མགར་གྱི་ཕྱག་རྗེས། བྲུ་ཡི་གཤང་སྒྲ་འགྲེམ་སྤེལ་མཛད་སྒོ་འཚོགས་པའི་གསར་གནས།
[ཟླ་ཚེས། 2025-04-09 17:19:20][རྩོམ་པ་པོ། གོ་སྒྲིག་ཚོ་ཆུང་ནས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བྲུ་ལུགས་སློབ་དཔོན་ཆེན་མོ་མགར་ར་དབུ་མཛད་ཨ་ཧོ་འཆི་མེད་མཆོག་གི་རྣམ་ཐར་དང་རྗེས་དྲན《མགར་གྱི་ཕྱག་རྗེས། བྲུ་ཡི་གཤང་སྒྲ》ཞེས་པའི་འགྲེམ་སྤེལ་མཛད་སྒོ་འཚོགས་པའི་གསར་གནས།






མགར་ཚུལ་ཁྲིམས་འགྱུར་མེད་མཆོག་གིས་བརྩམས་སྒྲུབ་གནང་པའི་བྲུ་ལུགས་སློབ་དཔོན་ཆེན་མོ་མགར་ར་དབུ་མཛད་ཨ་ཧོ་འཆི་མེད་མཆོག་གི་རྣམ་ཐར་དང་རྗེས་དྲན《མགར་གྱི་ཕྱག་རྗེས། བྲུ་ཡི་གཤང་སྒྲ》ཞེས་པའི་འགྲེམ་སྤེལ་མཛད་སྒོ་དེ་དམ་པའི་འཁྲུངས་གཞིས་ཁྱུང་པོ་ག་ངས་ངས་གཞུང་མགར་ར་ཚང་དུ་སྤྱི་ལོ་2025ལོའི་ཟླ་4པའི་ཚེས་7ཉིན་ཟབ་རྒྱས་ངང་ཚོགས་པ་དང་།


ཚོགས་ཐོག་ཏུ་ངས་པ་མར་ཁུ་དགོན་གྱི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ། ག་ཤེལ་དགོན་གྱི་དབུ་བླ་ཤེལ་ཞིག་དྲུང་མུ་གྲགས་པ། ཅོང་རི་དགོན་གྱི་དབུ་བླ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། སྒང་རུ་དར་རྒྱས་དགོན་གྱི་བླ་མ་ཤེལ་ཞིག་གཡུང་དྲུང་བསྟན་འཛིན་སོགས་བླ་མ་དགེ་བཤེས་རྣམས་དང་། དམ་པ་མཆོག་གི་སློབ་མ། གཉེན་ཉེ། ཡུལ་མི་སོགས་བརྒྱ་ལྷག་ཙམ་མཉམ་ཞུགས་བྱས་ཡོད། ཐོག་མར་དམ་པ་མཆོག་གི་སློབ་མ་མགར་ཆེན་ནོར་ལྷ་མཆོག་གིས་བྲུ་ལུགས་ཀྱི་ཆེ་བ་ལྟར་དུ་བདེ་ཆེན་རྒྱལ་པོ་ལན་གསུམ་དབྱངས་ལ་གྱེར་ནས་མཛད་སྒོ་དངོས་སུ་དབུ་ཚུགས། དེ་ནས་ན་གཞོན་ཚེ་རིང་འཛོམས་གྲགས་ཀྱིས་མཛད་སྒོའི་གོ་རིམ་ངོ་སྤྲོད་གནང་བ་དང་། དེ་མཚམས་དེབ་འདིའི་བྱེད་པོ་མགར་ཚུལ་ཁྲིམས་འགྱུར་མེད་མཆོག་གིས་མཛད་སྒོ་འདིའི་དགོས་པ་དང་དམིགས་ཡུལ་འཚོགས་དགོས་པའི་རྒྱུ་མཚན་སོགས་ཟབ་ཅིང་རྒྱས་པར་གསུངས། དེ་ནས་ངས་པ་མར་ཁུ་དགོན་གྱི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ་མཆོག་གིས་མགར་ར་དབུ་མཛད་ཨ་ཧོ་འཆི་མེད་མཆོག་གི་མི་གཞི་མཛད་སྤྱོད་སོགས་དང་འབྲེལ་ནས་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་སྒོ་ནས་སྤངས་བླང་གི་བསླབ་བྱ་གནད་དུ་ཐིང་བར་གསུངས། དེ་ནས་ཅོང་རི་དགོན་གྱི་དབུ་བླ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་མཆོག་གིས་དམ་པའི་རྣམ་ཐར་དེབ་འདིའི་ཁྱད་ཆོས་དང་འབྲི་སྟངས་སོགས་དེང་རབ་དང་མཐུན་པར་ཡིག་ཚང་རིག་དངོས་ཟུང་འབྲེལ་གྱི་སྒོ་ནས་བྲིས་ཡོད་པ་དང་། དམ་པ་མཆོག་གི་དགེ་རྒན་དང་མཆེད་གྲོགས། སློབ་མ་བཅས་ཀྱི་ལོ་རྒྱུས་བཀོད་པས་བླ་ན་མེད་པའི་དགེ་མཚན་ལྡན་ཡོད་ཚུལ་སོགས་དོན་དངོས་དང་མཐུན་པ་དབྱེ་ཞིབ་ལྡན་པའི་སྒོ་ནས་གསུངས། དེ་ནས་ཤེལ་ཞིག་བླ་མ་གཡུང་དྲུང་བསྟན་འཛིན་མཆོག་གིས་དམ་པ་མཆོག་དང་འབྲེལ་འདྲིས་ཟབ་ཚུལ་དང་། སློབ་མ་རྣམས་ལ་ཁོང་གིས་ཅི་བསླབ་པ་དེ་བཟོ་བཅོས་མེད་པར་ཇི་ལྟར་དུ་རྒྱུན་སྐྱོང་དགོས་ཚུལ་དང་། རྣམ་ཐར་དེབ་འདི་ཉིད་ཞིབ་ཀློག་བྱེད་ནས་དམ་པ་མཆོག་གི་བཟང་སྤྱོད་རྣམས་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་དགོས་ཚུལ་ཞིབ་ཏུ་གསུངས། དེ་ནས་ཉིན་གུང་གི་ཞལ་ལག་བཞེས་རྗེས། དགེ་བཤེས་རྣམ་དག་ཡེ་ཤེས་མཆོག་གིས་བྲུ་ལུགས་འདི་ཉིད་རྩ་ཆེན་པོ་ཡིན་ཚུལ་དང་། གཉོས་དང་འགྲོ་མགོན། མཉམ་ཆེན་ཆེན་པོ། མཁན་ཆེན་ཉི་མ་སོགས་དང་འབྲེལ་ཏེ་བྲུ་ལུགས་ཀྱི་འཕེལ་རིམ་སྐོར་ནས་ཟབ་ཅིང་རྒྱས་པའི་སྒོ་ནས་གསུངས། དེ་ནས་ན་སྙན་ངག་པ་ལྡོང་སྐལ་བཟང་མཆོག་གིས། དམ་པ་མཆོག་གི་རྣམ་ཐར་དང་འབྲེལ་ཏེ་རང་ས་རང་ཡུལ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་རྣམས་ལ་བརྩི་འཇོག་དང་ལོ་རྒྱུས་བསྔོགས་འདོན་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་དང་། མགར་བ་འཆི་མེད་མཆོག་གི་མཛད་རྗེས་ཁག་ལས་རྩལ་དུ་བཏོན་ནས་རིག་གཞུང་དར་སྤེལ་དང་། རིག་གཅིག་རྐང་འཛིན། མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ནས་མཛད་རྗེས་རླབས་ཆེན་པོ་བཞག་ཡོད་ཚུལ་གླེང་། དེ་ནས་ཅང་པ་རྒྱལ་བསྟན་མཆོག་གིས་དམ་པ་མཆོག་གི་སློབ་མའི་འཐུས་ཚབ་ཀྱི་གཏམ་བཤད་སྤེལ་ནས། དམ་པ་མཆོག་གི་སློབ་མ་སྐྱོང་ཚུལ་དང་། བཀའ་དྲིན་ཆེན་པོ་ཡིན་ཚུལ་གྱི་ཞིབ་པར་བཤད། དེ་ནས་མགར་ཚུལ་ཁྲིམས་འགྱུར་མེད་མཆོག་གིས་རྣམ་ཐར་འདི་ཉིད་འབྲི་སྟངས་དང་། ལོ་རྒྱུས་བཙལ་ཚུལ་ཇི་ལྟར་བྱས་པ། འབྲེལ་ཡོད་མི་སྣ་རྒན་རབས་རྣམས་ལ་བཅར་འདྲི་ཞུས་ཚུལ། རྗེས་དྲན་རྩོམ་ཡིག་ཇི་ལྟར་བསྡུས་ཚུལ་སོགས་ལས་དོན་འདིའི་འགོ་ནས་མཇུག་བར་ཞིབ་ཅིང་ཕྲ་བའི་སྒོ་ནས་གསལ་བཤད་གནང་། དེ་ནས་དམ་པ་མཆོག་གི་དབུ་གཡང་གཙོ་བོར་བྱས་པའི་ཕྱག་ཆས་བྱིན་རྟེན་རྣམས་བླ་མ་རྣམས་ཀྱིས་རྟེན་ཞལ་ཕྱེས་ནས་རྟེན་ཁྲུས་མཛད། དེ་ནས་ཤེལ་ཞིག་སྐལ་བཟང་ཟླ་བ་མཆོག་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྒོ་དབྱེ་དབྱངས་ལ་གྱེར་བཞིན། ངས་པ་མར་ཁུ་དགོན་གྱི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ། ག་ཤེལ་དགོན་གྱི་དབུ་བླ་ཤེལ་ཞིག་དྲུང་མུ་གྲགས་པ་རྣམ་གཉིས་ཀྱིས་སྣང་གསལ་སྒྲོན་མེ་སྤར་བ་དང་མཉམ་དུ། ཅོང་རི་དགོན་གྱི་དབུ་བླ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་དང་། སྒང་རུ་དར་རྒྱས་དགོན་གྱི་བླ་མ་ཤེལ་ཞིག་གཡུང་དྲུང་བསྟན་འཛིན་རྣམ་གཉིས་ཀྱིས་དཔེ་དེབ་ཀྱི་ཞལ་ཁེབ་ཕྱེས་ནས་དབུ་འབྱེད་ཀྱི་ཆོ་ག་སྤེལ། དེ་ནས་ཐོག་མར་དཔལ་ལྡན་སྨན་རིའི་ཡོངས་འཛིན་ཆེན་མོ། ཚེ་ལོ་བརྒྱ་ཡི་སྟོན་པ་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་ལ་དེབ་ཕུད་དུ་དཔེ་དེབ་ཚར་གསུམ་ཕུལ་བ་དང་། དེ་ནས་ཚོགས་ཞུགས་ཡོངས་ལ་དཔེ་དེབ་དང་མགུལ་དར་སྒྲོན་རྗེས་དྲན་རྟེན་མཉམ་པར་བསྒྲོན་ནས་མཛད་སྒོ་ཡོངས་སུ་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།
གོ་སྒྲིག་ཚོ་ཆུང་ནས།4/8ཉིན་བྲིས།
