དགའ་མལ་དགོན་ཆེན་གྱི་སྐབས་གཉིས་པའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2025-06-13 09:52:36][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །མདོ་སྨད་ཤར་ཁོག་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྐབས་གཉིས་པའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་འཚོགས་པའི་གནས་ཚུལ།
  
 གནས་ཆེན་བྱང་བྱ་དུར་གྱི་མདུན་ཞོལ་ཆགས་པའི་དགའ་མལ་དགོན་ཆེན་ཞེས་མཚན་ཡོངས་སུ་གྲགས་པའི་གླིང་འདིར་མཁན་ཆེན་རེའི་སྐུ་རིང་ལ་སྨན་སྒྲུབ་འོད་ཟེར་འཁྱིལ་བ་འཛུགས་པའི་ཕྱག་སྲོལ་ཡོད་པ་བཞིན། ད་ལན་མདོ་སྨད་ཟིང་ཆུའི་བོན་དགོན་ཡོངས་ཀྱི་གཙུག་གི་ནོར་བུ་གྱུར་བ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་བསྟན་པ་དང་འགྲོ་བའི་དོན་དུ་འཕྲིན་ལས་ཀྱི་མཛད་པ་རླབས་ཆེན་ཕྲག་ཏུ་བཞེས་ཏེ་སྨན་གྱི་སྒྲུབ་ཆེན་བཙུགས་ནས་སྤྱིར་འགྲོ་བ་ཡོངས་དང་སྒོས་ཤར་ཁོག་དད་ལྡན་སྐྱ་སེར་ཡོངས་ལ་བྱིན་རླབས་ཀྱི་ཆར་རྒྱུན་དུས་ཐོག་གི་ཆར་བ་ལྟར་བསྩལ་བ་བྱས།
   སྨན་གྱི་ཕྱག་ལེན་སྐོར་ནི་སྔོན་གྱི་མཁས་གྲུབ་གོང་མ་ནས་བརྒྱུད་པས་བྱིན་རླབས་ཀྱི་ན་བུན་མ་ཡལ་ཞིང་ལག་ལེན་གྱི་ཁུངས་བརྩན་པ་དང་། ཞི་ཁྲོ་སྨན་གསུམ་གྱི་ལག་ལེན་ལ་སོགས་གྲྭ་ས་གོང་མའི་ལུགས་སྲོལ་གཞིར་བྱས། བླ་མའི་ཁྲིད་རྒྱུན་སོགས་གནད་ཀྱི་དམ་པར་བཟུང་བ་དང་། གཞུང་ནས་གསུང་ཚུལ་བཞིན་སྨན་རྫས་འཚོལ་སྡུད་བྱས་ཏེ་སྔོན་གྱི་གོང་མ་རྣམས་ནས་བསྒྲུབས་པའི་སྨན་གྱི་རུ་མ་རྣམས་ཚང་བ་བྱས། གྲྭ་ས་གོང་མའི་སྲོལ་རྒྱུན་བཞིན་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་ནས་སྒྲུབ་གཤེན་རྣམས་ལ་ཞི་ཁྲོ་སྨན་གསུམ་གྱི་འཕྲིན་ལས་གོ་རིམ་དང་ཁྲོ་བོའི་གྱེར་ཆེན། གདངས་ཡིག་བཅས་སྒྲིག་སྦྱོང་གནང་བ་སོགས་སྔོན་འགྲོའི་ཆ་རྐྱེན་རྣམས་ཚུལ་བཞིན་བསྒྲུབས་མཐར།
   དེ་ཡང་སྤྱི་ལོ་༢༠༢༥ཟླ་༥ཚེས་༢༩ཉིན་ནས་དགོན་ཆེན་གྱི་འགན་འཛིན་རྣམ་པ་གཙོས་བྱས་དགོན་ཁག་ལྔ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་སོགས་སྒྲུབ་གཤེན་རྣམས་ཀྱིས་ཡི་དམ་རྣམ་ཀློང་གཉིས་དང་ཞི་ཁྲོ་སོགས་ཀྱི་གཏོར་མ་བཅའ་བཟོ་བྱས་པ་དང་། དཀྱིལ་འཁོར་དུ་ཕྱག་ཆ་སྒྲིག་བཀོད་དང་མཆོད་བཤམས། དག་གཙང་སོགས་ཀྱིས་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ། ཟུར་ནས་སྒྲུབ་གཤེན་རེ་འགས་སྒྲུབ་པའི་གེགས་སེལ་གྱི་ཆེད་དུ་ལམ་འཕྲང་བཅོས་པ་དང་། ཆབ་གཏོར་གཏོང་བ། ས་ཚ་འདེབས་པ་སོགས་བྱས། སྐྱབས་རྗེ་མཁན་རིན་པོ་ཆེ་ནས་ཚེ་ཐར་གཏོང་ཡིག་གསུངས་ཏེ་བྱོལ་སོང་སྲོག་ཆགས་རྣམས་ཉེའུ་འདོན་པ་བྱས།
   དེ་ནས་སྒྲུབ་ཆེན་ཉིན་དང་པོའི་ཞོགས་པར་སྐྱབས་རྗེ་མཁན་རིན་པོ་ཆེ་ཚོགས་མགོན་དུ་བཞུགས་ཐོག་སྒྲུབ་གཤེན་རྣམས་ཀྱིས་ཡི་དམ་རྣམ་ཀློང་གཉིས་ཀྱིས་ཆོ་གའི་དབུ་བཟུང་ནས་དབྱངས་རྟ་སྙན་མོས་དད་པའི་སྙན་དུ་བརྒྱན་པར་བྱས། ས་སློང་སྐབས་སྒྲུབ་གཤེན་རྣམས་སེར་ཕྲེང་ལ་ཕེབས་ཏེ་ས་འདུལ་འཆམ་བརྒྱབ་ནས་ས་སློང་གི་ཆོ་ག་སྤེལ་བ་དང་།
   མཁན་རིན་པོ་ཆེ་ནས་ས་ཕུད་བླངས་ཤིང་བུམ་གཏེར་ཕུལ་བའི་གཞུག་སྙན་པའི་རོལ་མོ་དང་བཅས་སྒྲུབ་གཤེན་རྣམས་གཞལ་ཡས་ཁང་དུ་ཕེབས། དེ་ནས་རྣམ་ཀློང་གི་སྟ་གོན་དབང་བཅས་ཀྱིས་ཉིན་དེའི་འགྲོ་རིམ་གྲུབ།
   དེ་ནས་སྒྲུབ་ཆེན་ཉིན་གཉིས་པར་སྔ་ཉིན་རྣམ་ཀློང་གཞུང་གསུང་འཕྲོ་ནས་དབུ་འཛུགས་གནང་ཞིང་ཕྱི་དྲོར་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནས་རྣམ་ཀློང་གཉིས་ཀྱི་དངོས་གཞིའི་དབང་གནང་སྟེ་སྐལ་ལྡན་བརྒྱ་ཕྲག་དུ་མར་སེམས་རྒྱུད་ཡོངས་སུ་བྱིན་རླབས་ཀྱིས་སྨིན་པར་བྱས།
   དེ་ནས་སྒྲུབ་ཆེན་ཉིན་གསུམ་པར་ཞི་བའི་ཁྲོལ་བུ་སྒྲུབ་པའི་དབུ་བཟུང་ནས་སྔོན་འགྲོ་ཕྱི་ཡི་བསྙེན་པ་རྣམས་རིམ་པ་ཚར་རྗེས་སྒྲུབ་གཤེན་རྣམས་ཡར་བཞེངས་ཏེ་ཕྱི་རྟེན་སྐོས་ཀྱི་ཏིང་འཛིན་དང་གཞུང་གསུངས། དེ་ནས་སྒྲུབ་གཤེན་རྣམས་སེར་ཕྲེང་ལ་ཕེབས་ཏེ་ཐོ་བཞིའི་འཆམ་བསུས་ཤིང་ཕྱི་ཡི་བར་ཆད་ནང་དུ་མི་གཏོང་བ་ནང་གི་དངོས་གྲུབ་ཕྱི་རུ་མི་ཡལ་ཞིང་སྲུང་མཚམས་དམ་པའི་ཆེད་མཁན་རིན་པོ་ཆེ་ནས་ཕྱོགས་བཞིར་ཐོ་བཙུགས་ཤིང་བཀའ་བསྒོས་མཚམས་བཅད་མཛད། དེ་ནས་ནང་དུ་གཞུང་གི་གསུང་རིམ་གྲུབ་མཚམས་རྣམ་བརྒྱད་འཆམ་པ་རྣམས་ཀྱིས་ཞི་བའི་དཀྱིལ་འཁོར་བསུས་པ་དང་། སྒྲུབ་གཤེན་རྣམས་སྟག་འགྲོས་སེང་སྟབས་སུ་ཕེབས་པར་མཛད། ཕྱི་དྲོར་མཁན་རིན་པོ་ཆེ་ནས་འགུ་ཡའི་སྟ་གོན་དབང་གནང་བ་དང་། ཚོགས་ཀྱི་སྐབས་སུ་ཚོགས་འཆམ་བརྒྱབ་པ་བཅས་ཀྱིས་ཉིན་དེའི་འགྲོ་རིམ་ཡོངས་སུ་བསྐྱངས། དེ་ནས་སྒྲུབ་ཆེན་ཉིན་བཞི་བར་ཞི་བའི་ཁྲོལ་བུ་སྒྲུབ་པའི་མཇུག་སྐྱོང་ཞིང་ཁྲོ་བོ་སྒྲུབ་པའི་དབུ་བཙུགས་ནས་ཁྲོ་བོ་གྱེར་ཆེན་གྱིས་ཡི་དམ་ལྷ་ཚོགས་དགྱེས་པར་བྱས། རྣམ་བརྒྱད་འཆམ་པ་ཡིས་འཆམ་གོས་ལེགས་པར་གསོལ་ཏེ་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་སྤྱན་དྲངས་ཤིང་སྒྲུབ་གཤེན་རྣམས་ཕྱི་རུ་ཕེབས་ཏེ་ཐོ་བཞིའི་འཆམ་གྱིས་མཛེས་པའི་དཔལ་དུ་ཤར་བ་བྱས།
   དེ་ནས་སྒྲུབ་ཆེན་ཉིན་ལྔ་བར་བླ་གྲྭ་འདུས་མང་ཡོངས་ཀྱིས་ཁྲོལ་བུའི་སྨན་མཆོག་བསྣམས་ནས་སྨན་སྐོར་ལ་ཕེབས་ཏེ་སྨྲ་སེང་སྟོང་སྐུ་གཞལ་ཡས་ཁང་གི་ཐང་ཆེན་དུ་འབྱོར་མཐར་བླ་མ་དང་སྒྲུབ་གཤེན་རྣམས་ནས་ཁྲོལ་བུའི་སྨན་བརྡུང་བ་དང་། ཚོགས་འཆམ་བརྒྱབ་པ། ཁྲོ་བོ་ཁྲོལ་བུའི་སྒྲུབ་པའི་མཇུག་སྐྱོང་བ་བཅས་ཀྱིས་ཉིན་དེའི་མཛད་རིམ་གྲུབ།
   དེ་ནས་སྒྲུབ་ཆེན་ཉིན་དྲུག་པར་ཞི་བའི་ཕྱེ་མ་སྒྲུབ་པའི་དབུ་ཚུགས་ནས་སྔོན་འགྲོ་ཕྱི་ཡི་བསྙེན་པ་གྲུབ་མཚམས་སྒྲུབ་གཤེན་རྣམས་བཞེངས་ཏེ་དཀྱིལ་འཁོར་གྱི་མདུན་ནས་ཕྱི་རྟེན་སྐོས་པ་གསུངས་པ་དང་། སྒྲུབ་གཤེན་རྣམས་སེར་ཕྲེང་ལ་ཕེབས་ཤིང་ནང་དུ་རྣམ་བརྒྱད་ཀྱིས་ཞི་བའི་དཀྱིལ་འཁོར་བསུས་པ་བཅས་བྱས།
   དེ་ནས་སྒྲུབ་ཆེན་ཉིན་བདུན་པར་ཞི་བའི་ཕྱེ་སྒྲུབ་ཀྱི་མཇུག་སྐྱོང་ནས་ཁྲོ་བོའི་ཕྱེ་སྒྲུབ་ཀྱི་དབུ་བཟུང་བ་དང་། སྔོན་འགྲོ་དངོས་གཞིའི་བསྙེན་པ་རྣམས་ཀྱི་རིམ་པ་སྔ་བཞིན་གྲུབ།
   དེ་ནས་སྒྲུབ་ཆེན་ཉིན་བརྒྱད་པར་ཁྲོ་བོའི་ཕྱེ་མ་སྒྲུབ་པའི་མཇུག་སྐྱོང་བ་དང་བླ་གྲྭ་འདུས་མང་ཡོངས་ཀྱིས་སྨན་ཕྱེ་བསྣམས་ནས་སེར་ཕྲེང་ལ་ཕེབས་པ་བཅས་ཀྱིས་ཉིན་དེའི་འགྲོ་རིམ་གྲུབ། དེ་ནས་སྒྲུབ་ཆེན་ཉིན་དགུ་བར་དངོས་གྲུབ་སྒྲུབ་པའི་དབུ་བཟུང་ནས་སྔོན་འགྲོ་དངོས་གཞིའི་རིམ་པ་རྣམས་སྔ་བཞིན་དང་། ཞི་ཁྲོ་སྨན་གསུམ་གྱི་དཀྱིལ་འཁོར་བསུས་པ་བཅས་བྱས། དེ་ནས་སྒྲུབ་ཆེན་ཉིན་བཅུ་བར་དངོས་གྲུབ་སྒྲུབ་པའི་མཇུག་སྐྱོང་ནས་བཀྲ་ཤིས་སྒྲུབ་པའི་དབུ་བཟུང་བ་དང་།
   དེ་ནས་སྒྲུབ་ཆེན་ཉིན་བཅུ་གཅིག་པར་མཁན་རིན་པོ་ཆེ་ནས་སྐྱ་སེར་བརྒྱ་ཕྲག་དུ་མར་ཁྲོ་བོ་འགུ་ཡའི་དངོས་གཞིའི་དབང་གི་བཀའ་དྲིན་བསྐྱངས་པ་དང་། བཀྲ་ཤིས་སྒྲུབ་པའི་མཇུག་སྐྱོང་བ་བཅས་བྱས།
   དེ་ནས་སྒྲུབ་ཆེན་ཉིན་བཅུ་གཉིས་པར་མཁས་བཙུན་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཆེན་པོ། འདུལ་འཛིན་ཀུན་གྱི་གཙུག་གི་ནོར་བུ་གྱུར་བ། མཚན་བརྗོད་པ་དཀའ་ཡང་དོན་གྱིས་སླད་དུ་སྨོས་ན་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དགོན་ཆེན་དུ་ཆིབས་བསུ་མཛད་དེ་སྨན་གྱི་བྱིན་རླབས་བརྟགས་པ་དང་། སྐྱ་སེར་ཁྲི་ཕྲག་ལས་བརྒལ་བར་སངས་རྒྱས་སྨན་ལྷའི་བཀའ་དབང་ཟབ་མོ་གནང་བ་དང་། ལེགས་ཉེས་བླང་དོར་དང་སྨན་གྱི་ཕན་ཡོན་སོགས་གསུངས་ནས་སྐྱེ་བོ་ཀུན་གྱི་སེམས་རྒྱུད་དད་པས་བརླན་པར་བྱས། དཔལ་ལྡན་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ལ་སྨན་ཕུད་དང་པོ་ཕུལ་བ་དང་། དབང་འོག་ཚུད་པའི་སྐྱ་སེར་ཡོངས་ལ་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྨན་འགྱེད་གནང་། དེ་ནས་སྒྲུབ་ཆེན་ཉིན་བཅུ་གཉིས་པར་ཕྱོགས་བཞིའི་ཐོ་བླངས་མཐར་བཀྲ་ཤིས་གཤེགས་བསྐྱོད་བཅས་ཀྱིས་སྨན་གྱི་སྒྲུབ་ཆེན་གྱི་མཐར་བརྒྱན་པ་དང་།
   དེ་མཚམས་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ལགས་ནས་སྒྲུབ་གཤེན་རྣམས་ལ་གྲྭ་ས་གོང་མ་ནས་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་རྣམ་བཞག་བྱུང་རིམ་དང་། སྐབས་བབ་ཀྱི་འགན་འཛིན་དག་བཀའ་དྲིན་ཆེ་ལུགས། སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་སྤེལ་ལུགས་སོགས་ཀྱི་སྐོར་ནས་ནད་ཐོག་ལ་སྨན་འཕྲོད་པ་ལྟར་གྱི་གསུང་བཤད་རིན་ཐང་བྲལ་བ་བསྩལ། ད་ལན་སྨན་སྒྲུབ་སྐབས་སྔོན་གྱི་བོན་གཤེན་རིག་འཛིན་ནས་བརྒྱུད་པའི་བྱིན་རླབས་དང་། སྒྲུབ་གཤེན་མང་ཚོགས་བྱིན་རླབས་ཀྱིས་སྨན་སྒྲུབ་མང་དུ་འཕེལ་བ་སོགས་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དུ་མ་བྱུང་བ་ཀུན་གྱི་ཆུ་བུར་མིག་གི་གཟིགས་ངོར་མཐོང་བ་བཅས་ངོ་སྤྲོད་མདོར་བསྡུས་ཙམ་མོ། །
གནས་ཚུལ་འབྲི་མཁན། དགེ་བཤེས་བསོད་ནམས་ཚེ་རིང་།
པར་ལེན་པ། དགེ་བཤེས་ཤར་པ་ངག་དབང་སོགས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།