ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་ཁང་གི་ཉེ་ཆར་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2024-10-10 13:48:51][རྩོམ་པ་པོ། རྒྱལ་གཤེན་རིག་སློབ་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྒྱལ་གཤེན་རིག་སློབ་གླིང་གི་སྐབས་གསུམ་པའི་དགེ་བཤེས་མཛད་སྒོ་དང་། བླ་མ་ཁྲི་བཞེངས། གསུང་འབུམ་སྒོ་འབྱེད། ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག། ཞི་ཁྲོ་ཁྲི་མཆོད་བཅས་ཀྱི་མཛད་སྒོའི་གནས་བསྡུས།
 
   དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་རྒྱལ་གཤེན་རིག་སློབ་གླིང་གི་སྐབས་གསུམ་པའི་དགེ་བཤེས་མཛད་སྒོ་སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་ནས་འགོ་བཙུགས་ཏེ་ཉིན་དྲུག་རིང་ཟབ་རྒྱས་ངང་ཚོགས་ཤིང་། དེ་ཡང་བཀའ་རམ་པ་ཤེལ་ཞིག་དྲང་སྲོང་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་མཆོག་དང་། བཀའ་རམ་པ་སྐྱ་ཤོག་དྲང་སྲོང་གཡུང་དྲུང་ནམ་མཁའ་བློ་གྲོས། བཀའ་རམ་པ་ལྟ་དགའ་དྲང་སྲོང་ཐབས་མཁས་ཤེས་རབ་དབང་ལྡན། བཀའ་རམ་པ་གར་རྩ་དྲང་སྲོང་བསྟན་འཛིན་ཕུན་ཚོགས་རྣམ་རྒྱལ་བཅས་མཚན་ལྡན་ཁྱེའུ་བཞིའི་དྲང་ལྡན་གྱི་བཀའ་རམ་པ་རྣམ་བཞིས་ཉིན་བཞི་ཡི་རིང་ལ་བཤད་པ་གྱེར་ཏེ་བཀྲིས་གསོལ་བ་དང་། ཉིན་གཅིག་རིང་དམ་བཅའ་བཞུགས་ནས་ཀོ་རྒྱལ་དགོན་པ་དང་། མེ་སྟོན་མཐོང་གྲོལ་རི་ཁྲོད་དགོན། བྱ་ཟེ་དགོན། ཞུ་ཚང་དགོན། རང་དགོན་བཅས་ཀྱི་མཚན་ཉིད་པ་རྣམས་ཀྱིས་ལུང་རིགས་བརྒལ་རྟགས་ཀྱི་མཆོད་པ་ཕུལ་བ་དང་། ཉིན་དྲུག་པ་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་ནས་ཁྲི་ལ་བཞུགས་སུ་གསོལ་ནས་དགེ་བཤེས་མཛད་སྒོའི་སྐལ་བཟང་དགྱེས་སྟོན་མཇུག་ཡོངས་སུ་གྲུབ།
 
ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་མཆོག་གི་གསུང་འབུམ་དབུ་འབྱེད་མཛད་སྒོ་ཟབ་རྒྱས་སྤེལ་བ།
 
མཛད་སྒོའི་ཐོག་ཏུ་ཁྱུང་ཡུལ་གྱི་དགོན་པ་ཁག་གི་དབུ་བླ་དང་འཐུས་ཚབ་མི་སྣ། བླ་སྤྲུལ་མཁས་དབང་དགེ་བའི་བཤེས་གཉེན་རྣམ་པ། སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་རྣམས་མཉམ་ཞུགས་ཀྱིས།   སྤྱི་ལོ་2024ལོའི་ཟླ་བ9པའི་ཚེས་28ཉིན་གྱི་ཞོགས་པར་ཁྱུང་ཡུལ་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དུང་གླིང་སྤོས་དར་རོལ་མོས་སྣ་དྲངས་ཤིང་སེར་ཕྲེང་བསྒྲིགས་ནས་ག་ཤེལ་དགོན་གྱི་གསས་ཁང་སྐལ་བཟང་འགྲོ་འདྲེན་ནང་དུ་གདན་དྲངས། 
   དེ་མཚམས་མདོ་འཛིན་པ་དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས་མཛད་སྒོའི་དབུ་འཛུགས་གཏམ་བཤད་གྲུབ་མཚམས། དཔལ་ལྡན་ག་ཤེལ་དགོན་གྱི་ཁྲི་འཛིན་བླ་མ་ཁྲི་གཙུག་བསྟན་པའི་རྒྱལ་མཚན་མཆོག་དང་། ཤེལ་སྲས་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱིས་སྣང་གསལ་སྒྲོན་མེ་སྤར་ཏེ་གསུང་འབུམ་དབུ་འབྱེད་ཀྱི་ཆོ་ག་གནངས་བ་དང་། མཉམ་དུ་འདུས་མང་ཡོངས་ཀྱིས་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་སྤྱན་དབྱེའི་ཆོ་ག་དབྱངས་སུ་གྱེར། སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་དགེ་བཤེས་རྒྱལ་བ་བསྟན་འཛིན། དཔལ་ལྡན་ག་ཤེལ་དགོན་གྱི་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས། ཀོ་རྒྱལ་དགོན་གྱི་དཔོན་སློབ་དགེ་བཤེས་ཡོན་ཏན་ཕུན་ཚོགས་རྣམ་པ་བཞིས་གསུང་འབུམ་གྱི་ཞལ་ཁེབ་ཕྱེས་གནང་མཛད། དེ་མཚམས་འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་འཕྲིན་ལས་ཀྱིས་མདོ་འཛིན་མཛད་ཅིང་། དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས་ག་ཤེལ་ཁྲི་ཆེན་གྱི་གསུང་འབུམ་གྱི་ཁྱད་ཆོས་དང་ནང་དོན་སྐོར་ནས་ངོ་སྤྲོད་མཛད་པ་དང་། དེ་རྗེས་ལྡོང་སྐལ་བཟང་གིས་གསུང་འབུམ་དཔར་བསྐྲུན་དང་རྩོམ་སྒྲིག་གི་ལས་ཀའི་བརྒྱུད་རིམ་སྐོར་ངོ་སྤྲོད་བྱས། དེ་ནས་དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས་ག་ཤེལ་ཁྲི་ཆེན་གྱི་རྣམ་ཐར་དང་འབྲེལ་ཏེ་མཛད་པ་འཕྲིན་ལས་ཀྱི་སྐོར་ངོ་སྤྲོད་བྱས་རྗེས་རིམ་བཞིན། དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ། དཔོན་སློབ་རྒྱལ་བ་བསྟན་འཛིན། མཁན་པོ་བསྟན་འཛིན་སྐལ་བཟང་། དཔོན་སློབ་ཡོན་ཏན་ཕུན་ཚོགས། མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། དཔོན་སློབ་ཀུན་བཟང་རྒྱལ་མཚན། སྣང་དགོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད། དགེ་བཤེས་བློ་གྲོས་རབ་རྒྱས། མཁན་པོ་བསྟན་འཛིན་རྣམ་རྒྱལ། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་ཡེ་ཤེས་གོང་འཕེལ། ཨ་ལྕགས་གཡུང་དྲུང་བསྟན་འཛིན་བཅས་ཀྱིས་མཛད་སྒོ་དང་འབྲེལ་ཏེ་བཀའ་སློབ་དང་གསུང་བཤད་ཟབ་རྒྱས་གནངས། དེ་ནས་ཤེལ་སྲས་གཡུང་དྲུང་འབྲུག་གྲགས་དང་མཁན་པོ་བསྟན་འཛིན་ཡེ་ཤེས་གཉིས་ཀྱིས་གསུང་འབུམ་སྒྲིག་ཞུ་དང་པར་བསྐྲུན་སྐབས་ཀྱི་ལས་ཀའི་ཕྱག་རོགས་གནངས་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་རྟགས་བསྩལ།. ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་མཆོག་གིས་མཇུག་བསྡུའི་གཏམ་བཤད་མཛད་ཅིང་། དེ་རྗེས་ཀུན་གྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར་ནས་མཛད་སྒོ་མཇུག་གྲུབ།
བླ་མ་ཁྲི་བཞེངས་ཀྱི་མཛད་སྒོ།
 
   རྒོད་རྗེ་ཤེལ་ཞིག་གི་གདུང་ལས་འཁྲུངས་པའི་ཤེལ་སྲས་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་མཆོག་དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་བསྟན་པའི་བདག་པོར་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་སྤེལ་བ། སྤྱི་ལོ་2024ལོའི་ཟླ་བ་9པའི་ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཤེལ་ཞིག་དྲང་སྲོང་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་སྤོས་དུད་དུང་གླིང་གིས་སྤྱན་དྲངས་ཏེ་དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་གསས་ཁང་སྐལ་བཟང་འགྲོ་འདྲེན་གྱི་དབུས་སུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་བཞུགས་སུ་གསོལ། ཐོག་མར་དཔལ་ལྡན་ག་ཤེལ་དགོན་གྲྭ་ཚང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་གོས་དྲུག མཆོད་པ་རྣམ་ལྔ། རྟགས་བརྒྱད། ནོར་བདུན་མཎྜལ་སོགས་ཕུལ། དེ་ནས་རིམ་བཞིན་ག་ཤེལ་སྦྲ་ནག་བླ་བྲང་དང་། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན། བྱ་ཟེ་ཡང་རྫོང་མཐོང་སྨོན་དགའ་བ་ལྷ་རྩེ་དགོན། མར་རྫོང་དགོན། སྒང་རུ་དར་རྒྱས་དགོན། རི་དམར་དགོན། ཞུ་ཚང་དགོན། གཡུ་མཚོ་དགོན། གཡམ་བྱ་ཆེན་དགོན་བྷོ་དར་སྡེབ་དགོན་སོགས་དགོན་སྡེ་ཁག་དང་། ནང་ཆེན་རྫོང་འབྲོང་པ་སྦྲ་ཆེན་རྣམ་ཚང་གཙོས་ཉེ་འབྲེལ་རྣམས་དང་། ག་ཐ་ཤང་གི་གྲོང་ཚོ་ཁག་དང་ཉེ་འབྲེལ་ཚོགས་པ་སོགས་ག་ཐའི་ཡུལ་མི་ཡོངས། ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་འབུལ་ཚན་སྣ་ཚོགས་འདེགས་འབུལ་ཞུས་རྗེས་དད་ལྡན་མི་མང་རྣམས་ཀྱིས་རིམ་བཞིན་བླ་མ་མཆོག་ལ་མཇལ་ཁ་ཞུས་ནས་བླ་མ་ཁྲི་བཞེངས་ཀྱི་མཛད་སྒོ་མཇུག་གྲུབ།
དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་ཆེན་མོ་དང་ཞི་ཁྲོ་ཁྲི་མཆོད་སོགས་གསོན་གཤིན་གཉིས་ཀྱི་དགེ་སྐུལ་གྱི་ཚོགས་བསག་སྒྲིབ་སྦྱོང་གི་གནས་བསྡུས།
 
   དུས་ཡུན་ཟླ་བ་གཅིག་ལྷག་རིང་སྡེ་དགོན་གཉིས་ནས་གསེར་དངུལ་གྱིས་ལས་བཞི་རྒྱུན་ལྔ་ཆ་བཅུ་འབྲི་བཞེངས་བྱས་པ་དང་། རྫས་བསགས། མཆོད་བཟོ། བཤམས་བཀོད་སོགས་སྟ་གོན་གྱི་བྱ་བ་གྲུབ་རྗེས། སྤྱི་ཟླ་9པའི་ཚེས་21ཉིན་ནས་བཟུང་ཉིན་ལྔ་རིང་བླ་གྲྭ་བརྒྱད་ཅུ་ལྷག་གིས་ལས་བཞི་རྒྱུན་ལྔ་དང་ཞི་ཁྲོ་ཁྲི་མཆོད་ཀྱི་གཞུང་བསྲང་ཞིང་། ཚེས་24དང་25གཉིས་ལ་བླ་མ་དང་དགེ་བཤེས་རྣམ་པས་གསོན་དོན་དང་གཤིན་དོན་གཉིས་ཀྱི་ཆེད་དུ་ཉི་ཟེར་ཞགས་པའི་བྱང་ཆོག་གསུངས། སྤྱི་ཚེས་26ནས་བཟུང་ཚེས་29བར་སྦྱིན་བསྲེག་བླུག་ནས། སྤྱི་ཚེས་30ཉིན་གྲུབ་མཆོད་སྨོན་ལམ་ཆེན་མོ་བཏབ་ནས་གསོན་གཤིན་ཀུན་ཀྱང་བོན་གཡུང་དྲུང་གི་སྣང་ལ་རང་བཞིན་མེད་པར་སྤྱོད་པའི་སྐལ་པ་དང་ལྡན་པའི་སྨོན་ལམ་རྣམ་དག་པས་རྒྱས་གདབ་ཅིང་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་སྤེལ་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།