ཁྱུང་སེར་ཟླ་གཤིས་བླ་བྲང་གི་ཡབ་རིན་ཆེན་རྣམ་རྒྱལ་དགོངས་པ་རྫོགས་པ།

[ཟླ་ཚེས། 2025-03-19 17:48:44][རྩོམ་པ་པོ། ཁྱུང་དགོངས་རྫོགས་གོ་སྒྲིགས་མཐུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

    དབལ་འབར་སྟག་སླག་ཅན་གྱི་གདན་ས། དམ་པ་ཁྱུང་སེར་གདུང་རྒྱུད་ཟླ་གཤིས་བླ་མ་ཚང་གི་ཡབ་བླ་མ་རིན་ཆེན་རྣམ་རྒྱལ་མཆོག ༢༠༢༥/༣/༡༦/ ཞིང་ལ་གཤེགས་འདུག  དེའི་སྔར་ཉིན་སྙུང་གཞི་ཏོག་ཙམ་སྡུག་ཏུ་འགྲོ་དུས། སྨན་ཁང་དུ་ཕེབས་དགོས་སྐོར་ལན་མང་ཞུས་ཀྱང་། ཁོང་གིས་ད་ལྟའི་བར་དུ་སྨན་ཁང་དུ་ལན་མང་སོང་རེད། ད་ལན་སྨན་ཁང་དུ་སོང་ན་ལམ་བར་ནས། རོ་ཚུར་འཁུར་དགོས་རྒྱུ་རེད་མ་གཏོཌ་ཕན་ཐོག་ཡོད་མ་རེད། ང་འདིར་ལ་རང་བསྡད་ཀྱི་ཡིན། ཕུང་པོ་རྩེ་དྲུག་ལ་བཞག་ན་དེ་གར་རང་འགྲིག་བསྡད་ཡོད། ང་ནི་སྨན་ཁང་ལ་རྩ་བ་ནས་འགྲོ་ཡི་མིན་གསུང་གི་འདུག ༢༠༢༥/༣/༡༥/ ཕྱིར་ཉིན་ཞོགས་པ་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ཏེ། ཐུགས་སེམས་ལྷོད་པོའི་ངང་། ཕྱག་གཉིས་མཉམ་བཞག་བྱས་ཏེ། ཐུགས་དམ་མ་གཡོས་པའི་སྒོ་ནས་ཞིང་ལ་གཤེགས་འདུག  ༧ མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་མཆོག་དང་། ༧ མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རིན་པོ་ཆེ་དང་། ༧ གཡུང་དྲུང་དཔལ་རིའི་བླ་མ་ཚུལ་ཁྲིམས་རིན་པོ་ཆེ་བཅས་ཀྱི་ལམ་སྟོན་གཞི་བཟུང་ཏེ། དམ་པ་ཁོང་གི་དགོངས་བཞེད་ལྟར། སྐུ་ཕུང་ཁྱུང་པོ་རི་བོ་རྩེ་དྲུག་ངན་སོང་སྒོ་མོ་གཅོད་པའི་ཐོག་ཏུ་མཆོད་འབུལ་གནང་ཡ་དང་། ཟླ་གཤིས་བླ་བྲང་ཡུལ་དགོན་གཉིས་དང་། ཀོ་རྒྱལ་དགོན་སོགས་སུ། གདུང་རུས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་ཐོག་ཏུ་མཆོད་འབུལ་གནང་ཡ་རེད་འདུག ཀོ་རྒྱལ་དགོན་དང་ཟླ་གཤིས་བླ་བྲང་། བླ་མ་ཐོགས་མེད་དང་། བླ་མ་མཆོག་རྒྱལ་སོགས། ཞེ་དགུ་ཚོ་བཞི་ཙམ་བཞུགས་འདུག་ལ། ཞགས་གསུམ་ཉིན་མོར་ཞོགས་པ་འཇའ་ཚོན་འོད་གུར་ཕུབ་སྟེ། ཡུལ་མི་ཚང་མར་དད་དམ་ལྷག་ཏུ་འཕེལ་འདུག དམ་པ་ཁོང་ནི་༡༩༤༩ ལོར། ༧ བླ་མ་བསྟན་འཛིན་གྲགས་པ་རིན་པོ་ཆེའི་སྲས་སུ། རྩེ་དྲུག་དགོན་པའི་ཁྲི་འཛིན་སངས་རྒྱས་གླིང་པ་རིན་པོ་ཆེས་ཕྱག་བཏབ་མཛད་པའི། ཁྱུང་སེར་ཟླ་གཤིས་བླ་བྲང་དུ་སྐུ་འཁྲུངས། ༧ ཡབ་ཁྱུང་སེར་བསྟན་འཛིན་གྲཌ་པ་རིན་པོ་ཆེའི་སྲས་ཆེ་བ་ཀོ་དགོན་བླ་མ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དང་། འབྲིང་བ་བླ་མ་ཕུན་ཚོགས་རྣམ་རྒྱལ། བར་མ་སྲིང་མོ་སྐར་བཟང་ཉི་ཟེར། སྲས་ཆུང་བ་ཞིང་གཤེགས་དམ་པ་རིན་ཆེན་རྣམ་རྒྱལ་ཁོང་ཡིན། ༧ ཡབ་བླ་མ་བསྟན་གྲགས་རིན་པོ་ཆེའི་བཀའ་ལྟར། བླ་མ་ཕུན་ཚོཌ་རྣམ་རྒྱལ་དང་། བླ་མ་རིན་ཆེན་རྣམ་རྒྱལ་རྣམ་གཉིས་ཀྱིས། ༧བླ་ཁྲིའི་དགེ་རྒན་དང་། ༧ བླ་ཁྲི་རྒྱལ་བ་གཡུང་དྲུང་ཡོངས་འཛིན་བསྟེན་ནས་ཡི་གེ་འབྲི་ཀློག་དང་སྔོན་འགྲོ་དངོས་གཞི་སོགས་སྦྱངས། དུས་ལོག་བྱུང་སྟེ་ཡབ་བསྟན་འཛིན་གྲགས་པ་རིན་པོ་ཆེ་ཤིང་རོང་ནས། ཟླ་གཤིས་ལ་ཡར་ཕེབས་མ་བཅུག་ནས་བར་དུ་ཟླ་མདའ་ཟམ་ནས་འཛིན་བཟུང་བྱས་ཏེ། སྟེང་ཆེན་བཙོན་ཁང་ནང་ལ་ཡར་ཁྲིད། ཁོང་གིས་སྟེང་ཆེན་བཙོན་ཁང་ནང་། ང་ལ་གལ་ཡོད་མ་རེད་དེ། ཡིནའང་ཨ་ཉོག་ཁོང་ཚོ་སྡུག་རྒྱུ་རེད་གསུངས་ཀྱིས་འདུག་ཟེར། དེའི་དགོང་མོར་ཁོང་ཙོག་པུར་སྒོམ་ལ་ཞུགས་ཏེ། ཆུ་ཚོད་བཅུ་གཉིས་ཡར་མར་ཙམ་ལ་འཕོ་བ་གསུམ་སྤར་སོང་། ཕྱི་ཉིན་ཞོགས་པ་ཙོག་པུར་བཞུགས་ཏེ་ཞིང་ལ་གཤེགས་ཡོད་པ། དེ་དུས་ཁོང་མཉམ་པོ་ཡོད་མཁན་བཙོན་པ་ཚོས་བཤད་ཀྱིས་འདུག ཟླ་གྲཌ་སྤྲུལ་སྐུ་རིན་པོ་ཆེ་མི་ལོ་ཉི་ཤུ་ལྷག་རིང་སྤོ་བོ་བཙོན་ཁང་ནང་བཞུགས་དགོས་བྱུང་། ཕུན་ཚོགས་རྣམ་རྒྱལ་རིན་པོ་ཆེར་བརྡུང་བརྡེགས་ཚད་མེད་མྱོང་དགོས་བྱུང་ན་ཡང་། ཟླ་གཤིས་ལ་འཁོར་ཚང་དང་། ཁྱུང་ལུང་མཁར་ཚང་། མ་གྲོང་ཚང་སོགས་ཀྱིས་སྦས་བསྐུངས་བྱས་ཏེ། སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་། སྲིད་ཇུས་ལྷོད་སྐབས་ཁོང་ལ་ཕྱག་བྲིས་ཡག་པོ་ཡོད་པས། གསུང་བཏུས་འབྲི་མཁན་བསྐོས་བཞག་བྱས་འདུག ཁོང་རྣམ་པའི་ཨ་ཁུ་བླ་མ་གཡུང་དྲུང་དབང་གྲགས་ཀྱི་སྲས། མཉམ་མེད་སྐུ་གདུང་ཉར་ར་བྱེད་མཁན་ཟླ་གཤིས་ཟླ་མ་ཚེ་དབང་ནོར་བུ་དང་། བླ་མ་རིན་ཆེན་རྣམ་རྒྱལ་དང་། སྐུ་ཟླ་དབའ་ལུ་སོགས་ཀྱིས་དཀའ་ངལ་ཚད་མེད་མྱོང་དགོས་བྱུང་། བླ་མ་རིན་ཆེན་རྣམ་རྒྱལ་དུས་རྒྱུན་ཟླ་གཤིས་བླ་བྲང་དུ་བཞུགས་མཛད། ཁོང་གི་སྲས་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ། དབྲ་ཁྱུང་ཐོགས་མེད་རྣམ་རྒྱལ། དབྲ་ཁྱུང་མཆོག་རྒྱལ་གྲགས་པ། སྲིང་མོ་འཆི་མེད་འཚོ་ལྷ། སྲས་ཆུང་བ་དབྲ་ཁྱུང་ཁྱུང་སེར་ནོར་གྲགས་དང་ལྔ་བཅས་ངོ་སྤྲོད་མདོར་ཙམ་ཞུས་ཟིན། ད་ལན་བླ་མ་རིན་ཆེན་རྣམ་རྒྱལ་དགོངས་རྫོགས་དང་འབྲེལ་བའི། ཕྱོཌ་མཐའ་ཁག་ནས་ཕེབས་པའི་བླ་གྲྭ་དང་སེར་སྐྱ་མི་མང་མཆོད་འབྲེལ་བྱེད་མཁན ལྷག་པར་དུ་དུས་རྣམ་པ་ཀུན་ཏུ་ཟླ་གཤིས་བླ་མ་ཚང་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་གནང་མཁན། ཟླ་གཤིས་ཡུལ་མི་ཚོ་ལ་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ།
ཁྱུང་དགོངས་རྫོགས་གོ་སྒྲིགས་མཐུན་ཚོགས་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།