བོད་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
[ཟླ་ཚེས། 2025-01-06 19:06:49][རྩོམ་པ་པོ། འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།][རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།][ཀློག་གྲངས། ]
ཟླ་12ཚེས་27ཉིན། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་12ཚེས་27ཉིན། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུཌ་ནས་གསུང་བཤད་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཚེས་27ཉིན། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་ཚོགས་འདུར་ཞུགས་པ། བསོད་ནམས་ཉི་མས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་ཕན་ཚུན་འཚམས་འདྲི་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་བསྟན་འཛིན་དང་། གླིང་བུ་ལྷ་བཙུན་འགྱུར་མེད་ཨོ་རྒྱན་འཕྲིན་ལས་གཞན་ཕན་ནོར་བུ། འཕགས་མཆོག་སྐལ་བཟང་ཉི་མ། ངག་དབང་འཇིགས་བྲལ། བློ་གྲོས་ཡོན་ཏན། བདེ་སྒྲོལ་བཅས་ཀྱིས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན། “འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་མྱོང་ཚོར་དང་འགྱུར་ལྡོག་གླེང་སྟེ། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་མི་སྣས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་གང་ལེགས་མཚོན་པར་བྱས་པ་མ་ཟད། རྒྱ་ཆེའི་གྲྭ་བཙུན་གྱིས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཀྱང་མཚོན་པར་བྱས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་སྐུལ་སྤེལ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ། དགོན་སྡེའི་སྤྱི་པའི་ཞབས་ཞུ་འགན་ལེན་ནུས་ལྡན་བྱེད་པ། ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཆོས་ལུགས་ཁྱབ་ཁོངས་ནས་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་བས་བརྟན་པ་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བྱ་སྤྱོད་སྔར་བས་རང་རྟོགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་པ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་སེམས་སྔར་བས་ཆེ་རུ་ཕྱིན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་མི་སྣས་གྲུབ་འབྲས་མུ་མཐུད་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་རང་སྟོབས་ཀྱི་ནུས་པ་སྔར་བས་འདོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ།“འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་སྐུལ་ཁྲིད་དང་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་བཏོན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རླབས་ཆེན་གྱི་གཙོ་འཛིན་ལ་བརྩི་བཀུར། བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བློ་གཅིག་སེམས་གཅིག་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། “མོས་སེམས་ལྔ”སྔར་བས་ཟབ་ཏུ་བཏང་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱེད་པ་དེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རང་རྟོགས་ཀྱི་དོན་གཉེར་ལ་འགྱུར་བར་བྱེད་དགོས། “ཚད་གཞི་བཞིར”བརྩི་སྲུང་ནན་ཏན་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་པ་དང་། “གྲྭ་བཙུན་ཡག་པོ་བཞི”བརྩོན་ལེན་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “འཛུགས་གཏོད་བཞིའི”ནང་མུ་མཐུད་ཞུགས་ནས“ཆོས་སྒོར་ཞུགས་ཀྱང་རྒྱལ་གཅེས་མི་བརྗེད་པ་དང་སྒོམ་ལ་ཞུགས་ཀྱང་འགྲོ་ཕན་མི་བརྗེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བདག་པོའི་རྣམ་འགྱུར་གྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ལག་ལེན་བསྟར་ཏེ་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་པ་དང་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཆོས་ལུགས་ལས་དོན་དེ་ལས་ཀའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་རྣམ་པ་གཏོད་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་དང་། ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་དཔུང་ཁག མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་བཅས་གསོ་སྐྱོང་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ལོ་གསར་འཆར་ཉེའི་མཚམས་སུ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་མི་སྣར་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་ཞུས་པ་རེད།