མེ་མོ་ཡོངས་དབེན་སྨིན་གྲོལ་གླིང་གི་སྐབས་བདུན་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2025-03-10 14:10:15][རྩོམ་པ་པོ། དགེ་མིང་པ་བསྟན་འཛིན་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


མེ་མོ་ཡོངས་དབེན་སྨིན་གྲོལ་གླིང་གི་སྐབས་བདུན་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།

  དེ་ཡང་འབྱུང་ལྡན་༣༠༡སྤྱི་ལོ་༢༠༢༥བོད་ཤིངསྦྲུལ་ལོའི་ཟླ་༡པོའི་ཚེས༥རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་ཉིན། མེ་མོ་ཡོངས་དབེན་སྨིན་གྲོལ་གླིང་གི་སྒྲུབ་ཐོན་མཛད་སྒོའི་གནས་ཚུལ་ཅུང་ཟད་བཀོད་ན། ཉིན་དེའི་ཞོགས་ཀའི་ཆུ་ཚོད་༧.༠༠ཐོག་དུང་སྒྲ་གཉིས་པའི་སྐབས་གྲྭ་བཙུན་ཡོངས་ཚོགས་ཏུ་ཕེབས་ནས། བདེར་གཤེགས་སྟོང་མཚན་གྱི་ཕྱོགས་གཅིག་གསུངས་ཏེ་ཞོགས་ཇ་བཞེས། ཡང་སྟོང་མཚན་ཚར་གཅིག་གསུངས་ནས་ཚོགས་ལས་གྲོལ་ཏེ། སྨན་རིའི་སློབ་ཟུར་རམ་མེ་མོ་རི་ཁྲོད་ཀྱི་བླ་མ་སྐལ་བཟང་ཉི་མ་མཆོག་དང་། མཆོག་སྤྲུལ་ཀུན་གསལ་སྙིང་པོ་རྣམ་གཉིས་དྲི་བཟང་སྤོས་དང་རྒྱ་གླིང་གིས། ཚོགས་ཁང་ཆེན་མོར་གདན་དྲངས་ཏེ་བླ་མ་མཆོག་ལ་ཐེངས་འདིའི་སྒྲུབ་ཐོན་རྣམ་པས། མནྜལ་སྐུ་གསུང་ཐུགས་རྟེན་གྱི་རྟེན་བཞུགས་ཕུལ་ཞིང་གསོལ་བ་བཏབས། ཆུ་ཚོད་༡༡.༠༠ཐོག་དར་དང་རོལ་མོའི་སྣ་དྲངས་ཏེ་བླ་སྤྲུལ་དགེ་འདུན་ཡོངས་སེར་ཕྲེང་བསྒྲིགས་ཏེ། དགོན་བསྐོར་ཐེངས་གསུམ་ཕེབས་ནས་འདུ་ཁང་མདུན་དུ་གཤེན་རབ་མཆོད་རྔ་བརྡུང་། དེ་མཚམས་ཚོགས་ཁང་ནང་དུ་ཕེབས་ནས་བླ་གྲྭ་ཡོངས་ཚོགས་ཏུ་བཞུགས་ཏེ། ཚོགས་འདོན་བྱམས་མའི་སྔགས་བསྟོད། སྟག་ལའི་བཅུད་དྲིལ། བར་ཆད་ལམ་སེལ། བཅས་གསུངས་ཚར་ནས། ཐེངས་འདིའི་སྒྲུབ་ཐོན་རྣམ་པ་གདན་ལས་བཞེངས་ཏེ་རྟེན་གཙོ་དང་བླ་མ་མཇལ་ཞིང་། ཚོགས་ཁང་དཀྱིལ་དུ་གྲལ་དུ་བསྒྲིགས་ནས་བཞེངས། སྐྱབས་རྗེ་བླ་མ་མཆོག་ནས་སྒྲུབ་ཐོན་རྣལ་འབྱོར་ཉི་མ་འོད་ཟེར་མཆོག་དང་། རྣལ་འབྱོར་ཤེས་རབ་བྱམས་མ། རྣལ་འབྱོར་བསམ་གཏན་བཟང་མོ། རྣལ་འབྱོར་སྟོང་གསལ་ལྷ་མོ། རྣལ་འབྱོར་སྟོང་ཉིད་བཟང་མོ། རྣལ་འབྱོར་ཚུལ་ཁྲིམས་རྒྱལ་མོ། རྣལ་འབྱོར་ཚུལ་ཁྲིམས་བྱམས་མ་བཅས་ལ་རིམ་བཞིན་སྒྲུབ་ཐོན་ཕྱག་འཁྱེར་གནང་། མཆོག་སྤྲུལ་ཀུན་གསལ་སྙིང་པོ་མཆོག་ནས་བྱིན་རླབས་དང་ཕྱག་མདུད་མགུལ་དར་གནང་སྟེ་ཁྲི་ལ་བཞུགས། མཆོག་སྤྲུལ༧ཀུན་གསལ་སྙིང་པོ་ནས་གལ་ཆེའི་གསུང་བཤད་གནང་བ་དང་། འདུས་སྡེས་ཇ་མཆོད་སྐྱབས་མཆོག་དམ་པ་དབྱངས་སུ་གྱེར་བ་དང་གསོལ་ཇ་བཞེས། དད་སྦྱིན་ཚེ་རིང་ཆོས་འཕེལ་ཚང་དང་། བཀྲ་ཤིས་འགྱུར་མེད། བསོད་ནམས་བཀྲ་ཤིས། གཏེར་ཆུང་། སྲ་བརྟན་གཡུང་དྲུང་། གཡུང་དྲུང་བཀྲ་ཤིས། གཡང་བྲ་བོ་བཅས་ནང་མི་ཉེ་འབྲེལ་རྣམ་པས་སྐུ་འགྱེད་ཕུལ། ཚོགས་གཞུང་ནས་བཀྲ་ཤིས་ཛིག་བཤད་གསུངས་ཤིང་འབྲུ་དང་མེ་ཏོག་གཏོར། གྲྭ་བཙུན་སོགས་སློབ་གྲོགས་ཡོངས་དང་ནང་མི་སོགས་འབྲེལ་ཡོད་མི་སྣ་ཀུན་ནས་མཇལ་དར་ཕུལ་ཏེ། ཁ་དགེ་བཀྲ་ཤིས་པའི་ངང་ནས་མཇུག་ལེགས་པར་གྲུབ་པ་ལགས་སོ།།

  དགེ་མིང་པ་བསྟན་འཛིན་དབང་རྒྱལ་ལམ་རྣམ་མཁྱེན་ནས་སྤྱི་ལོ༢༠༢༥/༣ /༡༠ཉིན་བྲིས།





 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།