བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས་པའི་གནས་ཚུལ།

[ཟླ་ཚེས། 2025-01-06 10:33:48][རྩོམ་པ་པོ། འགན་ཁུར་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


 སྤྱི་ལོ་2024ལོའི་ཟླ་12ཚེས་30ནས་2025ལོའི་ཟླ་བ་01ཚེས་3བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅོ་ལྔ་པ་དེ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།
   རྒྱལ་བ་གཤེན་རབ་ཀྱི་བསྟན་པ་ནི་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་མཆོག་རིན་པོ་ཆེ་ཡིན་ལ། དེ་ཡང་སྟོན་པ་རྣམ་མཁྱེན་རྒྱལ་བ༧གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་རིང་ནས་ཡིག་བསྒྱུར་གྱི་ལོ་རྒྱུས་ཡོད་པ་ནི་དཔེར་ན་ལོ་པཎ་གཤེན་བརྒྱད་གཙོས་པས་ལོ་ཙཱའི་གྲངས་འབོར་ཆེ་བ། བསྒྱུར་རྩོམ་གྱི་སྤུས་ཚད་ཆེས་མཐོ་བ་སྐད་གསུམ་དང་སྐད་བཞི་ཤན་སྦྱར་གྱི་ཞུ་ཆེན་ལོ་ཙཱ་བའི་གྲོས་ཚོགས་རྒྱ་ཆེན་པོ་བསྡུས་མྱོང་ཡོད་ལ། སྒྲ་བསྒྱུར་གྱི་གཞུང་ལུགས་གཏན་འབེབས་བྱས་མྱོང་ཡང་ཡོད་པ་དེ་རེད། བོན་ནམ་བོད་ཀྱི་གནའ་བོའི་སྟག་ཟིག་དང་ཞང་ཞུང་གི་སྒྲ་བསྒྱུར། ལེགས་སྦྱར་དང་པཱ་ལིའི་སྒྲ་བསྒྱུར། ཆེན་པོ་ཐང་གུར་གྱི་རྒྱའི་སྒྲ་བསྒྱུར་སོགས་རིན་ཐང་ལོ་རྒྱུས་ལྡན་པའི་སྒྲ་བསྒྱུར་བྱས་པ་དང་བྱེད་བཞིན་མཆིས་པ་ལྟར། དུས་རབས་འདིར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་དུས་རབ་གསར་བའི་རྒྱང་སྐྱོད་ལམ་བུ་གསར་བ་གཞིར་བཟུང་ཐོག །ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང། ཆོས་ལུགས་ཀྲུང་གོ་ཅན་དུ་གྱུར་བ་སོགས་མི་རིགས་རིག་གནས་ལ་མཐོང་ཆེན་དང་མཐུན་སྒྲིལ་གྱི་ལམ་ཁ་བརྒྱུད་དེ་མ་འོངས་བོན་གྱི་ཞང་ཞུང་རིག་གནས་དང་སྐད་ཡིག་གི་འཕེལ་རྒྱས་ལ་དམིགས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཡིས་བཀོད་སྒྲིག་གནང་སྟེ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ཡིག་བསྒྱུར་ཚོགས་པ་ཆེན་མོ་འདི་འཛིན་སྐྱོང་བྱས་པར་བརྒྱུད། མ་འོངས་ཕུགས་རྒྱང་རིང་མོའི་ལས་གཞི་འཆར་བཀོད་དང་ཆེད་ལས་རྐང་འཛིན་མི་སྣ་གསོ་སྐྱོང་དང་། མཁས་དབང་མཐུན་སྒྲིལ་མཉམ་འཛོམས་ཀྱི་ངང་ནས་བསྟན་པ་ལ་ཤ་ཞེན་ཆེ་ཞིང་མཁྱེན་དཔྱོད་ཡངས་པའི་སྐད་གཉིས་སྨྲ་བ་པོ་རྣམས་ལྷན་དུ་འཛོམས་ཏེ། ཚོགས་ཞུགས་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་། སྙིགས་དུས་ཀྱི་བསླབ་གསུམ་བསྟན་པའི་བདག་ཉིད་༧དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག །སེང་སྤྲུལ་རིག་འཛིན་ཉི་མ། ཚོགས་གཙོ་གཞོན་པ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་མཆོག །རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན། པཎ་ཙ་བསྟན་འཛིན་དར་རྒྱས། སྤྲུལ་པདྨ་རིན་ཆེན། སྤྲུལ་སྐུ་འཆི་མེད་གཡུང་དྲུང་། མཁན་པོ་ཚེ་རིང་ནོར་བུ། དགེ་བཤེས་བསོད་ཁོ་གཙོས་སྐད་གཉིས་སྨྲ་བའི་བླ་སྤྲུལ་དགེ་བཤེས་མཁན་པོ་གྲྭ་བཙུན་རྣམ་པ་དང་། དེ་བཞིན་མཁས་དབང་དོན་གྲུབ་ལྷ་རྒྱལ་དང་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་གཙོས་པའི་མི་ལྔ་བཅུ་ལྷག་ཚོགས་འདུར་བཞུགས། ཁྱད་པར་དུ་༧དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཁོང་རིན་པོ་ཆེ་ནས་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་འདི་གལ་ཆེ་བ་དང་མ་འོངས་པར་ཡུན་དུ་བརྟན་པའི་རྟེན་འབྲེལ་དུ་བོན་མི་ནུབ་པའི་བརྡ་རྟགས་སུ་ཁ་དོག་ལྔ་ལྡན་གྱི་རྒྱལ་མཚན་ཞིག་ཚོགས་པར་གནང་། དེ་ནས་ལོ་སྔོན་མའི་སྒྲིག་བཀོད་ལྟར། ད་ལོའི་འགན་འཛིན་པ་གཟི་རྩ་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་མཆོག་དང་། མདའ་ཆེན་ཁྲི་བ་བསྐལ་བཟང་བསྟན་འཛིན་རྣམ་གཉིས་ཀྱིས་འགན་བཞེས་གནང་སྟེ། ཕྱོགས་སོ་སོའི་བོན་གྱི་གདན་ས་ཁག་གི་ཤེས་ཡོན་པའི་སྡེ་ཚོགས་ལྷན་དུ་འཛོམས་ཏེ། ཐེངས་བཅུ་བཞི་པའི་བསྒྱུར་འཕྲོ་《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་སྒྲོན་མ་དྲུག་གི་གདམས་པ་བཞུགས་སོ། །》དང་ད་ལོའི་བསྒྱུར་བྱ་སྟེ།《རྫོགས་པ་ཆེན་པོ་སྙན་རྒྱུད་ཀྱི་རྒྱུད་དག་ཅིང་སྦྱོང་བར་བྱེད་པ་སྔོན་འགྲོའི་རིམ་པ།》གཉིས་བསྒྱུར་བ་དང་། དེ་ནས་《རིགས་དྲུག་རང་སྦྱོང་གི་བཅུད་དུ་དྲིལ་བ་ཞེས་བྱ་བ་བཞུགས་པ་ལེགས་སཱོ། །》དུས་ཡུན་དབང་གིས་བསྒྱུར་འཕྲོ་བཞག་པ་རེད། དེ་ལྟར་དུ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས།

ཐོག་མའི་དབུ་ཚུགས་མཛད་སྒོ་ལ། དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་གནང་།

རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་འགོ་ཚུགས་ཀྱི་གསུང་བཤད་གནང་བ། 

ཐེངས་བཅོ་ལྔ་པའི་འགན་འཛིན་པ། གཟི་རྩ་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་མཆོག་ནས་བཀོད་སྒྲིག་གནང་ཁུར་བའི་ཐད་ནས་གསུང་བཤད་གནང་།

༧མཁས་དབང་དཔལ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ནས་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་འདི་གལ་ཆེན་ཡིན་ཚུལ་དང་འབྲེལ་བའི་སྒོ་ནས་གསུང་བཤད་གནང་བ།

སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་སྤྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་སྒོས་སུ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ལ་རྟགས་དང་རྟེན་འབྲེལ་དུ་རྒྱལ་མཚན་གནང་བ།

ཡིག་བསྒྱུར་ལ་འཇུག་བཞིན་པའི་རྣམ་པ།

   དེ་ནས་ཉིན་བཞི་བ་སྟེ། 2025.1.2ཉིན་གྱི་ཕྱི་དྲོར་བོན་གྱི་ཐ་སྙད་རྒྱ་ཡིག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་དང་འབྲེལ་བའི་དགོངས་འཆར་བསྡུ་ལེན་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་སྟེ། དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་གིས་མདོ་འཛིན་གནང་སྟེ། 1.མ་འོངས་པའི་ཡིག་བསྒྱུར་གྱི་ཁ་ཕྱོགས། 2.མ་འོངས་པའི་བསྒྱུར་བྱའི་སྐོར། 3.ཡིག་བསྒྱུར་གྱི་མི་སྣའི་སྐོར་བཅས་ཏེ་ཚོགས་ཞུགས་པ་ཡོངས་ནས་རང་སོ་སོའི་དགོངས་ཚུལ་དང་འབྲེལ་ནས་བགྲོ་གླེང་གནད་སྨིན་དུ་གནང་།

མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་ཡིག་བསྒྱུར་དགོས་པ་དང་ཕན་འབྲས་དང་བཅས་པའི་སྐོར་གསུང་བཤད།

རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་བཀའ་སློབ་གསུང་བཤད་གནང་བ།


ཚོགས་ཞུགས་པ་ཡོངས་ནས་རང་སོ་སོའི་བསམ་ཚུལ་དང་འབྲེལ་ཏེ་གསུང་བཤད་གཟབ་རྒྱས་གནང་།


དེ་ནས་ཚེས་3ཉིན་གྱི་ཕྱི་དྲོར་དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ནས་མདོ་འཛིན་གནང་སྟེ། མཇུག་བསྡོམས་ཚོགས་འདུ་འཚོགས་པ། 1. ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་གནང་བ་དང་། 2.ཚན་ཆུང་གསར་འཛུགས་གནང་རྒྱུ། 3.བཀའ་དྲིན་ལེགས་མཚོན། 4.ཕན་ཚུན་རྩིས་སྤྲོད། 5. མཇུག་བསྡོམས་གསུང་བཤད་བཅས་གནང་།

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་འགན་འཛིན་རྣམ་པ་ལ་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་ཁོང་རྣམ་པ་ལ་རྟེན་འབྲེལ་གྱི་དར་དཀར་སྒྲོན་གནང་བ།


ཐེངས་འདིའི་འགན་འཛིན་པ་མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་གྱིས་བཀོད་སྒྲིག་འགན་ཁུར་བཀོད་སྒྲིག་སོགས་ཀྱི་ཐད་ནས་གསུང་བཤད་གནང་བ།

རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་ཐེངས་བཅོ་ལྔ་པའི་འགན་འཛིན་པ་རྣམ་གཉིས་ལ་ལྷན་ཚོགས་ངོས་ནས་བཀའ་དྲིན་ལེགས་གསོལ་གྱི་ལེགས་སྐྱེས་གནང་བ།

རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་ཐེངས་རྗེས་མའི་འགན་འཛིན་པ་རྣམ་གཉིས་ལ་རྟེན་འབྲེལ་གྱི་དར་དཀར་སྒྲོན་པ།

ཐེངས་སྔ་ཕྱི་གཉིས་ཀྱི་འགན་འཛིན་པ་བར་ལ་རྩིས་སྤྲོད་གནང་བ།

མཇུག་མཐར་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་གལ་ཆེན་གནང་བ་དང་། དེ་ནས་ཚོགས་ཞུགས་པ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་གྲོས་ཚོགས་དེ་རྒྱལ་ཁ་ངང་ནས་མཇུག་བསྡོམས་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།