ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་ལན་ཆ་བཟང་པོ་བྱུང་བ།

[ཟླ་ཚེས། 2024-10-04 11:08:11][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཡོང་སའི་ལམ་བུར་ཕྱིར་དྲན་དང་འབྱུང་འགྱུར་ལ་རྒྱང་གཟིགས་གནང་ཞིང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཀྲུང་གོ་མི་དམངས་ཀྱིས་དེ་བས་ཆེ་བའི་འོད་སྟོང་གསར་པ་གཏོད་ངེས་ཡིན་པ་དང་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས་ཡིན་པའི་ནན་སྟོན་གནང་བ་རེད།

     སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་འབད་འབུངས་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྡུས་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། དངོས་སྒྲུབ་མདུན་སྐྱོད་དང་རྒྱུན་མཐུད་འབད་འཐབ་བྱས་ཐོག གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་75ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས། དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་པ་དང་། ཀྲུང་གོར་རླབས་ཆེའི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སླེབས་ཡོད་ཅེས་ནན་སྟོན་གནང་ཡོད། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་ཅང་ཞི་ཞིང་ཆེན་ཡུས་ཏུའུ་རྫོང་ཐན་ཐོའུ་གྲོང་ཚོའི་གྲོང་མི་སུན་ཀོན་ཧྥ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་2019ལོར་རང་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བར་ཕེབས་སྐབས་ཀྱི་གནས་ཚུལ་ད་ལྟ་ཡང་ཝ་ལེར་དྲན་གྱི་ཡོད། དབུལ་ཕོངས་ནས་ཕྱུག་པོར་འགྱུར་བའི་ཐད་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད། སུན་ཀོན་ཧྥ་ཡིས། ངའི་ཁྱིམ་གྱི་ཡོང་འབབ་བསྟུད་མར་འཕར་བྱུང་ལ་ང་ཚོའི་གྲོང་ཚོར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་རང་གིས་མུ་མཐུད་དེ་སྒོ་རྩིས་ཚོང་ཁང་ཆུང་ཆུང་འདི་གཉེར་སྐྱོང་ཡག་པོ་བྱེད་པ་དང་། ཡུལ་སྐོར་བར་སྣེ་ལེན་ཡག་པོ་ཞུ་བ། གྲོང་ཚོའི་ཡུལ་སྐོར་ཐོན་ལས་གོང་འཕེལ་ཡག་པོ་གཏོང་བ་བཅས་བྱས་ཏེ། མི་དེ་བས་མང་བ་གྲོང་ཚོའི་ནང་གི་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་འཕོ་འགྱུར་ལ་ཉམས་ལེན་བྱེད་པར་ཡོང་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།

     ཀྲུང་གོ་ལྕགས་ལམ་ཞི་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཞི་ཨན་ནུབ་ཚུགས་ཀྱི་འགོ་འཛིན་གཞོན་པ་ཝང་ཡུས་པོའོ་ཡིས། ཧྲའན་ཞི་ཡི་ཀྲུང་གོ་ནས་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་ཐོག་མར་ཟླ་བ་རེར་ཐེངས་30ལྷག་ཙམ་གཏོང་བ་ནས་ད་ཆ་ཟླ་བ་རེར་ཐེངས་400ལྷག་ཙམ་གཏོང་བའི་བར་མང་དུ་ཕྱིན་ཡོད། ང་རང་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱིས་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་གྱི་ངོ་མཚར་བཏོད་པར་བདེན་དཔང་བྱ་རྒྱུ་བྱུང་ལ། ཞི་ཨན་འདི་ཉིད་དེ་སྔའི“སྐམ་སའི་དབུས་ཁུལ”ཞིག་ནས་ད་ཆའི“སྒོ་དབྱེའི་མདུན་སར”གྱུར་བའི་འགྱུར་ལྡོག་ལ་ཡང་བདེན་དཔང་བྱ་རྒྱུ་བྱུང་བར་དགའ་ཚོར་དཔག་མེད་སྐྱེ་ཡི་འདུག་ཅེས་བརྗོད་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་སྟངས་ཡག་ཤོས་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་འདི་ཟམ་མི་ཆད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་རེད་ཅེས་བསྟན་གནང་ཡོད། གུང་གསེང་འདིའི་རིང་། ཐའེ་ཡོན་ལྕི་བའི་འཕྲུལ་ཆས་ཚོགས་པ་ཚད་ཡོད་ཀུང་སིའི་དབུ་བཞུགས་བཟོ་བོ། ལག་རྩལ་ལྟེ་གནས་ཀྱི་ཚ་ལའི་བཟོ་རྩལ་ཞིབ་འཇུག་སུའོ་ཡི་ཚ་ལ་རྒྱག་མཁན་བཟོ་པ་ཧྥན་ཀྲི་ཆིན་སྔར་བཞིན་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ཧྥན་ཀྲི་ཆིན་གྱིས། ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ང་རང་གིས་བཟོ་གྲོགས་ཚོ་དང་མཉམ་དུ་འབད་བརྩོན་ཆེན་པོས་མུ་མཐུད་ནུས་རྩལ་ཞུན་བརྡར་དང་འཇོན་ནུས་ཆེ་རུ་བཏང་ཐོག རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་། ལས་གྲྭ་གལ་ཆེན། རྣམ་གྲངས་གལ་ཆེན། གཙོ་གནད་ཐོན་ལས་བཅས་ལ་དམ་པོར་གཞིགས་ནས། འགག་རྩའི་ལྟེ་བའི་ལག་རྩལ་རྒྱུན་ཆད་མེད་པར་འགག་སྒྲོལ་བྱ་རྒྱུའི་ཐད་ཚད་བརྒལ་གསར་པ་ཡོང་རྒྱུར་འབད་འཐབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

     ནང་སོག་ཚན་རྩལ་སློབ་ཆེན་ཚེ་སྲོག་ཚན་རིག་དང་ལག་རྩལ་སློབ་གླིང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཐུང་གིས། ཚན་ཞིབ་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་རིག་ཚན་ཁག་དབར་གྱི་སྣོལ་འདྲེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ་དང་རིག་གནས་བརྒྱུད་སྤེལ་གྱི་ནུས་པ་གསོ་སྐྱོང་བྱེད་པ། ཚན་ཞིབ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་ཐུབ་པ་བྱེད་དགོས་ཞེས་བརྗོད་ཡོད།

     ལོ་ངོ་75འཁོར་བ་དེ་གནས་ཚད་ཅིག་ཡིན་ལ་དེ་བས་ཀྱང་འགོ་འཛུགས་ས་གསར་པ་ཞིག་ཡིན། ཚང་མས། མུ་མཐུད་དེ་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་རང་རེའི་རླབས་ཆེན་རྒྱལ་ཁབ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ད་ཐེངས་ཀྱི་སྣེ་ལེན་ཚོགས་འདུར་ཞུགས་མཁན་ཧོ་ནན་ལུའོ་དབྱང་ལུང་མོན་བྲག་ཕུག་གི་འགྲེལ་བཤད་པ་མཱ་ཏིང་གིས། གཞི་རིམ་གྱི་རིག་དངོས་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། ང་རང་གིས་རང་འཁྲིའི་ལས་ཀར་གཞི་རྐང་ཚུགས་ཏེ། ལུང་མོན་བྲག་ཕུག་ནང་འདུས་པའི་ཤར་ནུབ་ཀྱི་སྣ་མང་རིག་གནས་དབར་སྤེལ་རེས་དང་མཉམ་འདྲེས་བྱུང་བའི་ལོ་རྒྱུས་གཏམ་རྒྱུད་དེ་དག་སྔོག་འདོན་ཟབ་མོ་དང་རྒྱས་བཤད་གང་ལེགས་བྱེད་པ་དང་། ཤེས་དཔལ་གྱི་མཆོག་ནོར་སྲུང་སྐྱོབ་དང་རྒྱུན་འཛིན་དེ་བས་ལེགས་པ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གསར་གཏོད་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།