ཏུན་ཧོང་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས༼པོད༥༠༽ཡི་བཤེར་འབེབས་ཚོགས་འདུ།
[ཟླ་ཚེས། 2025-04-30 20:48:41][རྩོམ་པ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།][རྩོམ་ཁུངས། གངས་ཅན་རིག་མཛོད།][ཀློག་གྲངས། ]
ཏུན་ཧོང་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས༼པོད༥༠༽ཡི་བཤེར་འབེབས་ཚོགས་འདུ།
སྤྱི་ཟླ་༤པའི་ཚེས༡༨ཉིན། རྒྱལ་ཁབ་ཀྱི་“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ”པའི་མི་རིགས་སྐད་ཡིག་དཔེ་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དམིགས་རོགས་དངུལ་རྣམ་གྲངས།《ཏུན་ཧོང་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས》པོད༥༠ཡི་(ཁྱོན་པོད༡༠༠)པར་འདེབས་སྔོན་གྱི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཁྲིན་ཏུའུ་རུ་ཚོགས། དཔེ་ཚོགས་འདིའི་གཙོ་སྒྲིག་པ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷ་བྱམས། དེ་མིན་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྡོ་རྗེ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། ཏུན་ཧོང་ཞིབ་འཇུག་ཁང་གི་ཡིག་ཚང་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་པདྨ་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་ཆེད་མཁས་པ་རྣམས་ཚོགས་འདུར་ཞུགས་ཡོད།
དེ་ཡང་དཔེ་ཚོགས་འདིའི་ནང་དོན་གྱི་རིགས་དབྱེ་སྟངས་དང་ཡིག་ཚང་སྒྲིག་སྟངས་སོགས་ཀྱི་ཐད་ལ་སྤྱིའི་ཆ་ནས་འཇིག་རྟེན་ཕལ་བའི་སྐོར་གྱི་ཡིག་ཚང་དང་ཆོས་ལུགས་ཡིག་ཚང་གཉིས་སུ་རིགས་དབྱེ་བ་དང་། བྱེ་བྲག་ཏུ་འཇིག་རྟེན་ལུགས་ཀྱི་ཡིག་ཚང་སྐོར་ལ་མི་ཆོས་ཡིག་ཚང་དང་ལོ་རྒྱུས་ཡིག་ཚང་། གསོ་རིག་ཡིག་ཚང་། ལོ་ཙཱའི་ཡིག་ཚང་། ཡི་གེའི་སྐོར་གྱི་ཡིག་ཚང་། ཁྲིམས་ལུགས་ཡིག་ཚང་། སྤྱི་ཚོགས་དཔལ་འབྱོར་ཡིག་ཚང་། ཞུ་འཕྲིན་ཡིག་ཚང་། བཀའ་མཆིད་ཡིག་ཚང་ལྟ་བུ་སོགས་རིགས་བཅུ་རུ་ཕྱེ་བ་ཡོད་ཀྱང་། དེ་ལས་དེབ་འཕྲེང་འདིར་རིགས་སྤྱི་ཙམ་དགར་བ་མ་གཏོགས་བོན་གྱི་ཡིག་ཚང་དང་དམངས་ཁྲོད་རྩོམ་རིག་བྱ་བ་གཉིས་ཀྱི་ཡིག་ཚང་དང་། དེ་བཞིན་ལོ་རྒྱུས་ཡིག་ཚང་དང་བཀའ་མཆིད་ཡི་གེ། ཁྲིམས་སྲོལ་ཡིག་ཚང་དང་སྤྱི་ཚོགས་དཔལ་འབྱོར་ཡི་གེ་སོགས་ལ་འདྲ་བའི་ཆ་ཤིན་ཏུ་མང་བས་ནང་དོན་ངོས་འཛིན་སྐོར་ལ་བཞེད་ཚུལ་ནང་མི་མཐུན་པ་སྣ་ཚོགས་ཡོད་པ་དང་། ལྷག་པར་གནའ་དུས་ཀྱི་རིག་གནས་ལ་དེང་སང་གི་རིག་ཚན་དབྱེ་སྟངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་དཔེ་བཀབ་ན་ཡིག་ཚང་རེ་རེའི་ནང་དོན་ཅུང་དབྱེ་དཀའ་བའི་གནས་སུ་གྱུར་བ་དང་། འདིར་རིག་ཚན་ཆིག་རྐྱ་བའི་ཁྲོད་དུ་བསྡུས་པའི་ནང་དོན་ཅུང་འདྲ་བར་འབྱུང་བ་དག་ལ་(བཙན་པོའི་སྐབས་ཀྱི་དོན་ཆེན་གནད་བསྡུས་ལPel.tib.1288\IOLTib J 750\Or.8212ལྟ་བུ་ཡིག་ཚང་སྣ་མི་འདྲ་བ་གསུམ་དང་། ར་མ་ནའི་རབས་ཀྱི་སྐོར་ལPel.tib.0981\Pe1.tib.983\Pe1.tib.983V\IOL Tib J.737.1\IOL Tib J.737.2\IOL Tib J.737.2V\IOL Tib J.737.3ལྟ་བུ་སོགས་ཡིག་ཚང་བདུན་ཡོད)བྱེ་བྲག་གི་སྒོ་ནས་གུང་མ་བསྒྲིགས་པར་ཨང་རྟགས་སྔ་ཕྱི་རང་སོར་བཞག་ནས་དཔྱད་བརྗོད་ཅི་ཡང་མ་བྱས་པར་རེ་ཞིག་བཏང་སྙོམས་སུ་ལུས་པ་ཡིན།