱད་པ་ཞེས་པའི་སྐོར་སོགས་བགྲོ་གླེང་དང་དྲི་ལན་གནང་།
  
ཚེས༧ཉིན་གྱི་ཞོགས་པར་དྲུང་ཡིག་དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་གཙོ་སྐྱོང་གནང་སྟེ་ ཨ་ཀྲོང་རི་ཁྲོད་སྨན་རིའི་དགེ་བཤེས་ཤེས་རབ་ལྷུན་གྲུབ་ཀྱིས་སྐར་རྩིས་རིག་པའི་སྐོར་དང་། ཀླུ་ཕུག་དགོན་གྱི་དགེ་བཤེས་སྐལ་བཟང་རྒྱ་མཚོས་མུ་ཟི་གསལ་བཟང་འགོག་པ་སྙོམས་པར་བཞུགས་པའི་དུས་ཚིག་ལ་དཔྱད་པ་ཞེས་པའི་སྐོར།
   ཕུར་ནག་དགོན་གྱི་དགེ་བཤེས་བསྟན་འཛིན་གཙུག་ཕུད་ཀྱིས་ཁམས་འགྲེལ་ལས་སྒྲིབ་གཉིས་འཇོག་སྟངས་སྐོར། ཨ་ཀྲོང་རི་ཁྲོད་ཀྱི་དགེ་བཤེས་དྲི་མེད་བློ་གསལ་གྱིས་ཡོད་ན་ཡོད་ཅེས་པའི་སྐོར་སོགས་ལོ་རྒྱུས་དང་གཞུང་།
 
རིག་གནས། སློབ་གསོ་བཅས་བརྗོད་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བགྲོ་གླེང་གཏིང་ཟབ་གནང་ཡོད།
 
དེ་རྗེས་དྲུང་ཡིག་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཇུག་བསྡུའི་གསུང་བཤད་གནང་སྟེ་བསྟན་རྒྱས་སྨོན་ལམ་གསུང་ནས་འཆད་རྩོད་རྩོམ་གསུམ་གྱི་ཁོ་ལག་རྒྱས་པའི་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་པ། སེམས་ཅན་བདེ་སྐྱིད་སྐྲུན་པའི་ཕྱག་ལས་བཟང་བ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་མཐའ་དག་ལེགས་སུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་ཏེ་མཇུག་ལེགས་པར་གྲུབ་བོ།།
དྲུང་ཡིག་ཚན་ཁག་ནས་སྤྱི་ལོ༢༠༢༦ལོའི་ཟླ་བ༡༠ཚེས༨ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།