དགེ་བཤེས་གཙུག་གཙུག་གཤེན་རྒྱལ་མཚན་གྱི་དེབ་གསར་ལེགས་སྐྱེས་འགྲེམ་སྤེལ་བྱས།
[ཟླ་ཚེས། 2025-10-20 19:21:34][རྩོམ་པ་པོ། དགེ་བཤེས་གཙུག་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དགེ་བཤེས་གཙུག་གཙུག་གཤེན་རྒྱལ་མཚན་གྱི་དེབ་གསར《ལེགས་སྐྱེས》ཞེས་པ་འགྲེམ་སྤེལ་བྱས།




མི་ཚེ་ནི་ངེས་མེད་དང་གློ་བུར། ངོ་མཚར་བཅས་ཀྱིས་ཕྱུག་པ་ཞིག་རེད། མ་བསམ་ས་ནས་ཐོལ་བྱུང་གི་དྲན་པ་ཞིག་གིས་ལོ་ཤས་ནང་བྲིས་པའི་ཡི་གེ་ཐོར་བུ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་དེབ་ཅིག་བཟོ་དགོས་དྲན། དེ་ལྟར་དྲན་མ་ཐག་ཏུ་བྱ་བ་འགོ་རྩོམ་དུས། རང་གིས་བྲིས་པའི་ཡིག་འབྲུ་དེ་དག་ཀྱང་སྙིང་དུ་སྡུག་པ་ཞིག་བྱུང་ལ། སྔར་ཡི་གེ་དེ་དག་འབྲི་དུས་དེབ་ཅིག་ཏུ་འགྱུར་རྒྱུ་ཡིད་ལ་མ་དྲན་མོད། ད་ལྟ་སླར་ཡང་བསྡུ་རུབ་བྱེད་དུས་དེབ་ཅིག་ཏག་ཏག་ལོངས་འདུག དཔེ་ཆ་འདི་ནི་གུས་པས་མི་ཚེ་དང་ཕུགས་བསམ། ཚེ་སྲོག་དང་སློབ་གཉེར། ཁེར་རྐྱང་དང་གྲོགས་པོ། འཚོ་བ་དང་རོལ་དབྱངས། དཔེ་ཀློག སྐད་ཡིག་བཅས་ཀྱི་སྐོར་གླེང་བའི་དེབ་ཅིག་ཡིན། འདི་ནི་རང་ལ་སྤྲད་བའི་ལེགས་སྐྱེས་ཡིན་ལ། ཁྱེད་ཅག་ལ་ཕུལ་བའི་ལེགས་སྐྱེས་ཀྱང་ཡིན། བྱ་བ་འདིར་ཐུགས་ཁུར་ཆེ་བཞེས་གནང་མཁན་མཁན་པོ་བསྐལ་བཟང་ལགས་དང་། མ་ཡུམ་སློབ་གླིང་གི་དགེ་སློབ་རྣམ་པ། ཕྲན་གྱི་གྲོགས་མཆོག་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁྱེད་ཅག་གི་བཀའ་དྲིན་གྱིས་ད་གཟོད་ངའི་དཔེ་ཆ་འདི་མི་ཡུལ་དུ་འཁྲུངས་པ་ཡིན། -༢༠༢༥-༡༠-༩

དགེ་བཤེས་གཙུག་གཤེན་རྒྱལ་མཚན་གྱི་ངོ་སྤྲོད་མདོར་བསྡུས།
ཕྲན་རང་ནི་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ(༡༩༩༢)ལོར་ཁམས་ཁྱུང་ཡུལ་དུ་སྐྱེས། འཆར་ཡན་གྱི་བློ་རྟོག་དང་གནའ་གཏམ་ཁྲོད་ནས་ནར་སོན། ལོ་བརྒྱད་བར་ཉི་འོད་དང་ཐལ་རླུང་ཁྲོད་ནས་རང་དབང་དང་བདེ་ཐང་གི་བྱིས་དུས་ཤིག་སྐྱེལ་བའི་བསོད་ནམས་ཤར། གནོན་མི་ཐུབ་པའི་སྤྲོ་སྣང་ཞིག་གིས་སློབ་གྲྭའི་སྒོ་ཐེམ་བརྒལ། དགེ་རྒན་ཉི་འོད་འདྲ་བ་དག་གིས་ལང་ཚོའི་འདབ་ལོ་ག་ལེར་བཞད་དུ་བཅུག རྒྱ་བོད་རྩིས་གསུམ་གྱི་ཤེས་བྱའི་གཤོག་ཟུང་བསྩལ་བས་ཕྱིས་ཀྱི་ལོ་ཟླ་ནང་དཀའ་སྡུག་གི་འགག་འཕྲང་བརྒྱུད་དུས་ཕན་ཕོགས་བླ་མེད་བྱུང་། ལྕགས་ཕོར་ལ་དམིགས་པ་མིན་ཡང་སུམ་བཟང་སློབ་མའི་བྱ་དགའ་ཡང་ཁ་ཤས་བླངས། གླིང་སྒྲུང་དང་འཛམ་གླིང་བྱིས་སྒྲུང་གྲགས་ཅན་བཀླགས་ཏེ་བྱིས་དུས་ཀྱི་འཚོ་བར་འོད་སྣང་གསར་པ་བསྣན། སློབ་ཆུང་མཐར་ཕྱིན་རྗེས་ཕ་ཡུལ་གྱི་འབྲོག་ས་རུ་ལོ་ཤས་བསྡད། དེ་ནས་ཁྱུང་པོ་རྩེ་དྲུག་དགོན་དུ་སྒྲིག་ཞུགས་བྱས་ཏེ་དགེ་རྒན་དམ་པ་དུ་མའི་སྐུ་མདུན་ནས་བོན་གྱི་གཞུང་ཆེན་བརྒྱད་དང་ཐུན་མོང་རིག་གནས་ཁག་ལ་སློབ་གཉེར་ཚུལ་མཐུན་བྱས། དགོན་གྱི་རྒྱུགས་སྤྲད་སྐབས་སུ་གཞུང་ལུགས་དང་རིག་གནས་སོགས་ལས་ཨང་རིམ་དང་པོ་ལན་འགའ་ཐོབ། ཕྱོགས་ཀྱི་དགོན་སྡེ་ཁག་གིས་བསྡུས་པའི་ཚད་མའི་རིག་སྒྲ་སྐབས་སུ་ཐུག་ཆེན་དམ་བཅའ་ཡང་འདུག་པའི་གོ་སྐབས་ཐོབ། བར་གསེང་ནས་དགོན་གཞུང་གི་དྲུང་ཡིག་དང་ཟུར་ཁྲིད་དགེ་རྒན་སོགས་ཀྱི་ལས་འགན་འགའ་རེ་ཁུར། བཤད་གྲྭར་གསར་ཞུགས་ལ་མཁོ་བའི《རྟགས་གསལ་བང་མཛོད་བྱིས་པ་དགྱེས་པའི་དགའ་སྟོན》ཞེས་པ་དང་སྦྱང་རྩོམ《སེམས་ཀྱི་རོལ་དབྱངས》ཞེས་པ་སྒོར་བཏོན། ཕུགས་བསམ་ཟེར་བ་ཞིག་གིས་ཡང་ཡང་བསླུ་བྲིད་བྱས་ནས་དཔེ་ཀློག་དང་རྩོམ་འབྲིའི་རྒྱལ་ཁམས་སུ་ཁྲིད། འོན་ཏེ། འཚོ་བ་དངོས་ཀྱི་ཁྲོད་ནས་ཡིད་ཚིམ་པའི་གྲུབ་འབྲས་གང་ཡང་མ་ལོན། རིག་གཞུང་བགྲོ་གླེང་ཁ་ཤས་ལ་མཉམ་དུ་ཞུགས་ནས་ཕན་ཚུན་གྱི་གོ་རྟོགས་བརྗེ་རེས་བྱས། ལྕགས་བྱི(༢༠༢༠)ལོར་དགོན་དེ་ནས་རབ་འབྱམས་པའི་དམ་བཅའ་བཞག་སྟེ་དགེ་བཤེས་མཚན་རྟགས་ཐོབ། སྔ་གཞུག་ཏུ་ལོ་དེབ་ཁ་ཤས་ཀྱི་རྩོམ་སྒྲིག་པའི་འགན་ཁུར། དགོན་སྡེ་ཁ་ཤས་ཀྱིས་བོས་པ་ལྟར་སོང་ནས་སློབ་ཁྲིད་ཞུས། ལྕགས་གླང(༢༠༢༡)ལོར་སྙན་ངག་དང་འབོལ་རྩོམ། ལྷུག་རྩོམ། གཞུང་ལུགས་དཔྱད་རྩོམ་བཅས་ལས་གྲུབ་པའི་དེབ《མི་ཕལ་པ》ཞེས་པ་འགྲིམ་སྤེལ་བྱས། དཔྱད་རྩོམ་ཟེར་བ་ཞིག་ལ་སྤྲོ་བ་སྐྱེས་བས་ཚོད་ལྟ་བྱས། ལོ་རྒྱུས་དཔེ་ཆ་མང་པོ་ཞིག་ཨུ་ཚུགས་ཀྱིས་བཀླགས་ཤིང་ཟིན་བྲིས་བཏབ། རང་ཉིད་དགའ་ཤོས་ཀྱི་རྩོམ་པ་པོས་བྲིས་པའི་བརྩམས་སྒྲུང་སོགས་ལའང་བལྟས། རིམ་བཞིན་དཔེ་ཀློག་དང་རྩོམ་འབྲི་ནི་རང་གི་འཚོ་བ་རོལ་སྟངས་ཤིག་ལས་ངོམ་དུ་རུང་བ་གང་ཡང་མ་ཡིན་པའི་ངེས་ཤེས་རྙེད། ལྷག་བསམ་ཅན་གྱི་གྲོགས་པོ་སྐོར་ཞིག་གི་བཀའ་དྲིན་འོག་དཔེ་ཆ་ཡང་ཁ་ཤས་བླུས། རིག་གཞུང་ལོ་དེབ《གཉའ་ཁྲི་བཙན་པོ》དང《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་གཞུང་སྒེར་གྱི་ཚགས་དེབ་སྣ་ཚོགས་དང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་། མཚོ་སྔོན་པོ་དྲ་བ། བོད་རིག་པ། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ་དྲ་བ། ཧི་མ་ལ་ཡི་བོན་སོགས་དྲ་ཚིགས་ཁག་ཏུ་དཔྱད་རྩོམ་དང་ལྷུག་རྩོམ། སྙན་ངག་སོགས་སྤེལ། དགེ་བཤེས་ཐོན་པ་ནས་བཟུང་ད་བར་མ་ཡུམ་སློབ་གླིང་དུ་དགེ་རྒན་གྱི་མིང་ཐོག་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་ལ་སློབ་ཁྲིད་བྱེད་ཞོར་བར་གསེང་གི་དུས་ཚོད་ནང་ལོ་རྒྱུས་ཞིབ་འཇུག་ལ་སློབ་སྦྱོང་བྱེད་མུས་ལགས་སོ། །
